Tuesday, 27 October 2015

བྱམས་པའི་སྨོན་ལམ།




༄༅།།བྱམས་པའི་སྨོན་ལམ་བྱམས་པའི་སྐུ་གཟུགས་མ།

༄༅།།བྱམས་པའི་སྐུ་གཟུགས་ཕུལ་བྱུང་བཞེངས་པ་ལ།
མཐུན་རྐྱེན་སྒྲུབ་པར་བྱེད་པའི་ལུས་ཅན་རྣམས།
རྗེ་བཙུན་བྱམས་པ་མགོན་པོའི་ཞབས་དྲུང་དུ༑
ཐེག་མཆོག་ཆོས་ཀྱི་དཔལ་ལ་སྤྱོད་པར་ཤོག།

ནམ་ཞིག་རྡོ་རྗེའི་གདན་གྱི་རི་བོའི་སྤོར།
བྱམས་མགོན་ཉིན་བྱེད་དབང་པོ་ཤར་བའི་ཚེ།
བདག་གི་བློ་གྲོས་པདྨོ་ཁ་ཕྱེ་ནས།
སྐལ་བཟང་བུང་བའི་ཚོགས་རྣམས་ཚིམ་བྱེད་ཤོག།

དེ་ཚེ་རྒྱལ་བ་བྱམས་པ་རབ་ཏུ་དགྱེས།
ཕྱག་གཡས་བདག་གི་མགོ་ལ་བཞག་བཞིན་དུ།
བླ་མེད་བྱང་ཆུབ་མཆོག་ཏུ་ལུང་བསྟན་ནས།
འགྲོ་མགོན་དོན་དུ་སངས་རྒྱས་མྱུར་ཐོབ་ཤོག།

བྱང་ཆུབ་སྒྲུབ་པའི་ཚེ་རབས་ཀུན་ཏུ་ཡང་།
དུས་གསུམ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི།
རླབས་ཆེན་སྤྱོད་པ་ཇི་སྙིད་མཆེས་པ་ཀུན།
གཅིག་ཏུ་བསྡུས་ནས་ཚུལ་བཞིན་འདོམས་པར་ཤོག།

ལེགས་བཤད་རི་མོ་བཀྲ་བའི་ལུང་གི་གོས།
རྣམ་དཔྱོད་གསེར་གྱི་ཡུ་བ་ལ་བརྟེན་ཅིང་།
བསླབ་གསུམ་ནོར་བུའི་ཏོག་གི་རབ་མཚན་པའི།
བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་ཚུགས་པར་ཤོག།

ཕན་བདེའི་འབྱུང་གནསབསྟན་པ་དར་ཞིང་རྒྱས།
བསྟན་འཛིན་སྐྱེས་བུ་ཐམས་བཅད་སྐུ་ཁམས་བཟང་།
ལུས་ཅན་ཀུན་ལ་བདེ་སྐྱིད་འབྱུང་བའི་གནས།
སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་གྱུར་ཅིག།

རྟག་ཏུ་བྱམས་པ་རྣམ་གསུམ་གོམས་པའི་མཐུས།
བདུད་སྡེ་བྱམས་པའི་དཔུང་གིས་འཇོམས་པ་དང་།
འགྲོ་ཀུན་བྱམས་པའི་སྟོབས་ཀྱིས་སྐྱོང་མཛད་པའི།
རྒྱལ་བ་བྱམས་པ་མགོན་པོའི་བཀྲ་ཤིས་ཤོག། ། 

ཅེས་པ་རྗེ་ཐམས་བཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་མཛད་པའོ།།





འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་པོ་ཞེས་བྱ་བ།  

རྒྱ་གར་སྐད་དུ། ཨཱརྱ་མཻ་ཏྲི་པྲ་ཎི་དྷཱ་ན་རཱ་ཛཱ། 
བོད་སྐད་དུ། འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་བོ།

བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ཀུན་དགའ་བོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཉིལན་གསུམ་མཚན་ལན་གསུམ་དུ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་སངས་རྒྱས་ཐམས་ཅད་མངོན་སུམ་དུ་བྱས་ཏེ་འདི་སྐད་ཅེས་སྨྲས་སོ། 

༈ སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ།། 
དྲང་སྲོང་ལྷ་མིག་ལྡན་པ་ཡི།། 
བྱང་ཆུབ་སེམས་དཔའ་རྣམས་དང་ཡང༌།། 
ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ།། 

ངན་འགྲོ་ཐམས་ཅད་ཟློག་བགྱིད་ཅིང༌།། 
མཐོ་རིས་ལམ་ནི་རབ་སྟོན་ལ།། 
རྒ་ཤི་མེད་པར་འདྲེན་བགྱིད་པ།། 
བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ།། 

སེམས་ཀྱི་དབང་དུ་གྱུར་པས་ན།། 
བདག་གིས་སྡིག་པ་ཅི་བགྱིས་པ།། 
སངས་རྒྱས་སྤྱན་སྔར་མཆིས་ནས་སུ།། 
བདག་གིས་དེ་དག་བཤགས་པར་བགྱི།། 

བདག་ལས་རྣམ་པ་གསུམ་གང་གིས།། 
བསོད་ནམས་ཚོགས་ནི་སྐྱེད་པ་དེ།། 
བདག་གི་ཀུན་མཁྱེན་ས་བོན་ཏེ།། 
བདག་གི་བྱང་ཆུབ་མི་ཟད་ཤོག། 

ཕྱོགས་བཅུ་དག་གི་ཞིང་རྣམས་སུ།། 
སངས་རྒྱས་མཆོད་པ་གང་བྱུང་བ།། 
སངས་རྒྱས་མཁྱེན་པ་ཡི་རང་བས།། 
དེ་ལ་བདག་ནི་ཡི་རང་ངོ༌།། 

སྡིག་པ་ཐམས་ཅད་བཤགས་པར་བགྱི།། 
བསོད་ནམས་ཀུན་ལ་ཡི་རང་ངོ༌།། 
སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ།། 
བདག་ནི་ཡེ་ཤེས་མཆོག་ཐོབ་ཤོག། 

ཕྱོགས་བཅུ་དག་གི་ཕྱོགས་རྣམས་ན།། 
ས་བཅུ་དག་ལ་གནས་པ་ཡི།། 
བྱང་ཆུབ་སེམས་དཔའ་བྱང་ཆུབ་མཆོག། 
འཚང་རྒྱ་བགྱིད་པར་སྐུལ་མ་འདེབས།། 

བྱང་ཆུབ་དམ་པར་སངས་རྒྱས་ཤིང༌།། 
སྡེ་དང་བཅས་པའི་བདུད་བཏུལ་ནས།། 
སྲོག་ཆགས་ཀུན་ལ་སྨན་སླད་དུ།། 
ཆོས་ཀྱི་འཁོར་ལོ་སྐོར་གྱུར་ཅིག། 

ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི།། 
སྡུག་བསྔལ་སེམས་ཅན་ཐར་བགྱིད་ཤོག། 
བསྐལ་བ་བྱེ་བ་བསམ་ཡས་སུ།། 
ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག། 

འདོད་པའི་འདམ་དུ་བྱིང་གྱུར་ཅིང༌།། 
སྲེད་པའི་སྲད་བུས་དམ་བཅིངས་པ།། 
འཆིང་བ་ཀུན་གྱིས་བཅིངས་བདག་ལ།། 
རྐང་གཉིས་མཆོག་རྣམས་གཟིགས་སུ་གསོལ།། 

སེམས་ཀྱི་དྲི་མར་བགྱིས་པ་ལ།། 
སངས་རྒྱས་རྣམས་ནི་སྨོད་མི་མཛད།། 
སེམས་ཅན་རྣམས་ལ་བྱམས་ཐུགས་ལྡན།། 
སྲིད་པའི་མཚོ་ལས་སྒྲོལ་བར་ཤོག། 

རྫོགས་པའི་སངས་རྒྱས་གང་བཞུགས་དང༌།། 
གང་དག་འདས་དང་མ་བྱོན་པ།། 
དེ་དག་རྗེས་སུ་བདག་སློབ་ཅིང༌།། 
བྱང་ཆུབ་སྤྱད་པ་སྤྱོད་གྱུར་ཅིག། 

ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས།། 
འགྲོ་དྲུག་སེམས་ཅན་ཐར་བགྱིད་ཤོག། 
མངོན་ཤེས་དྲུག་པོ་མངོན་བགྱིས་ནས།། 
བླ་མེད་བྱང་ཆུབ་རེག་གྱུར་ཅིག། 

མ་སྐྱེས་པ་དང་མི་འབྱུང་དང༌།། 
རང་བཞིན་མ་མཆིས་གནས་མ་མཆིས།། 
རྣམ་རིག་མ་མཆིས་དངོས་མ་མཆིས།། 
སྟོང་པའི་ཆོས་ནི་རྟོགས་པར་ཤོག། 

སངས་རྒྱས་དྲང་སྲོང་ཆེན་པོ་ལྟར།། 
སེམས་ཅན་མ་མཆིས་སྲོག་མ་མཆིས།། 
གང་ཟག་མ་མཆིས་གསོ་མ་མཆིས།། 
བདག་མ་མཆིས་པའི་ཆོས་རྟོགས་ཤོག། 

བདག་འཛིན་བདག་གིར་འཛིན་པར་ནི།། 
དངོས་པོ་ཀུན་ལ་མི་གནས་པར།། 
སེམས་ཅན་ཀུན་ལ་བདེ་སླད་དུ།། 
སེར་སྣ་མ་མཆིས་སྦྱིན་གཏོང་ཤོག། 

དངོས་པོ་དངོས་པོ་མ་མཆིས་པས།། 
བདག་གི་ལོངས་སྤྱོད་ལྷུན་གྲུབ་ཤོག། 
དངོས་པོ་ཐམས་ཅད་རྣམ་འཇིག་པས།། 
སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག། 

ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང༌།། 
ཚུལ་ཁྲིམས་རྣམ་པར་དག་དང་ལྡན།། 
རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས།། 
ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག། 

ས་འམ་ཡང་ན་ཆུ་འམ་མེ།། 
རླུང་གི་ཁམས་ལྟར་མི་གནས་ཤིང༌།། 
བཟོད་པའམ་ཁྲོ་བ་མ་མཆིས་པར།། 
བཟོད་པའི་ཕ་རོལ་ཕྱིན་རྫོགས་ཤོག། 

བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས།། 
བརྟན་སྤྲོ་ལེ་ལོ་མ་མཆིས་ཤིང༌།། 
སྟོབས་དང་ལྡན་པའི་ལུས་སེམས་ཀྱིས།། 
བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག། 

སྒྱུ་མ་ལྟ་བུའི་ཏིང་འཛིན་དང༌།། 
དཔའ་བར་འགྲོ་བའི་ཏིང་འཛིན་དང༌།། 
རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས།། 
བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤོག། 

རྣམ་པར་ཐར་བའི་སྒོ་གསུམ་དང༌།། 
དུས་གསུམ་མཉམ་པ་ཉིད་དང་ཡང་།། 
རིག་གསུམ་མངོན་སུམ་བགྱིས་པ་ཡིས།། 
ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག། 

སངས་རྒྱས་ཀུན་གྱིས་བསྔགས་པ་དང༌།། 
འོད་དང་གཟི་བརྗིད་འབར་བ་དང༌།། 
བྱང་ཆུབ་སེམས་དཔའི་བརྩཽན་འགྲུས་ཀྱིས།། 
བདག་གི་བསམ་པ་རྫོགས་གྱུར་ཅིག། 

དེ་ལྟར་སྤྱད་པ་སྤྱོད་བྱེད་ཅིང༌།། 
བྱམས་པ་གྲགས་དང་ལྡན་པ་ཡིས།། 
ཕ་རོལ་ཕྱིན་དྲུག་རྫོགས་བྱས་ནས།། 
ས་བཅུ་པོ་ལ་རབ་ཏུ་གནས།། ༎ 

ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་གང་ལ་གནས་ནས་ཐབས་ལ་མཁས་པས་ཐེག་པ་བདེ་བ། འཇུག་པ་བདེ་བ། ལམ་བདེ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབས་པའི་ཐབས་ལ་མཁས་པ་ནི་དི་ཡིན་ནོ། 

།འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ།།