Friday, 1 December 2023

བསྙེན་སྒྲུབ་བགེགས་གཏོར་བཞུགས་སོ། །

བསྙེན་སྒྲུབབགེགས་བཞུགས་སོ། །

མདུན་དུ་བགེགས་གཏོར་བཤམས། 
རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། 
ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས། 
 
ཧཱུཾ ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། ། 
མ་རིག་འདོད་པའི་མུན་ཁམས་ཐམས་ཅད་བསྲེག། 
ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། ། 
དཔའ་བོ་ཆེན་པོའི་དཔལ་མཚན་སྟག་ལྤགས་ཅན། ། 

ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། ། 
རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། ། 
ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། ། 
འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། ། 
ཨོཾ་བཛྲ་ས་མཱ་ཛཿཨོཾ་བཛྲ་མཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝཱ་ར་ཨརྒཾ་ྷཔྲ་ཏཱིཙྪ་སྭཱཧཱ། 
དེ་བཞིན་དུ། པཱདྱཾ་པྲ་ཏཱིཙྪ་སྭཱཧཱ། སྔགས་གོང་བཞིན་འོག་མ་ཀུན་གྱི་འགོར་སྦྱར་ཞིང༌ པུཥྤེ། དྷུཔེ། ཨཱལོ་ཀེ། གནྡྷེ། ནཻ་ཝི་དྱཱ། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། གོང་གི་སྔགས་ཀྱིས་ནང་མཆོད་ཀྱང་འབུལ། 
 
དེ་ནས་བསྟོད་པ་ནི། 
ཧཱུཾ་ ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། ། 
འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང༌། ། 
ཐབས་ལ་མཁས་པའི་འཇིགས་བྱེད་སྐུར་སྟོན་པ། ། 
ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། ། 

ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང༌། ། 
སྐུ་ཡི་ཆ་ལུགས་ཟ་བྱེད་རྔམས་སྟབས་ཅན། ། 
གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། ། 
མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། ། 

ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང༌། ། 
སྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། ། 
ཉོན་མོངས་དུག་ཅན་རྩད་ནས་འཇོམས་མཛད་པ། ། 
སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། ། 

བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། ། 
དཔའ་བོའི་སྟང་སྟབས་བསྐྱངས་བསྐུམས་ཚུལ་དུ་བཞུགས། ། 
ཉི་ཟླ་འབར་བའི་སྤྱན་གྱིས་སྡང་མིག་གིས། ། 
བགེགས་དཔུང་བསྲེགས་པར་མཛད་ལ་ཕྱག་འཚལ་ལོ། ། 

གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། ། 
གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། ། 
རྔམས་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག། 
ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་ལོ། ། 

ཧཱུ་འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང༌། ། 
བགེགས་རྣམས་མ་ལུས་འཇོམས་མཛད་པའི། ། 
དངོས་གྲུབ་ཐམས་ཅད་སྩོལ་བའི་ལྷ། ། 
བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། ། 
 
གཏོར་མ་ཧྲཱིཿཥྚྲིཿས་བསམས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྷ་རྫས་ལས་གྲུབ་པའི་བགེཌ་ཀྱི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབ། 
རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་ཉིད་བསྙེན་སྒྲུབ་བྱེད་པ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་ཐམས་ཅད་བཀུག་པར་གྱུར། གཏོར་མ་གཡས་སུ་བསྐོར་བ་གསུམ། ཨོཾ་སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏད་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་གྲཧྣ་དཾ་བ་ལིང་ཏ་ཡེ་སྭཱཧཱ། མར་མེ་དང་བཅས་པ་གཡོན་བསྐོར་དུ་གསུམ། ཨོཾ་སུམ་བྷ་ནི་མ་བྷ་ནི་ཧཱུཾ། གྲཧྣ་གྲིཧྣ་ཧཱུཾ། གྲཧྣ་པ་ཡ་གྲཧྣ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷག་ཝཱ་ན་བིདྱ་རཱ་ཛཱ་ཧཱུཾ་ཕཊ། 

འབྱུང་པོ་འུར་འདེད་ཀྱི་ཕྱག་རྒྱ་བྱ་ཞིང༌། 
ཧཱུཾབགེགས་འཇོམས་ཆེན་པོའི་ས་གཞི་ལ་གནས་པའི། ། 
ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག། 
ང་ནི་གནས་འདིར་བསྙེན་སྒྲུབ་ཟབ་མོ་བྱེད། ། 
ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། ། 

གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། ། 
ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། ། 
མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང༌། ། 
བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། ། 

ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་སུ་ཞུགས་པ་ཐམས་ཅད་དང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིག་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་དང༌། ཁྱད་པར་དུ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པའི་བྱིན་གྱིས་བརླབས་ཀྱིས་བསྙེན་སྒྲུབ་བྱེད་པ་ལ་བར་དུ་། གཅོད་པའི་བགེགས་ཀྱི་ཚོགས་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་འདིས་ཚིམ་པར་གྱིས་ལ་གནོད་པ་དང་འཚེ་བའི་བསམ་པ་ངན་པ་ཐམས་ཅད་སྤོངས་ལ་ཕན་པ་དང་བདེ་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་རང་རང་སོ་སོའི་གནས་སུ་སོང་ཞིག། གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་རྣམས་ཀྱིས་བསྲེག་ཅིང་རྣམ་པར་འཇོམས་པ་གདོན་མི་ཟའོ། ། 
སུམྦྷ་ནི་སོགས་དང༌། ཧྲཱིཿཥྚྲཱིཿསོགས་དང༌། གུ་གུལ་གྱིས་བདུགཡུངས་ཀར་གྱིས་བྲབས། གཏོར་མ་ཕྱི་རོལ་དུ་བསྐྱེལ་བར་བྱའོ། །



རི་ཆོས་བསླབ་བྱ་ཉམས་ལེན་དམར་ཁྲིད།


༄༅།  །རི་ཆོས་བསླབ་བྱ་ཉམས་ལེན་དམར་ཁྲིད་གོ་བདེར་བརྗོད་པ་གྲུབ་པའི་བཅུད་ལེན་ཞེས་བྱ་བཞུགས་སོ། 

༄༅།  །བཀའ་དྲིན་མཚུངས་མེད་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། བདག་དང་བདག་གི་རྗེས་འཇུག་རྣམས་ཀྱི་རྒྱུད་ལ་ཟབ་ལམ་གྱི་རྟོགས་པ་ཕྱིན་ཅི་མ་ལོག་པ་མྱུར་དུ་སྐྱེས་ནས་ཚེ་འདི་ཉིད་ལ་གདོད་མའི་བཙན་ས་ཟིན་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལ་འདིར་སྔོན་གྱི་སྨོན་ལམ་ལས་འཕྲོ་རྣམ་པར་དག་པས་མཚམས་སྦྱར་ཏེ་ཟབ་གསང་རྫོགས་པ་ཆེན་པོའི་ཆོས་དང་དེ་སྟོན་པའི་བླ་མ་ལ་སྙིང་ནས་བློ་ཁེལ་ཞིང་ཉམས་ལེན་མཐར་སྐྱེལ་བར་འདོད་པའི་གང་ཟག་སྐལ་པ་ཅན་རྣམས་ཀྱི་འཇུག་སྒོར་རི་ཆོས་གནད་ཀྱི་བསླབ་བྱ་ཡང་གསང་རྫོགས་པ་ཆེན་པོའི་ཉམས་ལེན་དམར་ཁྲིད་ལག་བཅངས་སུ་གོ་བདེ་བར་འཆད་པ་ལ་སྤྱི་དོན་རྣམ་པ་གསུམ་གྱི་སྒོ་ནས་ཤེས་པར་བྱ་སྟེ། སྦྱོར་བ་ཆགས་ཞེན་གྱི་འཁྲི་བ་བཅད་ནས་བློ་ཆོས་ཕྱོགས་སུ་བཀོལ་ཏེ་རྒྱུད་སྦྱོང་ཚུལ། དངོས་གཞི་ལྟ་སྒོམ་སྤྱོད་པའི་སྒྲོ་འདོགས་བཅད་དེ་སྒྲུབ་པ་ཉམས་ལེན་གྱི་སྲང་དུ་གཞུག་ཚུལ། རྗེས་ཐོབ་དམ་ཚིག་སྡོམ་པ་བསྐྱང་ཞིང་ཚེ་འདིའི་ལས་གཞུག་ཆོས་ཀྱིས་བསྡུ་ཚུལ་ལོ།།

དེ་ལས་དང་པོའི་དོན་ཅུང་ཟད་སྨྲ་བར་བྱའོ།། ཀྱེ་མ་འོ་སྐོལ་རྣམས་ཀྱི་སེམས་ཞེས་བྱ་བའི་རིག་རིག་ཏུར་ཏུར་པོ་འདི་ཀུན་ཏུ་བཟང་པོ་དང་དུས་མཉམ་དུ་དང་པོ་ཉིད་ནས་བྱུང་བ་ཡིན་ཀྱང༌། ཀུན་ཏུ་བཟང་པོས་རང་དུ་མཁྱེན་པས་གྲོལ། རང་རེ་སེམས་ཅན་རྣམས་ཀྱིས་ངོ་མ་ཤེས་པས་འཁོར་བ་མཐའ་མེད་དུ་འཁམས། རིགས་དྲུག་གི་ལུས་གྲངས་ལས་འདས་པ་ཞིག་བླངས། བྱས་པ་ཐམས་ཅད་དོན་མེད་དུ་སོང༌། ད་རེས་མི་ལུས་བརྒྱ་ལ་ལན་གཅིག་ཐོབ་པའི་དུས་འདིར་འཁོར་བ་ངན་སོང་དུ་མི་སྐྱེ་བའི་ཐབས་ཤིག་མ་འགྲུབ་ན། ཤི་ནས་གར་སྐྱེ་ངེས་པ་མེད་ཅིང༌། འགྲོ་བ་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཁོ་ན་ལས་མ་འདས། མི་ལུས་འདི་ཡང་ཐོབ་པས་མི་ཆོག་སྟེ་ནམ་འཆི་ཆ་མེད་པས་ད་ལྟ་ཉིད་དུ་ཆོས་གཤའ་མ་ཞིག་བྱེད་དགོས། དེ་ཡང་འཆི་ཁར་མི་འགྱོད་ཅིང་རང་གིས་རང་ལ་མི་ཁྲེལ་བརྗེ་བཙུན་མི་ལ་ལྟ་བུ་ཞིག་དགོས་ཏེ། ང་མི་ལ་རས་པའི་ཆོས་ལུགས་ལ།  །རང་གིས་རང་ལ་མ་ཁྲེལ་བ།  །ཞེས་གསུངས། ཆོས་ལམ་དུ་འཇུག་པ་ལའང་ཆོས་གཟུགས་མཁན་སྤྱི་འགྲེས་ནི་མི་ཆོག་སྟེ། ཚེ་འདིར་ལྟོས་ཀྱི་བྱ་བཞག་འདོད་ཡོན་གྱི་འཁྲི་བ་ཐམས་ཅད་གཅོད་དགོས། དེ་མ་ཆོད་པར་བློ་སབ་སོབ་ཙམ་གྱིས་ཆོས་སྒོར་ལན་གཅིག་ཞུགས་ཀྱང༌། ཕ་ཡུལ་ནོར་རྫས་གཉེན་བཤེས་མཛའ་གྲོགས་སོགས་ལ་ཆགས་ན། ཆགས་སེམས་དེས་རྒྱུ་དང༌། ཆགས་ཡུལ་དེས་རྐྱེན་བྱས། མཚམས་སྦྱོར་བར་ཆད་བདུད་ཀྱིས་བྱས་ཏེ། སླར་ཡང་འཇིག་རྟེན་ཐ་མལ་པ་དང་འདྲེས་ནས་ལས་མཐའ་ལོག་པར་འགྱུར་པ་ཡིན། དེས་ན་གྱོང་ལྟོ་གོས་གཏམ་གསུམ་ལ་བསྐུར་ནས་འཇིག་རྟེན་ཆོས་བརྒྱད་ལ་མ་ཆགས་བར་རྩེ་གཅིག་ཏུ་ཆོས་ལ་བློ་སྒྲིལ་བར་བྱ་སྟེ། 

འཆི་བ་སྙིང་ཟུག་གི་དབེན་གནས་སུ། 
ཞེན་པ་གཏིང་ལོག་གི་སྒྲུབ་པ་པོ། 
ཚེ་འདི་བློས་བཏང་གི་སྐུ་མཚམས་བཅད། 
སེམས་ཆོས་བརྒྱད་ཀྱི་མི་དང་མཇལ་འཕྲད་མེད། 

ཅེས་རྒྱལ་བ་ཡང་དགོན་པ་ལྟ་བུ་ཞིག་བྱེད་དགོས། དེ་མིན་ཆོས་བརྒྱད་དང་འདྲེས་པའི་ཆོས་དེ་དུག་དང་འདྲེས་པའི་ཁ་ཟས་བཟའ་བ་དང་མཚུངས་པས་ཕུང་ཚབ་ཤིན་ཏུ་ཆེ། ཆོས་བརྒྱད་དེའང་བསྡུ་ན་རེ་དོགས་གཉིས་སུ་འདུ་ལ་དེ་ཀ་དོན་ལ་ཆགས་སྡང་གཉིས་པོ་ཡིན། ནང་གི་ཆགས་སྡང་ཕྱི་རོལ་རྒྱལ་བསེན་གཉིས་སུ་བརྫུ་བས་བློ་ཆགས་སྡང་དང་མ་བྲལ་གྱི་རིང་ལ་རྒྱལ་བསེན་དང་མི་འབྲལ་བས་བར་ཆད་ལ་ཟད་པ་མི་འོང༌། དེས་ན་ཞེ་ཕུག་ཏུ་ཆོས་བརྒྱད་ཚེ་འདིའི་རློམ་ཞེན་ཨེ་འདུག་རང་གིས་རང་ལ་ཡང་ཡང་བརྟག་ནས་སྐྱོན་དེ་འདོར་བ་ལ་ནན་ཏན་བྱ། ཆོས་བརྒྱད་ཞེ་ལ་བཅངས་ནས་ལྟར་སྣང་ཆོས་ལྟར་བཅོས་ཏེ་གཡོ་སྒྱུས་བསྒྲུབས་པའི་ཡོ་བྱད་ཀྱང་ལོག་པའི་འཚོ་བ་ཡིན། ཕ་ཡུལ་སྤངས་པས་ཆོས་ཕྱེད་གྲུབ་ཟེར་བ་ལྟར་ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་ཆ་མེད་ཀྱི་རྒྱལ་ཁམས་འགྲིམ། གཉེན་བཤེས་དང་བཟང་འབྲལ་བྱས་ཏེ་ཆོས་ཀྱི་བཤོལ་འདེབས་ལ་མི་ཉན། ནོར་རྫས་སྦྱིན་པར་བཏང་ནས་འཚོ་བ་བསོད་སྙོམས་གང་བྱུང་ལ་བརྟེན། འདོད་ཡོན་མཐའ་དག་ལང་ཤོར་གྱི་བར་ཆད་དུ་ཤེས་པར་བྱས་ལ་མི་འདོད་པའི་བློ་བསྐྱེད། ནོར་རྫས་ལྟ་བུ་ལའང་བག་ཙམ་གྱིས་ཆོག་ཤེས་པར་མ་བྱས་ན་གཅིག་བྱུང་གཉིས་དགོས་ཀྱི་རིང་ལ་འདོད་ཡོན་བསླུ་བྲིད་ཀྱི་བདུད་འཇུག་པ་ལ་ཚོགས་མེད། གཏམ་བཟང་ངན་གང་ལའང་བདེན་འཛིན་རེ་དོགས་དགག་བསྒྲུབ་མི་བྱེད་པར་མི་ཤི་བའི་ཤུལ་གྱི་གཏམ་བཞིན་ཅི་ལབ་རུང་ལབ་ཏུ་ཆུག །མཚན་ལྡན་གྱི་བླ་མ་མ་གཏོགས་བསླབ་བྱ་དྲང་པོར་བཤད་མཁན་ཕ་མ་ཡིན་ཀྱང་མི་ཡོང་བས་རང་ཚོད་རང་གིས་བཟུང་སྟེ་སྣ་ཐག་མི་ལ་མ་ཤོར་བར་བྱ། རྣམ་པ་ཙམ་དུ་ངང་རྒྱུད་རིང་པའི་སྒོ་ནས་ཀུན་གྱི་སྣ་མི་བསྲེག་པར་མཐུན་པས་འགྲོགས་ཤེས་པ་དང༌། དོན་ལ་སྒྲུབ་པའི་གེགས་སུ་འགྲོ་ན་དྲག་ཞན་སུས་ཀྱང་བསྒུལ་མི་ནུས་པ་ལྕགས་ཀྱི་ཕ་བོང་ལ་དར་ཡུག་བཏགས་པ་འདྲ་ཞིག་དགོས། རླུང་གང་ནས་རྒྱབ་རྒྱབ་ལ་མགོ་གུག་གུག་བྱེད་པ་ལ་ཁའི་འཇགས་མ་འདྲ་བའི་མི་གཞི་སླ་མོ་དེས་མི་ཡོང༌། སྒྲུབ་པ་ཉམས་ལེན་གང་ཡང་ཐོག་མར་བརྩམས་པ་ནས་མཐར་མ་ཕྱིན་གྱི་བར་དུ། སྟེང་ནས་ཐོག་བབས། འོག་ནས་མཚོ་བརྡོལ། ལོགས་ནས་བྲག་རལ། འཆི་བ་སྲོག་ལ་བབས་ཀྱང་དམ་བཅའ་བཤིག་རེ་སྙམ་དུ་ཞེ་མནའ་བོར་ལ་དེ་ཀ་བཞིན་དུ་མཐར་ཐོན་པའང་བྱེད། ཐུན་ཚོད། གཉིད་ཚོད། ཐ་ན་ཁམས་གསེང་ཟས་ཀྱི་ཚོད་སོགས་དང་པོ་རང་ནས་ལང་ཤོར་ལ་མ་བཏང་བར་རིམ་པས་སྲོལ་དུ་ཚུད་པར་བྱ། ལྷག་པར་སྤྲོས་བཅས་སྤྲོས་མེད་ཀྱི་དགེ་སྦྱོར་གང་ལའང་རེས་འཇོག་སྤངས་ལ་ས་སྟོང་ཐ་མལ་དུ་དར་གཅིག་ཀྱང་མ་ལུས་པའི་ཉམས་ལེན་བསྟར་རྐང་སྙོམས་པར་བྱེད། མཚམས་ཀྱི་ཚེ་སྦུག་སྒོ་འདག་སྦྱར་རམ་མིན་ཀྱང་གཞན་དང་གདོང་མི་འཕྲད། ངག་མི་གཏོང༌། བྱ་ར་མི་བྱེད། སེམས་ཙབ་ཙུབ་ཀྱི་རྣམ་གཡེང་ཐམས་ཅད་ཅམ་གྱི་བཞག་ནས། རླུང་རོ་དོར། ལུས་གནད་ལེགས་པར་བཅའ། ཡིད་དྲན་རིག་གི་ཐོག་ཏུ་སྤང་ལ་བེ་ཕུར་བཏབ་པ་ལྟར་སྐད་ཅིག་ཀྱང་གཡོ་མེད་དུ་སྡོད་ཚུག་པ་ཞིག་དགོས་ཏེ། ཕྱི་ནང་གསང་བའི་མཚམས་དམ་པ་ལས་རྟགས་དང་ཡོན་ཏན་ཐམས་ཅད་མྱུར་དུ་འབྱུང་བ་ཡིན། ད་རེས་ཁག་ཆེ་བས་ཁོང་དང་འཕྲད། ངག་ཀྱང་བཏང༌། དེ་ཕྱིན་ནས་དམ་པོ་བྱའོ་སྙམ་པས་དེ་ལྟར་ཐལ་ན་སྒྲུབ་པའི་གཡང་ཤོར་ནས་ཇེ་ལྷོད་ལ་འགྲོ། དེས་ན་ཐོག་མ་ཉིད་ནས་སྡོད་ཐག་རྦད་ཀྱིས་བཅད་ན་ཇེ་དམ་ཇེ་དམ་ལ་འགྲོ་ཞིང་སྒྲུབ་པ་བར་ཆད་ཀྱིས་མི་ཁྱེར་བ་ཡིན། གནས་ཀྱི་ཁྱད་པར་མཚན་ཉིད་བརྟག་ཐབས་མང་དུ་འབྱུང་ཡང་སྤྱིར་བཏང་གུ་རུ་རིན་པོ་ཆེ་སོགས་གྲུབ་ཐོབ་གོང་མའི་བྱིན་གྱིས་བརླབས་ཤིང་དམ་སེལ་ཅན་གྱིས་མ་བརྟེན་པ་དང༌། ཤིན་ཏུ་དབེན་ཅིང་མཐུན་རྐྱེན་འཛོམ་སླ་བ་སོགས་རང་རང་གི་ཁམས་དང་བསྟུན་པ་འཐད། དུར་ཁྲོད་དང་གཉན་ཁྲོད་སོགས་གཞི་བདག་གདུག་པ་ཅན་གནས་པ་རྣམས་སུ་ཕྱི་ནང་གི་རྟེན་འབྲེལ་འགྲིགས་པ་མྱུར་བས་ནུས་བའི་རྩལ་གྱིས་ཆུན་ན་སྒོམ་ལ་བོགས་དེ་རང་ཆེ། མ་ཆུན་ན་བར་ཆད་ཀྱང་མང༌། རྟོགས་པ་ཀློང་དུ་གྱུར་ཚེ་འགལ་རྐྱེན་ཐམས་ཅད་གྲོགས་སུ་འཆར་བ་ཡིན་པས་དེ་དུས་དུར་ཁྲོད་སོགས་སུ་གསང་སྤྱོད་བྱས་ན་ལྷག་པར་བཟང༌། རྒྱུན་དུ་ཕྱི་ནང་གི་འདུ་འཛིའི་བྱ་བ་ཐམས་ཅད་བཏང་སྟེ་བྱར་མེད་དུ་གནས་པ་དོན་གྱི་དབེན་གནས་ཡིན། རྒྱུད་སྦྱོང་བ་དངོས་ལ། ཐུན་མོང་དུ་བློ་ལྡོག་རྣམ་པ་བཞི་དང༌། ཐུན་མིན་སྐྱབས་སེམས་སྒྲིབ་སྦྱོང་ཚོགས་བསགས་རྣམས་ཁྲིད་ཡིག་བཞིན་རེ་རི་ནས་ཉམས་ཀྱི་མྱོང་བ་ཐོན་ཐོན་གྱི་བར་དུ་འབད་ཅིང༌། ཁྱད་པར་བླ་མའི་རྣལ་འབྱོར་ལ་ཉམས་ལེན་གྱི་སྲོག་ཏུ་བཟུང་ནས་བརྩོན་དགོས། དེ་མ་བྱས་ན་བསྒོམ་སྐྱེ་བ་བུལ། ཅུང་ཟད་སྐྱེས་ཀྱང་གེགས་སྡང༌། རྟོགས་པ་གཤའ་མ་རྒྱུད་ལ་སྐྱེར་མི་བཏུབ་པས་བཅོས་མིན་གྱི་མོས་གུས་དྲག་པོས་གསོལ་བ་བཏབ་པས། ཇི་ཞིག་ནས་ཐུགས་རྒྱུད་ཀྱི་དགོངས་པ་འཕོས་ཏེ་རྟོགས་པ་ཁྱད་པར་ཅན་ཚིག་གིས་བརྗོད་དུ་མི་ནུས་པ་རང་གི་ནང་ནས་སྐྱེ་བར་ངེས་ཏེ། བླ་མ་ཞང་རིན་པོ་ཆེས། 
གནས་པ་བསྐྱང་བ། ཉམས་མྱོང་བསྐྱང་བ། ཏིང་ངེ་འཛིན་བསྐྱང་བ་ལ་སོགས་པ་མང་བར་གདའ་སྟེ། མོས་གུས་ཀྱི་སྟོབས་ལས་བླ་མའི་བྱིན་རླབས་ཀྱིས་རྟོགས་པ་ནང་ནས་སྐྱེ་བ་འདི་དཀོན་པར་གདའ། 
ཞེས་གསུངས། དེས་ན་རྫོགས་པ་ཆེན་པོའི་དོན་རྒྱུད་ལ་སྐྱེ་བ་སྔོན་འགྲོ་ལ་རག་ལས་པ་ཡིན་པས། རྗེ་འབྲི་གུང་པས།
ཆོས་གཞན་དངོས་གཞི་ཟབ་པར་བྱེད་དེ། 
ངེད་འདིར་སྔོན་འགྲོ་ཟབ་པར་བྱེད། 
ཅེས་གསུངས་པའི་དགོངས་པའང་དེ་ལྟར་ཡིན་པར་གདའ་འོ།། 

གཉིས་པ་དངོས་གཞི་ལྟ་སྒོམ་སྤྱོད་པའི་སྒྲོ་འདོགས་བཅད་དེ་སྒྲུབ་པ་ཉམས་ལེན་གྱི་སྲང་དུ་གཞུག་ཚུལ་ནི། ཐོག་མར་ཡིན་ལུགས་ཤེས་པའི་ལྟ་བ་ལ། འདི་ལྟར་རང་གི་སེམས་ཉིད་དོན་དམ་གཤིས་ཀྱི་གནས་ལུགས་དེ་ཐ་སྙད་བློས་བཟོ་བཅོས་ཀྱི་མཚན་མ་ཐམས་ཅད་དང་བྲལ་བར་རིག་ཐོག་ཏུ་གཏན་ལ་ཕབ་པས། རིག་པ་རང་བྱུང་གི་ཡེ་ཤེས་སུ་རྗེན་པར་ཤར་བ་ལ། ཚིག་གིས་བརྗོད་དུ་མེད། དཔེས་མཚོན་དུ་མེད། འཁོར་བ་ན་ངན་དུ་མ་སོང༌། འདས་པ་ན་བཟང་དུ་མ་སོང༌། སྐྱེས་མ་མྱོང༌། འགགས་མ་མྱོང༌། གྲོལ་མ་མྱོང༌། འཁྲུལ་མ་མྱོང༌། ཡོད་མ་མྱོང༌། མེད་མ་མྱོང༌། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུའང་མ་ལྷུང༌། མདོར་ན་ཡེ་ནས་དངོས་པོ་སྤྲོས་པའི་མཚན་མ་ཅན་དུ་ནམ་ཡང་གྲུབ་མ་མྱོང་བས་ངོ་བོ་ཀ་དག་སྟོང་ཉིད་བརྡལ་ཁྱབ་ཆེན་པོ། སྟོང་པའི་མདངས་མ་འགགས་པར་འཁོར་འདས་ཀྱི་ཆོས་ཁམས་རྒྱ་མཚོ་ཉི་མ་དང་ཉི་མའི་ཟེར་བཞིན་རང་སྣང་བས་ན་ཅང་མེད་བྱང་ཆད་དུ་སྟོང་མ་མྱོང་བས་རང་བཞིན་ཡེ་ཤེས་ཡོན་ཏན་ལྷུན་གྲུབ་ཆེན་པོ། དེ་ལྟར་སྣང་སྟོང་ཟུང་དུ་འཇུག་པའི་རིག་པ་སྐུ་གསུམ་གྱི་བདག་ཉིད་གདོད་མ་གཤིས་ཀྱི་གནས་ལུགས་འདི་གའི་ཡིན་ལུགས་ཇི་ལྟ་བ་བཞིན་ངོ་ཤེས་པ་ལ་བློ་འདས་རྫོགས་པ་ཆེན་པོའི་ལྟ་བ་ཟེར། སློབ་དཔོན་ཆེན་པོས། བློ་འདས་ཆོས་སྐུ་དེ་བཞིན་ཉིད།  །ཅེས་གསུངས། འོ་སྐོལ་རྣམས་ཀུན་ཏུ་བཟང་པོའི་དགོངས་པ་ལ་མངོན་སུམ་དུ་སྤར་འཛིན་བྱེད་པ་ལགས་ཏེ་ཨ་རེ་དགའ་ན། རྒྱལ་བས་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་ཕྱེ་བ་ཐམས་ཅད་ཀྱི་མཐར་ཐུག་རྫོགས་ཆེན་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་སྙིང་པོ་དེ་འདི་རང་ཡིན། འདི་ལས་འགྲོ་ས་སྐར་མ་གང་མེད། འདིའི་ཐོག་ཏུ་ཆོས་ཐམས་ཅད་ཀྱི་སྨར་ཐག་གཅོད་དགོས་པ་ཡིན་ནོ།། ད་དེ་ལྟ་བུའི་ལྟ་བ་ལ་ཐེ་ཚོམ་དང་སྒྲོ་འདོགས་ནང་ནས་ཆོད་པར་བྱས་ཏེ་དེའི་རྒྱུན་སྐྱོང་བ་ལ་སྒོམ་པ་ཟེར་བ་ཡིན། གཞན་གཏད་སོ་དང་བཅས་པའི་སྒོམ་པ་ཐམས་ཅད་བློས་བྱས་ཀྱི་རྟོག་སྒོམ་ཡིན་པས་ང་ཅག་དེ་འདྲ་མི་བྱེད། སྔར་གྱི་ལྟ་བ་དེ་ཀ་ཚུགས་མ་ཤོར་བའི་ངང་ལ་སྒོ་ལྔའི་ཤེས་པ་ཐམས་ཅད་རང་བབས་སུ་ཀློད་ནས་ལྷུག་པར་བཞག འདིའོ་ཞེས་ཆེད་དུ་མི་བསྒོམ། བསྒོམ་ན་བློ་ཡིན་པས་བསྒོམ་རྒྱུ་ཅི་ཡང་མེད། ཡེངས་སུ་སྐད་ཅིག་ཀྱང་མི་འཇུག རང་ཐོག་ཏུ་འཇོག་པ་དེ་ལས་ཡེངས་ན་འཁྲུལ་པ་དངོས་ཡིན་པས་མ་ཡེངས་པར་བྱ། རྟོག་པ་ཅི་ཤར་ཡང་འཆར་དུ་བཅུག་ལ། དེའི་རྗེས་སུ་ཡང་མི་འབྲང༌། བཀག་ཀྱང་མི་བཀག འོ་ན་ཇི་ལྟར་བྱ་ཞེ་ན། ཡུལ་གྱི་སྣང་བ་ཅི་ཤར་ཅིར་སྣང་ཐམས་ཅད་བུ་ཆུང་ལྷ་ཁང་ལ་བལྟ་བ་ལྟར་སྣང་ཆ་ལ་འཛིན་པ་མ་ཞུགས་པར་སོ་མར་བཞག་པས་ཆོས་ཐམས་ཅད་རང་ས་རང་ས་ན་བཟོ་མ་ཉམས། མདོག་མ་འགྱུར། བཀྲག་མ་ཡལ་བར་སྣང་ཡང་དེ་ལ་ཞེན་འཛིན་གྱི་རྟོག་པས་མ་བསླད་པས་སྣང་རིག་ཐམས་ཅད་གསལ་སྟོང་གི་ཡེ་ཤེས་རྗེན་པར་འཆར་བ་ཡིན་ནོ།། ལར་ཆོས་ཟབ་ཟབ་དང་རྒྱ་ཆེ་ཆེའི་མིང་བཏགས་མང་པོ་ཞིག་གིས་བློ་དམན་ཀུན་མགོ་འཁོར་ཞིང་འདུག་པས། དོན་རྡོག་རྡོག་ཧྲིལ་ཧྲིལ་མཛུབ་ཚུག་ཏུ་བསྟན་ན། རྟོག་པ་སྔ་མ་འགགས། ཕྱི་མ་མ་ཤར་བའི་བར་དེར། ད་ལྟའི་ཤེས་པ་སོ་མ་བསྒྱུར་བཀོད་སྤུ་ཙམ་མ་སོང་བའི་གསལ་རིག་རྗེན་ནེ་བ་ཞིག་མི་འདུག་གེ འོ་དེ་ཀ་རིག་པ་རང་གི་བཞུགས་ཚུལ་ཡིན། ཡང་རྟག་པར་དེ་ཁོ་ནའི་ངང་དུ་མི་གནས་པར་རྣམ་རྟོག་ཅིག་ཐོལ་གྱིས་འཆར་གྱི་མི་འདུག་གེ དེ་རིག་པ་དེའི་རང་རྩལ་ཡིན། འོ་ན་ཀྱང་དེ་ལྟར་ཤར་མ་ཐག་ནས་ངོ་མ་ཤེས་པར་རྣམ་རྟོག་རང་རྒྱུད་པར་འབྱམས་ན་འཁྲུལ་པ་ལུ་གུ་རྒྱུད་ཅེས་འཁོར་བའི་རྩ་བ་ཡིན། ཤར་མ་ཐག་ཏུ་ངོ་ཤེས་ཙམ་གྱིས་རྗེས་མཐུད་མེད་པར་རང་ཐོག་ཏུ་ཀློད་དེ་བཞག་ན་རྣམ་རྟོག་གང་ཤར་ཐམས་ཅད་རིག་པ་ཆོས་སྐུའི་ཀློང་དུ་ཕྱམ་ཕྱམ་གྲོལ་བ་འདི་ག་ཁྲེགས་ཆོད་ཀྱི་ལྟ་སྒོམ་གཅིག་ཏུ་དྲིལ་བའི་ཉམས་ལེན་དངོས་གཞི་ཡིན། དགའ་རབ་རྡོ་རྗེས། 
གདོད་ནས་དག་པ་དབྱིངས་ཀྱི་ངང་ཉིད་ལས། 
རིག་པ་ཐོལ་སྐྱེས་སྐད་ཅིག་དྲན་པ་དེ། 
རྒྱ་མཚོའི་གཏིང་ནས་ནོར་བུ་རྙེད་པ་འདྲ། 
སུས་ཀྱང་མ་བཅོས་མ་བྱས་ཆོས་ཀྱི་སྐུ། 
ཞེས་གསུངས། འདི་ལ་རྡོ་རུས་གཏུགས་ཏེ་ཉིན་མཚན་ཡེངས་མེད་དུ་བསྒོམ་དགོས་པས་སྟོང་ཉིད་གོ་ཡུལ་དུ་མ་ལུས་པར་རིག་ཐོག་རང་དུ་སྤུངས་ཤིག ད་ནི་སྒོམ་པ་དེ་ལ་སྤྱོད་པས་བོགས་དབྱུང་ཞིང་ཉམས་ལེན་གྱི་སྲང་དུ་གཞུག་ཚུལ་ལ། གཙོ་བོར་སྔར་བཤད་པ་ལྟར་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་སྐད་ཅིག་ཀྱང་མ་བྲལ་བས་སྙིང་ནས་གསོལ་བ་ཕུར་ཚུགས་སུ་འདེབས་པ་འདི་མོས་གུས་དཀར་པོ་ཆིག་ཐུབ་ཅེས་བྱ་བ་ཡིན་ཏེ་གེགས་སེལ་བོགས་འདོན་གང་ལས་ཀྱང་འདི་ལྷག ལམ་ཐམས་ཅད་བཙན་ཆོད་དུ་འགྲོ་བ་ཡིན། སྒོམ་སྐྱོན་བྱིང་ཞིང་རྨུག་ན་རིག་པ་ཧུར་ཕྱུངས། འཕྲོ་ཞིང་རྒོད་ན་ཤེས་པ་ཁོང་ཀློད། རྒྱུན་དུ་བསྒོམ་མཁན་གྱི་དྲན་རིག་ཏུར་ཏུར་པོ་དེས་ཆེད་དུ་གཅུར་བའི་འཇུར་དྲན་མ་ཡིན་པར་རང་ངོ་རང་ཤེས་མ་བརྗེད་ཙམ་པའི་དྲན་པས་ཟ་ཉལ་འགྲོ་འདུག་སྤྱོད་ལམ་མཉམ་རྗེས་གང་གི་སྐབས་སུའང་རྒྱུན་ཆགས་སུ་སྐྱོང་ཞིང༌། བདེ་སྡུག་དང་ཉོན་མོངས་པའི་རྟོག་པ་སོགས་གང་ཤར་ཐམས་ཅད་ལ་རེ་དོགས་སྤོང་ལེན་གཉེན་པོས་གཞོམ་པ་སོགས་གཏན་ནས་མི་བྱེད་པར་ཁོ་རང་གི་ངོ་བོ་བདེ་སྡུག་གི་ཚོར་བ་ཇི་ལྟར་འདུག་པ་དེ་ཀ་རྗེན་ནེ། ཧྲིག་གེ ཡེ་རེ་འཇོག་པ་སྟེ། ཐམས་ཅད་ལ་གནད་གཅིག་ལས་མེད་པས་བསམ་བློ་མང་པོས་མགོ་མ་འཁོར། སྤང་བྱའི་རྣམ་རྟོག་དང་ཉོན་མོངས་ཀྱི་སྟེང་དུ་གཉེན་པོའི་སྟོང་ཉིད་ལོགས་སུ་བསྒོམ་མི་དགོས་ཏེ། སྤང་བྱ་ཁོ་རང་རིག་པས་ངོས་ཟིན་པ་དང་མཉམ་དུ་སྦྲུལ་གྱི་མདུད་པ་ཞིག་པ་ལྟར་རང་གྲོལ་དུ་འགྲོ་བ་ཡིན། འོད་གསལ་རྡོ་རྗེ་སྙིང་པོའི་སྦས་དོན་གྱི་མཐར་ཐུག་འདི་ལྟ་བུ་ཕལ་ཆེར་གྱིས་ཚིག་ཏུ་སྨྲ་ཤེས་ཀྱང་ཉམས་སུ་བླང་མ་ཤེས་པར་ནེ་ཙོའི་ཁ་ཏོན་བཞིན་དུ་སོང་ནས་གདའ། འོ་སྐོལ་རྣམས་བསོད་ནམས་ཤིན་ཏུ་ཆེ་བ་ཡིན་ནོ།། ད་དུང་ལེགས་པར་སོམས་དང་གོ་རྒྱུ་ཡོད་དེ། རང་ཅག་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འཁོར་བར་འཆིང་བྱེད་ཀྱི་དགྲ་མི་ཤ་བོ་དེ་གཟུང་འཛིན་གཉིས་པོ་འདི་ཡིན། ད་རེས་བླ་མའི་བཀའ་དྲིན་ལས་རང་གནས་ཀྱི་ཆོས་སྐུ་ངོ་འཕྲོད་པས་དེ་གཉིས་བྱ་སྤུ་མེ་ལ་བསྲེགས་པ་ལྟར་རྗེས་མེད་ཤུལ་མེད་དུ་གཏོང་བ་དེ་སྙིང་ཚིམས་པོ་མིན་ནམ། འདི་ལྟ་བུའི་མྱུར་ལམ་གདམས་ངག་ཟབ་མོ་ཐོབ་ནས་ཉམས་སུ་མ་བླངས་ན་ཡིད་བཞིན་གྱི་ནོར་བུ་རོའི་ཁ་ནང་དུ་བཅུག་པ་དང་འདྲ་སྟེ་རེ་ཕང༌། སྙིང་མ་རུལ་བར་ཉམས་སུ་ལོངས་ཤིག དེ་ཡང་ལས་དང་པོ་པའི་རིགས་ལ་རྣམ་རྟོག་ནག་པོ་ཁ་འབྱམས་ཀྱིས་དྲན་པ་ཡེངས་སུ་བཅུག་ཡོང་བས་རྣམ་རྟོག་བརྟད་འགྲིལ་མང་ཙམ་འོག་འགྱུར་སོང་རྗེས་སྐབས་ཤིག་ན་དྲན་པ་ཧྲིག་གེ་སླེབས་ནས་ང་ཡེངས་འདུག་སྙམས་པའི་འགྱོད་པ་སྐྱེ་ཡང༌། དེ་ཚེ་རྣམ་རྟོག་སྔ་མའི་གཞུག་གཅོད་དང་ཡེངས་པ་ལ་འགྱོད་པ་སོགས་གང་ཡང་མི་བྱ་བར་དྲན་པ་ཧྲིག་གེ་སླེབས་པ་དེ་ཀའི་ཐོག་ཏུ་རང་བབས་གྱི་རྒྱུན་བསྐྱང་བ་ཁོ་ནས་ཆོག རྣམ་རྟོག་ལ་ཆོས་སྐུར་བལྟ་མི་སྤང་ཟེར་བ་གྲགས་ཆེ་ཡང་ལྷག་མཐོང་གི་རྩལ་མ་རྫོགས་རིང་ཆོས་སྐུ་ཡིན་ལོ་ཙམ་གྱི་ངང་ནས་ཞི་གནས་ཧད་པོར་བཞག་ན་ཅི་ཡིན་འདི་ཡིན་མེད་པའི་བཏང་སྙོམས་ལུང་མ་བསྟན་གྱི་སྟབས་སུ་ཚུད་དོགས་ཡོད་པས། དེས་ན་དང་པོའི་རིང་རྣམ་རྟོག་གང་ཤར་ལ་ཅེར་གྱིས་བལྟས་ནས་བརྟག་དཔྱད་བསམ་གཞིག་ཅིར་ཡང་མི་བྱ་བར་རྣམ་རྟོག་ངོ་ཤེས་མཁན་རང་གི་ཐོག་ཏུ་མི་རྒན་གྱིས་བྱིས་པའི་རྩེད་མོ་ལ་བལྟ་བ་ལྟར་སྣང་མེད་རྩིས་མེད་གཡས་ཆུང་དུ་འཇོག དེ་ལྟར་བཞག་པ་ན་རྟོག་མེད་རང་བབས་སུ་གནས་བདོ་བའི་ཆ་དེའང་གློ་བུར་ཐོལ་བྱུང་དུ་བཤིག་བས་སྐད་ཅིག་མ་དེར་སེམས་ལས་འདས་པའི་ཡེ་ཤེས་རྗེན་ལྷང་ངེར་འཆར་བ་ཡིན། ལམ་གྱི་སྐབས་སུ་བདེ་གསལ་མི་རྟོག་གསུམ་གང་རུང་གི་ཉམས་དང་མ་འདྲེས་པ་ཞིག་མི་འོང་ཀྱང་མཆོག་འཛིན་ཞེན་རློམ་རེ་དོགས་སྤུ་ཙམ་མེད་པར་བཞག་ན་གོལ་ས་དེས་ཆོད། རྒྱུན་དུ་གཡེང་བ་སྤང་སྟེ་དྲན་འདུན་རྩེ་གཅིག་པས་བསྒོམ་པ་གལ་ཆེ། རེས་འཇོག་དང་གོ་ཡུལ་ལ་འབྱམས་ནས་ཞི་གནས་ཕྱོགས་མགོ་ཙམ་ལ་རང་མཐོང་སྐྱེས་ཏེ་ཉམས་མྱོང་ལ་གདར་ཤ་མ་ཆོད་པར་ཁ་ཁྱེར་དང་ཚིག་ཁྱེར་ལ་མཁས་པ་ཙམ་གྱིས་མི་ཕན་ཏེ། རྫོགས་ཆེན་ལས། གོ་བ་ལྷན་པ་འདྲ་སྟེ་གོག་ནས་འགྲོ།  །ཞེས་དང༌། ཉམས་ན་བུན་འདྲ་སྟེ་ཡལ་ནས་འགྲོ།  །ཞེས་པ་ལྟར་ཡུལ་གྱི་རྐྱེན་བཟང་ངན་ཕྲན་བུ་རེས་ཀྱང་སྒོམ་ཆེན་པ་བསླུས་ནས་རྐྱེན་ཐོག་ཏུ་འཆོལ་བ་མང། སྒོམ་རྒྱུད་ལ་ཐེབས་ཀྱང་རྒྱུན་དུ་མ་བསྒོམ་ན་གདམས་ངག་ཟབ་མོ་དཔེ་ཆའི་ལོགས་ལ་ལུས་ཏེ་བློ་དྲེད་ཆོས་དྲེད་ཉམས་ལེན་དྲེད་ནས་སྒོམ་གཤའ་མ་སྐྱེ་དུས་མི་ཡོང༌། སྒོམ་ཆེན་རྙིང་པ་ཉམས་ལེན་གསར་པའི་ངང་ནས་མགོ་བོ་བ་ཚྭ་ཁ་ལེར་གུམ་ཉེན་ཡོད་པས་ཤིག་ཏུ་གཟབ་དགོས་སོ།། དེ་ལྟར་རྒྱུན་རིང་བར་གོམས་པས་ཇི་ཞིག་ན་མོས་གུས་སོགས་རྐྱེན་གང་ཡང་རུང་བ་ཞིག་གིས་ཉམས་མྱོང་དེ་རྟོགས་པར་ན་འཕར་ནས་རིག་པ་རྗེན་ལྷག་གེར་མཐོང༌། མགོ་ཤུབ་ཕུད་པ་བཞིན་གུ་ཡངས་ཕྱ་ལེར་འགྲོ། དེ་ནི་མ་མཐོང་བ་མཐོང་བའི་མཆོག་ཅེས་པ་ཡིན། འདི་ནས་རྣམ་རྟོག་སྒོམ་ལ་ཤར་ཏེ་གནས་འགྱུ་མཉམ་གྲོལ་དུ་འགྲོ་སྟེ། དེ་ཡང་དང་པོ་རྣམ་རྟོག་ངོ་ཤེས་པས་གྲོལ་བ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ། བར་དུ་རྣམ་རྟོག་རང་གིས་རང་གྲོལ་བ་སྦྲུལ་གྱིས་མདུད་པ་ཞིག་པ་ལྟ་བུ། ཐ་མ་རྣམ་རྟོག་ཕན་མེད་གནོད་མེད་དུ་གྲོལ་བ་ཁང་སྟོང་གི་རྐུན་མ་ལྟ་བུ་རྣམས་རིམ་པར་འབྱུང་ཞིང༌། ཆོས་ཐམས་ཅད་རང་རིག་གཅིག་པུའི་ཆོ་འཕྲུལ་དུ་ཐག་ཆོད་པའི་ཡིད་ཆེས་དྲག་པོ་ཞིག་ནང་ནས་སྐྱེ། སྟོང་ཉིད་སྙིང་རྗེའི་རྦ་ཀློང་འཁྲུགས། འཁོར་འདས་གཉིས་ལ་འདམ་ཁ་ཟད། སངས་རྒྱས་དང་སེམས་ཅན་བཟང་ངན་མེད་པར་རྟོགས། ཇི་ལྟར་བྱས་ཀྱང་བློ་བདེ་ཆོས་ཉིད་ཀྱི་ངང་ཁོ་ན་ལས་གཡོ་མི་ཤེས་པས་ཉིན་མཚན་བར་མེད་དུ་འབྱམས་ཀླས་པས་ན། རྫོགས་ཆེན་ནས། རྟོགས་པ་ནམ་མཁའ་འདྲ་སྟེ་འགྱུར་བ་མེད།  །ཅེས་པ་ལྟར་རྣལ་འབྱོར་པ་དེ་ལུས་ཐ་མལ་མི་རུ་སྣང་ཡང་སེམས་ཆོས་སྐུ་བྱ་རྩོལ་དང་བྲལ་བའི་དགོངས་པ་ལ་བཞུགས་པས་ས་ལམ་ཐམས་ཅད་བྱར་མེད་དུ་བགྲོད། མཐར་བློ་ཟད་ཆོས་ཟད་བུམ་པ་ཆག་པའི་ནམ་མཁའ་ལྟར་ལུས་རྡུལ་ཕྲན་དུ་དེངས། སེམས་ཆོས་ཉིད་དུ་དེངས། གདོད་མའི་གཞི་དབྱིངས་ནང་གསལ་གཞོན་ནུ་བུམ་པ་སྐུར་འཁྱིལ་བ་ཞེས་བྱ་བ་ཞིག་ཡོང་རྒྱུ་རེད་པ། འོ་དེ་ནི་ལྟ་སྒོམ་སྤྱོད་པ་མཐར་ཕྱིན་པས་ཐོབ་ཏུ་མེད་པའི་འབྲས་བུ་མངོན་དུ་གྱུར་པ་ཞེས་བྱ་བ་ཡིན། ཉམས་དང་རྟོགས་པའི་སོ་མཚམས་དེ་དག་ཀྱང་གོ་རིམ་ཅན་དང༌། གོ་རིམ་དང་བྲལ་བ་དང༌། གཅིག་ཅར་ཉིད་དུ་སྐྱེ་བའང་འབྱུང་བ་ནི་གང་ཟག་གི་དབང་པོའི་ཁྱད་པར་གྱིས་ཡིན་ཀྱང་འབྲས་བུའི་དུས་སུ་རྣམ་དབྱེར་མ་མཆིས་སོ།།

སྤྱི་དོན་གསུམ་པ་རྗེས་ཐོབ་དམ་ཚིག་སྡོམ་པ་བསྐྱང་ཞིང་ཚེ་འདིའི་ལས་གཞུག་ཆོས་ཀྱི་བསྡུ་ཚུལ་ནི། དེ་ལྟར་ལྟ་སྒོམ་སྤྱོད་པའི་ཉམས་ལེན་ལ་འབད་དུ་ཟིན་ཀྱང་རྗེས་ཐོབ་སྤྱོད་ལམ་ལ་ཐབས་མི་མཁས་པས་སྡོམ་པ་དང་དམ་ཚིག་ལས་ཉམས་པར་གྱུར་ན། གནས་སྐབས་སུ་ས་ལམ་གྱི་གེགས་དང་བར་ཆད་དུ་འགྱུར་ཞིང་མཐར་ཐུག་མནར་མེད་པའི་དམྱལ་བར་ལྟུང་ངེས་པའི་ཕྱིར་རྟག་ཏུ་དྲན་ཤེས་ཀྱི་བྱ་ར་དང་མ་བྲལ་བས་སྤང་བླང་ཕྱིན་ཅི་མ་ལོག་པ་ཞིག་ཅི་ནས་གལ་ཆེ་སྟེ། སློབ་དཔོན་ཆེན་པོས། 
ལར་ལྟ་བ་ནམ་མཁའ་བས་ཀྱང་མཐོ། 
ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། 
ཅེས་གསུངས། དེས་ན་ཧད་པོའི་བློ་རྩིངས་སྤངས་ལ་རྒྱུ་འབྲས་ལ་ཞིབ་པར་སྤྱད། དམ་ཚིག་བཅས་སྡོམ་ཕྲ་ཞིང་ཕྲ་བ་ཡང་མ་ཉམས་པར་བསྲུང་ཞིང་ཉེས་ལྟུང་གི་དྲི་མས་མ་གོས་པར་བྱ། གསང་སྔགས་ཀྱི་དམ་ཚིག་ལ་རྣམ་གྲངས་མང་ཡང་བསྡུ་ན་རྩ་བའི་བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ་འདུ། བླ་མ་ལ་མིའི་འདུ་ཤེས་སྐད་ཅིག་ཙམ་སྐྱེ་པས་ཀྱང་དངོས་གྲུབ་ལོ་ཟླར་འགྱང་བར་གསུངས། དེ་ཅིའི་ཕྱིར་ཞེན་ཡུལ་གཉན་པའི་གནད་ཀྱིས་ཏེ། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས།  །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། 

།ཞེས་སོ།། དེས་ན་གང་སུ་ཡང་རུང་སྟེ་དང་པོར་བླ་མར་མ་བཟུང་བར་དུ་ནི་རང་ཉིད་ལ་རང་དབང་ཡོད་ལ། བླ་མར་བསྟེན་ནས་དབང་དང་གདམས་ངག་གི་འབྲེལ་ཕན་ཆད་དམ་ཚིག་མི་བསྲུང་བའི་དབང་མེད་དེ། དབང་བཞིའི་མཇུག་ཏུ་བླ་མ་དཀྱིལ་འཁོར་གྱི་གཙོ་བའི་མདུན་དུ་བཏུད་དེ། དེང་ནས་བརྩམས་ཏེ་བདག་བྲན་དུ།  །ཁྱེད་ལ་བདག་ནི་འབུལ་ལགས་ན།  །ཁྱེད་ཀྱི་སློབ་མར་བཟུང་བ་དང༌།  །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ།  །ཅེས་ཁས་བླངས་པ་འདིས་རང་ཉིད་ཇི་ལྟར་ཆེ་ཞིང་བཙན་རུང་བླ་མ་ལ་གཉའ་ཤོར་ཟིན་པ་མ་ཡིན་ནམ། དེ་བཞིན་དུ། གཙོ་བོས་ཇི་ལྟར་བཀའ་སྩལ་པ།  །དེ་དག་ཐམས་ཅད་བདག་གིས་བགྱི།  །ཞེས་དམ་བཅས་ནས་དེ་ཕན་ཆད་གང་གསུངས་མི་བསྒྲུབ་པའི་དབང་ཨེ་ཡོད། རང་གིས་དམ་བཅས་པ་དེ་མ་བསྒྲུབ་ན་མིང་མ་སྙན་ཀྱང་དམ་ཉམས་ཟེར་བ་ལས་འོས་མ་མཆིས། གཞན་ཡང་བླ་ཆེན་འཁོར་མང་བ། ནོར་ཕྱག་པ། དབང་བཙན་པ། ཁ་ཐབས་བཟང་བ་རྣམས་ལ་དམ་ཚིག་ལྷག་པོར་བསྲུང༌། དམན་ཆ་བཟུང་བའི་བླ་ཆུང་སྤྲང་པོའི་བརྟུལ་ཞུགས་ཅན་རྣམས་ལ་དམ་ཚིག་བསྲུང་མི་དགོས་པར་བཤད་པའང་མེད། གང་ལའང་ཁེ་ཉེན་གྱི་གནད་ཀ་གོ་བ་ཞིག་དགོས་པ་ལས་རྟ་རྒན་འཐོམ་ལངས་པ་བཞིན་བསྡད་པས་ཡོང་བ་མིན། དེ་ལྟར་དམ་ཚིག་བསྲུང་དགོས་པ་དེའང་བླ་མའི་དོན་དུ་འདུག་གམ་རང་གི་དོན་དུ་འདུག་སེམས་རྣལ་དུ་ཕོབ་ལ་བསམ་མནོ་སྨན་འཐག་འཐག་ཐོངས། བླ་མའི་དོན་དུ་འདུག་ན་དེ་རིང་རང་ལ་ཅམ་གྱིས་བཞག་པས་ཆོག་སྟེ་དེ་མིན་རང་མགོར་རང་གིས་ཐལ་བ་འདེབས་མི་རིགས། མཆེད་གྲོགས་ཀྱི་དམ་ཚིག་སྤྱིར་བཏང་དུ་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་སོ་ཅོག་ལ་བཟང་པོར་བལྟ་ཞིང་དག་སྣང་སྦྱང༌། གྲུབ་མཐའི་ཕྱོགས་ཁྱེར་དང་སྐུར་འདེབས་སོགས་སྤང༌། བྱེ་བྲག་ཏུ་བླ་མ་གཅིག་དང་དཀྱིལ་འཁོར་གིས་བསྡུས་ཚད་རྡོ་རྗེའི་སྤུན་གྲོགས་ཡིན་པས་བརྙས་བཅོས་འགྲན་སེམས་ཕྲག་དོག་གཡོ་སྒྱུ་སོགས་སྤངས་ཏེ་སྙིང་ནས་མཛའ་ཞིང་གཅུག་པར་བྱ། སེམས་ཅན་ཐམས་ཅད་བདག་གི་ཕ་མ་དྲིན་ཅན་ཤ་སྟག་ཏུ་འདུག་པ་ལ་ཨ་ཙ་མ། འདི་རྣམས་འཁོར་བ་ཐར་མེད་ཀྱི་སྡུག་བསྔལ་དྲག་པོས་གཟིར་བ་ལས་བདག་གིས་མ་བསྐྱབ་ན་སུ་ཡིས་སྐྱོབ་སྙམ་དུ་ཤས་མི་བཟོད་པས་སྙིང་རྗེ་བསྒོམ་ལ་བློ་སྦྱོང༌། སྒོ་གསུམ་ཅི་ནུས་ཀྱིས་ཕན་པ་འབའ་ཞིག་སྒྲུབ་ཅིང་དགེ་བ་ཐམས་ཅད་གཞན་དོན་དུ་བསྔོ། རྒྱུན་དུ་བསམ་དགོས་རྒྱུ་ཆོས་དང་བླ་མ། སེམས་ཅན་གསུམ་ལས་མེད་པས་བསམ་པ་དང་ལག་ལེན་མ་འཆོལ། རྟགས་དང་མིང་གི་རྟོགས་ལྡན་དང་གྲྭ་པ་རྣམས་ལ་མ་འགྲན་པར་མ་མགལ་ཁ་རུ་ཆུག་ལ་རང་སེམས་ཆུན། འདི་ག་གལ་ཆེ་ཤོས་ཞིག་ཡིན་པས་ལྐུག་བརྫུས་མ་འདེབས། གཞི་ནས་རང་དོན་ཚེ་ཕྱི་མཁོ་ནར་བསམ་ན་ཆོས་ཟེར་བ་དེ་རང་གིས་བྱས་པ་ཞིག་དགོས་རྒྱུ་ལས། ཤི་ཚར་རྟིང་གཞན་གྱིས་བསྒྲུབས་པའི་དགེ་རྩ་ལ་རེ་དགོས་བྱུང་ན་ཕན་པ་དཀའ་བར་མཆིས་སོ།། དེས་ན་བློ་ཁ་ནང་དུ་བཀུག་སྟེ་སྦྱོར་བ་སྙིང་ནས་ངེས་པར་འབྱུང་བའི་བློས་ཚེ་དང་སྒྲུབ་པ་མཉམ་པའི་དྲན་འདུན་བརྩོན་འགྲུས་དྲག་པོས་གཞི་བཟུང༌། དངོས་གཞི་ལྟ་སྒོམ་ཟབ་མོའི་ཉམས་ལེན་ལ་གནད་དུ་བསྣུན་ཏེ། རྗེས་ཐོབ་དམ་ཚིག་བསླབ་སྡོམ་གྱི་ཚུལ་ལ་སྤང་བླང་འགལ་མེད་དུ་སྤྱོད་པའི་ལག་རྗེས་སུ་ཡོན་ཏན་རང་དབང་མེད་པར་ནང་ནས་སྐྱེ་སྟེ། རྫོགས་པ་ཆེན་པོ་ནི་སྡིག་ཅན་བཙན་ཐབས་སུ་འཚང་རྒྱ་བའི་ལམ་ཡིན་པའི་ཕྱིར་རོ།། དེ་ལ་ཟབ་དྲག་པའི་དབང་གིས་བར་ཆད་ཀྱང་ཡོད་པས་ཁེ་ཆེ་སར་ཉེན་ཆེ་བ་དང་འདྲ། དེའི་རྒྱུ་མཚན་རང་གི་སྔོན་བསགས་ཀྱི་ལས་ངན་ཐམས་ཅད་གདམས་ངག་གི་ནུས་པས་སློང་བའི་རྟགས་སུ་ཕྱི་རོལ་དུ་བདུད་ཀྱི་བར་ཆད་ཆོ་འཕྲུལ་འབྱུང་བའང༌། སྒྲུབ་གནས་དེར་ལྷ་འདྲེས་གཟུགས་སྟོན་པ་དང༌། མིང་ནས་འབོད་པ་དང༌། བླ་མར་བརྫུས་ནས་ལུང་སྟོན་པ་དང༌། འཇིགས་སྐྲག་གི་ཆོ་འཕྲུལ་སྣ་ཚོགས་ཉམས་སམ་རྨི་ལམ་དུ་འབྱུང་བ་དང༌། དངོས་སུའང་གཞན་གྱིས་བརྡེག་བཙོག་ཇག་རྐུན་ན་ཚ་སོགས་མ་ངེས་པར་འབྱུང་བ་དང༌། སེམས་ཐོག་ཏུ་དོན་མེད་པར་སྡུག་བསྔལ་དྲག་པོ་མྱོང་བ་དང༌། སྐྱོ་ཞིང་ངུ་སྙིང་འདོད་པ་དང༌། ཉོན་མོངས་དྲག་པོ་སྐྱེ་བ་དང༌། མོས་གུས་བྱང་སེམས་སྙིང་རྗེ་བྲི་བ་དང༌། རྣམ་རྟོག་དགྲར་ལངས་ཏེ་སྨྱོ་གྲབ་བྱེད་པ་དང༌། ཕན་གཏམ་ལོག་པར་གོ་བ་དང༌། རི་ཁྲོད་དུ་སྡོད་སྙིང་མི་འདོད་པར་དམ་བཅའ་གཏོང་སྙིང་འདོད་པ་དང༌། བླ་མ་ལ་ལོག་ལྟ་སྐྱེ་བ་དང༌། ཆོས་ལ་ཐེ་ཚོམ་ཟ་བ་སོགས་དང༌། གཞན་ཡང་མ་ཉེས་ཁ་ཡོག་དང༌། གྲགས་པ་ངན་པ་དང༌། མཛའ་བོ་དགྲར་ལངས་པ་སོགས་ཕྱི་ནང་གི་རྐྱེན་མི་འདོད་པ་སྣ་ཚོགས་འབྱུང་བ་སྲིད། འོ་དེ་ཚོ་ལྷོངས་ཚད་ཡིན་པས་ངོ་ཤེས་པར་གྱིས་ཤིག ཁེ་ཉེན་གྱི་སོ་མཚམས་འདི་ན་ཡོད། བར་ཆད་དེའང་གནད་ཀྱིས་ཟིན་ན་དངོས་གྲུབ་ཏུ་འགྱུར། དབང་དུ་སོང་ན་གེགས་སུ་འགྱུར། འདི་ལ་དམ་ཚིག་དག་ཅིང་མོས་གུས་ལྟེམ་བརྐྱང་མེད་པའི་སྙིང་རུས་ཅན་གྱིས་བླ་མ་ལ་བློ་གཏད། སྙིང་བཅོལ། ཅི་མཛད་ཁྱེད་ཤེས་ཀྱིས་གསོལ་བ་ཕུར་ཚུགས་སུ་གདབ། རྐྱེན་ངན་དེ་འདོད་ཐོག་ཏུ་ཁྱེར་ཏེ་ཉམས་ལེན་ལ་དྲག་ཏུ་འབད་པས། ཇི་ཞིག་ན་རྐྱེན་ཁོའི་ཕོ་ཚུགས་རང་ཞིག་ལ་སོང་ནས་ཉམས་ལེན་ལ་བོགས་ཐོན། སྣང་བ་བན་མ་བུན་དུ་འགྲོ། བླ་མ་དང་གདམས་ངག་ལ་སྔར་བས་ཀྱང་ཡིད་ཆེས་སྐྱེ། ད་ཕྱིན་ལྷོངས་བྱུང་ཡང་ཨའུ་རྩི་སྙམ་པའི་བློ་གདིང་རྙེད་དེ་འོང༌། འོ་དེ་ནི་ཚར་ཚད་ཡིན་ཏེ་རྐྱེན་ལམ་དུ་ལོངས་པས་ཚར་ལྷོངས་འགྲིགས་པ་ཡིན། ཨ་ལ་ལ། ཕ་རྒན་ང་རང་ཚོ་ལ་དགོས་རྒྱུ་ནི་དེ་རང་རེད། ཁ་ཟ་འདོད་ལ་སྒྱིད་པ་འདར་ཕྲིལ་ཕྲིལ་ཝ་མི་རོ་ལ་འཇབ་པ་ལྟར་མ་བྱེད་པར་བློ་སྟོབས་བསྐྱེད་ཅིག ཡང་གང་ཟག་བསགས་རྒྱབ་དམན་པ། དམ་སྡོམ་ལྷོད་པ། ལོག་ལྟ་ཆེ་བ། ཐེ་ཚོམ་མང་བ། ཁས་ལེན་མཐོ་ལ་ཉམས་ལེན་ཞན་པའི་སྙིང་ལ་རྟུག་དྲི་ཁ་བ་ཚོས་བླ་མའི་གདམས་ངག་དཔེ་ཁྲིའི་སྟེང་དུ་བཞུགས་སུ་གསོལ། རྐྱེན་ངན་དེ་ལ་ཤི་སྦར་འཐམ་ནས་རྗེས་སུ་འབྲངས་པས་བདུད་ཀྱིས་གླག་རྙེད་དེ་ངན་འགྲོའི་ལམ་དུ་ཁྲིད་པར་མཆི། ཨ་ཁ་ཁ། དེ་འདྲ་མི་འབྱུང་བར་བླ་མ་ལ་གསོལ་བ་ཐོབ། དེ་ཡང་ངན་རྐྱེན་ལམ་དུ་ལྷོངས་པ་ནི་ཅུང་ཟད་སླ་མོད། བཟང་རྐྱེན་ལམ་དུ་ལྷོངས་པ་འདི་ཤིན་ཏུ་དཀའ་བས་རྟོགས་པ་མཐོན་པོར་རློམ་པ་དག་ཀྱང་ཚེ་འདིའི་ཆེ་ཐབས་འབའ་ཞིག་ལྷུར་ལེན་པ་རྣམ་གཡེང་ལྷའི་བུའི་བདུད་ཀྱི་འབངས་སུ་བཀོལ་དོགས་ཡོད་པས་ཤིན་ཏུ་གཟབ་དགོས། ཡར་འགྲོ་མར་འགྲོའི་ས་མཚམས་སྒོམ་ཆེན་སྲང་ལ་འདེགས་ས་འདི་ན་ཡོད་པས་གོ་བར་གྱིས། ནང་གི་རྟོགས་པའི་ཡོན་ཏན་གྱི་རྩལ་ཁ་མ་རྫོགས་བར་དུ་ཉམས་མྱོང་གི་ལོ་རྒྱུས་གང་ཐོད་ཐོད་ལ་བཤད་དུ་མི་རུང་བས་ཁ་ཚུམ། གཞན་ཡང་ལོ་མཚམས་ཟླ་མཚམས་ཀྱི་སྡུག་ཡུས་མ་འདྲེན་པར་མི་ཚེ་ཁོ་ན་ལ་ཚད་བཙུགས་ནས་ཉམས་ལེན་ལ་འབུང༌། སྟོང་ཉིད་ཁ་ཁྱེར་གྱིས་བློ་བྲིད་ནས་ཀུན་རྫོབ་རྒྱུ་འབྲས་ཀྱི་དགེ་སྦྱོར་ཁྱད་དུ་མ་གསོད། གྲོང་ཆོག་འདྲེ་འདུལ་སོགས་ལྟོ་ཕྱིར་གྲོང་ཡུལ་དུ་ཡུན་རིང་མ་སྡོད། དོན་མེད་ཀྱི་ལས། དགོས་མེད་གྱི་གཏམ། ཕན་མེད་ཀྱི་བསམ་མནོ་རྣམས་ཉུང་ངུ་ཆུག ཟོག་དང་གཡོ་སྒྱུ་སོགས་ཆོས་འགལ་གྱིས་མི་མགོ་མ་བསྐོར། འདོད་ཡོན་ལ་ཞེན་པས་གཞོག་སློང་དང་ཁ་གསགས་སོགས་ཀྱིས་ལོག་འཚོ་མ་སྒྲུབ། ལྟ་སྤྱོད་མི་མཐུན་པ་དང་སྡིག་པའི་གྲོགས་མ་བསྟེན། རང་སྐྱོན་རང་གིས་ཐོན། གཞན་གྱི་སྐྱོན་མཚང་མ་བརྗོད། ཐ་མ་ཁའི་རིགས་ཐམས་ཅད་དམ་སྲིའི་འཕྲུལ་དུ་གསུངས་པས་སྙིང་ནས་སྤོངས། ཆང་འདི་དམ་རྫས་སུ་བརྟེན་བྱ་ཡིན་ཀྱང་ར་རོ་བ་ཙམ་དུ་བག་མེད་པར་མ་འཐུང༌། དད་ཅན་གྱིས་བཀུར་སྟི་བསྒྲུབ་པ་དང༌། དད་མེད་ཀྱིས་སྐུར་འདེབས་ངད་གཤོམ་སོགས་བཟང་འབྲེལ་ངན་འབྲེལ་གང་ཡང་ཁྱད་མེད་དུ་ལམ་དུ་ཁྱེར་ལ་སྨོན་ལམ་དག་པས་རྗེས་སུ་ཟུངས། དུས་ཀུན་ནང་དུ་རིག་པ་དཔའ་མ་ཞུམ་པར་གཟེངས་མཐོ་བའི་ངང་ནས་ཕྱིའི་སྤྱོད་ལམ་དམན་པའི་ས་བཟུང༌། ཧྲུལ་པོའི་གོས་གྱོན། བཟང་ངན་འབྲིང་གསུམ་ཐམས་ཅད་གོང་དུ་ཁུར། འཚོ་བ་ངན་ངོན་ལ་བརྟེན་ནས་རི་ཁྲོད་དུ་སྡོད་ཚུགས་ཟུངས། བློ་རྩེ་སྤྲང་པོ་ལ་གཏོད། གྲུབ་ཐོབ་གོང་མའི་རྣམ་ཐར་ལ་ཡང་དཔེ་གྱིས། སྔོན་ལས་ལ་ཁག་མ་འགེལ་བར་ཆོས་མགོ་གཙང་སིང་ངེ་ཐོན་པ་རེ་གྱིས། འཕྲལ་རྐྱེན་ལ་ཁག་མ་འགེལ་བར་རྐྱེན་གང་བྱུང་གི་ཐོག་ཏུ་ཚུགས་ཐུབ་པ་རེ་གྱིས། མདོར་ན་རང་སེམས་དཔང་པོར་བཞག་ནས་མི་ཚེ་ཆོས་ལ་དྲིལ་ཏེ་འཆི་དུས་བློ་ལྷག་མེད་པར་རང་གིས་རང་ལ་མ་ཁྲེལ་བ་ཞིག་གྱིས། ཉམས་ལེན་ཐམས་ཅད་ཀྱི་གནད་ཀ་དེ་ན་ཡོད་དོ།། ནམ་ཞིག་འཆི་བའི་དུས་ལ་བབས་ཚེ་ནོར་རྫས་ཅི་ཡོད་སྤོང་དག་བྱས་ལ་ཁབ་གཅིག་ཙམ་ལའང་ཆགས་ཞེན་མེད་པར་བྱ། དེ་ཡང་རབ་འཆི་ཁར་བྲོད་པ་སྐྱེ་བ། འབྲིང་འཆི་བ་ལ་མི་འཚེར་བ། ཐ་མ་ཤི་ཡང་མི་འགྱོད་པ་བྱ་བ་ཡིན་པས། རྟོགས་པའི་འོད་གསལ་ཉིན་མཚན་ཁོར་ཡུག་ཏུ་སོང་ན་བར་དོ་མེད་དེ་ལུས་རྒྱ་ཞིག་པ་ཙམ་ཡིན། དེ་མིན་བར་དོར་གྲོལ་བའི་བློ་གདིང་འདུག་ན་གང་ལྟར་བྱས་ཀྱང་རུང༌། དེ་ལྟར་མེད་ན་སྔར་ནས་འཕོ་བ་ཉམས་འོག་ཏུ་ཚུད་པར་སྦྱངས་ཏེ་དུས་ལ་བབས་པའི་ཚེ་ལས་ལ་སྦྱར་བས་གང་དུ་མོས་པའི་ཞིང་ཁམས་སུ་འཕོས་ནས་དེར་ས་ལམ་གྱི་ལྷག་མ་བགྲོད་དེ་འཚང་རྒྱ་བར་འགྱུར་རོ།། དེས་ན་རང་རེའི་བརྒྱུད་པ་རིན་པོ་ཆེ་འདི་ལ་སྔོན་བྱུང་གི་ལོ་རྒྱུས་རྙིང་པ་ཙམ་མ་ཡིན་པར། དེང་སང་ཡང་ཁྲེགས་ཆོད་དང་ཐོད་རྒལ་གྱི་ལམ་ལས་རྟོགས་པ་མཐར་ཕྱིན་ཏེ་གདོས་བཅས་འཇའ་ལུས་འོད་ཀྱི་ཕུང་པོར་དེངས་བཞིན་པ་འདི་ག་ལྟར་ལ། ནོར་བུ་བོར་ནས་འཆིང་བུ་མི་འཚོལ་བར་གདམས་ཟབ་མཁའ་འགྲོའི་སྙིང་ཁྲག་འདི་ལྟ་བུ་དང་འཕྲད་པ་ནི་ཤིན་ཏུ་སྐལ་པ་བཟང་བ་ཡིན་པས་སེམས་ཀྱི་དཔང་བསྟོད་དེ་སྤྲོད་བ་བསྐྱེད་ལ་སྒོམས་ཤིག དཔེ་འདིའང་རྗེས་འཇུག་རྣམས་ཀྱི་སྙིང་ནོར་དུ་ཟུངས་ཤིག་དང་ཕན་པ་ཆེན་པོ་འབྱུང་བར་སྲིད་དོ།། ཞེས་པའང་འོག་མིན་པདྨ་འོད་གླིང་གི་སྒོམ་གྲྭ་པ་རྣམས་ཀྱི་རི་ཆོས་ཉམས་ལེན་དུ་དམིགས་པའི་རྒྱུ་བྱས། མི་ཕྱེད་པའི་དད་གུས་ཀྱི་ནོར་ལྡན་སྒྲུབ་བརྩོན་རིག་བཟང་རྡོ་རྗེས་བསྐུལ་བའི་རྐྱེན་བྱས་ཏེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྙིང་གཏམ་བསླབ་བྱ་དམར་ཁྲིད་ཀྱི་ཚུལ་དུ་བརྗོད་པ་སྐལ་ལྡན་རྣམས་ཀྱི་རྒྱུད་ལ་རྟོགས་པའི་ཡེ་ཤེས་བཙན་ཐབས་སུ་སྐྱེ་བའི་རྒྱུར་གྱུར་ཅིག།  །།

སྒྲོལ་སྟོད་འགྲེལ་བ།

ན་མ་སརྦ་ཏཐཱ་ག་ཏཱ་ནཱཾ། ཏདྱ་ཐཱ། ཨོཾ་ན་མོ་སུ་ཀ་ས་ན་མ་ཏཱ་རེ་པཱ་ར་མི་ཏ།

༄༅། །འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཀུན་གྱི་འཕྲིན་ལས་མ། །རྒྱལ་བའི་ཡུམ་གྱུར་བཅོམ་ལྡན་སྒྲོལ་མ་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཡང་དག་པ་རྫོགས་པའི་སངས་རྒྱས་རྣམ་སྣང་གིས་གསུངས་པའི་ཕྱག་འཚལ་ཉི་ཤུ་རྩ་གཅིག་མ། ཇི་ལྟར་ནུས་བཞིན་འབྱེད་པར་ཤིན་ཏུ་གུས། དེ་ལ་རྒྱུད་འདི་སྔོན་གྱི་མཁས་པ་ཕལ་ཆེ་བ་ནི། །རྒྱུད་སྡེ་བཞིའི་ནང་ནས་བྱ་རྒྱུད་དུ་གཏོགས་ཞེས་གསུང་ངོ༌། དེ་ཡང་དེ་བཞིན་བཤེགས་པ་ཐམས་ཅད་ཀྱི་ཡུམ་སྒྲོལ་མ་ལ་བསྟོད་པ་ཞེས་བྱ་བའི་རྒྱུད་ལེའུ་སུམ་ཅུ་རྩ་ལྔ་ཡོད་པའི་ལེའུ་གསུམ་པ་ལ་ཕྱག་འཚལ་ཉི་ཤུ་རྩ་གཅིག་མ་འདི་གསུངས་སོ། །འདི་བྱ་རྒྱུད་ཡིན་མིན་བརྟག་སྟེ། ཕྱག་འཚལ་ཉི་ཤུ་རྩ་གཅིག་མ་འདི། བླ་མེད་རྒྱུད་དུ་བཀྲལ་བའང་འདུག་གསུང་ངོ༌།       

འདི་ལ་གཉིས། གླེང་གཞི་་དང༌། དངོས་བཤད་པ་འོ།། 

དང་པོ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་བཀའ་སྩལ་པ། འཇམ་དཔལ་ཡུམ་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་མོ། འཇམ་དཔལ་དེའི་ཕྱིར། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ་འདི། འཇམ་དཔལ་ཁྱོད་ཀྱིས་ཡིད་ལ་གྱིས་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་བསྟོད་པའི་གཟུངས་སྔགས་གསུངས་པ་ཞེས་སོ། །

གཉིས་པ་ལ། རྩ་བའི་སྔགས་ཀྱིས་བསྟོད་པ་འདི་དང༌། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །ཅེས་གཉིས་སུ་ཕྱེ་བའི། རྩ་བའི་སྔགས་ཀྱིས་བསྟོད་པ་ནི། ན་མ་སརྦ་ཏཐཱ་ག་ཏཱ་ནཱཾ། ཏདྱ་ཐཱ། ཨོཾ་ན་མོ་སུ་ཀ་ས་ན་མ་ཏཱ་རེ་པཱ་ར་མི་ཏ་ཞེས་པ་འདི་ཡིན་ཞེས་འགའ་ཞིག་གསུང་ལ། སྤང་ལོ་ཆེན་པོ་ནི། ཨོཾ། ཕྱག་འཚལ་སྒྲོལ་མ་ཏཱ་རེ་དཔལ་མོ། །ཏུ་ཏྟཱ་ར་ཡིས་འཇིགས་པ་ཀུན་སེལ། །ཏུ་རེས་དོན་རྣམས་ཐམས་ཅད་རབ་སྟེར། །སྭཱ་ཧཱ་ཡི་གེར་བཅས་ལ་རབ་བདུད། །ཅེས་པ་རྒྱ་དཔེ་ལ་ཡོད་པ་སྤང་ལོས་བསྒྱུར་བ་འདི་ཡིན་གསུང་ཡང༌། རྩ་བའི་སྔགས་ཀྱིས་བསྟོད་པ་ནི། འདིར་བསྟན་སྔགས་དང་སྤེལ་མའི་བསྟོད་ཚིག་ཉི་ཤུ་པོ་འདི་ཡིན་ལ། ཕྱག་འཚལ་ཉི་ཤུ་རྩ་གཅིག་ནི། དེ་སྤེལ་བའི་ཕྱག་འཚལ་ཉི་ཤུ་རྩ་གཅིག་པོ་འདི་ཡིན་ཞེས་བླ་མ་རྣམས་གསུང་ངོ༌། །

དེས་ན། མདོར་བསྟན་པ། རྒྱས་པར་བཤད་པ། ཕན་ཡོན་བསྟན་པ་དང་གསུམ། 

དང་པོ་ནི། ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཞེས་པ་འདི་ཡིན་པས། ཨོཾ་ཞེས་པ་ནི། སྐྱབས་སུ་འགྲོ་བའམ། མཆོད་པ་འབུལ་བའམ། མ་དག་པ་སྦྱོང་པའོ། །རྗེ་བཙུན་མ་ཞེས་པ་ལ། རྗེ་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་གྱི་ནང་ནས་མཆོག་ཏུ་གྱུར་པའོ། །བཙུན་ཞེས་པ་ནི། ཕྱི་ལྟར་ན་སོ་ཐར། ནང་ལྟར་ན་བྱང་སེམས། གསང་བ་ལྟར་ན་སྔགས་ཀྱི་སྡོམ་པ་དང་ལྡན་པའོ། །འཕགས་མ་ནི། མཐོང་སྤངས་མི་དགེ་བ་ལས་རིང་དུ་སོང་ཞིང་འཁོར་འདས་ལས་འཕགས་པའོ། །སྒྲོལ་མ་ནི། སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བའོ། །མ་ཞེས་པ་ནི། སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པར་འགྲོ་དོན་མཉམ་དུ་མཛད་པའོ།། ཕྱག་ཅེས་པ་ནི། །ལས་ཉོན་གྱི་སྡིག་སྒྲིབ་འཕྱག་པར་བྱེད་པའོ། །འཚལ་ཞེས་པ་ནི། ལུས་ངག་ཡིད་གསུམ་གུས་པར་བགྱིད་ཅེས་པའི་དོན་ཏོ། །

གཉིས་པ་ལ། ལོ་རྒྱུས་ཀྱི་སྒོ་ནས་བསྟོད་པ་དང༌། སྐུའི་རྣམ་པའི་སྒོ་ནས་བསྟོད་པ། འཕྲིན་ལས་ཀྱི་སྒོ་ནས་བསྟོད་པ་དང་གསུམ། 

དང་པོ་ནི། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔལ་མོ། །
སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །
འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །
གེ་སར་བྱེ་བ་ལས་ནི་བྱུང་མ། །  ཕྱག་འཚལ་ལོ་ཞེས་དྲང་ངོ༌། གང་ལ་ན། སྒྲོལ་མ་ལའོ། །དེ་གང་ལས་བྱུང་ན། སྐད་ཅིག་གིས་འཇིགས་པའི་ཕུང་པོ་ལྔའམ། བཞི་ལ་བརྟེན་པའི་འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་ཁམས་གསུམ་གྱི་མགོན་སྐྱབས་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་འགྲོ་བ་ཇི་སྙེད་ཅིག་འཁོར་བ་ལས་བཏོན་ཀྱང༌། ཉུང་དུ་མ་སོང་བར་གཟིགས་ནས། བཤུམས་པའི་སྤྱན་ཆབ་ལས་སྐྱེས་པའི་ཨུཏྤལའི་ཞལ་གྱི་གེ་སར་བྱེ་བ་ལས་བྱུང་བའོ། །དེས་སེམས་ཅན་གྱི་དོན་གྱི་མྱུར་བ་ནི། མྱུར་དུ་དེ་དག་འཁོར་བ་ལས་སྒྲོལ་བའི་ཞབས་ཏོག་བགྱིད་ལགས་ཀྱིས། སྤྱན་ཆབ་མི་གཏོང་བ་ཞུ། ཞུས་ནས་འཁོར་བའི་གཡུལ་ངོ་ཟློག་པ་ལ་དཔའ་མོའོ། །དེ་བས་ན། དེའི་སྤྱན་ཆབ་གཉིས་སྐད་ཅིག་གིས་གསལ་བའི་གློག་དང་འདྲ་བས་འཇིག་རྟེན་གསུམ་ལ་གཟིགས་པའོ། །འདི་ལ་པན་ཆེན་ཉི་མ་སྦས་པས། རབ་ཏུ་དཔའ་བའི་སྒྲོལ་མ་ཞེས་གསུངས་སོ། །༡ 
གཉིས་པ་ལ། ལོངས་སྐུའི་རྣམ་པའི་སྒོ་ནས་བསྟོད་པ་དང༌། ཆོས་སྐུའི་རྣམ་པའི་སྒོ་ནས་བསྟོད་པ་གཉིས། 
དང་པོ་ལ། ཞི་བའི་རྣམ་པའི་སྒོ་ནས་བསྟོད་པ་དང༌། ཁྲོ་་མོའི་རྣམ་པའི་སྒོ་ནས་བསྟོད་པ་གཉིས། 
དང་པོ་ལ། ཕྱག་འཚལ་དྲུག་ཡོད་པའི། དང་པོ་ཞལ་མདངས་གསལ་ཞིང་འོད་ཟེར་འཕྲོ་བའི་སྒོ་ནས་བསྟོད་པ་ནི། 
ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །
གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །ཞེས་སོགས་ཏེ། སྤྲིན་དང༌། ཁུག་སྣ་སོགས་ཀྱི་སྒོ་ནས་རྡུལ་དང་བྲལ་བའི། སྟོན་ཀའི་ཟླ་བ་ཀུན་ཏུ་གང་བ། ཞེས་སྐྱེ་འཕྲོ་རྫོགས་ཤིང་འདྲི་བའི་འགོ་མ་ཚུགས་པའི་ཉ་གང་བའི་ཟླ་བའོ། །དེ་འདྲ་བརྒྱ་ནི་བརྩེགས་པ་བས་ཏེ། བརྒྱ་སྤུངས་པ་ལས་ཀྱང་འོད་ཆེ་བའི་ཞལ་དང་ལྡན་མ། ཞལ་དེ་ནས་སྐར་མ་སྟོང་ཕྲག་ཚོགས་པ་བས་ཀྱང་རབ་ཏུ་ཕྱེ་བའི་འོད་རབ་འབར་མའོ། །ཡང་ན། བརྒྱད་གཉིས་བསྒྲིགས་ཞེས་འདོན་པ་ལྟར་ན། ཞལ་གྱི་ནང་ན་ཟླ་བ་ལྟ་བུའི་ཚེམས་བརྒྱད་གཉིས་བཅུ་དྲུག་བསྒྲིགས་པའི་ཞལ་རས་ལ་སྐར་མ་སྟོང་ཕྲག་ཚོགས་པ་བས་ཀྱང་ལྷག་པའི་འོད་འཕྲོ་ཞེས་པ་དང༌། བརྒྱད་པོ་དེ་གཉིས་བསྒྲིགས་ཞེས་པས། མཚན་བཟང་པོ་སོ་གཉིས་མཚོན་པའོ། །འདི་ལ་དཀར་མོ་མདངས་ལྡན་སྒྲོལ་མ་ཞེས་བཤད་དོ། །༢ 
གཉིས་པ་སྐུ་མདོག་དང༌། ཕྱག་མཚན་དང༌། རྒྱུའི་སྒོ་ནས་བསྟོད་པ་ནི། 
ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི། །
པདྨས་ཕྱག་ནི་རྣམ་པར་རྒྱན་མ། །ཞེས་སོགས་ཏེ། སྔོ་བ་ནི་སྐུ་མདོག སེར་ནི། ཁ་དོག་དྭངས་པ་མཚོན་པ་སྟེ། སེར་མདོག་ཅན་གྱི་སྒྲོལ་མ་ཞེས་འབྱུང་བས་སོ། །དེའི་ཕྱག་གཡོན་གྱི་སྲིན་ལག་གིས་ཆུ་ནས་སྐྱེས་པའི་པདྨ་སྟེ་ཨུཏྤལས་ཐུགས་ཀར་རྣམ་པར་བརྒྱན་པ་སྟེ། བཟུང་ནས་སྙན་གྱི་ཐད་ཀར་ཁ་བྱེ་བ་ནི། ཕ་རོལ་ཏུ་ཕྱིན་པ་བཅུ་དག་པའི་རྟགས་སོ། །དེ་བས་ན། སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་སྟེ་ཚུལ་ཁྲིམས། བཟོད་པ་བསམ་གཏན་སྤྱོད་ཡུལ་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་སོ། །ཞི་བ་ཞེས་པ། མི་མཐུན་ཕྱོགས། སེར་སྣ། ལེ་ལོ། འཆལ་ཚུལ། ཁོང་ཁྲོ། རྣམ་གཡེང༌། ལོག་པའི་ལྟ་བ་སོགས་ཞི་བ་ནི། སྒྲོལ་མའི་སྤྱོད་ཡུལ་ཏེ། དེའི་རྒྱུ་ལས་བྱུང་ཞེས་པའོ། །༣ 
གསུམ་པ། རྒྱལ་བ་དང༌། རྒྱལ་སྲས་ཀྱིས་གུས་པས་བསྟེན་པའི་སྒོ་ནས་བསྟོད་པ་ནི། 
ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །ཞེས་སོགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཡིན་པས་དབུའི་གཙུག་ཏོར་ལྟར་འཁུར་ཞིང༌། དེ་བས་ན། ཚེ་འདིའྀ་རྒུད་པ་དང༌། ཉོན་མོངས་པའི་སྒྲིབ་པ་དང༌། འཁོར་གསུམ་དུ་གཏོགས་པ་སོགས་ཤེས་བྱའི་སྒྲིབ་པ་མཐའ་ཡས་པ་ལས་རྣམ་པར་རྒྱལ་བར་སྤྱོད་མའོ། །རྒྱལ་སྲས་ཀྱིས་བསྟེན་པ་ནི། ས་བཅུ་མ་ལུས་པའི་ངོ་བོ། ཕ་རོལ་དུ་ཕྱིན་པ་བཅུ་ཐོབ་པའི་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤིན་ཏུ་གུས་པའི་གཙུག་གིས་བསྟེན་མའོ། །འདི་ལ་གཙུག་ཏོར་རྒྱལ་བའི་སྒྲོལ་མ་ཞེས་འབྱུང་ངོ༌། །༤ 
བཞི་པ་མི་མཐུན་ཕྱོགས་གནོན་པའི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་ཏུ་ཏྟཱ་ར་ཧཱུྃ་ཡི་གེས། ཞེས་སོགས་ཏེ། ཏུ་ཏྟཱ་ར་ཧཱུྃ་ཞེས་པའི་གསུང་དང༌། ཐུགས་ཀའི་ཧཱུྃ་ཡིག་ནི། སྟོང་ཉིད་སྙིང་རྗེ་མཚོན་པས། དེས་མཐུན་ཕྱོགས་འདོད་པ་དང༌། ༠ཕྱོགས་གཟུགས་ཁམས་དང༌། ནམ་མཁའ་གཟུགས་མེད་ཁམས་ཏེ། འདོད་པ་ངན་སོང་གསུམ། འདོད་པའི་ལྷ་མི་གཉིས། གཟུགས་དང་གཟུགས་མེད་ཀྱི་འཇིག་རྟེན་བདུན་པོ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ཞབས་ཀྱིས་མནན་ཏེ། ལུས་པ་མེད་པར་དེ་དག་བདེ་བ་ལ་འགུགས་པར་ནུས་མའོ། འདི་ལ་ཧཱུྃ་སྒྲ་སྒྲོག་པའི་སྒྲོལ་མ་ཞེས་འབྱུང་ངོ༌། །༥ 
ལྔ་པ་འཇིག་རྟེན་པའི་ལྷ་ཆེན་པོ་རྣམས་ཀྱིས་བསྟོད་པ་ནི། ཕྱག་འཚལ་ལོ། གང་ལ་ན། ལྷ་དབང་བརྒྱ་སྦྱིན། མེ་ལྷ། ཚངས་པ། རླུང་ལྷ་ལ་སོགས་སྣ་ཚོགས་པའི་དབང་ཕྱུག་སྟེ། གཙོ་བོ་རྣམས་ཀྱིས་མཆོད་པའི་སྒྲོལ་མའོ། །དེར་མ་ཟད་འབྱུང་པོའི་གཙོ་བོ་ཚོགས་བདག རོ་ལངས་ཀྱི་གཙོ་བོ་དབང་ཕྱུག་ཆེན་པོ། དྲི་ཚ་ཟུར་ཕུད་ལྔ་པ་ལ་སོགས་པ་རྣམས་དང༌། གནོད་སྦྱིན་གྱི་གཙོ་བོ་རྣམ་ཐོས་ཀྱི་སྲས་འཁོརགྱི་ཚོགས་དུ་མ་དང་བཅས་པ་རྣམས་ཀྱིས་མདུན་ནས་བསྟོད་མའོ། །འདི་ལ་རྣམ་པར་རྒྱལ་བའི་སྒྲོལ་མ་ཞེས་འབྱུང་ངོ༌། །༦ 
དྲུག་པ་ཕ་རོལ་འཇོམས་པའི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་ཏྲད་ཅེས་བྱ་དང་ཕཊ་ཀྱིས། ཕ་རོལ་འཕྲུལ་འཁོར་རབ་ཏུ་འཇོམས་མ། ཞེས་སོགས་ཏེ། དྲག་པོའི་སྔགས་ཀྱིས་ཕ་རོལ་གྱིས་བྱས་པའི་མཐུ་དང༌། བྱད་མ་ལ་སོགས་པའི་འཁྲུལ་འཁོར་གྱིས་གནས་སྐབས་དང༌། མཐར་ཐུག་གི་བདེ་བ་ལ་བར་དུ་གཅོད་པ་འཇོམས་མ་སྟེ། འདི་ལ་རྒོལ་བ་འཇོམས་པའི་སྒྲོལ་མ་ཞེས་འབྱུང་ངོ༌། །༧ 
དེ་ལྟ་བུའི་ཞི་བའི་བཞུགས་ཚུལ་ནི། གཡས་བསྐུམས་པ་ནི། སྟོང་ཉིད་རྟོགས་པ་མཚོན། གཡོན་བརྐྱངས་པ་ནི། སྙིང་རྗེ་མཚོན། དེ་ལྟ་བུའི་སྟོང་ཉིད་སྙིང་རྗེའི་ཞབས་ཀྱིས་སྲིད་གསུམ་མནན་ཏེ། མེ་འབར་འཁྲུག་པ་ཤིན་ཏུ་འབར་མ། ཞེས་པ་ནི། ཕྱི་ཁྲོ་མོར་གྱུར་པ། ད་ལྟ་ཡང་ཅུང་ཟད་ཁྲོས་པའི་ཚུལ་གྱི་མེ་འབར་བའི་དབུས་ན་འགྱིངས་པའོ། །གཉིས་པ་ཁྲོ་མོའི་རྣམ་པའི་སྒོ་ནས་བསྟོད་པ་ལ། ཕྱག་འཚལ་བདུན་ཡོད་པའི། དང་པོ་བདུད་དང་སྒྲིབ་གཉིས་སྦྱོང་བའི་ཡོན་ཏན་ནི། ཕྱལ་འཚལ་ཏུ་རེ་འཇིགས་པ་ཆེན་མོ། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཞེས་སོགས་ཏེ། ཏུ་རེ་ནི་སྒྲོལ་མ། འཇིགས་པ་ཆེན་མོ་ནི། ཁྲོ་མོ། བདུད་ཀྱི་དཔའ་བོ་ནི། ཉོན་མོངས་པ་ཡིན་པས། དེ་ལ་སོགས་པ་བདུད་བཞི་རྣམ་པར་འཇོམས་མའོ། །གཞན་ཡང༌། དེ་ལྟ་བུའི་ཆུ་སྐྱེས་ཀྱི་ཞལ་ནི། ཁྲོ་གཉེར་ལྡན་མཛད་དེ། ཁྲོ་མོའི་ཆ་ལུགས་མཛད་དེ། ཁྲོ་མོའི་ཆ་ལུགས་མཛད་པས་ཐར་པ་ཐོབ་པ་ལ་བར་དུ་གཅོད་པའི་དགྲ་བོ་ཉོན་མོངས་པའི་སྒྲིབ་པ། ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པའི་དགྲ་བོ་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྟེ། བག་ཆགས་དང་བཅས་པ་གསོད་པར་མཛད་མའོ། །འདི་ལ་དབང་མཆོག་སྟེར་བའི་སྒྲོལ་མ་ཞེས་འབྱུང་ངོ༌། །༨ 
གཉིས་པ་གཡས་གཡོན་གྱི་ཕྱག་མཚན་གྱི་སྒོ་ནས་བསྟོད་པ་ནི། །གཡོན་པའི་ཕྱག་མཚན། ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱས། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །ཞེས་པས་མཐེབ་སྲིན་གཉིས་ཀྱིས་ཨུཏྤལ་བཟུང་ཞིང༌། མཛུབ་མོ་གུང་མོ། མཐེབ་ཆུང་གསུམ་གྱི་སོར་མོ་ཐུགས་ཀར་བརྐྱངས་པའི་ཚུལ་གྱིས་རྣམ་པར་བརྒྱན་མའོ། །གཡས་པའི་ཕྱག་མཚན། མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། ཕྱག་གཡས་ཀྱི་ཕྱོགས་མ་ལུས་པ་མཆོག་སྦྱིན་མཛད་པའི་ཕྱག་གི་མཐིལ་འཁོར་ལོས་བརྒྱན་པའི་རང་གི་ཕྱག་མཚན་གྱི་འཁོར་ལོའི་འོད་ཀྱིས། འོད་ཀྱི་ཚོགས་གཞན་རྣམས་འཁྲུག་པ་སྟེ་ཟིལ་གྱིས་གནོན་མའོ། །འདི་ལ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ཞེས་འབྱུང་ངོ༌། །༩ 
གསུམ་པ་དབུ་རྒྱན་དང་བཞད་སྒྲའི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །ཞེས་འཕགས་མའི་རྒྱན་གྱིས། རབ་ཏུ་དགའ་བ་དད་ཅིང་མོས་པའི་གདུལ་བྱ་རྣམས་ཀྱི་འདོད་པ་བསྐངས་ནས་བརྗོད་པ་ནི། འོད་གཞན་ཟིལ་གྱིས་གནོན་པའི་འོད་ཀྱི་ཕྲེང་བ་ནོར་བུའི་གཙུག་རྒྱན་དང་སྤེལ་མའོ། །སྔགས་ཀྱི་བཞད་སྒྲ་རབ་ཏུ་བཞད་པ་ཏཱ་རེ་ཡིས་བདུད་དང༌། འཇིག་རྟེན་གྱི་ལྷ་ཆེན་བརྒྱད་དབང་དུ་མཛད་མའོ། །འདི་ལ་མྱ་ངན་སེལ་བའི་སྒྲོལ་མ་ཞེས་འབྱུང་ངོ༌། །༡༠ 
བཞི་པ་ཕྱོགས་སྐྱོང་བཅུས་འཕྲིན་ལས་སྒྲུབ་པའི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་ས་གཞི་སྐྱོང་བ་ནི། ཕྱོགས་སྐྱོང་བཅུ་ཡིན་ལ། ཚོགས་རྣམས་ནི། འཁོར་དང་བཅས་པ་ཐམས་ཅད་འགུགས་པར་ནུས་མ་སྟེ། དེ་ཐམས་ཅད་བཀུག་ནས་འཕྲིན་ལས་སྒྲུབ་ཏུ་འཇུག་པའོ། །ཁྲོ་གཉེར་གཡོ་བ་ནི། ཁྲོ་མོར་བཞུགས་པའི་ཐུགས་ཀའི་ཧཱུྃ་ཡིག་གི་འོད་ཟེར་གྱིས། བདེ་བས་ཕོངས་ཤིང་སྡུག་བསྔལ་གྱིས་གཟིར་བ་ཐམས་ཅད་སྡུག་བསྔལ་དེ་ལས་རྣམ་པར་སྒྲོལ་བར་མཛད་མའོ། །འདི་ལ་འགུགས་པའི་སྒྲོལ་མ་ཞེས་འབྱུང་ངོ༌།༡༡ 
ལྔ་པ་དབུ་རྒྱན་གྱི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་ཟླ་བའི་རྩེ་མོས་དབུ་བརྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །ཞེས་པ་དབུ་རྒྱན་དངོས་ཏེ། ཟླ་བའི་རྩེ་མོ་སྟེ། ཚེས་གཅིག་གི་ཟླ་བས་དབུ་བརྒྱན་ཅིང༌། དབུ་རྒྱན་ཟླ་བ་ཐམས་ཅད་ལས། སྡུག་བསྔལ་སེལ་བའི་འོད་ཟེར་ཤིན་ཏུ་འབར་མའོ། །རལ་བའི་ཁྲོད་ན་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་ནི་མཛད་མ། །ཞེས་པ་ནི། དབུ་རྒྱན་གཉིས་པ་སྟེ། སྤྱི་གཙུག་གི་སྐྲའི་གསེབ་ན། སྣང་བ་མཐའ་ཡས་བཞུགས་པ་ལ། སེམས་ཅན་གྱི་དོན་དུ་དུས་རྟག་པར་ཤིན་ཏུ་སྟེ་མང་པོར་འོད་ནི། འགྱེད་པར་མཛད་མའོ། །འདི་ལ་བཀྲ་ཤིས་སྣང་བའི་སྒྲོལ་མ་ཞེས་འབྱུང་ངོ༌། །༡༢ 
དྲུག་པ་དྲག་པོའི་བཞུགས་ཚུལ་གྱི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་བསྐལ་བ་མཐའ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱངས་གཡོན་བསྐུམས་ཀུན་ནས་བསྐོར་དགའ། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། ཞེས་པ་སྟེ། བསྐལ་བ་མཐའ་མའི་མེ་ནི། ཉི་མ་བདུན་ལས་ཚ་བའི་འོད་ཟེར་གྱིས་ས་རྡོ་རྣམས་བསྲེགས་པ་ལྟར། ཡེ་ཤེས་ཀྱི་མེ་ལྕེ་འབར་བའི་ཕྲེང་བའི་དབུས་ན་ཁྲོ་མོའི་བཞུགས་ལུགས་བསྟན་ནས། ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམས་ནས་དད་པས་ཆོས་འཁོར་བསྐོར་བར་དགའ་བའི་གདུལ་བྱ་རྣམས་ཀྱི་དགྲ་ཡི་དཔུང་ཉོན་མོངས་པ་རྣམ་པར་འཇོམས་པའོ། །འདི་ལ་སྨིན་པར་བྱེད་པའི་སྒྲོལ་མ་ཞེས་འབྱུང་ངོ༌། །༡༣ 
བདུན་པ་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས་པའི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི། །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཞེས་པ་ལ། ཁྲོ་གཉེར་ཅན་མཛད་ཅེས་པ། ཁྲོ་མོའི་ཆ་བྱད་ཀྱི་ཞབས་གཡས་ཀྱི་མཐིལ་གྱིས་ས་ལ་བསྣུན་ཅིང༌། སྡིགས་མཛུབ་མཛད་དེ་ཐུགས་ཀའི་ཡི་གེ་ཧཱུྃ་གིས་འཇིག་རྟེན་རིམ་པ་བདུན་པོ་རྣམས་ཀྱི་སྲིད་མཚོ་འགེམས་མ་སྟེ། སྐེམས་མའོ། །འདི་ལ་ཁྲོ་གཉེར་གཡོ་བའི་སྒྲོལ་མ་ཞེས་འབྱུང་ངོ༌། །༡༤ 
གཉིས་པ་ཆོས་སྐུའི་རྣམ་པའི་སྒོ་ནས་བསྟོད་པ་ནི། ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །ཞེས་པ་རྗེ་བཙུན་གྲགས་པས། པད་མ་ནི་ཟག་མེད་ཀྱི་བདེ་བ་དང་ལྡན་མ། དགེ་མ་ཡང་སྤང་བྱ་ཉོན་མོངས་པ་དང་བྲལ་བས་དགེ་མ། ཞི་མ་ནི། འབྲས་བུ་སྡུག་བསྔལ་ཞི་མ། རྟོག་པ་ཞི་བའི་མྱ་ངན་ལས་འདས་པ་ལ་སྤྱོད་པ་ཉིད་མ་ཞེས་སོ། །ཡང་མཁས་པ་ཁ་ཅིག་ནི། རང་བཞིན་སྐྱེ་མེད་ལ་ཚོགས་ལམ་དུ་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་ནས། མ་བདེ་བ་མེད་པས་བདེ་མ། སྦྱོར་ལམ་དུ་སྒོམ་བྱུང་གི་ཉམས་སུ་མྱོང་ནས་ཉོན་མོངས་རགས་པའི་རྣམ་རྟོག་གི་མཚན་མ་མེད་པས་དགེ་མ། མཐོང་ལམ་དུ་ས་བོན་དང་བྲལ་ནས། འབྲས་བུ་སྐྱེ་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ་ཞི་བས་ཞི་མ། མི་སློབ་ལམ་དུ་བག་ཆགས་དང་བཅས་པ་ཞི་བའི་མྱ་ངན་ལས་འདས་པ་ཆོས་སྐུ་མངོན་དུ་མཛད་མའོ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཞེས་པ་གསུང་ཡི་གེ་བཅུ་པ། མཇུག་ཏུ་སྭཱ་ཧཱ། དང་པོར་ཨོཾ་དང༌། བར་དུ་སྔགས་བརྒྱད་དང་ཡང་དག་པར་ལྡན་པས། སྡིག་པ་ཆེན་པོ་དངོས་འཛིན་གྱི་གཏི་མུག་འཇོམས་པ་ཉིད་མ། ཞེས་པ་ཐུགས་དང༌། གསུང་ཆོས་སྐུའི་སྒོ་ནས་བསྟོད་པའོ།།འདི་ལ་དགེ་ལེགས་ཞི་བའི་སྒྲོལ་མ་ཞེས་འབྱུང་ངོ༌། །༡༥ 
གསུམ་པ་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པ་ལ། ཕྱག་འཚལ་དྲུག་ཡོད་པའི། དང་པོ་ཞི་ཁྲོའི་སྔགས་ཀྱི་འཕྲིན་ལས་ནི། ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམ་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ། །ཞེས་པའི་ཡི་གེ་བཅུ་པའི་ངག་གི་བཀོད་པ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པ་ཡི་གེའི་སྔགས་སོ། རིག་པ་ཧཱུྃ་ནི། ཨོཾ་ན་མ་ཏཱ་རེ་ན་མོ། ཧ་རེ་ཧཱུྃ་ཧ་ར་སྭཱ་ཧཱ། ཞེས་པ་ཁྲོ་མོའི་སྔགས་སོ། །དེ་གཉིས་ཀྱིས་ཀུན་ནས་དད་པས་ཆོས་འཁོར་བསྐོར་བ་ལ་རབ་ཏུ་དགའ་བའི་གདུལ་བྱ་རྣམས་ཀྱི་ཐར་པའི་དགྲ་བོ་ལུས་ནང་ལ་བདག་ཏུ་ཆགས་པ་དང༌། ཕྱི་རོལ་ལ་བདག་གིར་ཆགས་པ་རབ་ཏུ་འགེམས་མ་སྟེ། ཆགས་པ་འཇོམས་པའི་སྒྲོལ་མ་ཞེས་འབྱུང་ངོ༌།༡༦ 
གཉིས་པ་ཁྲོ་མོས་ཁམས་གསུམ་གཡོ་བའི་འཕྲིན་ལས་ནི། ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །ཞེས་སོགས་ཏེ། ཧཱུྃ་གི་རྣམ་པས་ས་བོན་ལས་སྐྱེས་པའི་ཏུ་རེའི་ཞབས་བརྡབས་པས་ཕྱི་རོལ་ན། རི་རབ་མནྡྷ་ར་དང་འབིགས་བྱེད་ལ་སོགས་པ། འཇིག་རྟེན་གསུམ་པོ་རྣམས་གཡོ་ནུས་པ་ཉིད་དོ། །འདི་ལ་བདེ་བ་སྒྲུབ་པའི་སྒྲོལ་མ་ཞེས་འབྱུང་ངོ༌། །༡༧ 
གསུམ་པ་བརྟན་གཡོའི་དུག་རྣམས་སེལ་བའི་འཕྲིན་ལས་ནི། ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་ དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཞེས་སོགས་ཏེ། ལྷའི་མཚོ་ལྟ་བུའི་ཟླ་བའི་དཀྱིལ་འཁོར་རི་བོང་གི་རྟགས་ཅན་ཕྱག་ན་བསྣམས་མ་སྟེ། བརྟན་པའི་དུག་ཉོན་མོངས་པའི་གདུང་བ་སེལ་བའི་རྟགས་སོ། །ངག་ཏུ་ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས་གཡོ་བའི་དུག་རྣམས་མ་ལུས་པར་ནི་སེལ་མའོ། །འདི་ལ་རྣམ་པར་རྒྱལ་བའི་སྒྲོལ་མ་ཞེས་འབྱུང་ངོ༌།༡༨ 
བཞི་པ་རྩོད་པ་དང༌། རྨི་ལམ་ངན་པ་སེལ་བའི་འཕྲིན་ལས་ནི། ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། ཞེས་པ་འདོད་ལྷ་བརྒྱ་སྦྱིན་དང༌། གཟུགས་ཀྱི་ཚངས་པ་ཆེན་པོ་སྟེ་ལྷའི་ཚོགས་རྣམས་ཀྱི་རྒྱལ་པོ་དང༌། ལྷ་དང་མིའམ་ཅིའི་རྒྱལ་པོ་ལྗོན་པ་ཆེན་པོ་ལ་སོགས་པས་གཙུག་གིས་གུས་པས་བསྟེན་མ་སྒྲོལ་མ་ཉིད་དོ། །ཀུན་ནས་གུས་པས་སྐུ་ཞི་ཁྲོའི་ཆ་དང༌། ཞི་ཁྲོའི་སྔགས་ཀྱི་གོ་ཆ་དགའ་བའི་ཡིད་རྩེ་གཅིག་པས་ཡིད་ལ་བྱེད་ན། བྱིན་རླབས་ཀྱི་གཟི་བརྗིད་ཀྱིས་ཕ་རོལ་པོའི་རྩོད་པ་དང༌། རྨི་ལམ་ངན་པ་ཡང་སེལ་བ་ཉིད་དོ། །འདི་ལ་སྡུག་བསྔལ་སྲེག་བྱེད་སྒྲོལ་མ་ཞེས་འབྱུང་ངོ༌། །༡༩ 
ལྔ་པ་རིམས་ནད་སེལ་བའི་སྒྲོལ་མའི་འཕྲིན་ལས་ནི། ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པ། ཞེས་ཉི་མ་རྒྱས་པ་ལྟ་བུའི་སྤྱན་གཡས་པ། ཟླ་བ་རྒྱས་པ་ལྟ་བུའི་སྤྱན་གཡོན་པ་ཅེས་གསུང་ཡང༌། ཉི་མ་རྒྱས་པ་ལྟ་བུའི་ཁྲོ་མོའི་སྤྱན། ཟླ་བ་རྒྱས་པ་ལྟ་བུའི་ཞི་བའི་སྤྱན་གཉིས་པོ་ལ་འོད་རབ་ཏུ་གསལ་བ་འཕྲོ་བ་དང༌། ངག་ཏུ་ཁྲོ་མོའི་སྔགས་ཧ་ར་གཉིས་བརྗོད། ཞི་བའི་སྔགས་ཏུཏྟཱ་ར་ཡི་སྔགས་བརྗོད་པ་ཡིས་ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ་ཉིད་དོ། འདི་ལ་དངོས་གྲུབ་འབྱུང་གནས་སྒྲོལ་མ་ཞེས་འབྱུང་ངོ༌། །༢༠ 
དྲུག་པ་གདོན་དང་རོ་ལངས་འཇོམས་པའི་འཕྲིན་ལས་ནི། ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པའི། །ཞེས་པ་སྐུ་གསུང་ཐུགས་ཀྱི་དེ་ཉིད་དེ། སྐུའི་དེ་ཉིད་སྤྱི་བོར་ཨོཾ། གསུང་གི་དེ་ཉིད་མགྲིན་པར་ཨཿ ཐུགས་ཀྱི་དེ་ཉིད་ཐུགས་ཀར་ཧཱུྃ་རྣམས་བཀོད་པའི་མཐུ་བརྟན་པའི། དུག་ཉོན་མོངས་ཞི་བའི་མཐུ་དང་ཡང་ལྡན་མ། གཡོ་བའི་དུག་གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས་འཇོམས་པ་ལ། རབ་མཆོག་ནི། ཏུ་རེ་སྒྲོལ་མ་ཉིད་ཡིན་ནོ། །འདི་ལ་ཡོངས་སུ་རྫོགས་བྱེད་སྒྲོལ་མ་ཞེས་འབྱུང་ངོ༌། །༢༡ 
གསུམ་པ་ལ་ཕན་ཡོན་བསམས་པའི་ཁྱད་པར། དུས་ཀྱི་ཁྱད་པར། ཕན་ཡོན་དངོས་བཤད་པ། གྲངས་ཀྱི་སྒོ་ནས་ཕན་ཡོན་བསྡུས་ཏེ་བསྟན་པ་དང་བཞི། དང་པོ། ཞི་བ་དང་ཁྲོ་མོའི་རྩ་བའི་སྔགས་ཀྱི་བསྟོད་པ་ཉེར་གཅིག་པོ་འདི་དང༌། སྒོ་གསུམ་གུས་པས་ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག། ལྷ་མོ་སྒྲོལ་མ་ལ་གུས་པ་དང་ཡང་དག་པར་ལྡན་པས་ཏེ། ཁ་ཙམ་ཚིག་ཙམ་མིན་པར། རྩེ་གཅིག་པ་ཉིད་ཀྱི་བློ་ཤེས་རབ་དང་ལྡན་པ་གང་གིས་རབ་ཏུ་དད་པས་བརྗོད་པས། དུས་ནི། སྲོད་དང་ཐོ་རངས་མལ་ནས་ལངས་པར་བྱས་ནས། དྲན་པ་ཞེས་པ། སྤྱིར་སྐུ་དང༌། གསུང་སྔགས་དང༌། བསྟོད་པ། ཁྱད་པར་སྲོད་ཀྱི་དུས་སུ་ཁྲོ་མོའི་དང༌། ཐོ་རངས་ཀྱི་དུས་སུ་ཞི་བའི་སྐུ་སོགས་དྲན་པ་ཙམ་གྱིས་ཚེ་འདིའི་ནད་གདོན་དང༌། དུས་མིན་འཆི་བ་ལ་སོགས་པ་བར་ཆད་ཀྱི་མི་འཇིགས་པ་ཐམས་ཅད་རབ་ཏུ་སྟེར་བ། ཕྱི་མར་ངན་འགྲོའི་རྒྱུ་སྡིག་པ་ཐམས་ཅད་རབ་ཏུ་ཞི་བས་ན། འབྲས་བུ་ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། ཕན་ཡོན་ནི། རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས་མྱུར་དུ་སྟེ། ཚེ་དེ་ཉིད་ལ་དབང་ནི་རིམ་པར་བསྐུར་བར་འགྱུར་ལ། ཚེ་འདི་ལ་མི་དང་མི་མ་ཡིན་དབང་དུ་འདུ་བ་ལ་སོགས་པའི་ཐུན་མོང་གི་༠ཚེ་བའི་དངོས་གྲུབ་ཐོབ་ཅིང༌། མཆོག་གི་དངོས་གྲུབ་སངས་རྒྱས་ཀྱི་གོ་འཕང་མཐར་ཐུག་དེར་འགྲོ། སངས་རྒྱས་ཀྱི་གོ་འཕང་དེའི་བར་དུ་གཅོད་པའི་དུག་ནི་དྲག་པོ་ཆེན་པོ་ལོག་ལྟ་ཉིད་དོ། དེ་མཐར་ཕྱིན་པ་བྱེད་ཅིང་བརྟེན་ནས་གནས་པར་བྱེད་པ་ནི། གཏི་མུག་གི་ཆོས་ཀྱིས་ཆོས་ཀྱི་གནས་ལུགས་ལ་སྐུར་བ་བཏབ་པ་ཙམ། ཞེ་སྡང་དྲག་པོས་ཆོས་དང་ཆོས་སྨྲ་བ་ལ་ཞེ་སྡང་བའི་ལས་རྣམས་འཇོམས་ཞེས་པ་བརྟན་པའི་དུག་རྣམས་སེལ་བའོ། །གཞན་ཡང་གཡོ་བའི་དུག་འགྲོ་བ་ཁྱི་དུག་དང༌། སྦྲུལ་དུག་གིས་ཟིན་པ་དང༌། ཟོས་པ་དང་ནི་འཐུངས་བ་སྟེ། ཟས་སྐོམ་གྱི་དུག་ཉིད་ཀྱང༌། ལྷ་མོའི་སྐུ་སོགས་དྲན་པ་ཙམ་གྱིས་རབ་ཏུ་སེལ་བ་ཉིད་ཐོབ་པ། སྡུག་བསྔལ་གྱི་རྒྱུ་སེལ་བའོ། །འབྲས་བུ་སྡུག་བསྔལ་དྲག་པོ་སེལ་བ་ནི། གདོན་དང་རིམས་དང་དུག་གིས་གཟིར་བ་སྟེ་སྐྱེ་བའི་སྡུག་བསྔལ་ཚོགས་ནི་རྣམ་པར་སྤོང་སྟེ། ཞེས་པ་རང་གི་དོན་ཏོ། །གཞན་དོན་ནི། སེམས་ཅན་གཞན་པ་རྣམས་ལ་ཡང་ངོ༌། །ཞེས་གཞན་གྱི་དོན་དུ་ཡང་གུས་པ་དང་ལྡན་པས་སྲོད་དང་ཐོ་རངས་ལངས་པར་བྱས་ཏེ། སྐུ་སོགས་ཡིད་ལ་དྲན་བཞིན་དུ་བརྗོད་ན་ཕན་ཡོན་གོང་བཞིན་དུ་ཐོབ་ཅེས་པའོ། །བཞི་པ་གྲངས་ཀྱི་སྒོ་ནས་ཕན་ཡོན་བསྡུས་པ་ནི། གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །ཞེས་པ། གྲགས་པའི་མཎྜལ་བཞི་མ་ལྟར་ཏེ། དེའི་དོན་ལ་སྙན་ངག་པ་འགའ་ཞིག གཉིས་སུ་བརྗོད་ན་བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང༌། གསུམ་དུ་བརྗོད་ན་ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། བདུན་དུ་བརྗོད་ན་འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ་ཞེས་ཟེར། སྤང་ལོས་ནི། གཉིས་གསུམ་ཞེས་པ་ལ། གཉིས་ནི། སྒྲུབ་པ་པོ་རྟེན་གྱི་གང་ཟག་གི་ཁྱད་པར་ཏེ། བློ་ལྡན་གང་གིས་ཞེས་པས། དབང་རྣོན་ཆོས་ཀྱི་རྗེས་འབྲངས་དང༌། རབ་དད་ཅེས་པས་དབང་བརྟུལ་དད་པའི་རྗེས་འབྲངས་བསྟན་ལ། གསུམ་ཞེས་པས་དུས་ཀྱི་ཁྱད་པར་བསྟན་ཏེ། སྲོད་དང་ཐོ་རངས་ལངས་པར་བྱས་ནས་ཞེས་པ་ནམ་ལངས་ནས་སྲོད་ཐུན་གྱི་བར་རོ། །བདུན་དུ་མངོན་པར་བརྗོད་ན། ཞེས་པ་གྲངས་ཀྱི་ཁྱད་པར་ཏེ། དུས་གསུམ་པོ་དེ་ལ་བདུན་བདུན་ཏེ། བདུན་གསུམ་ཉི་ཤུ་རྩ་གཅིག་བརྗོད་ན། མི་འཇིགས་པ་ཐམས་ཅད་སྟེར་བ་ལ་སོགས་པ་འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། དེ་ཐོབ་པ་ལ་ཡང་བར་ཆད་བྱེད་པར་མི་ནུས་པས། བགེགས་རྣམས་མེད་ཅིང་དེའི་གཉེན་པོ་རེ་རེས་སྤང་བྱ་རེ་རེ་འཇོམས་པར་འགྱུར་ཅེས་གསུངས་སོ། །རིན་པོ་ཆེ་བུ་སྟོན་གྱིས་ནི། གཉིས་ཞེས་བྱ་བ་ཉིན་མཚན་གྱི་ཆ་གཉིས། གསུམ་ཞེས་པ་དེ་རེ་རེ་ལ་ཐུན་གསུམ་གསུམ་སྟེ། ཉིན་མོ་ལ་སྔ་དྲོ། ཉིན་གུང་དགོང་ཐུན་གསུམ། མཚན་མོ་ལ་སྲོད་གུང་ཐུན། ཐོ་རངས་ཏེ་ཐུན་དྲུག་པོ་འདི་ལ། བདུན་བདུན་ཏེ་བཞི་བཅུ་རྩ་གཉིས་ཉིན་མཚན་ཕྲུགས་གཅིག་ལ་བརྗོད་ན། ཕན་ཡོན་དེ་རྣམས་འབྱུང་བ་ཡིན་གསུངས། རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་བསྟོད་པ་རྣམ་པར་དབྱེ་བ་རྫོགས་སོ།། །།ཡིག་འབྲུ་རེ་གཉིས་དག་མིན་དོགས་པ་འདུག་པས་མ་དཔེ་ཁུངས་ལྡན་ལ་གཟིགས་པར་ཞུ།
ཡོང་ཁུངས་དྲ་བ་གཞན།

༄༅། །རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་བསྐུར་ཚུལ་བླ་མ་དམ་པའི་མན་ངག་འཆི་མེད་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །

༄༅། །རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་བསྐུར་ཚུལ་བླ་མ་དམ་པའི་མན་ངག་འཆི་མེད་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །

ན་མཿཨཱརྱ་ཏཱ་རེ་བྷྱཿ 

རྒྱལ་ཀུན་འཕྲིན་ལས་གཅིག་ཏུ་བསྡུས་པའི་དཔྱིད། །
ཏཱཾ་ཡིག་ཟླ་ཞུན་འཕྲོ་འདུའི་སྒྱུ་མའི་གར། །
འཇོ་སྒེག་ལང་ཚོར་དཔལ་ཡོན་མཛེས་པའི་དཔལ། །
ཚེ་སྦྱིན་ལྷ་མོས་ཤིས་པའི་དཔལ་སྩོལ་ཅིག །

གང་དེའི་ཐུན་མོང་མིན་པའི་གདམས་པའི་སྲོལ། །
མཚན་ལྡན་དམ་པའི་སྙན་ནས་སྙན་ཁུང་དུ། །
རིམ་བརྒྱུད་སྙིང་གི་ཡོལ་གོར་གཏམས་པའི་རྒྱུན། །
བརྗེད་འཕངས་ཡི་གེའི་ལམ་དུ་སྤེལ་ལ་སྤྲོ། །       
    དེ་ལ་འདིར་བྱིན་རླབས་ཉེ་བརྒྱུད་ཐུན་མོང་མ་ཡིན་པའི་ལུགས་ཀྱི་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་ལ་བརྟེན་ནས་ཚེ་དབང་བསྐུར་བའི་ཆོ་ག་ལ་གསུམ། སྔོན་འགྲོ། དངོས་གཞི། མཇུག་གི་བྱ་བའོ། །
     དང་པོ་ནི། ཡིད་མཐུན་གྱི་གནས་སུ་བྲིས་འབུར་གྱི་སྐུ་ཅི་རིགས་བཀྲམ། སྟེགས་ཀྱི་ཁར་མཎྜལ་པདྨ་འདབ་བརྒྱད་ཀྱི་སྟེང་དུ་ཚེ་གཏོར་པད་འདབ་དཀར་པོ་རྗེ་བཙུན་མའི་སྐུ་ཙག་དང་བཅས་པ་བཞུགས། དེའི་གཡས་སུ་ཤེལ་ལམ་དངུལ་གྱི་ཕོར་བར་འོ་མ་ལ་ཀ་ར་བཏབ་པའི་ཚེའི་བདུད་རྩི། གཡས་སུ་ཚེ་རྫས་བཏབ་པའི་ཚེ་རིལ་རྣམས་ཕྱག་ལེན་ལྟར་བཤམས། དེའི་མདུན་དུ་ཟླུམ་གཏོར་དཀར་པོ་པད་འདབ་ཅན་དང་། བདག་མདུན་གྱི་ཆུ་གཉིས་ཉེར་སྤྱོད་སོགས་བཤམས། རང་གི་མདུན་དུ་རྡོར་དྲིལ། ལས་བུམ། འཐོར་ནས་སོགས་ཡོ་བྱད་རྣམས་སྟ་གོན་བྱའོ། །
       གཉིས་པ་དངོས་གཞི་ལ་གསུམ། བདག་བསྐྱེད། མདུན་བསྐྱེད། ཚེ་དབང་བསྐུར་བའི་ཚུལ་ལོ། །དང་པོ་ལ། སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་དང་། མཐའ་སྐོར་དུ་སེམས་ཅན་ཐམས་ཅད་འཁོད་པར་མོས་ལ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། ། ཞེས་ལན་གསུམ་མམ་བདུན་སོགས་ཀྱི་མཐར། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ། ཞེས་བརྗོད། 
སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་བསྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། ། ཞེས་ལན་གསུམ་སོགས་བརྗོད། 
དེ་ནས། རང་ཉིད་སྐད་ཅིག་གིས་རྗེ་བཙུན་མར་གསལ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བླ་མ་ཚེ་དཔག་མེད་རིགས་ཀྱི་བདག་པོར་བཞུགས་པའི་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་ལ་ཚེ་ཁྲིད་བརྒྱུད་པའི་བླ་མ་རྣམས་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ༀ་བཛྲ་ས་མཱ་ཛཿ ཞེས་པས་ཚོགས་ཞིང་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་བྷྱཿ ཞེས་པས་ཕྱག་བྱ། ༀ་གུ་རུ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱཧཱའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ། ཞེས་སོགས་ཀྱིས་རྒྱུན་བཤགས་ལན་གསུམ་བྱ་ཞིང་། སེམས་ཅན་ཐམས་ཅན་བདེ་བ་དང་། ཞེས་སོགས་ཚད་མེད་བཞི་བསྒོམ། 
ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཏཱཾ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་བ་ལས་རང་ཉིད་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་ནོར་བུ་ཆུ་ཤེལ་དྲི་མ་མེད་པ་ལྟར་དྭངས་ཤིང་འོད་འཕྲོ་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་ཅིང་། གཡོན་ཨུཏྤལ་དཀར་པོའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱི་ཐད་ཀར་དུས་གསུམ་གྱི་སངས་རྒྱས་མཚོན་པའི་བརྡར་རྩ་བ་གཅིག་ལ་རྩེ་མོ་གསུམ་དུ་གྱེས་པའི་དབུས་ཀྱི་མེ་ཏོག་ཁ་ཕྱེ་བ། གཡས་འབྲས་བུ། གཡོན་གང་བུའི་རྣམ་པར་ཡོད་པ་དབུ་སྐྲ་ཐོན་མཐིང་རལ་བའི་ཟུར་ཕུད་ལྟག་པར་བཅིངས་ཤིང་། ལན་བུ་རིང་དུ་འཕྱང་བ། ནུ་འབུར་རྒྱས་ཤིང་། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་། དར་དམར་པོའི་ཤམ་ཐབས་ཅན། ཕྱག་ཞབས་ཀྱི་མཐིལ་རྣམས་ལ་སྤྱན་རེ་རེ་སྟེ་ཡེ་ཤེས་ཀྱི་སྤྱན་བདུན་མངའ་བ། ཟླ་བའི་དཀྱིལ་འཁོར་ལ་སྐུ་དྲང་པོར་བརྟེན་ཅིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾ་ཡིག་དཀར་པོ་ལ་ཧཱུཾ་སྔོན་པོས་མཚན་པར་གྱུར། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྒྱལ་བ་ཚེ་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར་པར་བསམ། 
མཆོད་པ་རྣམས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ནས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། ནས། ཤཔྟ་ཨཱཿཧཱུཾ་གི་བར་གྱིས་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ལ། ༀ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། ནས། ཤཔྟའི་བར་གྱིས་མཆོད། གང་གིས་ཁྱོད་ཞབས་པདྨོ་གུས་མཆོད་ནས། །ཏཱ་རེ་ལ་སོགས་རིག་སྔགས་ཟློས་ཙམ་གྱིས། །འཆི་མེད་ཚེ་དང་ཡེ་ཤེས་བསོད་ནམས་སོགས། །ཅི་འདོད་དངོས་གྲུབ་སྩོལ་ལ་ཕྱག་འཚལ་ལོ། ། ཞེས་བསྟོད། ལྷའི་སྐུ་སྣང་སྟོང་དབྱེར་མེད་ལ་སེམས་གཏད་དེ་ཇི་ཙམ་གནས་ཀྱི་བར་མཉམ་པར་བཞག །།
དེ་ནས། རང་ཉིད་འཕགས་མ་སྒྲོལ་དཀར་དུ་གསལ་བའི་སྙིང་གར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ལྟེ་བ་དང་མུ་ཁྱུད་རིམ་པ་གསུམ་དང་བཅས་པ་ལྟེ་བར་ཟླ་བའི་སྟེང་དུ་རང་གི་སེམས་ཏཱཾ་ཡིག་དཀར་པོའི་མཐར་ༀ་དང་ཧཱའི་བར་དུ་ཆུད་པའི་སྤེལ་ཚིག་གིས་བསྐོར་བ་རྩིབས་བརྒྱད་ལ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཞེས་པའི་ཡིག་འབྲུ་བརྒྱད། མུ་ཁྱུད་ནང་མ་ལ་ཨཱ་ལི་གཡོན་སྐོར། བར་པ་ལ་ཀཱ་ལི་གཡས་སྐོར། ཕྱི་མ་ལ་རྟེན་འབྲེལ་སྙིང་པོ་གཡས་སྐོར་དུ་འཁོད་པའི་ས་བོན་དང་ཡིག་འབྲུ་ཐམས་ཅད་འོད་ཟེར་བདུད་རྩིའི་རང་བཞིན་ཟིལ་བ་ཕྲོམ་མེ་བ་དང་། རང་གི་སྤྱི་བོར་རིགས་བདག་རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་གསེར་གྱི་བུམ་པ་འཆི་མེད་ཚེའི་བདུད་རྩིའི་རྒྱུན་གྱིས་གང་བ་མཉམ་གཞག་གི་སྟེང་ན་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཧྲཱིཿཡིག་དམར་པོས་མཚན་པ། དེ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་ཕྱོགས་བཅུར་འཕྲོས། རང་གི་ཚེ་མི་དང་མི་མ་ཡིན་རྣམས་ཀྱིས་འཕྲོག་པ་དང་། བརྐུས་པ་དང་། ཡར་བ་དང་། འཐོར་བ་ཐམས་ཅད་དང་། འབྱུང་བ་ཆེན་པོ་ལྔའི་བཅུད། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། སྲིད་པ་གསུམ་གྱི་བཀྲག་མདངས་གཟི་བརྗིད་སོགས་འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་དང་། བླ་མ་རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཁ་དོག་དང་རྣམ་པ་སྣ་ཚོགས་པའི་བདུད་རྩི་འོད་ཟེར་དང་བཅས་པའི་རྣམ་པར་བསྡུས་ཏེ་བཀུག །ཕྱག་གི་བུམ་པའི་ནང་དུ་ཐིམ། ཐིམ་པ་ལས་ཀྱང་བདུད་རྩི་དཀར་ཆིལ་གྱིས་ལུད་ནས་རང་གི་སྤྱི་བོའི་ཚངས་བུག་ནས་ཞུགས་ཏེ་སྙིང་གའི་འཁོར་ལོ་སྔགས་ཕྲེང་ས་བོན་དང་བཅས་པ་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པ་ལུས་ཀྱི་ནང་ཐམས་ཅད་གང་ཞིང་ཕྱི་ཐམས་ཅད་བཀྲུས་པས། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་ཚེའི་བར་ཆད་དང་བཅས་པ་ཐམས་ཅད་བྱང་ཞིང་དག །ཚེ་དང་བསོད་ནམས་དམ་སྡོམ་ཉམས་པ་ཐམས་ཅད་སོར་ཆུད། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་གྱུར་པར་བསམས་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨ་ཡུ་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱཧཱ། ཞེས་བཟླའོ། །
དེ་ནས། སླར་ཡང་སྙིང་གའི་སྔགས་འཁོར་ལས་འོད་ཟེར་དཀར་པོའི་ཚོགས་དཀར་ཕྲོམ་གྱིས་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་དང་ཚེའི་བར་ཆད་ཐམས་ཅད་ཞི་བར་བྱས། འོད་ཟེར་བ་སྤུའི་སྒོ་ནས་ཕྱིར་འཕྲོས། ལུས་ཀྱི་ཕྱི་ནས་འོད་ཟེར་དཀར་པོའི་གུར་ཁྱིམ་གྱིས་བསྐོར་བས་ཞི་བའི་ལས་ཐམས་ཅད་གྲུབ་པར་བསམ། ཡང་འོད་ཟེར་སེར་པོའི་ཚོགས་འཕྲོས། ལུས་གང་ཚེ་དང་བསོད་ནམས་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ལ་སོགས་རྒྱས་པར་བྱས། ཕྱིར་འཕྲོས་གུར་ཁྱིམ་དཀར་པོའི་མཐའ་ནས་འོད་ཟེར་སེར་པོའི་གུར་ཁྱིམ་གྱིས་བསྐོར་བས་རྒྱས་པའི་ལས་གྲུབ་པར་བསམ། ཡང་འོད་ཟེར་དམར་པོའི་ཚོགས་འཕྲོས། ཁམས་གསུམ་དབང་དུ་བསྡུད་པའི་མཐུ་དང་ལྡན་པར་བྱས། ཕྱིར་འཕྲོས་སེར་པོའི་མཐའ་ནས་འོད་ཟེར་དམར་པོའི་གུར་ཁྱིམ་གྱིས་བསྐོར་བས་དབང་གི་ལས་ཐམས་ཅད་གྲུབ་པར་བསམ། ཡང་འོད་ཟེར་མཐིང་གའི་ཚོགས་འཕྲོས། མངོན་སྤྱོད་ཀྱི་ལས་ཐམས་ཅད་འགྲུབ་པའི་མཐུ་དང་ལྡན་པར་བྱས། ཕྱིར་འཕྲོས་དམར་པོའི་མཐའ་ནས་འོད་ཟེར་མཐིང་གའི་གུར་ཁྱིམ་གྱིས་བསྐོར་བས་དྲག་པོའི་ལས་ཐམས་ཅད་གྲུབ་པར་བསམ། ཡང་འོད་ཟེར་ལྗང་གུའི་ཚོགས་འཕྲོས། ལས་རབ་འབྱམས་ཐམས་ཅད་འགྲུབ་པ་ལ་དབང་བར་བྱས། ཕྱིར་འཕྲོས་མཐིང་གའི་མཐའ་ནས་འོད་ཟེར་ལྗང་གུའི་གུར་ཁྱིམ་གྱིས་བསྐོར་བས་ལས་རབ་འབྱམས་ཐམས་ཅད་གྲུབ་པར་བསམ། ཡང་འོད་ཟེར་མཆིན་ཁའི་ཚོགས་འཕྲོས། ལས་དང་དངོས་གྲུབ་ཐམས་ཅད་ཀྱི་ནུས་པ་བརྟན་པར་བྱས། ཕྱིར་འཕྲོས་ལྗང་གུའི་མཐའ་ནས་འོད་ཟེར་མཆིན་ཁའི་གུར་ཁྱིམ་གྱིས་བསྐོར་བས་དེ་ཐམས་ཅད་བརྟན་པར་བྱས་པར་བསམ། འོད་ཀྱི་གུར་ཁང་དྲུག་པོ་ཐམས་ཅད་ཀྱང་དབྱིབས་སྒོ་ང་ལྟ་བུ་དུམ་བུ་གཅིག་ཏུ་གྱུར་པ། སྲ་ཞིང་མཁྲེགས་པ་བསྐལ་བའི་རླུང་གིས་ཀྱང་གཞིག་པར་མི་ནུས་པ། བར་མཚམས་ཐམས་ཅད་ཨུཏྤལ་སྔོན་པོའི་མེ་ཏོག་ཁ་ཕྱེ་མ་ཐག་པ་གསར་ཞིང་མཉེན་ལྕུག་དང་ལྡན་པས་བུན་ལོང་གིས་གཏམས་པར་བསམས། སྤྲོ་ན། ཡང་སྙིང་གའི་སྔགས་འཁོར་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས། འོད་ཟེར་དྲུག་སྦྲགས་ཀྱི་ཕྱི་རོལ་ཏུ་རྡོ་རྗེའི་ས་གཞི་ར་བ་གུར་བླ་རེ་དང་བཅས་པའི་བསྲུང་བའི་འཁོར་ལོས་ཕྱོགས་ཀུན་བར་མཚམས་མེད་པར་བསྐོར་བར་གྱུར་པར་བསམས་ལ། རང་ཉིད་རྗེ་བཙུན་མར་གསལ་བ་ནས་བཟུང་། གུར་ཁྱིམ་དྲུག་དང་། བསྲུང་འཁོར་གྱི་བར་ལ་སེམས་འཛིན་ཅིང་། སྔགས་བཟླ་བ་དང་རླུང་བཟུང་བ་སོགས་གང་མོས་མན་ངག་ལྟར་གྲུབ་རྗེས། ཡིག་བརྒྱ་བརྗོད་ཅིང་ལྷག་ཆད་བསྐང་། མཆོད་བསྟོད་བྱ། དགེ་བ་འདི་ཡིས་མྱུར་དུ་བདག །ཡིད་བཞིན་འཁོར་ལོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག ། ཅེས་དགེ་རྩ་བསྔོའོ། །
               གཉིས་པ་མདུན་བསྐྱེད་བསྒྲུབ་པ་ལ་ཐོག་མར་བསང་ཆུ་བསྒྲུབ་དགོས་པས་དེའི་ཚུལ་ནི། ལས་བུམ་གྱི་ནང་དུ་ཉི་གདན་ལ་ཧཱུཾ་ཡིག་གི་མཐར་ལས་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཏེ་ཧཱུཾ་ཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པའི་ཆུ་ལ་ཐིམ་པར་བསམས་ལ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་ཅི་འགྲུབ་བཟླས་མཐར། ཧཱུཾ་ཡིག་སྔགས་ཕྲེང་དང་བཅས་པ་འོད་དུ་ཞུ་ནས་བུམ་པའི་ཆུ་ལ་ཐིམ་པར་བསམ། དེ་ནས་མདུན་བསྐྱེད་ཀྱི་མཆོད་པ་བྱིན་གྱིས་བརླབས་ལ། གཏོར་མ་ལ་བུམ་ཆུ་གཏོར་ཏེ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་མདུན་དུ་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཏཱཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་གཏོར་མ་དང་གཉིས་སུ་མེད་པའི་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ། ཞེས་པ་ནས། དབང་བསྐུར་རྒྱས་གདབ་ཀྱི་བར་བདག་བསྐྱེད་བཞིན་དང་། མཆོད་པ་སྔགས་རྐྱང་གིས་འབུལ་བའམ། སྤྲོ་ན། ཚིགས་བཅད་ཀྱིས་ཀྱང་རུང་ངོ་། ། འཕགས་མ་ཁྱེད་ཀྱི་མཚན་ཙམ་ཐོས་པས་ཀྱང་། །འཆི་བདག་བདུད་ཀྱི་དཔུང་རྣམས་འཇོམས་མཛད་ཅིང་། །འཆི་མེད་ཚེ་ཡི་དངོས་གྲུབ་མཆོག་སྩོལ་བ། །ཡིད་བཞིན་འཁོར་ལོའི་ཞབས་ལ་ཕྱག་འཚལ་ལོ། ། ཞེས་པས་བསྟོད། མདུན་བསྐྱེད་ཀྱི་རྗེ་བཙུན་མའི་ཐུགས་ཀར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ལྟེ་བ་དང་མུ་ཁྱུད་རིམ་པ་གསུམ་པ་དང་བཅས་པ། ལྟེ་བར་ཟླ་བའི་སྟེང་དུ་ཏཱཾ་ཡིག་དཀར་པོའི་མཐར་ༀ་ཧཱའི་བར་དུ་ཆུད་པའི་སྤེལ་ཚིག་གིས་བསྐོར་བ། རྩིབས་བརྒྱད་ལ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཞེས་པའི་ཡིག་འབྲུ་བརྒྱད། མུ་ཁྱུད་ནང་མ་ལ་ཨཱ་ལི་གཡོན་བསྐོར། བར་པ་ལ་ཀཱ་ལི་གཡས་བསྐོར། ཕྱི་མ་ལ་རྟེན་འབྲེལ་སྙིང་པོ་གཡས་སྐོར་དུ་འཁོད་པ་ཐམས་ཅད་ཀྱང་སྔགས་ཀྱི་རང་སྒྲ་སྒྲོག་ཅིང་ཚེའི་བདུད་རྩིའི་ཆར་འབེབས་བཞིན་པ་དང་། རིགས་བདག་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧྲཱིཿཡིག་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས། སློབ་མ་རྣམས་ཀྱི་ཚེ་དང་བསོད་ནམས་མི་མ་ཡིན་རྣམས་ཀྱིས་བརྐུས་པ་དང་། ཡར་བ་དང་། འཐོར་བ་ཐམས་ཅད་དང་། འབྱུང་བ་ཆེན་པོ་ལྔའི་བཅུད། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། བླ་མ་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བདུད་རྩི་འོད་ཟེར་དང་བཅས་པའི་རྣམ་པར་བསྡུས། མདུན་གྱི་རྗེ་བཙུན་མའི་རིགས་བདག་གི་ཕྱག་གི་བུམ་པ་དང་ཐུགས་ཀའི་ཚེ་འཁོར་ལ་ཐིམ་པས་གཟི་བརྗིད་དང་། འཆི་བ་འཇོམས་པའི་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར་པར་བསམས་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སློབ་མ་རྣམས་ཀྱི་ཚེ་དང་བསོད་ནམས་ཡེ་ཤེས་འཕེལ་བར་གྱུར་ཅིག་སྭཱཧཱ། ཞེས་ཅི་མང་བཟླ། ཚེ་ཡི་བདུད་རྩི་དང་ཚེ་རིལ་བསངས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་ཚེའི་བདུད་རྩི་དང་། ཚེ་རིལ་རྣམས་ནད་རིགས་བཞི་བརྒྱ་རྩ་བཞིའི་གཉེན་པོར་གྱུར་པའི་རྩི་བཅུད་དང་སྨན་སྣ་ཚོགས་ལས་གྲུབ་པའི་འཆི་མེད་བདུད་རྩིའི་བཏུང་བ་དང་རིལ་བུ་སོ་སོའི་རྣམ་པར་གྱུར། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་དང་ནུས་མཐུ་ཐམས་ཅད་བཀུག་ནས་ཚེའི་བདུད་རྩི་དང་རིལ་བུ་ལ་ཐིམ་པར་གྱུར་པར་བསམས་ལ། འབྲུ་གསུམ་གང་མང་དང་། གོང་གི་སྔགས་ཅི་མང་བཟླས་མཐར་ཡིག་བརྒྱས་བརྟན་པར་བྱ། གཏོར་མ་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ ཆེན་པོར་གྱུར་པར་བསམས་ལ། འབྲུ་གསུམ་ལན་གསུམ་བརྗོད་དེ་བྱིན་གྱིས་བརླབས། མདུན་བསྐྱེད་ཀྱི་རྗེ་བཙུན་མའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་བསམས་ལ། ༀ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལན་གསུམ་མམ་བདུན་གྱིས་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། འཁོར་བ་ལས་སྒྲོལ་ཏཱ་རེ་མ། ། ཞེས་སོགས་ཀྱིས་བསྟོད་ཅིང་སློབ་མའི་དོན་དུ་གསོལ་བ་བཏབ། 
            གསུམ་པ་ཚེ་དབང་བསྐུར་བའི་ཚུལ་ལ་གཉིས། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ནི། སློབ་མ་རྣམས་ཁྲུས་བྱས། ཕྱག་འཚལ་ཏེ་གྲལ་དུ་འཁོད་པ་ལ། མེ་ཏོག་བཀྱེ་བསྡུ་བྱ། བགེགས་གཏོར་བཏང་། སློབ་དཔོན་ཡིད་བཞིན་འཁོར་ལོར་གསལ་བ་ལ་ཚེ་དབང་ཞུ་བའི་དོན་དུ་མཎྜལ་དབུལ་དུ་གཞུག །དེ་ནས། འོ་ལགས་སོ། །རང་ཅག་རྣམས་ཀྱིས་དལ་འབྱོར་གྱི་རྟེན་བཟང་པོ་ལན་གཅིག་རྙེད་པ་འདི་ཆུད་མ་ཟོས་པར་སྙིང་པོ་ཅི་ལོན་རེ་མཛད་དགོས། སྙིང་པོར་གྱུར་པ་ནི་རྒྱལ་བའི་བསྟན་པའི་སྙིང་པོ་ཡོངས་སུ་རྫོགས་པ་ཚང་ལ་མ་ནོར་བ་ཞིག་ལ་ཐོས་བསམ་སྒོམ་གསུམ་བྱས་ཏེ་རང་གཞན་གཉིས་ཀའི་དོན་མཐར་ཕྱིན་པ་བྱེད་པ་ཞིག་ཡིན་ལ། དེ་ལྟ་བུ་ཞིག་བྱེད་པ་ལ་ཐོག་མར་ཁོ་ནར་ཚེའི་ལྷ་ཁྱད་པར་ཅན་ཞིག་བརྟེན་ནས་ཚེ་བསྲིང་པར་བྱ་བ་གནད་ཆེ་བས། དེ་ཡང་རྗེ་བཙུན་སྒྲོལ་མ་འདི་ནི་སྤྱིར་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ལྷ་མོའི་གཟུགས་སུ་ཤར་བ་ཡིན་ཅིང་། ལྷག་པར་འབྲོམ་ཆོས་ཀྱི་རྒྱལ་པོ་ལ་རྗེ་བཙུན་མ་ཉིད་ཀྱིས། ཁྱོད་ཀྱི་རྗེས་འབྲངས་ཁོ་མོས་སྐྱོངས། །ཞེས་བཀའ་གདམས་ཀྱི་རྣམ་ཐར་གཙང་མ་འཛིན་པ་རྣམས་བུ་ལྟར་སྐྱོང་བ་ཞལ་གྱིས་བཞེས་ཤིང་། འདི་ཉིད་ཁུངས་གང་ལས་བྱུང་བ་ནི། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་འཆི་བདག་བསླུ་བ་བསྡུས་པའི་རྟོག་པ་ནས་འདི་ཕྱུང་ནས་མཛད། མན་ངག་རྣམས་སྒྲོལ་མ་ཉིད་ཀྱིས་གསུངས། དེ་ལ་བླ་མ་རྡོ་རྗེ་གདན་པས་གསན། སྒྲུབ་ཐབས་ཀྱང་མང་དུ་མཛད། དེ་ནས་བླ་མ་བ་རི་ལོ་ཙཱ་བས་གསན་ནས་སྒྲུབ་ཐབས་མང་པོ་བོད་དུ་བསྒྱུར། དེ་ལ་བླ་མ་སླེ་ནག་པས་གསན། སྒྲུབ་པ་ལོ་དྲུག་མཛད་པས་ཞལ་མངོན་སུམ་དུ་གཟིགས་ཏེ་ཆོས་གསུང་སྐད། དེ་ལ་སྒྲེ་པ་རིན་པོ་ཆེས་གསན་ཏེ། དང་པོར་ཐོས་བསམ་མཛད་དུས་སུ། ལ་སྟོད་པའི་སྟག་རིས་ཡིན་ཟེར་བའི་རྣལ་འབྱོར་པ་ཞིག་ལ་ལག་རིས་བསྟན་པས་ཇོ་བོ་བཙུན་པ་ཁྱོད་ལ་ཆོས་ཀྱི་ལས་འཕྲོ་གཤའ་མ་ཞིག་འདུག་སྟེ་ཚེ་ལོ་གསུམ་ལས་མི་ཐུབ་པར་འདུག་ཟེར་བ་དང་། སྔར་ནས་ཁོ་རང་གི་རྨི་ལམ་ན་ལྟས་ཡང་མང་དུ་བྱུང་བ་གཉིས་འཛོམས་པས་ཚེ་འདི་ལ་གཤའ་མར་ཐུགས་བྱུང་སྟེ། ལོ་གཅིག་ཐུབ་བམ་ཅི་ཙམ་གང་ཐུབ་ཐུབ་ཀྱི་ཚེ་ལྷག་མ་འདི་ལ་ཆོས་ལག་ལེན་གཤའ་མ་ཞིག་བྱས་ན་བཟང་བར་གདའ། གདམས་ངག་ཁྱད་པར་ཅན་སྟོན་པའི་དགེ་བའི་བཤེས་གཉེན་གཅིག་བཙལ་དགོས་སྙམ་དུ་དགོངས་ནས་གསན་འཕྲོ་བཅད་དེ། དབུས་སུ་བྱོན་པའི་ལམ་ཁར་སྙེ་མོ་གཞུ་མཁར་གོང་དུ་བླ་མ་སླེ་ནག་པ་དང་མཇལ་ནས་ལོ་རྒྱུས་ཞུས་པས་བྱང་ཆུབ་བསྒྲུབ་པ་ལ་ལམ་གྱི་བར་ཆད་སེལ་བའི་ཐབས་ཁྱད་པར་ཅན་ང་ལ་ཡོད་ཀྱི། སྟོན་པ་ཁྱེད་ཐུགས་བདེ་འབོལ་གྱིས་ཤིག་གསུངས་ནས་འདིའི་སྒྲུབ་ཐབས་གདམས་ངག་དང་བཅས་པ་མ་ལུས་པ་གནང་། ད་ཁྱེད་ཀྱིས་གཞན་དུ་མ་འགྲོ་བར་འདི་ག་རང་དུ་སྡོད་ལ་སྒོམས་ཤིག་གསུངས་ནས། ལུང་པ་དེ་རང་གི་ལུང་ལག་མཁར་ལུང་བྱ་བ་ཞིག་གི་ཕུར་སྒྲུབ་པ་ལ་རྩེ་གཅིག་ཏུ་མཛད་པས་ཟླ་བ་གཅིག་ལོན་ཙ་ན་རྗེ་བཙུན་མའི་ཞལ་མངོན་སུམ་དུ་གཟིགས་ནས་ཁྱོད་ཀྱིས་ལོ་དྲུག་ཅུ་ཐུབ། སེམས་ཅན་ལ་ཕན་ཐོག་པར་འོང་གསུངས། དེ་ནས་ཕྱིས་དགུང་ལོ་དྲུག་ཅུ་ལོན་པའི་དུས་སུ་རྗེ་བཙུན་མ་ལ་གསོལ་བ་བཏབ་པས་ངའི་སྐུ་གཅིག་བཞེངས་དང་། ལོ་བཅུ་གཅིག་སྡོད་པར་འདུག་གི་གསུངས་པས་རས་བྲིས་གཅིག་བཞེངས་སྐད། དགུང་ལོ་བདུན་ཅུ་བཞེས་པའི་དུས་སུ་གསོལ་བ་བཏབ་པས་ཡང་སྐུ་གཅིག་བཞེངས་དང་། ལོ་བཅུ་ཐུབ་པར་འདུག་གསུངས་པས་ལུགས་མ་གཅིག་བཞེངས་སྐད། སྐུ་དེ་གཉིས་བྱིན་རླབས་ཆེ་བར་གྲགས་ཏེ། རས་བྲིས་དེ་ད་ལྟའང་རྭ་སྒྲེང་ན་བཞུགས་སྐད། དགུང་ལོ་བརྒྱད་ཅུ་བཞེས་པའི་དུས་སུ་རྗེ་བཙུན་མ་ལ་གསོལ་བ་བཏབ་པས་ད་དུང་ངའི་སྐུ་གཅིག་བཞེངས་ན་ལོ་མང་དུ་ཐུབ་པར་འདུག་གསུངས་པ་ལ། ཁོ་རང་བཞུགས་པའི་མདུན་གྱི་གྱང་ལོགས་ལ་གཅིག་བཞེངས་ཏེ་དགུང་ལོ་དགུ་བཅུ་གོ་ལྔ་བཞུགས་པར་གྲགས། ལྷ་མོ་འདི་ལ་གསོལ་བ་བཏབ་ན་ཚེ་རིང་བར་མ་ཟད་ཤེས་རབ་ཀྱང་ཆེས་ཆེར་འཕེལ་བར་འགྱུར་བ་རྒྱལ་བ་དགེ་འདུན་གྲུབ་པ་སོགས་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་ལས་འབྱུང་བ་ལྟར་ཡིན་ལ། དེ་ལྟ་བུའི་རྗེ་བཙུན་ཡིད་བཞིན་འཁོར་ལོའི་ཚེ་དབང་དབེན་ས་སྙན་བརྒྱུད་ཀྱི་མན་ངག་ལ་བརྟེན་ནས་གྲུབ་རྒྱལ་ཚེ་དབང་གི་རྒྱས་འགེབས་མཛད་པའི་བཀའ་སྲོལ་ཞིག་སློབ་བརྒྱུད་ཐུན་མོང་མིན་པ་དག་ལ་སྙན་ནས་སྙན་དུ་བརྒྱུད་དེ། བདག་གི་དྲིན་ཅན་རྩ་བའི་བླ་མའི་བར་བྱིན་རླབས་ཀྱི་རྒྱུན་མ་ཉམས་པར་བྱོན་པའི་གདམས་པ་ཁྱད་པར་ཅན་ཡིན་པས། ཡིད་ཆེས་ཀྱི་དད་པ་བརྟན་པོ་མཛོད་ལ། ཚེ་དབང་ཟབ་མོ་འདི་ཞུ་བའི་ཆེད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བྱས་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ངོ་བོ་དཔལ་ལྡན་བླ་མ་ཡིས། །བདག་ལ་ཡིད་བཞིན་འཁོར་ལོ་ཡི། །ཚེ་དབང་ཟབ་མོ་སྩལ་དུ་གསོལ། ། ལན་གསུམ་རྗེས་ཟློས་བྱ། དེ་ནས་ཁྱེད་རང་རྣམས་ཐུགས་བསམ་འདི་བཞིན་དུ་མཛོད། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་རང་གི་དྲིན་ཅན་གྱི་མ་ཤ་སྟག་ཡིན་ཞིང་། མ་དེ་རྣམས་འཁོར་བའི་གནས་ན་སྡུག་བསྔལ་དུ་མས་ཉམ་ཐག་པ་ལ་ཤས་མི་བཟོད་པའི་སྙིང་རྗེ་ཆེན་པོ་བསྐྱེད་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་བ་མྱུར་བར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ངེས་པར་ཐོབ་དགོས་པར་འདུག །དེའི་ཕྱིར་དུ་ཚེ་དབང་ཟབ་མོ་ཞུ་སྙམ་པའི་འདུན་པ་ཤུགས་དྲག་པོ་དང་། དེའི་ངང་ནས་འདུག་གནས་འདི་ཉིད་ཀྱང་ཐ་མལ་པ་མ་ཡིན་པར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུའི་རྗེ་བཙུན་མའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་དངོས་ཡིན་སྙམ་པ་དང་། བླ་མ་ཡང་ཐ་མལ་པ་འདི་ལྟ་བུ་མ་ཡིན་པར་རྗེ་བཙུན་ཡིད་བཞིན་འཁོར་ལོ་དངོས་སུ་བཞུགས་པར་མོས་ཤིང་། མདུན་གྱི་ཚེ་གཏོར་འདི་ཉིད་ཀྱང་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་སྐུ་མདོག་ཟླ་གཞོན་ལྟར་དཀར་ཞིང་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་ཅིང་། གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཨུཏྤ་ལའི་ཡུ་བ་བསྣམས་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། ཡེ་ཤེས་ཀྱི་སྤྱན་བདུན་དང་ལྡན་ཞིང་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་རིགས་བདག་རྒྱལ་བ་ཚེ་དཔག་དུ་མེད་པས་དབུ་བརྒྱན་པ་འོད་ཟེར་ཕྱོགས་བཅུར་འཕྲོ་བཞིན་པ་དང་། དེ་ཉིད་ཀྱི་སྟེང་གི་ནམ་མཁར་ཚེ་ཁྲིད་བརྒྱུད་པའི་བླ་མ་རྣམས་མཐོ་བརྩེགས་དང་། མཐའ་སྐོར་དུ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་སྤྲིན་ཕུང་འཐིབ་པ་ལྟར་བཞུགས་པར་གསལ་ཐོབ་ལ། དེ་རྣམས་ཀྱི་སྤྱན་སྔར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་ཤིང་དགེ་ལ་རྗེས་སུ་ཡི་རང་བ་སྔོན་དུ་བཏང་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྒྱལ་སྲས་ཀྱི་སྤྱོད་པ་མཐའ་དག་ལ་ཚུལ་བཞིན་དུ་བསླབ་པར་བགྱིའོ་སྙམ་པའི་སྒོ་ནས་བྱང་སྡོམ་འཛིན་པ་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྤྲད་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ། ཞེས་སོགས་རྗེས་ཟློས་ལན་གསུམ་བྱ། དེ་ནས་ཚེ་དབང་གི་གཞི་བསྒྲུབ་པའི་སླད་དུ་ཁྱེད་རང་རྣམས་ལྷར་བསྐྱེད་དགོས་པས་ངེད་ཀྱིས་ཆོ་གའི་ཚིག་བརྗོད་པ་ལྟར་ཁྱེད་རྣམས་སྟོང་པའི་ངང་ལས་རྒྱལ་ཡུམ་སྒྲོལ་མ་དཀར་མོའི་སྐུར་བཞེངས་པའི་མོས་པ་མཛོད། བྱས་ལ། སློབ་མ་ལ་བུམ་ཆུ་གཏོར་ཞིང་། ཨ་མྲྀ་ཏས་བགེགས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པད་ཟླའི་གདན་ལ་སློབ་མ་རྣམས་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ། ཞེས་པ་ནས། ཧཱུཾ་སྔོན་པོས་མཚན་པར་གྱུར། ཅེས་བརྗོད། གཉིས་པ་དངོས་གཞི་ཚེའི་དབང་བསྐུར་བ་ལ། ཚེ་གཏོར་ལ་བརྟེན་ནས་བསྐུར་བ། ཚེའི་བདུད་རྩི་ལ་བརྟེན་ནས་བསྐུར་བ། ཚེ་རིལ་ལ་བརྟེན་ནས་བསྐུར་བ། ཚེ་སྤེལ་བ་དང་བཞི། དང་པོ་ལ་ཡར་བ་དགུག་པ། ཉམས་པ་གསོ་བ། ཚེ་བསྟིམ་པ་དང་གསུམ་མོ། །དང་པོ་ཚེ་ཡར་བ་དགུག་པ་ནི། ཁྱེད་རང་རྣམས་བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོ་མཛད་པའི་རྐྱེན་གྱིས། བླ་མ་རྗེ་བཙུན་མ་ཡིད་བཞིན་འཁོར་ལོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེའི་རིགས་བདག་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧྲཱིཿཡིག་དང་ཕྱག་གི་བུམ་པ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཁམས་གསུམ་ཐམས་ཅད་ཁྱབ་པར་འཕྲོས། ཁྱེད་རང་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་འཆི་བདག་གཤིན་རྗེ་བདུད་བཙན་མ་མོ་རྒྱལ་པོ་ལ་སོགས་པ་གདོན་བགེགས་འབྱུང་པོ་མི་མ་ཡིན་རྣམས་ཀྱིས། ཁྱེད་རང་རྣམས་ཀྱི་ཚེ་སྲོག་དང་བསོད་ནམས་ལ་སོགས་པ་འཕྲོག་ཅིང་བརྐུས་ཏེ་ཁྱེར་བ་དང་ཡར་བ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་ལེན་པ་ལྟར་འུབས་ཀྱིས་བསྡུས་ཏེ་འཆི་མེད་ཚེའི་གང་བའི་བུམ་པ་དང་ཐོད་པ་དང་ལྷུང་བཟེད་བདུད་རྩིས་གང་བའི་རྣམ་པར་བཀུག་པ་རྣམས། མདུན་གྱི་གནས་ན་བཞུགས་པའི་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་ཐུགས་ཀའི་ཚེའི་འཁོར་ལོ་དང་སྐུའི་ཆ་རྣམས་ལ་ཐིམ། དེ་དག་ལས་བདུད་རྩིའི་རྒྱུན་དཀར་ལ་དམར་བའི་མདངས་ཅན་དཔག་ཏུ་མེད་པ་བབས། ཁྱེད་རང་རྣམས་ཀྱི་སྤྱི་བོའི་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་ཁྲིག་མེར་གྱིས་གང་བས། སྡིག་སྒྲིབ་ནད་གདོན་ཚེའི་བར་ཆད་སྦྱངས། ཚེ་ཡར་ཞིང་ཉམས་པ་རྣམས་སོར་ཆུད། འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ཅེས་བརྡ་སྤྲོད་ཅིང་རང་ཡང་དེ་ལྟར་བསྒོམས་ནས་ཚེ་གཏོར་བཏེག་ལ། དྲིལ་བུ་གསིལ་ཞིང་། ཏཱ་རེ་སྤེལ་ཚིག་དང་བཅས་གང་མང་དང་། སྐལ་ལྡན་རིགས་ཀྱི་བུ་འདི་དག་ལ་ཚེ་དབང་དུ་གྱུར་ཅིག །དངོས་གྲུབ་ཏུ་གྱུར་ཅིག །ཚེ་མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །ཚེ་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །འཆི་བ་མེད་པ་ཚེའི་རིག་འཛིན་ཐོབ་པར་གྱུར་ཅིག ། ཅེས་པ་དང་། རྒྱན་མཚན་རྩེ་མོར་དབང་གི་རྒྱལ་པོ་ལྟར། ། ཞེས་སོགས་ཤོ་ལོ་ཀ་གཅིག་བརྗོད་ཅིང་མེ་ཏོག་འཐོར། དེས་ཚེ་ཡར་བ་འགུགས་པ་སོང་། གཉིས་པ་ཉམས་པ་གསོ་བ་ལ་གསུམ་ལས། ཚེ་ཉམས་པ་གསོ་བ་ནི། སླར་ཡང་མདུན་གྱི་རྗེ་བཙུན་མའི་རིགས་བདག་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས། འཇིག་རྟེན་ཁམས་ཀྱི་འབྱུང་བ་སའི་རོ་བཅུད་ནུས་མཐུ་ཐམས་ཅད་འོད་དང་བདུད་རྩི་སེར་པོ་གསེར་ཞུན་མའི་མདོག་ཅན་གྱི་རྣམ་པ་དང་། ཆུའི་བཅུད་ཐམས་ཅད་འོད་དང་བདུད་རྩི་དཀར་པོ་འོ་མའི་མདོག་ཅན་གྱི་རྣམ་པ་དང་། མེའི་བཅུད་ཐམས་ཅད་འོད་དང་བདུད་རྩི་དམར་པོ་དྲོད་ཀྱི་རང་བཞིན་མཚལ་ཅོག་ལ་མའི་མདོག་ཅན་གྱི་རྣམ་པ་དང་། རླུང་གི་བཅུད་ཐམས་ཅད་འོད་དང་བདུད་རྩི་ལྗང་གུ་མརྒད་ཀྱི་མདོག་ཅན་གྱི་རྣམ་པ་དང་། ནམ་མཁའི་བཅུད་ཐམས་ཅད་འོད་དང་བདུད་རྩི་སྔོན་པོ་མཐིང་ཞུན་མའི་མདོག་ཅན་གྱི་རྣམ་པ་ཅན་དཔག་ཏུ་མེད་པ་བཀུག་སྟེ། རྗེ་བཙུན་མའི་སྐུ་དང་ཚེའི་འཁོར་ལོ་ལ་ཐིམ། དེ་ལས་ཀྱང་འཆི་མེད་ཚེའི་བདུད་རྩིའི་རྒྱུན་བབས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། སྡིག་སྒྲིབ་ནད་གདོན་ཚེའི་བར་ཆད་ཐམས་ཅད་སྦྱངས། འབྱུང་བ་ལྔའི་བཅུད་དང་ཚེ་ཉམས་པ་རྣམས་སོར་ཆུད། ལུས་བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས་པ་དང་ལྡན་ཞིང་འཆི་བ་མེད་པ་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་བརྗོད། ཅེས་དང་། སྔགས་དང་བདེན་བརྗོད་སྔར་བཞིན་ལ། ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་བ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག ། ཅེས་བརྗོད། དེ་ལྟར་ཚེ་ཉམས་པ་གསོས་ནས། ད་སྟོབས་དང་བསོད་ནམས་ཉམས་པ་གསོ་བ་ནི། སྔར་བཞིན་མདུན་གྱི་རྗེ་བཙུན་མའི་རིགས་བདག་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པ་ལས་འོད་ཟེར་མཐའ་ཡས་པ་འཕྲོས་པས། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ལྷ་མཐུ་བོ་ཆེ་རྣམས་ཀྱི་དཔལ་འབྱོར་དང་མཐུ་སྟོབས། ཉི་ཟླ་གཟའ་སྐར་ལ་སོགས་པའི་བཀྲག་མདངས་གཟི་བརྗིད། བླ་མ་དགེ་བའི་བཤེས་གཉེན་ཁྱད་པར་ཅན་རྣམས་ཀྱི་བྱིན་རླབས། གྲུབ་ཐོབ་རྣལ་འབྱོར་པ་རྣམས་ཀྱི་ཉམས་རྟོགས། མཁས་པ་པཎྜི་ཏ་རྣམས་ཀྱི་མཁྱེན་རབ། སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སོགས་རྒྱལ་བློན་བཙན་ཕྱུག་ལ་སོགས་པའི་བསོད་ནམས་དང་མངའ་ཐང་། འཆི་མེད་ཚེའི་རིག་འཛིན་བརྙེས་པ་རྣམས་ཀྱི་འཆི་མེད་ཚེའི་ཡེ་ཤེས་དང་། འཆི་བ་འཇོམས་པའི་སྔགས་དང་ཏིང་ངེ་འཛིན་གྱི་ནུས་མཐུ་ལ་སོགས་པ་འཇིག་རྟེན་ཁམས་ཀྱི་ལེགས་ཚོགས་དཔལ་འབྱོར་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་བཀྲ་ཤིས་པའི་རྟགས་བརྒྱད་དང་རྫས་བརྒྱད། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། འོད་དང་བདུད་རྩི་ལ་སོགས་པའི་རྣམ་པར་རང་དབང་མེད་པར་བསྡུས་ཏེ། མདུན་གྱི་རྗེ་བཙུན་མའི་ཐུགས་ཀའི་ཚེ་འཁོར་ལ་ཐིམ། དེ་ལས་འཆི་མེད་ཚེའི་བདུད་རྩིའི་རྒྱུན་བབས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། སྡིག་སྒྲིབ་ནད་གདོན་ཚེའི་བར་ཆད་སྦྱངས། སྟོབས་དང་བསོད་ནམས་ཉམས་པ་ཐམས་ཅད་སོར་ཆུད། དེ་རྣམས་ཀྱི་ཡོན་ཏན་ཐམས་ཅད་ཐོབ། འཆི་མེད་ཚེའི་དངོས་གྲུབ་ལ་མངའ་བརྙེས་པར་གྱུར་སོང་སྙམ་པའི་མོས་པ་མཛོད། ཅེས་དང་། སྔགས་དང་བདེན་བརྗོད་སྔར་བཞིན་དང་། བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། ། ཞེས་ཤོ་ལོ་ཀ་གཅིག་བརྗོད། དེ་ལྟར་སྟོབས་དང་བསོད་ནམས་ཉམས་པ་གསོས་ནས། ད་དམ་ཚིག་དང་སྡོམ་པ་ཉམས་པ་གསོ་ཞིང་སྐུ་གསུང་ཐུགས་ཀྱི་རྗེས་གནང་གི་སྒོ་ནས་ཚེ་བསྲིང་བར་བྱ་བ་ནི། ཁྱེད་རང་རྣམས་བླ་མ་ལ་མོས་གུས་ཤུགས་དྲག་པོ་མཛད་པའི་རྐྱེན་གྱིས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་རྗེ་བཙུན་མའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀའི་ཏཱཾ་ཡིག་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་དང་། ཁྱད་པར་དུ་བདེ་བ་ཅན་སོགས་ན་བཞུགས་པའི་རྒྱལ་ཡུམ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ། རྒྱལ་བ་ཚེ་དཔག་མེད་སོགས་ཚེ་ཁྲིད་བརྒྱུད་པའི་བླ་མ་རྣམས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས་སངས་རྒྱས་བྱང་སེམས་ཀྱི་སྐུ་གཟུགས་དང་སྔགས་དང་ཡིག་འབྲུ་ཕྱག་མཚན་ས་བོན་ལ་སོགས་པ་དང་། འཆི་མེད་ཚེའི་བདུད་རྩི་འོད་ཟེར་དང་བཅས་པ་དཀར་དམར་མཐིང་གསུམ་གྱི་རྣམ་པར་སྤྱན་དྲངས། མདུན་བསྐྱེད་ཀྱི་རྗེ་བཙུན་མའི་གནས་གསུམ་དུ་ཐིམ། ཐིམ་པ་ལས་ཀྱང་ཚེའི་བདུད་རྩི་དཀར་དམར་མཐིང་གསུམ་གྱི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་སྤྱི་བོ་མགྲིན་པ་སྙིང་ག་གསུམ་དུ་ཐིམ་པས། ལུས་ཀྱི་ནང་ཐམས་ཅད་གང་། ཚེ་འཁོར་བ་ཐོག་མ་མེད་པ་ནས་གཞན་གྱི་སྲོག་བཅད་པ་སོགས་ལུས་ངག་ཡིད་གསུམ་ལ་བརྟེན་པའི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ། སྒོ་གསུམ་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་གྱུར་པའི་སྒོ་ནས་འཆི་མེད་ཚེའི་དངོས་གྲུབ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ཅེས་དང་། སྔགས་དང་བདེན་བརྗོད་གོང་བཞིན་བྱ། མི་འགྱུར་ལྷུན་པོ་སོགས། གསུམ་པ་ཚེ་བསྟིམ་པ་ནི། བླ་མ་རྗེ་བཙུན་མར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་མདུན་བསྐྱེད་ཀྱི་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཏེ་བཞུགས་པ་ལ། ངེད་ཀྱིས་གསོལ་བ་བཏབ་པའི་ཚེ་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་རྗེ་བཙུན་མའི་སྐུའི་ཆ་ལས་འཆི་མེད་ཚེའི་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས། ཁྱེད་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་ཏེ། ལུས་ཀྱི་ནང་ཐམས་ཅད་གང་བས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་ཐམས་ཅད་དང་། ཁྱད་པར་དུ་ཚེ་ཐུང་འགྱུར་གྱི་སྡིག་སྒྲིབ་དང་ཚེའི་བར་ཆད་ཐམས་ཅད་དུད་ཁུ་དང་སོལ་ཁུ་ལ་སོགས་པའི་རྣམ་པར་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ནག་འདུར་གྱིས་ཐོན་ནས་བྱང་ཞིང་དག །ལུས་ཤེལ་གོང་གཡའ་དག་པ་ལྟ་བུར་གྱུར། ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། མཐར་ངེད་ཀྱིས་ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་པའི་ཚེ་སྟེང་གི་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་། མཐའ་སྐོར་གྱི་ཞི་ཁྲོ་རབ་འབྱམས་ཐམས་ཅད་རྗེ་བཙུན་མ་ལ་ཐིམ། དེ་ཉིད་ཀྱི་སྐུ་ལས་རང་འདྲ་གཉིས་པ་རེ་ཆད་དེ་འཆི་མེད་བདུད་རྩིའི་རང་བཞིན་དུ་ཞུ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་། རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་སྐུ་གསུང་ཐུགས་དབྱེར་མེད་རོ་གཅིག་ཏུ་གྱུར་ཏེ། འཆི་མེད་ཚེའི་རིག་འཛིན་ལ་སོགས་པ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག ། ཅེས་བརྡ་སྤྲད་དེ་གཏོར་མ་མགོར་བཞག་ལ། ཕྱོགས་བཅུ་དུས་གསུམ་གྱི་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །རྒྱལ་བ་ཚེ་དཔག་ཏུ་མེད་པས་བྱིན་གྱིས་རློབས་ཤིག །རྒྱལ་ཡུམ་ཡིད་བཞིན་འཁོར་ལོས་བྱིན་གྱིས་རློབས་ཤིག །མཉམ་མེད་སྒྲེ་པ་ཆེན་པོས་བྱིན་གྱིས་རློབས་ཤིག །སྒམ་པོ་པ་ཟླ་འོད་གཞོན་ནུས་བྱིན་གྱིས་རློབས་ཤིག །ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོས་བྱིན་གྱིས་རློབས་ཤིག །གྲུབ་ཆེན་ལས་ཀྱི་རྡོ་རྗེས་བྱིན་གྱིས་རློབས་ཤིག །རྗེ་བཙུན་འཇམ་དཔལ་སྙིང་པོས་བྱིན་གྱིས་རློབས་ཤིག །ཕྱག་ན་པདྨོ་དགེ་འདུན་གྲུབ་པས་བྱིན་གྱིས་རློབས་ཤིག །མཁས་གྲུབ་ནོར་བཟང་རྒྱ་མཚོས་བྱིན་གྱིས་རློབས་ཤིག །རྒྱལ་དབང་དགེ་འདུན་རྒྱ་མཚོས་བྱིན་གྱིས་རློབས་ཤིག །པཎ་ཆེན་བསོད་ནམས་གྲགས་པས་བྱིན་གྱིས་རློབས་ཤིག །ཨེ་པ་ཤེས་རབ་རྒྱལ་པོས་བྱིན་གྱིས་རློབས་ཤིག །མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་བྱིན་གྱིས་རློབས་ཤིག །པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བྱིན་གྱིས་རློབས་ཤིག །རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོས་བྱིན་གྱིས་རློབས་ཤིག །པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་བྱིན་གྱིས་རློབས་ཤིག །རྒྱལ་དབང་བསྐལ་བཟང་རྒྱ་མཚོས་བྱིན་གྱིས་རློབས་ཤིག །རྒྱལ་མཁན་ཆེན་སྐལ་བཟང་རབ་རྒྱས་ཀྱིས་བྱིན་གྱིས་རློབས་ཤིག །སྤྲུལ་སྐུ་བློ་བཟང་འཕྲིན་ལས་རྒྱ་མཚོས་བྱིན་གྱིས་རློབས་ཤིག །མང་ཐོས་སྐལ་བཟང་ཡོན་ཏན་གྱིས་བྱིན་གྱིས་རློབས་ཤིག །མཁན་ཆེན་གྲགས་པ་མཁས་གྲུབ་ཀྱིས་བྱིན་གྱིས་རློབས་ཤིག །བཤེས་གཉེན་གྲགས་པ་ཀླུ་སྒྲུབ་ཀྱིས་བྱིན་གྱིས་རློབས་ཤིག །རྡོ་རྗེ་འཆང་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ་དཔལ་བཟང་པོས་བྱིན་གྱིས་རློབས་ཤིག །འཇོག་རི་ངག་དབང་འབྱོར་ལྡན་གྱིས་བྱིན་གྱིས་རློབས་ཤིག །དྲིན་ཅན་རྩ་བའི་བླ་མ་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོས་བྱིན་གྱིས་རློབས་ཤིག ། ཅེས་པ་ལྟ་བུ་རང་རང་གིས་གང་ལས་ཐོབ་པའི་བླ་མ་བརྒྱུད་པའི་རིམ་པ་ཇི་ལྟ་བ་བཞིན་སྦྱོར། དེ་ནས། བཅོམ་ལྡན་འདས་མ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སློབ་མ་འདི་རྣམས་ཀྱི་ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། བར་ཆད་དང་ཆགས་སྒོ་ཉམ་ང་ཡོད་པ། སྟེང་འོག་བར་གསུམ་གྱི་གདོན་བགེགས་འབྱུང་པོའི་གནོད་པ་དང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་སོགས་ཉེ་བར་ཞི་ཞིང་དེ་དག་ཐམས་ཅད་ལས་བསྲུང་ཞིང་བསྐྱབ་པ་དང་སྦ་བར་མཛད་དུ་གསོལ། ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མདོར་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ད་ལྟ་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དང་། ཏཱ་རེ་སྤེལ་ཚིག་ཅན་གྱི་མཐར། ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་དེ་བསྟིམ་ལ། སུ་པྲ་ཏིཥྛས་བརྟན་པར་བྱ། དེས་ཚེ་གཏོར་ལ་བརྟེན་ནས་དབང་བསྐུར་བ་དེ་སོང་། གཉིས་པ་ཚེའི་བདུད་རྩི་ལ་བརྟེན་ནས་དབང་བསྐུར་བ་ནི། ཕྱིའི་བདུད་རྩི་རྣམ་ལྔ་སྦྱངས་རྟོགས་སྦར་གསུམ་བྱས་པའི་དམ་རྫས་ཁྱད་པར་ཅན་འདི་ཉིད་ཁྱེད་རང་རྣམས་ཀྱིས་ཞལ་དུ་གསོལ་བས་ལུས་ཀྱི་ནང་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་། རྩ་རླུང་ཐིག་ལེའི་ནུས་པ་ཉམས་པ་ཐམས་ཅད་སོར་ཆུད། ལུས་སེམས་བདེ་བས་ཁྱབ། ཚེའི་བར་ཆད་ཐམས་ཅད་ལས་གྲོལ་ཏེ། འཆི་མེད་ཚེའི་རིག་འཛིན་ཐོབ་པར་གྱུར་བའི་མོས་པ་མཛོད། བྱས་ལ། འགྱུར་མེད་ཡེ་ཤེས་ལྔ་ཡི་རང་བཞིན་གྱི། །དམ་རྫས་འཆི་མེད་ཚེ་ཡི་བདུད་རྩི་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་པས། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་གྱུར་ཅིག ། ཅེས་དང་། སྙིང་པོ་བརྗོད་ལ་བྱིན། དེས་ཚེའི་བདུད་རྩི་ལ་བརྟེན་ནས་དབང་བསྐུར་བ་དེ་སོང་། གསུམ་པ་ཚེ་རིལ་ལ་བརྟེན་ནས་དབང་བསྐུར་བ་ནི། སྨན་སྣ་བཞི་བརྒྱ་རྩ་བཞིའི་རང་བཞིན་འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས་པའི་འཆི་མེད་ཚེའི་བཅུད་ལེན་གྱི་རིལ་བུ་འདི་ཉིད་ཁྱེད་རང་རྣམས་ཀྱིས་གསོལ་བ་ལ་བརྟེན་ནས། ནད་རིགས་བཞི་བརྒྱ་རྩ་བཞི་ཐམས་ཅད་སྦྱོང་ཞིང་། ལུས་ཀྱི་ཟུངས་སྲོག་གི་རྟེན་རྒྱས། དུས་མ་ཡིན་པའི་འཆི་རྐྱེན་ལས་གྲོལ་ཏེ་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། བྱས་ལ། བཀྲ་ཤིས་ཚེ་བརྟན་དཔལ་གྱི་ཟས། །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་བུ་ཡིས་ཟ་བར་གྱིས། །འདི་ཟོས་རྒྱལ་ཡུམ་ཚེ་སྦྱིན་མ། །ཞལ་ཟས་བསྟེན་པས་ནད་ཀུན་ལས། །གྲོལ་འགྱུར་ཐེ་ཚོམ་བྱ་མི་དགོས། ། ཞེས་དང་སྙིང་པོ་བརྗོད་ལ་སྦྱིན། དེས་ཚེ་རིལ་ལ་བརྟེན་ནས་དབང་བསྐུར་བ་དེ་སོང་། བཞི་པ་ཚེ་སྤེལ་བའི་ཕྱིར་བདེན་ཚིག་གི་ཤིས་པ་བརྗོད་པ་ནི། ཁྱེད་རང་རྣམས་ཀྱི་སྟེང་གི་ནམ་མཁར་རྒྱལ་ཡུམ་ཡིད་བཞིན་འཁོར་ལོ་ལ་ཆོས་འདིའི་བརྒྱུད་པའི་བླ་མ་རྣམས་དང་། གཞན་ཡང་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལྷ་དང་མིའི་རིག་འཛིན་བརྙེས་པ་རྣམས་ཀྱིས་བསྐོར་ནས་བཞུགས་པ་རྣམས། ཁྱེད་རྣམས་ཀྱི་ཚེ་སྤེལ་བའི་ཕྱིར་སློབ་དཔོན་དང་ལྷན་ཅིག་མེ་ཏོག་གི་ཆར་འབེབས། རོལ་མོའི་སྒྲ་སྒྲོག །སྙན་པའི་གླུ་དབྱངས་ཀྱིས་ཤིས་བརྗོད་མཛད་པའི་མོས་པ་མཛོད། བྱས་ལ། སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་སྦྱིན་པའི་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །སྦྱིན་པའི་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །སྦྱིན་པ་མཐར་ཕྱིན་ཚེ་ཡང་འཕེལ་བར་ཤོག ། ཅེས་དང་། དེ་བཞིན་དུ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཅེས་རིམ་བཞིན་སྦྱར་ཏེ་བདེན་སྟོབས་བརྗོད་ལ་མེ་ཏོག་གི་ཆར་དབབ་བོ། །བསྡུ་ན། ཕྱིན་དྲུག་སྟོབས་ཀྱིས་ཞེས་སོགས་སྤྱི་ལྟར་བྱའོ། ། འོ་དེ་ལྟར་ཁྱེད་རྣམས་ཀྱིས་ཚེ་དབང་ཟབ་མོ་ལེགས་པར་ཐོབ་པ་ཡིན་པས་དགའ་སྤྲོ་ཆེན་པོ་མཛད་པ་དང་། ད་ནས་བཟུང་སྟེ་རྒྱལ་ཡུམ་ཡིད་བཞིན་འཁོར་ལོ་ཡི་དམ་དུ་བཟུང་ཞིང་། སྤྱི་དང་བྱེ་བྲག་གི་དམ་ཚིག་དང་སྡོམ་པ་རྣམས་ཚུལ་བཞིན་དུ་བསྲུང་བར་བྱའོ་སྙམ་པའི་སྒོ་ནས་འདིའི་རྗེས་ཟློས་མཛོད། བྱས་ལ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། ། ཞེས་ལན་གསུམ་བརྗོད་དུ་གཞུག ། དེས་བྱིན་རླབས་ཉེ་བརྒྱུད་ཐུན་མོང་མ་ཡིན་པའི་ལུགས་ཀྱི་རྗེ་བཙུན་འཕགས་མ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ལ་བརྟེན་པའི་ཚེ་དབང་ཟབ་མོ་བླ་མ་དམ་པའི་ཕྱག་བཞེས་བཞིན་ལེགས་པར་ཕུལ་གྲུབ་པ་ཡིན་པས་གཏང་རག་གི་ཡོན་དུ་མཎྜལ་ཞིག་འབུལ་བར་ཞུ། ཞེས་བརྡ་སྤྲད་ལ་མཎྜལ་འབུལ་དུ་གཞུག་གོ །གསུམ་པ་མཇུག་གི་བྱ་བ་ནི། སློབ་དཔོན་གྱིས་གཏང་རག་གི་མཆོད་པ་བྱིན་གྱིས་བརླབས་ཏེ་མདུན་བསྐྱེད་ཀྱི་ལྷ་ལ་མཆོད་ཅིང་བསྟོད། ཡིག་བརྒྱ་བཟླས་ལ། མ་རྙེད་ཡོངས་སུ་མ་ཤེས་དང་། ། ཞེས་སོགས་བརྗོད་དེ་ནོངས་པ་བཟོད་པར་གསོལ། དགེ་བ་འདི་ཡིས་མྱུར་དུ་བདག །རྒྱལ་ཡུམ་སྒྲོལ་མ་འགྲུབ་གྱུར་ནས། ། ཞེས་སོགས་དང་། རྗེ་བཙུན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་། ། ཞེས་སོགས་དང་། དུས་མིན་འཆི་བའི་མཚན་མ་མཐོང་བ་ན། །དེ་ཡི་མོད་ལ་ཡིད་བཞིན་འཁོར་ལོའི་སྐུ། །གསལ་བར་མཐོང་ནས་འཆི་བདག་དཔའ་བཅོམ་སྟེ། །འཆི་མེད་རིག་འཛིན་མྱུར་དུ་ཐོབ་པར་ཤོག ། ཅེས་བསྔོ་སྨོན་ཅི་རིགས་སུ་བྱ། ཚེ་བུམ་གྱི་ཡེ་ཤེས་པ། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། ། ཅེས་སོགས་ཀྱིས་གཤེགས་སུ་གསོལ་བའམ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། ། ཞེས་སོགས་ཀྱི་མཐར། སུ་པྲ་ཏིཥྛ་བརྗོད་དེ་རྟེན་ལ་བརྟན་བཞུགས་བྱས་ལ། དམ་ཚིག་པ་བདག་ཉིད་ལ་བསྟིམ། ཤིས་བརྗོད་གང་རིགས་ཀྱིས་མཐའ་བརྒྱན་པར་བྱའོ། ། 
  སྨྲས་པ། གང་གི་མཚན་སྙན་རྣ་བར་ལྷུང་བའི་མོད། །འཆི་བདག་སྡེ་བཅས་མིང་གི་མཐར་མཛད་པའི། །ལྷག་པའི་ལྷ་མོ་གངས་རིའི་མདངས་འཕྲོག་མས། །ཚེ་ཡི་དཔལ་སྟེར་ཤིས་པའི་མཆོག་སྩོལ་ཅིག །གང་དེའི་འཕྲིན་ལས་རབ་འབྱམས་བསྒྲུབ་པའི་ཚུལ། །ཐུགས་ཀྱི་ཡོལ་གོར་གཏམས་པའི་བདུད་རྩིའི་དཔྱིད། །བརྒྱུད་ལྡན་བླ་མའི་ཞལ་ཆབ་མངར་བོའི་རྒྱུན། །ཅི་དགར་མྱོང་བའི་སྐལ་བཟང་འདི་ན་ཀོ །འདི་ལ་འགལ་འཁྲུལ་ནོངས་པ་ཅི་མཆིས་པ། །བླ་མ་ལྷ་ཡི་སྤྱན་སྔར་མཐོལ་བཤགས་ནས། །དགེ་བའི་འབྲས་བུས་བསྟན་འཛིན་མཆོག་རྣམས་དང་། །འགྲོ་ཀུན་འཆི་མེད་དཔལ་ལ་སྤྱོད་གྱུར་ཅིག ། 

     ཅེས་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་བསྐུར་ཚུལ་བླ་མ་དམ་པའི་མན་ངག་འཆི་མེད་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་འདི་ནི། མང་ཐོས་གདམས་པའི་མངའ་བདག་ལྷ་བཙུན་མཆོག་སྤྲུལ་རིན་པོ་ཆེས་ཆོག་སྒྲིག་ཅིག་དགོས་ཞེས་བཀའ་སྩལ་བའི་ཐོག །ལུང་རྟོགས་ཡོན་ཏན་དུ་མའི་མཛོད་འཛིན་བྱང་རྩེ་ཆོས་རྗེ་ལྷུན་གྲུབ་བརྩོན་འགྲུས་རིན་པོ་ཆེ་ནས་ཀྱང་ནན་ཏན་ཆེན་པོས་བཀའ་སྩལ་དང་དུ་བླངས་ཏེ། ཁྲི་ཆེན་ངག་དབང་ཆོས་འཕེལ་གྱི་སྐྱེ་མིང་འཛིན་པ་ངག་དབང་གསུང་རབ་མཐུ་སྟོབས་ཏུ་འབོད་པས་དབེན་ས་སྙན་བརྒྱུད་ཀྱི་མན་ངག་ལ་བརྟེན་ནས་གྲུབ་རྒྱལ་ལུགས་ཚེ་དབང་གི་རྒྱས་འགེབས་མཛད་པའི་ཕྱག་བཞེས་མ་ཉམས་པ་ཡོངས་འཛིན་ཕུར་ལྕོག་རིན་པོ་ཆེའི་གསུང་རྒྱུན་བླ་མ་དམ་པའི་ཞལ་ལུང་ལྟར་ནོར་གླིང་རང་ཤག་ཏུ་བཀོད་པ་ཛ་ཡནྟུ།།