ཤེས་རབ་སྙིང་པོའི་རྣམ་བཤད་ཟབ་མོའི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་ཉི་མ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།
རྟེན་འབྲེལ་ཟབ་མོ་ཇི་བཞིན་གཟིགས་ནས་ནི། །
དེ་ཉིད་འགྲོ་ལ་བརྩེ་བས་འདོམས་མཛད་པས། །
མཁྱེན་དང་སྟོན་པ་བླ་ན་མེད་གྱུར་པ། །
ཐུབ་དབང་སྨྲ་བའི་ཉི་མར་གུས་ཕྱག་འཚལ། །
རྒྱལ་བ་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་ནས། །
རྒྱལ་སྲས་གཞོན་ནུའི་གར་གྱིས་སྲིད་གསུམ་འདིར། །
རྒྱལ་བའི་མཛད་པ་མཐའ་དག་སྒྲུབ་བརྩོན་པ། །
རྒྱལ་སྲས་ཐུ་བོ་སྤྱན་རས་གཟིགས་ལ་འདུད། །
ཤེས་རབ་ཆེན་པོའི་མཆོག་གྱུར་ཤཱ་རིའི་བུ། །
ཟབ་དོན་འགྲེལ་མཛད་ཀླུ་སྒྲུབ་ཟླ་བ་གྲགས། །
རྒྱལ་བ་གཉིས་པ་ཡབ་སྲས་ལ་བཏུད་ནས། །
ཤེར་ཕྱིན་སྙིང་པོའི་རྣམ་བཤད་བྲི་བར་བྱ། །
འདི་ལ་གསུམ། སྤྱིར་ཟབ་མོའི་དོན་ལ་འཇུག་དགོས་པར་བསྟན་པ། སྐབས་ཀྱི་གཞུང་དོན་བཤད་པ། ཟབ་དོན་རིགས་པས་གཏན་ལ་འབེབ་ཚུལ་མདོར་བསྡུས་བཤད་པའོ། ། དང་པོ་ནི། ཐར་འདོད་ཀྱི་སྐྱེས་བུས་གང་ལ་འཇུག་པར་བྱ་བའི་གཞི་ནི་རྒྱལ་བའི་བསྟན་པ་ཡིན་ལ། དེའི་ནང་ནས་ཀྱང་སྟོང་ཉིད་ཀྱི་ལྟ་བ་འཚོལ་བ་ལ་འཇུག་དགོས་པ་ཡིན་ཏེ། ལྟ་བ་དེ་ནི་རྟོགས་པའི་བསྟན་པ་ཐམས་ཅད་ཀྱི་གཙོ་བོ་འམ་སྙིང་པོ་དང་། དེ་སྟོན་པའི་གཞུང་ནི་ལུང་གི་བསྟན་པ་ཐམས་ཅད་ཀྱི་གཙོ་བོའམ་སྙིང་པོ་ཡིན་པས། ཆོས་སྟོན་པ་ཐམས་ཅད་ཀྱི་ནང་ནས་རྟེན་འབྲེལ་ཟབ་མོའི་དེ་ཁོ་ན་ཉིད་སྟོན་པ་དེ་སྟོན་པའི་མཆོག་དང་། ཆོས་ཤེས་པ་ཐམས་ཅད་ཀྱི་ནང་ནས་རྟེན་འབྲེལ་ཟབ་མོའི་དེ་ཁོ་ན་ཉིད་ཤེས་པ་དེ་ཤེས་པའི་མཆོག་ཡིན་པའི་ཕྱིར་ཏེ། རྗེས་རྟེན་འབྲེལ་བསྟོད་པ་ལས། བསྟན་པའི་སྙིང་པོ་སྟོང་པ་ཉིད། ། ཞེས་པ་དང་། སྟོན་པའི་ནང་ནས་རྟེན་འབྲེལ་སྟོན་པ་དང་། ། ཤེས་རབ་ནང་ནས་རྟེན་འབྲེལ་ཤེས་པ་ཉིད། ། འཇིག་རྟེན་དག་ན་རྒྱལ་བའི་དབང་པོ་བཞིན། ། ཕུལ་བྱུང་ལགས་པར་ཁྱོད་མཁྱེན་གཞན་གྱིས་མིན། ། ཞེས་གསུངས་པའི་ཕྱིར་རོ། །
ཐར་པ་ཐོབ་པ་ལ་སྟོང་ཉིད་རྟོགས་པའི་ལྟ་བ་མེད་མི་རུང་གི་ཡན་ལག་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། གལ་ཏེ་བདག་མེད་ཆོས་ལ་སོ་སོར་རྟོག། སོ་སོར་དེར་བརྟགས་གང་ཞིག་སྒོམ་བྱེད་ན། ། དེ་ནི་མྱ་ངན་འདས་འཐོབ་འབྲས་བུའི་རྒྱུ། ། རྒྱུ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར། ། ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་། གང་དག་སྟོང་ཉིད་མི་ཤེས་པ། ། དེ་དག་ཐར་པ་བསྟེན་མ་ཡིན། ། འགྲོ་དྲུག་སྲིད་པའི་བཙོན་རར་ནི། ། རྨོངས་པ་དེ་དག་འཁོར་བར་འགྱུར། ། ཞེས་གསུངས་པའི་ཕྱིར་རོ། ། དེའི་གནད་ཀྱང་། བདག་དང་བདག་གིར་རང་བཞིན་གྱིས་སྲུབ་པར་བཟུང་ན་འཁོར་བར་འཁོར་ཞིང་། དེ་རང་བཞིན་གྱིས་མེད་པར་རྟོགས་ན་འཁོར་བ་ལས་གྲོལ་བར་འགྱུར་བའི་རྒྱུ་མཚན་གྱིས་ཡིན་ཏེ། སྡུད་པ་ལས། དེ་བཞིན་བྱིས་པ་བདག་དང་བདག་གིར་ཁས་ལེན་པ། ། བདག་དེར་འདུ་ཤེས་ཡང་དག་མིན་རྟོག་སྐྱེ་ཞིང་འཇིག། ཇི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་བསྟན། ། བདག་དང་བདག་གིར་མི་དམིགས་རྣམ་པར་བྱང་བར་གསུངས། ཞེས་གསུངས་པའི་ཕྱིར་རོ། །
དེའི་ཕྱིར་རྒྱལ་བའི་གསུང་རབ་མཐའ་དག་དངོས་དང་བརྒྱུད་པ་ཅི་རིགས་ཀྱི་སྒོ་ནས་རྟེན་འབྲེལ་ཟབ་མོའི་དེ་ཁོ་ན་ཉིད་སྟོན་པ་ལ་གཞོལ་པ་ཡིན་ཏེ། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། ། ཐུབ་པས་ཤེས་རབ་དོན་དུ་གསུངས། ཞེས་དང་། རྗེ་ཉིད་ཀྱིས་ཀྱང་། ཁྱོད་ཀྱིས་ཇི་སྙེད་བཀའ་སྩལ་པ། ། རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག། ཅེས་གསུངས་པའི་ཕྱིར་རོ། །
སྟོང་ཉིད་ཟབ་མོ་ལ་མོས་ནས་ཉན་པ་དང་སྟོན་པ་དང་རྟོགས་པའི་ཕན་ཡོན་ནི་མདོ་སྔགས་གཉིས་ཀ་ལས་མང་དུ་གསུངས་ཤིང་། ཁྱད་པར་དུ་རྡོར་གཅོད་དུ་གྲགས་པའི་ཤེར་ཕྱིན་སུམ་བརྒྱ་བ་ལས། རབ་འབྱོར་གང་གིས་འཇིག་རྟེན་གྱི་ཁམས་དེ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་གང་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་སྦྱིན་པ་བྱིན་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་བཟུང་ནས། གཞན་དག་ལ་ཡང་དག་པར་བཤད་དེ་ཡང་དག་པར་རབ་ཏུ་བསྟན་ན། དེ་ཉིད་གཞི་དེ་ལས་བསོད་ནམས་ཆོས་མང་དུ་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་དོ། ། ཞེས་དང་། ཁྱེའུ་རིན་ཆེན་བྱིན་པའི་མདོ་ལས་ཀྱང་། འཇམ་དཔལ་བཡང་ཆུབ་སེམས་དཔའ་ཐབས་མཁས་པ་དང་བྲལ་བས་བསྐལ་པ་བརྒྱ་སྟོང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐེ་ཚོམ་དང་བཅས་པས་ཉན་པ་འདི་བསོད་ནམས་ཆེས་མང་དུ་བསྐྱེད་ན། གང་ཐེ་ཚོམ་མེད་པར་ཉན་པ་ལྟ་ཅི་སྨོས། གང་གིས་ཡི་གེར་བྲིས་ནས་ལུང་འབོག་པ་དང་འཆད་པ་དང་གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་ལྟ་ཅི་སྨོས། ཞེས་གསུངས་པ་ལྟར་ཏེ། ཉན་པ་ནས་གཞན་ལ་སྟོན་པའི་བར་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཕན་ཡོན་ལྷག་པར་ཆེ་བར་སྟོན་པ་ཡིན་ནོ། །
སྟོང་ཉིད་མ་རྟོགས་ཀྱང་དེ་ལ་དོན་འགྱུར་གྱི་ཐེ་ཚོམ་སྐྱེས་པ་ཙམ་གྱིས་ཀྱང་སྲིད་པ་ཧྲུལ་པོར་བྱེད་ཅིང་། ཐར་པའི་ས་བོན་འཇོག་ནུས་པ་ཡིན་ཏེ། འཕགས་པ་ལྷས་བསོད་ནམས་ཆུང་དུས་ཆོས་འདི་ལ། ། ཐེ་ཚོམ་ཟ་བ་ཡང་མི་འགྱུར། ། ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང་། ། སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། ། ཞེས་དང་། མདོ་ལུང་སྔ་མས་ཀྱང་འགྲུབ་པའི་ཕྱིར་རོ། ། རྡོར་གཅོད་ཀྱི་གཞུང་གི་ཕན་ཡོན་ཡོངས་སུ་རྫོགས་པར་ནི། དེའི་བརྗོད་བྱ་དོན་གྱི་ཤེར་ཕྱིན་ལས་འབྱུང་བར་དགོངས་པ་ཡིན་གྱི། གཞུང་བཀླག་པ་ཏཟམ་ལས་ནི་མ་ཡིན་ནོ། །
ཁ་ཅིག། ཤེར་སྙིང་འདོན་པ་ཐམས་ཅད་ཀྱང་གནོད་པ་ཞི་བའི་ཆེད་ཙམ་དུ་དམིགས་ནས་བྱེད་པ་ནི། དགོས་པའི་གཙོ་བོ་ཕྱིན་ཅི་ལོག་ཏུ་སོང་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཤེར་ཕྱིན་གྱི་མདོ་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་ཐབས་ཀྱི་གཙོ་བོ་བདག་མེད་རྟོགས་པའི་ལྟ་བ་རྒྱུད་ལ་བསྐྱེད་པའི་ཆེད་དུ་གསུངས་ཀྱི། གནོད་པ་ཕལ་པ་ཟློག་བྱེད་ཙམ་དུ་གསུངས་པ་མ་ཡིན་པའི་ཕྱིར་རོ། ། འོན་ཀྱང་ད་ལྟ་ཟློག་པའི་ཆེད་དུ་དམིགས་ནས་འདོན་པ་དར་བ་ནི། སྔོན་ལྷའི་དབང་པོས་ཤེར་ཕྱིན་གྱི་དོན་ཡིད་ལ་བྱེད་ཅིང་ཚིག་ཁ་ཏོན་བྱས་པས་བདུད་ཕྱིར་ལྡོག་པར་གསུངས་པ་ལ་བརྟེན་པ་སྟེ། དགོས་པ་ཕལ་པའོ། །
དགོས་པའི་གཙོ་བོ་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་ཆེད་དུ་བདག་མེད་རྟོགས་པའི་ཤེས་རབ་བསྐྱེད་པ་དང་འཁོར་བ་དང་ངན་སོང་ལས་ཐར་པ་དང་། ལས་སྒྲིབ་འདགས་པའི་ཆེད་དུ་དམིགས་ནས་འདོན་དགོས་ལ། ཞར་བྱུང་ངམ་ཕལ་པ་ནི་རང་གཞན་གྱི་གནོད་བཞི་བའི་ཆེད་དུ་དམིགས་ནས་འདོན་པ་ནི་སྐབས་དང་བསྟུན་དགོས་པར་མངོན་ནོ། ། གང་ལྟར་ཡང་ཀུན་སློང་འཕེན་པ་རྒྱ་ཆེ་ན་ཕན་ཡོན་ཆེ་ཞིང་ཆུང་ན་ནི་དེ་དང་འདྲ་བས་ཀུན་སློང་བཟང་བ་གལ་ཆེའོ། ། མདོར་ན་རྡོར་གཅོད་སོགས་ལས་ཤེར་ཕྱིན་གྱི་གཞུང་དོན་ལ་ཐོས་བསམ་བྱས་ན་ཕན་ཡོན་མང་པོ་འབྱུང་བར་གསུངས་པ་ལྟར། ཕན་ཡོན་ཤིན་ཏུ་ཆེ་བའི་ཤེར་ཕྱིན་ཟབ་མོ་འདིའི་དོན་ཤེས་པ་ལ་འབད་པར་བྱའོ། །
གཉིས་པ་ལ་གསུམ། མཚན་གྱི་དོན་དང་། གཞུང་གི་དོན་དང་། མཇུག་གི་དོན་ནོ། ། དང་པོ་ལ་གཉིས། དངོས་དང་། འགྱུར་གྱི་ཕྱག་གོ།
དང་པོ་ནི། རྒྱ་གར་ན་སྐད་རིགས་བཞི་ཡོད་པའི་ནང་ནས་ལེགས་སྦྱར་གྱི་སྐད་དུ་བྷ་ག་ཝ་ཏི་ཞེས་སོགས་ཡིན་ལ། དེ་ཉིད་བོད་སྐད་དུ་བསྒྱུར་ན། བཅོམ་ལྡན་འདས་མ་ཞེས་སོགས་སུ་འགྱུར་བ་ཡིན་ཏེ། བྷ་ག་ཝ་ཏི་ནི་བཅོམ་ལྡན་འདས་མ། པྲཛྙཱ་ནི་ཤེས་རབ། པཱ་ར་མི་ཏཱ་ནི་ཕ་རོལ་ཏུ་ཕྱིན་པ། ཧྲི་ད་ཡ་ནི་སྙིང་པོ་ཅེས་བྱ་བར་འགྱུར་བའི་ཕྱིར། འདིར་ཕར་ཕྱིན་ཞེས་བརྗོད་པའི་རྒྱུ་མཚན་ཅི་ཞེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ཞེས་པ་ནི་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པའི་དོན་ཡིན་ལ། དེ་ཡང་བྱེད་ཚིག་ལ་སྦྱར་བ་དང་། ལས་ཚིག་ལ་སྦྱར་བ་གཉིས་ཡོད་པའི་སྔ་མ་ལྟར་ན། ཕྱིན་པར་བྱེད་པའི་དོན་ཡིན་པས་སློབ་ལམ་ནའང་ཤེར་ཕྱིན་དངོས་ཡོད་ལ། ཕྱི་མ་ལྟར་ན་ཕྱིན་ཟིན་པའི་དོན་ཡིན་པས་སངས་རྒྱས་ཀྱི་སར་ཡོད་པ་དང་སྦྱར་དགོས་སོ། ། བརྗོད་བྱ་དོན་གྱི་ཤེར་ཕྱིན་དངོས་ནི་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཞིག་ལ་བྱེད་པ་ཡིན་ཀྱང་། ཡུམ་དང་ཤེར་ཕྱིན་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན། རང་བཞིན་གྱི་ཤེར་ཕྱིན། གཞུང་ཤེར་ཕྱིན། ལམ་ཤེར་ཕྱིན། འབྲས་བུ་ཤེར་ཕྱིན་རྣམས་སུ་ཡོད་ཅིང་། དེའི་དང་པོ་ནི་སྟོང་ཉིད་དང་དོན་གཅིག། གཉིས་པ་ནི་སྟོང་ཉིད་སྟོན་པའི་ཐེག་ཆེན་གྱི་མདོ་ལྟ་བུ། གསུམ་པ་ནི་བྱང་སེམས་འཕགས་པའི་མཁྱེན་པ་ལྟ་བུ། བཞི་པ་ནི་རྣམ་མཁྱེན་ནོ། །
གཉིས་པ་འགྱུར་ཕྱག་ནི། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། ། ཞེས་པ་སྟེ་ལོ་ཙཱ་བས་བཀོད་པའོ། ། འདིར་བཅོམ་ལྡན་འདས་མ་ནི། ཤེར་ཕྱིན་ཉིད་ལ་དགག་སྒྲ་སྦྱར་བ་ཡིན་གྱི། གང་ཟག་ཞིག་ལ་མི་བཟུང་ངོ། །
གཉིས་པ་ལ་གཉིས། གླེང་གཞི་དང་། དངོས་ཀྱི་དོན།
དང་པོ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གླེང་གཞི་གཉིས་ཡོད་པའི་དང་པོ་ལ་བཞི་སྟེ། དུས་དང་སྟོན་པ་དང་གནས་དང་འཁོར་ཕུན་སུམ་ཚོགས་པ་བཞིའོ། ། དུས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པས་སྟོན་ཏེ། འདི་སྐད་ཅེས་པ་ནི་འཆད་འགྱུར་གྱི་མདོ་འདི་སྐད་ཅེས་པ་ཡིན་ལ། བདག་གིས་ཐོས་པ་ཞེས་པ་ནི་གཞན་ལས་བརྒྱུད་ནས་མ་ཡིན་གྱི། བདག་གིས་དངོས་སུ་བཅོམ་ལྡན་འདས་ལས་ཐོས་ཞེས་པའོ། ། དུས་གཅིག་ན་ཞེས་པ་ནི། སྤྱིར་ཆོས་གཞན་དུས་གཞན་དང་གཞན་དུ་ཐོས་ལ། དུས་གཅིག་གི་ཚེ་ན་འདི་ཐོས་ཞེས་པ་སཏེ། ཡང་ཡང་མ་ཐོས་པས་ཐོས་དཀའ་བའོ། ། ཡང་དུས་གཅིག་གི་ཚེ་ལན་གཅིག་ཐོས་པ་ཙམ་གྱིས་བཟུང་བར་སྟོན་པས་ཤེས་རབ་ཆེ་བ་བསྟན་ཏོ། །
སྟོན་པ་ཕུན་སུམ་ཚོགས་པ་ནི་བཅོམ་ལྡན་འདས་ཞེས་པ་སྟེ། བྷ་ག་ཝན་ནི་བཅོམ་ལྡན་དང་སྐལ་ལྡན་གཉིས་ཀ་ལ་འཇུག་པས། དང་པོའི་དབང་དུ་བྱས་ན། བཅོམ་ལྡན་ནི་ཇི་སྐད་དུ་ཉོན་མོངས་ལས་དང་དེ་བཞིན་སྐྱེ། ། ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། ། གང་ཡང་མི་མཐུན་ཕྱོགས་ཆོས་བཅོམ། ། དེ་འདིར་བཅོམ་ལྡན་འདས་སུ་བཤད། ། ཅེས་བཤད་པ་ལྟར་ཡིན་ལ། ཕྱི་མའི་དབང་དུ་བྱས་ན། སཾ་བྷུ་ཊི་ལས། དབང་ཕྱུག་དང་ནི་གཟུགས་བཟང་དང་། ། དཔལ་དང་གྲགས་དང་ཡེ་ཤེས་དང་། ། བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། ། དྲུག་པོ་དེ་ཨ་བསྐལ་ཞེས་བྱ། ། ཞེས་གསུངས་པ་ལྟར་ཏེ། ལུང་སྔ་མ་བཅོམ་པ་དང་། ལུང་ཕྱི་མ་ལྡན་པའི་དོན་དུ་སོ་སོར་སྦྱར་ཡང་རུང་ངོ། ། བྷ་ག་ཝན་ལ་འདས་ཞེས་པའི་དོན་དངོས་སུ་མེད་ཀྱང་། དོན་གྱིས་ཐོབ་པའི་དབང་དུ་བྱས་ནས་བླ་ཐབས་སུ་བསྣན་པ་སྟེ། སྲིད་ཞི་གཉིས་ཀྱི་མཐའ་ལས་འདས་ཤིང་འཇིག་རྟེན་པའི་ལྷ་ལས་ཁྱད་པར་འཕགས་པའོ། །
གནས་ཕུན་སུམ་ཚོགས་པ་ནི། རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་ཞེས་པས་བསྟན་ཏེ། རྒྱལ་པོ་བཞུགས་པའི་གནས་ཡིན་པས་ན་རྒྱལ་པོའི་ཁབ་དང་། དེའི་ཤར་ན་རི་བྱ་རྒོད་ཀྱི་གཟུགས་ཕུང་ལྟར་ཡོད་པས་བྱ་རྒོད་ཕུང་པོ་དང་། བྱ་རྒོད་སྤུངས་པ་ལྟར་དང་། རིན་པོ་ཆེའི་བྲག་བྱ་རྒོད་ཀྱི་མགོ་བོ་ལྟ་བུ་ཡོད་པས་བྱ་རྒོད་ཕུང་པོའི་རི་ཞེས་བྱ་བ་དེ་ལ་བཞུགས་ནས་སོ། ། དེ་ལྟ་བུའི་རི་དེ་བསྐལ་པ་འཇིག་པའི་ཚེ་ཡང་མི་འཇིག་ཅེས་མཁས་པ་ཁ་ཅིག་གསུང་།
འཁོར་ཕུན་སུམ་ཚོགས་པ་ནི་དགེ་སློང་གི་དགེ་འདུན་ཆེན་པོ་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཞེས་པས་སྟོན་ཏེ། དགེ་སློང་གི་དགེ་འདུན་ཆེན་པོ་ནི་ཉན་ཐོས་ཀྱི་དབང་དུ་བྱས་པ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་ནི་སྒྲས་ཟིན་ལྟར་རོ། ། དགེ་སློང་ནི་བསྙེན་པར་རྫོགས་པ་སྟེ་མྱ་ངན་ལས་འདས་པ་དང་ཉེ་བར་བྱེད་པའི་དོན་དང་། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཆེན་པོ་ཐོབ་པའི་ཆེད་དུ་སེམས་པས་ན་དེ་སྐད་ཅེས་བྱ་ཞིང་། དགེ་འདུན་ནི་མི་མཐུན་ཕྱོགས་ཀྱིས་མི་ཕྱེད་པའི་དོན་དང་། ཆེན་པོ་སྔ་མ་ནི་སྤངས་རྟོགས་ཀྱི་ཡོན་ཏན་མཐོན་པོ་ཐོབ་པའི་དོན་ཡིན་ལ། ཆེན་པོ་ཕྱི་མ་ནི་དོན་བདུན་ལ་འཇུག་སྟེ། མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་དང་། སྒྲུབ་པ་གཉིས་དང་། ཡེ་ཤེས་དང་། བརྩོན་འགྲུས་དང་། ཐབས་མཁས་དང་། སྒྲུབ་པ་དང་། འཕྲིན་ལས་ཆེན་པོ་སྟེ་བདུན་ལ་འཇུག་པར་བཤད་པ་ལྟར་རོ། ། ཐབས་གཅིག་ཏུ་བཞུགས་པ་ནི་དེ་རྣམས་དང་ལྷན་ཅིག་ཏུ་བཞུགས་པའོ། །
གཉིས་པ་ཐུན་མོང་མ་ཡིན་པ་ལ་གསུམ། གང་གིས་བྱིན་གྱིས་རློབ་པའི་ཏིང་ངེ་འཛིན། གང་ལ་བྱིན་གྱིས་བརླབ་པའི་གང་ཟག། ཇི་ལྟར་བྱིན་གྱིས་བརླབས་པའི་ཚུལ་ལོ། ། དང་པོ་ནི། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པས་བསྟན་ཏེ། དུས་དེའི་ཚེ་ཞེས་པ་དུས་ཀྱི་ཁྱད་པར། བཅོམ་ལྡན་འདས་ནི་སྟོན་པའི་ཁྱད་པར། ཟབ་མོ་ནི་ཡུལ་གྱི་ཁྱད་པར་ཏེ་སྟོང་པ་ཉིད་ཡིན་ལ། སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཡུལ་ཅན་གྱི་ཁྱད་པར་ཏེ། དེ་ལྟ་བུའི་ཟབ་མོ་རྟོགས་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་སྟེ་མཉམ་པར་བཞག་པའོ། །
སྤྱིར་སངས་རྒྱས་བཅོམ་ལྡན་འདས་ནི་དུས་རྟག་ཏུ་དེ་བཞིན་ཉིད་ལ་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པ་ཡིན་པས། གསར་དུ་ཟབ་མོ་སྣང་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་མིན་ཡང་། སྙོམས་པར་འཇུག་པའི་རྣམ་པ་བསྟན་པ་ཙམ་ནི་མི་འགལ་ལོ། ། གཉིས་པ་ནི། སྟོན་པ་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་ཡུལ་ཤཱ་རི་བུ་ལ་ཟབ་མོའི་དོན་ཞུ་བར་བྱིན་གྱིས་བརླབས་པའོ། །
གསུམ་པ་ལ་གཉིས། དྲི་བའི་རྒྱུ་དང་། དྲི་བ་དང་ལན་གྱི་ཚུལ་ལོ། ། དང་པོ་ལ་འོག་གི་དྲིས་ལན་རྣམས་འབྱུང་བའི་རྒྱུ་ནི། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག། ཞེས་པ་ནས། རང་བཞིན་གྱིས་སྟོང་པར་རྣམ་པར་ལྟའོ། ། ཞེས་པ་སྟེ། ཡང་ནི་སྟོན་པ་ཟབ་མོ་སྣང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་མ་ཟད་ཅེས་པའོ། ། དུས་དེའི་ཚེ་སངས་རྒྱས་ཀྱི་བྱང་ཆུབ་དེ་ནི་བྱང་སེམས་རང་དོན་ལ་དམིགས་ནས་ཐོབ་པར་འདོད་པས་ན་བྱང་ཆུབ་སེམས་དཔའ་དང་། གཞན་དོན་དུ་དམིགས་ནས་ཐོབ་པར་འདོད་པས་ན་སེམས་དཔའ་ཆེན་པོའོ། ། སོ་སྐྱེའི་ས་ལས་འདས་ཤིང་མི་དགེ་བའི་ཆོས་ལས་རིང་དུ་སོང་བས་ན་འཕགས་པ། རྒྱུད་ལྔའི་འགྲོ་བ་ལ་ཐུགས་རྗེས་དུས་དྲུག་ཏུ་གཟིགས་པས་ན་སྤྱན་རས་གཟིགས། ཆོས་ཀྱི་དབང་ཕྱུག་ཡིན་པས་དབང་ཕྱུག་ཅེས་བྱ་སྟེ། དེ་ཉིད་ཀྱིས་ཀྱང་སྟོན་པ་དང་མཐུན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ཉིད་ལ་ཤེས་རབ་ཀྱིས་རྣམ་པར་ལྟ་ཞིང་། གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་ཤེས་རབ་ཀྱིས་རྣམ་པར་ལྟ་པར་མཛད་པའོ། ། བལྟའོ་ཞེས་པས་འཕུལ་ཡོད་པ་ལྟར་བྱས་ན་བལྟ་བར་བྱའོ་ཞེས་པའི་དོན་དུ་འགྱུར་བས་ཅུང་མི་བདེ་སྙམ་ཡང་། ཕལ་ཆེར་ལས་དེ་ལྟར་འབྱུང་བས་བརྟག། སྤྱིར་རྒྱལ་སྲས་ཀྱི་སྤྱོད་པ་ལ་ཕྱིན་དྲུག་ཡོད་ཀྱང་། འདིར་ཟབ་མོ་རྟོགས་པའི་ཤེས་རབ་སྒོམ་པ་ལ་ཟབ་མོའི་སྤྱོད་པ་ཞེས་བྱ་སྟེ། དེ་ལྟ་ན་སྤྱིར་ལྟ་སྤྱོད་གཉིས་མི་འགལ་བར་སེམས་སོ། །
གཉིས་པ་ལ་གཉིས། དྲི་བ་དང་དེའི་ལན་ཇི་ལྟར་མཛད་པའི་ཚུལ་ལོ། ། དང་པོ་ནི། དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རི་བུས་ཞེས་པ་ནས། འདི་སྐད་ཅེས་སྨྲས་སོ་ཞེས་པ་སྟེ། འགོའི་དེ་ནས་ཞེས་པ་ནི་མཚམས་སྦྱར་བ་སྟེ་དུས་ཀྱི་ཁྱད་པར་རོ། ། སངས་རྒྱས་ཀྱི་མཐུས་ཞེས་པ་ནི་འདིར་ཤཱ་རིའི་བུས་དྲི་བ་མཛད་པ་འདི་རང་སྟོབས་ཙམ་མིན་གྱི། སངས་རྒྱས་ཀྱི་མཐུས་ཞུས་པ་སྟེ་རྒྱུའི་ཁྱད་པར་རོ། ། ཚེ་དང་ལྡན་པ་ནི་སྤྱིར་ཚེ་མ་དོར་བ་ཞིག་ལ་བྱེད་ཀྱང་། འདིར་བསྔགས་པའམ་ཞེས་སའི་ཁྱད་པར་རོ། ། མ་ཤཱ་རི་ཀའི་བུ་ཡིན་པས་ན་ཤཱ་རིའི་བུ་སྟེ། དྲི་བ་པོའི་གང་ཟག་གི་ཁྱད་པར་རོ། ། འདི་དངོས་པོ་ལ་ཉན་ཐོས་མཚན་ཉིད་པ་མ་ཡིན་ཏེ། སྒྲོན་གསལ་ལས་སྒྲིབ་སེལ་གྱི་སྤྲུལ་པར་ཡིན་པར་བཤད་པས་སོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་སོགས་ནི་སྔར་ལྟར་ཡིན་ལ། འདི་སྐད་ཅེས་སྨྲས་སོ་ཞེས་པ་ནི་འཆད་པར་འགྱུར་བ་ལྟར་བརྗོད་པའི་དོན་ནོ། ། དེ་ནས་དྲི་བ་དངོས་ནི། རིགས་ཀྱི་བུ། གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཞེས་པ་ནས། ཇི་ལྟར་བསླབ་པར་བྱ། ཞེས་དྲིས་པ་སྟེ། དེ་ལ་རིགས་ཀྱི་བུ་ཞེས་པ་ནི་ཆོས་སམ་བྱང་ཆུབ་ཀྱི་རིགས་སུ་སྐྱེས་པ་སྟེ། མཁས་པ་ཁ་ཅིག་སྐབས་འདིར་རིགས་ཀྱི་བུ་མོ་ཞེས་འབྱུང་བ་ནི་མ་དག་ཅེས་བཞེད་པ་ལྟར་ན། རིགས་ཀྱི་བུ་ནི་སྤྱན་རས་གཟིགས་ལ་བསྙགས་དགོས་ལ། ཁ་ཅིག་རྒྱ་དཔེ་ལ་འདིར་རིགས་ཀྱི་བུ་མོ་ཞེས་འདུག་ཅེས་གསུང་བ་ལྟར་ན་ཤེར་ཕྱིན་འདི་ལ་བསླབ་པར་འདོད་པའི་སྐྱེས་པ་དང་བུད་མེད་སྤྱི་ལ་སྦྱོར་དགོས་སོ། ། ཅི་ལྟར་ཡང་། གང་ལ་ལ་ནི་སྐྱེས་པའམ་བུད་མེད་གང་ལ་ལ་ཞེས་པའམ་རིགས་ཀྱི་བུ་འམ་བུ་མོ་གང་ལ་ལ་ཞེས་སྦྱར་ཀྱང་རུང་ངོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ལ་བརྩོན་པས་སྤྱད་པ་སྟེ་བསྒྲུབ་པར་འདོད་པའི་གང་ཟག་དེས་ཚོགས་སྦྱོར་དང་མཐོང་སྒོམ་གྱི་ལམ་རྣམས་སུ་ཚུལ་ཇི་ལྟར་བསླབ་པར་བྱ་ཞེས་དྲིས་སོ། ། ཤཱ་རིའི་བུས་དེ་སྐད་ཅེས་སྨྲས་པ་དང་ཞེས་པ་ནི་ཞུས་ཟིན་པའི་མཚམས་སྦྱར་རོ། །
གཉིས་པ་ལ་བཞི། བསླབ་ཚུལ་སོ་སོར་ཕྱེ་སྟེ་བསྟན་པ། སྔགས་ཚིག་གིས་བསྡུས་ནས་བསྟན་པ། མདོར་བསྡུས་ཏེ་བསླབ་པར་གདམས་པ། རྗེས་སུ་ཡི་རང་མཛད་པའོ། །
དང་པོ་ལ་བཞི། ཚོགས་ལམ་དང་སྦྱོར་ལམ་གཉིས་ཀྱི་སྐབས་སུ་ཤེར་ཕྱིན་ལ་སློབ་ཚུལ། མཐོང་ལམ་དུ་སློབ་ཚུལ། སྒོམ་ལམ་དུ་སློབ་ཚུལ། མི་སློབ་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེར་ཕྱིན་ལ་བརྟེན་ས་ཐོབ་ཚུལ་ལོ། ། དང་པོ་ལ་གཉིས། མཚམས་སྦྱར་དང་། སློབ་ཚུལ་དངོས་སོ། ། དང་པོ་ནི། དེ་ལྟར་ཞུས་པའི་ལན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། ཞེས་པ་ནས། སྨྲས་སོ་ཞེས་པའི་བར་ཏེ་དེ་ནས་ཤཱ་རིའི་བུ་ཞེས་བོས་ནས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཞེས་པ་ནས། འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ་ཞེས་པ་ནི་མཚམས་སྦྱར་བའོ། ། གཞན་སླ་ཞིང་འདི་ལྟར་ནི་འཆད་པར་འགྱུར་བའི་སློབ་ཚུལ་འདི་ལྟར་བྱ་ཞེས་པའི་དོན་ནོ། ཁ་ཅིག་འདི་ཚོགས་སྦྱོར་གཉིས་ལ་སློབ་ཚུལ་ཙམ་དང་སྦྱར་ཡང་འཆད་པར་འགྱུར་བའི་ཉམས་ལེན་ཐམས་ཅད་ལ་སློབ་ཚུལ་དང་སྦྱོར་རྒྱུ་ཡིན་ནོ། །
གཉིས་པ་ལ་གཉིས། མདོར་བསྟན་པ་དང་། ཕྱེ་སྟེ་བཤད་པའོ། ། དང་པོ་ནི། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། ། ཞེས་པ་སྟེ། ཕུང་པོ་ལྔ་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བཏགས་དོན་མ་བཙལ་བར་ཐ་སྙད་དུ་འཇོག་ནུས་མོད། བཏགས་དོན་བཙལ་ན་རིག་ཤེས་ཀྱི་དཔྱད་བཟོད་དུ་མ་གྲུབ་པས། གཟུགས་སོགས་ཀྱི་ཕུང་པོ་རེ་རེར་མ་ཟད། ཕུང་པོ་ལྔ་པོ་དེ་དག་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་ཏེ་ཕྱིན་ཅི་མ་ལོག་པར་གནས་ཚུལ་ཇི་ལྟ་བ་བཞིན་རྗེས་སུ་བལྟ་བར་བྱའོ་ཞེས་སྟོང་ཉིད་ཟབ་མོ་ལ་བལྟ་ཚུལ་མདོར་བསྡུས་ཏེ་བསྟན་པ་ཡིན་ལ། དེ་ཡང་ཚོགས་སྦྱོར་གྱི་གནས་སྐབས་སུ་དོན་སྤྱིའི་ཚུལ་གྱིས་རྟོགས་པ་དང་། མཐོང་ལམ་ནས་མངོན་སུམ་དུ་རྟོགས་པ་དང་། སྒོམ་ལམ་ནས་མངོན་སུམ་དུ་རྟོགས་ཟིན་གོམས་པ་ལྷུར་ལེན་གྱི་ཚུལ་དུ་སྒོམ་པར་བྱེད་དགོས་པར་བསྟན་པའོ། །
གཉིས་པ་ལ་གཉིས། གཟུགས་ཕུང་གི་སྟེང་དུ་ཟབ་མོ་བཞི་སྦྱོར་བསྟན་པ་དང་། རིགས་པ་དེ་ཕུང་པོ་གཞན་བཞི་ལ་བསྒྲེ་བར་བསྟན་པའོ། ། དང་པོ་ནི། གཟུགས་ཕུང་ལྟ་བུ་རང་བཞིན་མེད་པར་བལྟ་ཚུལ་ཇི་ལྟར་བྱ་ཞེ་ན། གཟུགས་སྟོང་བའོ། ། སྟོང་པ་ཉིད་གཟུགས་སོ། ། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་པ་སྟེ། གང་ཟག་གི་གཟུགས་ཕུང་ནི་མ་བརྟགས་མ་དཔྱད་པའི་ཐ་སྙད་པའི་ཤེས་ངོར་སྣང་བ་ཙམ་མ་གཏོགས། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་རྣམ་པར་བརྟགས་ཤིང་དཔྱད་པ་ན་བཏགས་དོན་མི་རྙེད་པས་རང་ངོས་ནས་སམ་རང་བཞིན་གྱིས་གྲུབ་པས་སྟོང་པའོ། ། དཔེར་ན། ཆུ་ནང་གི་ཟླ་བ་དང་མེ་ལོང་གི་གཟུགས་བརྙན་དང་སྨིག་རྒྱུའི་ཆུ་དང་རྨི་ལམ་གྱི་མི་དང་སྒྱུ་མའི་རྟགླང་སོགས་ཐ་སྙད་པའི་ཤེས་ངོར་སྣང་བ་ཙམ་མ་གཏོགས། སྣང་ཙམ་ཉིད་ནས་ཟླ་བ་སོགས་སུ་མ་གྲུབ་པ་བཞིན་ནོ། ། བཏགས་དོན་འཚོལ་ཚུལ་ནི་འོག་ཏུ་འཆད་པར་འགྱུར་རོ། ། གལ་ཏེ་རང་བཞིན་གྱིས་མ་གྲུབ་ན་མེད་པར་མི་འགྱུར་རམ་སྙམ་ན། དེར་མི་འགྱུར་བ་ནི་དེ་ལྟར་རང་བཞིན་གྱིས་སྟོང་པ་ཉིད་ཡིན་བཞིན་དུ་ཐ་སྙད་ཙམ་དུ་གཟུགས་སུ་སྣང་ངོ། ། དཔེར་ན། ཟླ་བའི་གཟུགས་བརྙན་ནི་ཟླ་བ་ཡིན་པར་མ་གྲུབ་ཀྱང་ཟླ་བར་སྣང་བ་ཙམ་མི་འགལ་བ་ལྟར་རོ། ། འོ་ན། ཟླ་བའི་གཟུགས་བརྙན་ཟླ་བར་མ་གྲུབ་པ་དེ་བཞིན་དུ། གཟུགས་ཉིད་ཀྱང་གཟུགས་སུ་མ་གྲུབ་པ་ཡིན་ནམ། གཞན་དུ་དེའི་དཔེར་ཇི་ལྟར་རིགས་ཞེ་ན། འདི་ལྟ་བུ་ནི་དོགས་པའི་གནས་ཆེན་པོ་ཡིན་པས་རྒྱས་པར་བཤད་དགོས་པ་ཡིན་ཡང་། འདིར་མང་དུ་དོགས་པས་རྗེ་ཡབ་སྲས་ཀྱི་གཞུང་ཆེ་བ་དག་ལས་ཤེས་པར་བྱ་དགོས་ལ། ཅུང་ཟད་བརྗོད་ན། དཔེ་དོན་དེ་ལྟར་སྦྱོར་བ་ནི་གཟུགས་བརྙན་བྱད་བཞིན་དུ་མ་གྲུབ་པ་དེ་བཞིན་དུ། གཟུགས་ནི་གཟུགས་སུ་རང་བཞིན་གྱིས་མ་གྲུབ་ཅེས་གོ་བར་བྱེད་པ་ཡིན་ཞིང་། དེ་ཡང་མེ་ལོང་གི་གཟུགས་བརྙན་ལྟ་བུ་ནི་འཇིག་རྟེན་པའི་རྒན་པོ་བརྡ་བྱང་རྣམས་ཀྱིས་བྱད་བཞིན་དུ་མ་གྲུབ་པར་རྟོགས་ནུས་པས། གཟུགས་བརྙན་དེ་འཇིག་རྟེན་ན་བརྫུན་པར་གྲགས་ལ། གཟུགས་རང་བཞིན་གྱིས་མ་གྲུབ་ཀྱང་དེར་མ་གྲུབ་པར་འཇིག་རྟེན་རང་ག་བས་རྟོགས་མི་ནུས་པས། གཟུགས་དེ་ནི་འཇིག་རྟེན་རང་ག་བའི་ཤེས་ངོར་བདེན་པར་སྣང་ཞིང་དེའི་ངོར་བདེན་ཡང་། དབུ་མའི་རིགས་པས་སྣང་བ་ལྟར་མ་གྲུབ་པར་རྟོགས་ནུས་པས་དབུ་མ་པ་ལ་གྲགས་པའི་བརྫུན་པ་ཡིན་ནོ། ། དེའི་ཕྱིར་འཇིག་རྟེན་ན་གྲགས་པའི་བརྫུན་པ་ཞིག་དཔེར་བཟུང་ནས། དེ་ལ་བརྫུན་པར་མ་གྲགས་པའི་གཟུགས་སོགས་རང་གི་ངོ་བོས་གྲུབ་པར་སྣང་ཡང་། དེར་མ་གྲུབ་པར་སྒྲུབ་པར་བྱེད་པ་ཡིན་ནོ། ། དེས་ན་གཟུགས་བརྙན་བྱད་བཞིན་དུ་མ་གྲུབ་ཀྱང་གཟུགས་བརྙན་དུ་གྲུབ་པ་ལྟར། གཟུགས་རང་བཞིན་གྱིས་མ་གྲུབ་ཀྱང་གཟུགས་སུ་གྲུབ་པར་ཐ་སྙད་པའི་ཚད་མས་འཇོག་ནུས་ཏེ། དེ་འདྲ་བ་གཞན་ལའང་སྦྱར་རོ། ། གལ་ཏེ་གཟུགས་ནི་ཀུན་རྫོབ་པའི་ངོ་བོ་འདུས་བྱས་ཡིན་ལ། གཟུགས་རང་བཞིན་གྱིས་མེད་པ་ནི་དོན་དམ་འདུས་མ་བྱས་ཡིན་པས་དེ་གཉིས་ངོ་བོ་ཐ་དད་དུ་འགྱུར་རོ་སྙམ་ན་དེར་མི་འགྱུར་བ་ནི། གཟུགས་ཕུང་ལས་དེའི་རང་བཞིན་སྟོང་པ་ཉིད་ངོ་བོ་གཞན་ཏེ་ངོ་བོ་ཐ་དད་པ་མ་ཡིན་ཏེ། ངོ་བོ་གཅིག་ཡིན་ནོ་ཞེས་པའོ། ། དཔེར་ན་གཟུགས་བརྙན་ཟླ་བར་སྣང་བ་དང་དེ་ཟླ་བར་མ་གྲུབ་པ་གཉསི་ངོ་བོ་གཅིག་ཅིང་ཐ་དད་མ་ཡིན་པ་ལྟར་རོ། ། དེ་ཡང་གཟུགས་བརྙན་ཟླ་བར་སྣང་བ་དང་གཟུགས་བརྙན་ཟླ་བར་མ་གྲུབ་པ་གཉིས་གཞི་གཅིག་ལ་དུས་གཅིག་ཏུ་ཚོགས་པ་འཇིག་རྟེན་པའི་ཐ་སྙད་པའི་ཚད་མས་ངེས་པ་མངོན་སུམ་གྱིས་གྲུབ་པ་ཡིན་ལ། གཟུགས་དང་དེའི་རང་བཞིན་མེད་པ་གཉིས་ངོ་བོ་གཅིག་པ་དེ་འཇིག་རྟེན་རང་ག་བས་མི་ངེས་ཀྱང་དབུ་མའི་རིགས་པ་ཤེས་པས་ངེས་ནུས་སོ། ། དེ་ལྟར་ན་གཟུགས་ལས་དེའི་རང་བཞིན་སྟོང་པ་ཉིད་ངོ་བོ་གཞན་མ་ཡིན་པར་མ་ཟད། གཟུགས་ཀྱི་རང་བཞིན་སྟོང་པ་ཉིད་ལས་ཀྱང་གཟུགས་ངོ་བོ་གཞན་ཏེ་ངོ་བོ་ཐ་དད་མ་ཡིན་ནོ། ། དཔེར་ན་གཟུགས་བརྙན་བྱད་བཞིན་གྱིས་སྟོང་པ་ལས་གཟུགས་བརྙན་ངོ་བོ་ཐ་དད་དུ་མེད་པ་བཞིན་ནོ། ། མདོར་ན་གཟུགས་སོགས་རྣམས་རང་གི་རང་བཞིན་སྟོང་པ་ཉིད་དང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཙམ་ཡིན་ཏེ། དཔེར་ན། བྱས་པ་དང་དེའི་མི་རྟག་དང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་བཞིན་ནོ། ། དེ་ལྟར་ཡང་། མགོན་པོ་ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་ལས་ནི་ཐ་དད་པར། ། དེ་ཉིད་དམིགས་པ་མ་ཡིན་ཏེ། ། ཀུན་རྫོབ་སྟོང་པ་ཉིད་དུ་བཤད། ། སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན། ། མེད་ན་མི་འབྱུང་ངེས་པའི་ཕྱིར། ། བྱས་དང་མི་རྟག་ཇི་བཞིན་ནོ། ། ཞེས་གསུངས་སོ། ། གཟུགས་སོགས་དང་དེ་རྣམས་ཀྱི་རང་བཞིན་མེད་པ་གཉིས་གཅིག་དང་ངོ་བོ་ཐ་དད་ལ། གནོད་བྱེད་བཞི་དགོངས་འགྲེལ་ལས་གསུངས་ཀྱང་། བསྡུན་གཟུགས་དང་དེའི་རང་བཞིན་གྱིས་སྟོང་པ་གཉིས་ངོ་བོ་གཅིག་ཡིན་ཀྱང་གཏན་ནས་གཅིག་མ་ཡིན་ཏེ། གཟུགས་ཀུན་རྫོབ་དང་དེའི་རང་བཞིན་གྱིས་སྟོང་པ་ནི་དོན་དམ་བདེན་པ་ཡིན་པའི་ཕྱིར་རོ། ། དེ་གཉིས་ངོ་བོ་ཐ་དད་མ་ཡིན་ཏེ། ཡིན་ནམ་འབྲེལ་བས་གཟུགས་རང་བཞིན་གྱིས་སྟོང་པ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར། དེའི་ཚུལ་ཡང་ཆོས་ཐམས་ཅད་རྟེན་འབྲེལ་ཡིན་པས་རྟེན་འབྲེལ་མ་ཡིན་པའི་ཆོས་མེད་ལ། དེ་མེད་པས་རང་བཞིན་གྱིས་སྟོང་པ་མ་ཡིན་པའི་ཆོས་ཀྱང་མེད་དེ། རྟེན་འབྲེལ་བསྟོད་པ་ལས། དེ་ཕྱིར་བརྟེན་ནས་འབྱུང་བ་ལ། ། མ་གཏོགས་ཆོས་འགའ་ཡོད་མིན་པས། ། རང་བཞིན་གྱིས་ནི་སྟོང་པ་ལ། ། མ་གཏོགས་ཆོས་འགའ་མེད་པར་གསུངས། ། ཞེས་གསུངས་པའི་ཕྱིར།
གཉིས་པ་ནི། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ། ། ཞེས་པ་སྟེ། གཟུགས་ཕུང་ལ་བཤད་པའི་དཔེ་དོན་དེ་བཞིན་དུ། ཚོར་བ་སོགས་བཞི་པོ་རང་བཞིན་གྱིས་གྲུབ་པ་སྟོང་པའོ། ། ཚོར་བ་སོགས་བཞི་རང་བཞིན་གྱིས་སྟོང་ཡང་ཐ་སྙད་དུ་ཚོར་བ་སོགས་བཞི་པོ་དེར་སྣང་ངོ། ། ཚོར་བ་སོགས་བཞི་ལས་དེ་བཞིའི་རང་བཞིན་གྱིས་སྟོང་པ་ཉིད་ངོ་བོ་གཞན་མ་ཡིན། དེ་བཞིའི་རང་བཞིན་སྟོང་པ་ཉིད་ལས་ཚོར་སོགས་བཞི་པོ་དེ་ངོ་བོ་གཞན་ནམ་ངོ་བོ་ཐ་དད་མ་ཡིན་ཏེ་ངོ་བོ་གཅིག་གོ་ཞེས་སྦྱོར་རྒྱུ་ཡིན་ནོ། ། གཉིས་པ་མཐོང་ལམ་ལ་སློབ་ཚུལ་ནི། ཤཱ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགག་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ་ཞེས་པ་སྟེ། ཟབ་མོ་ཁྱད་པར་བརྒྱད་དང་ལྡན་པར་བསྟན་ཏོ། ། དེ་ཡང་ཤཱ་རིའི་བུ་ཞེས་བོས་ནས། སྔར་ཕུང་པོ་ལྔ་རང་བཞིན་གྱིས་སྟོང་པར་བཤད་པ་དེ་ལྟར་སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་ཀྱི་ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་དེ་དེ་ཡང་རང་བཞིན་གྱིས་སྟོང་ཡང་ཆོས་དེ་རྣམས་སུ་སྣང་ངོ། ། ཆོས་དེ་རྣམས་ལས་དེའི་རང་བཞིན་སྟོང་པ་ཉིད་ངོ་བོ་གཞན་མ་ཡིན། དེ་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་ལས་ཆོས་དེ་རྣམས་ངོ་བོ་གཞན་མ་ཡིན་ནོ་ཞེས་སྦྱར་བར་བྱ་སྟེ། དེས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་བསྟན་ཏོ། ། ཆོས་ཐམས་ཅད་རང་གི་མཚན་ཉིད་གཟུགས་སུ་རུང་བ་ལ་སོགས་པ་དང་། སྤྱིའི་མཚན་ཉིད་མི་རྟག་པ་དང་བདག་མེད་པ་ལ་སོགས་པ་རྣམས་ཀྱང་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པ་དང་། གཟུགས་སོགས་འདུས་བྱས་ཀྱི་ཆོས་རྣམས་ཐ་སྙད་ཙམ་དུ་སྐྱེ་ཡང་རང་བཞིན་གྱིས་མ་སྐྱེས་པ་དང་། དེ་རྣམས་སྐྱེས་མཐར་འགག་པ་ཡར་ཐ་སྙད་ཙམ་དུ་ཡིན་གྱི་རང་བཞིན་གྱིས་མ་འགགས་པ་དང་། ཐར་འདོད་ཀྱི་སྐྱེས་བུ་རྣམས་ཀྱི་སྤང་བྱའི་དྲི་མ་འཁོར་བརྒྱུ་དང་བཅས་པ་རང་བཞིན་གྱིས་མེད་པ་ཡིན་ལ། བླང་བྱ་དྲི་མ་དང་བྲལ་བ་མྱ་ངན་ལས་འདས་པའི་ཐར་པ་ཡང་རང་བཞིན་གྱིས་མེད་དོ་ཞེས་པས་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་བསྟན་ཏོ། ། ཀུན་ནས་ཉོན་མོངས་པའི་ཕྱོགས་བྲི་བ་སྟེ་ཟད་པར་འགྱུར་བ་ཡང་རང་བཞིན་གྱིས་མེད་པ་དང་། རྣམ་པར་བྱང་བའི་ཕྱོགས་གང་བ་སྟེ་རྫོགས་པར་འགྱུར་བ་འམ་གོང་འཕེལ་དུ་འགྲོ་བ་ཡང་རང་བཞིན་གྱིས་མེད་པའོ་ཞེས་པ་རྣམ་པར་ཐར་པའི་སྒོ་སྨོན་མེད་བསྟན་པར་བཞེད་དོ། ། དེ་ཡང་ཡུམ་གྱི་མདོ་ལས། གཟུགས་ནི་གང་ནས་ཀྱང་མ་འོངས། གང་དུ་ཡང་མི་འགྲོ། གང་ཡང་གནས་པར་འགྱུར་བ་མེད་དོ། ། ཞེས་སོགས་དང་། འགྲེས་མོས་ཞུས་པ་ལས། སྲིང་མོ་སྐྱེ་བ་གང་ནས་ཀྱང་མ་འོངས། ཞེས་སོགས་མང་དུ་གསུངས་པ་ལྟར་ཏེ། འདི་ལ་སྤྱིར་ཆོས་ཐམས་ཅད་རང་བཞིན་གྱིས་མེད་ཚུལ་ཤེས་ན། བྱེ་བྲག་ཏུ་འདུས་བྱས་ཀྱིས་ཆོས་ཐམས་ཅད་དང་པོར་རང་བཞིན་གྱིས་མ་སྐྱེས་པའི་ཚུལ་ཤེས་ལ། རང་བཞིན་གྱིས་མ་སྐྱེས་པའི་ཚུལ་ཤེས་ན་བར་དུ་རང་བཞིན་གྱིས་མི་གནས་པ་དང་མཐར་རང་བཞིན་གྱིས་མི་འགགས་པ་སོགས་ཀྱང་ཤེས་ནུས་པས་བླང་དོར་གྱི་རྣམ་གཞག་ཐམས་ཅད་ཐ་སྙད་ཙམ་མ་གཏོགས། དོན་དམ་པར་མེད་པའི་ཚུལ་རྣམས་ཤེས་པར་ནུས་སོ། ། རང་བཞིན་གྱིས་མི་སྐྱེ་བའི་རྒྱུ་མཚན་གྱི་གཙོ་བོ་ཡང་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བའི་དབང་གིས་ཡིན་ཏེ། མ་དྲོས་བས་ཞུས་པའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། ། ཞེས་དང་། ཀླུ་སྒྲུབ་ཀྱིས་ཀྱང་རིགས་པ་དྲུག་ཅུ་པ་ལས། བརྟེན་ནས་སྐྱེས་པར་མ་སྐྱེས་པར། དེ་ཉིད་མཁྱེན་པ་མཆོག་གིས་གསུངས། ། ཞེས་དང་། དཔལ་ལྡན་ཟླ་བས་དབུ་མ་འཇུག་པར་ཡང་། གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བ། ། ཞེས་སོགས་དང་། རྗེ་ཉིད་ཀྱིས་ཀྱང་། གང་གང་རྐྱེན་ལ་རག་ལས་པ། ། དེ་དེ་རང་བཞིན་གྱིས་སྟོང་ཞེས། ། ཞེས་སོགས་གསུངས་པ་ལྟར་རོ། ། དེ་ཡང་རྒྱུ་རྐྱེན་དང་ཆ་ཤས་ལ་བརྟེན་ནས་འབྱུང་ན་གཞན་དབང་གིས་སམ་གཞན་ལ་རག་ལས་པའི་དབང་གིས་བྱུང་བ་ཡིན་གྱི། རང་དབང་གིས་སམ་གཞན་ལ་བལྟོས་མེད་དུ་བྱུང་བ་ཡིན་པས་ན་རང་བཞིན་གྱིས་མེད་པ་ཡིན་ཏེ། བཞི་བརྒྱ་པ་ལས། འདི་ཀུན་རང་དབང་མེད་པ་སྟེ། ། དེས་ན་བདག་གི་ཡོད་མ་ཡིན། ། ཞེས་གསུངས་པས་སོ། ། འོན་ཀྱང་དོན་ཕྲ་བས་བློ་ཆུང་གིས་རྟོགས་དཀའོ། །
གསུམ་པ་སྒོམ་ལམ་ལ་སློབ་ཚུལ་ལ་གཉིས་སྒོམ་ལམ་ལ་ཇི་ལྟར་སློབ་ཚུལ་དང་། དེ་ལྟར་བསླབས་པས་ཇི་ལྟར་འཚང་རྒྱ་བའི་ཚུལ་ལོ། ། དང་པོ་ནི། ཤཱ་རིའི་བུ། དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་མེད། ཞེས་པ་ནས། ཆོས་མེད་དོ། ། ཞེས་པའི་བར་གྱིས་སྐྱེ་མཆེད་བཅུ་གཉིས་རང་བཞིན་མེད་པ་དང་། མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད་ཅེས་པས་རྟེན་དབང་པོའི་ཁམས་དྲུག་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ་ཅེས་པས་བརྟེན་པ་རྣམ་ཤེས་ཀྱི་ཁམས་དྲུག་གི་རང་བཞིན་གྱིས་སྟོང་ཚུལ་དངོས་སུ་བསྟན་ནས། དེ་གཉིས་ཀ་བ་སྡོམས་པས་དམིགས་པ་ཡུལ་གྱི་ཁམས་དྲུག་རང་བཞིན་གྱིས་སྟོང་ཚུལ་འཕངས་པས། ཁམས་བཅོ་བརྒྱད་རང་བཞིན་གྱིས་སྟོང་པར་བསྟན་ཏེ། དེ་ཡང་ཤཱ་རིའི་བུ་ཞེས་བོས་ནས། གོང་དུ་བཤད་པའི་རྒྱུ་མཚན་དེ་ལྟ་བས་ན་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པའི་སློབ་པ་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་གཟིགས་ངོ་ལ་སྟེ་གཟིགས་ངོར་གཟུགས་མེད། དེ་བཞིན་དུ་སྦྱར་ཏེ་ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད་པ་སྟེ་ཕུང་པོ་ལྔའི་གཉིས་སྣང་མེད་པར་བསྟན་ལ། དེའི་ངོར་མིག་གི་སྐྱེ་མཆེད་མེད་ཅིང་། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་ཀྱི་སྐྱེ་མཆེད་རྣམས་མེད་པ་སྟེ་ཡུལ་ཅན་གྱི་སྐྱེ་མཆེད་དྲུག་གི་གཉིས་སྣང་མེད་དོ། ། དེ་བཞིན་དུ་གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་པ་སྟེ། ཡུལ་གྱི་སྐྱེ་མཆེད་དྲུག་གི་གཉིས་སྣང་མེད་དོ། ། དེ་བཞིན་དུ་མིག་གི་ཁམས་མེད་པ་ནས། ཡིད་ཀྱི་ཁམས་མེད་ཅེས་པའི་ནས་ཞེས་པ་ནི་སྡུད་ཚིག་ཡིན་པས་རྣ་བ་སྣ་ལྕེ་ལུས་བཞིའི་ཁམས་དང་བཅས་པའི་དབང་པོའི་ཁམས་དྲུག་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ་ཞེས་པའི་བར་གྱིས། གཟུགས་ཀྱི་ཁམས་དང་། སྒྲ་དྲི་རོ་རེག་བྱ་ཆོས་ཀྱི་ཁམས་ཏེ་ཡུལ་གྱི་ཁམས་དྲུག་དང་། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་ཁམས་ཏེ་རྣམ་ཤེས་ཀྱི་ཁམས་དྲུག་གི་གཉིས་སྣང་ལྡོག་གོ། འདིར་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་རྣམས་སྟོང་ཉིད་ལ་ཆུ་ལ་ཆུ་བཞག་པ་བཞིན་དུ་གྱུར་པའི་མཉམ་གཞག་གི་གཟིགས་ངོར་མེད་པ་དང་། དེ་རྣམས་སྤྱིར་རང་བཞིན་གྱིས་མེད་པ་དང་། དོན་དམ་དཔྱོད་བྱེད་ཀྱི་རིགས་པའི་དཔྱད་བཟོད་དུ་མེད་པ་དང་། དེ་རྣམས་ཀྱི་ཐ་སྙད་བཏགས་དོན་བཙལ་ན་མི་རྙེད་པ་གང་ལ་སྦྱར་ཡང་གནད་གཅིག་ཏུ་འགྲོའོ། ། སྐབས་འདི་དག་ཏུ་དགག་བྱའི་ཁྱད་པར་དངོས་སུ་མ་སྦྱར་ཡང་། གོང་དུ་ཕུང་པོ་ལྔ་པོ་རང་བཞིན་གྱིས་སྟོང་པར་གསུངས་པའི་ཚེ་དགག་བྱ་ལ་རང་བཞིན་གྱིས་ཞེས་དངོས་སུ་སྦྱར་ཟིན་པ་ལ་དགོངས་ཤིང་། འདིར་སྟོང་པ་ཉིད་ལ་ཞེས་གསུངས་པས་ཀྱང་གོ་ནུས་སོ། ། ཡང་མ་རིག་པ་མེད་པ་ནས་རྒ་ཤི་མེད། རྒ་ཤི་ཟད་བའི་བར་དུ་ཡང་མེད་དོ་ཞེས་པས་གཟིགས་དོ་དེར་རྟེན་འབྲེལ་ལུགས་འབྱུང་དང་ལུགས་ལྡོག་གི་གཉིས་སྣང་མེད་པར་སྟོན་ཏེ། དེ་ཡང་མ་རིག་པ་མེད་པ་ནས་ཞེས་པའི་ནས་ནི་སྡུད་པའི་ཚིག་ཡིན་པས། དེ་དང་རྒ་ཤི་མེད་པའི་བར་ཀྱིས་འདུ་བྱེད་དང་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་སྐྱེ་མཆེད་དང་རེག་པ་དང་ཚོར་བ་དང་སྲེད་པ་དང་ལེན་པ་དང་སྲིད་པ་དང་སྐྱེ་བ་དང་བཅས་པའི་ཉོན་མོངས་ཕྱོགས་ཀྱི་ཡན་ལག་བཅུ་གཉིས་དང་། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ་ཞེས་པས་ཐ་མ་བསྟན་པ་དང་བར་དུ་ཞེས་པས་དེར་མ་ཟད་མ་རིག་པ་ཟད་པ་དང་། འདུ་བྱེད་ཟད་པ་དང་། དེ་བཞིན་དུ། སྐྱེ་བ་ཟད་པ་དང་། རྒ་ཤི་ཟད་པའི་བར་གྱིས་རྣམ་བྱང་ཕྱོགས་ཀྱི་ཡན་ལག་བཅུ་གཉིས་ཀྱི་མངོན་ཞེན་གཟིགས་ངོ་དེར་ལྡོག་པར་བསྟན་ཏོ། ། ཡང་དེ་བཞིན་དུ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད་ཅེས་པས་སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་སྟེ་འཕགས་པའི་བདེན་པ་བཞིའི་མངོན་ཞེན་གཟིགས་ངོ་དེར་མེད་དོ། ། ཡང་ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ་ཞེས་པས་མཉམ་གཞག་དེའི་གཟིགས་ངོར་ཡུལ་ཅན་ལམ་དང་ཡེ་ཤེས་རང་ཉིད་ཀྱི་གཉིས་སྣང་མེད་ལ། ཐོབ་པར་བྱ་བའི་ཆོས་ཡང་མེད་ཅིང་། ཐོབ་འགྱུར་དང་ཐོབ་བྱ་མ་ཡིན་པའི་མ་ཐོབ་པ་ཡང་མེད་དོ་ཞེས་གཟིགས་ངོ་དེར་བླང་དོར་ལ་བདེན་ཞེན་ལྡོག་པའི་ཚུལ་བསྟན་པའོ། ། ཕྱི་མ་འདི་དག་ལ་དོན་འཆད་ཚུལ་མི་འདྲ་བ་འགའ་རེ་མཐོང་སྟེ་དོན་དུ་མི་འགལ་ཡང་། འདི་ཉིད་འཐད་པར་སེམས་སོ། ། འོན་ཀྱང་རོང་ཊིཀ་པས་མ་ཐོབ་པ་ཡང་མེད་དོ་ཞེས་པ་ནི། ཀུན་རྫོབ་ཏུ་ཐོབ་པ་ཡོད་པ་ལ་འཆད་པ་ནི་སྐབས་སུ་བབ་པར་མ་མཐོང་ངོ། ། མདོར་ན་དེ་དག། སློབ་པ་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་དོན་དམ་གཟིགས་པའི་གཟིགས་ངོར་གཟུགས་སོགས་ཀུན་རྫོབ་པའི་གཉིས་སྣང་གི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་དོན་ཏེ། དེ་ཡང་། སྡུད་པ་ལས། གཟུགས་རྣམས་༼མི་མཐོང༽་ཚོར་བ་དང་ཀྱང་མི་མཐོང་ཞིང་། ། འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང་། ། གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། ། འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། ། ཞེས་དང་། གང་དག་དེ་ནི་འདུས་མ་བྱས་ཡིན་སྤྲོས་མེད་དེ། ། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། ། ཞེས་དང་། མངོན་རྟོགས་རྒྱན་ལས། གཟུགས་ལ་སོགས་པ་མི་ཤེས་ཕྱིར། ། དེ་ནི་བསམ་མི་ཁྱབ་པར་འདོད། ། ཞེས་དང་། ཀླུ་སྒྲུབ་ཀྱིས་རྩ་ཤེས་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། ། འགག་པ་མེད་པ་སྐྱེ་མེད་པ། ། ཞེས་སོགས་དང་། ཞི་བ་ལྷས་སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག། བློ་ཡི་མདུན་ན་མི་གནས་པ། ། དེ་ཚེ་རྣམ་པ་གཞན་མེད་པས། ། དམིགས་པ་མེད་པར་རབ་ཏུ་ཞི། ། ཞེས་གསུངས་པ་རྣམས་དང་དོན་འདྲའོ། ། དེ་ལ་འཕགས་པའི་མཉམ་གཞག་མི་རྟོག་པའི་ཡེ་ཤེས་ཀྱིས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་གཟིགས་དོན་གཟུགས་སོགས་ཀུན་རྫོབ་ཀྱི་རྣམ་པ་མི་འཆར་བའི་རྒྱུ་མཚན་ཡོད་དེ། དེས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཚེ་གཉིས་སྣང་ནུབ་པའི་སྒོ་ནས་གཟིགས་པ་ཡིན་ལ། ཀུན་རྫོབ་པའི་ཆོས་གང་བློ་ལ་འཆར་བ་ན་གཉིས་སྣང་དང་བཅས་པའི་ཚུལ་གྱིས་འཆར་བ་ཡིན་པའི་ཕྱིར་ཏེ། དོན་དམ་པའི་ཆོས་རྣམས་ནི་དགག་བྱ་བདེན་གྲུབ་སོགས་གཉིས་སྣང་གི་སྤྲོས་པ་རྣམ་པར་བཅད་པའི་ཚུལ་གྱིས་སྣང་ཚུལ་དང་གནས་ཚུལ་མཐུན་པར་གནས་ཤིང་། གནས་པ་ལྟར་གཟིགས་པ་ཡིན་ལ། ཀུན་རྫོབ་པའི་ཆོས་རྣམས་ནི་གཉིས་སྣང་གི་སྤྲོས་པ་དུ་མ་དང་བཅས་ཏེ་སྣང་ཚུལ་དང་གནས་ཚུལ་མི་མཐུན་པར་གཟིགས་པའི་ཕྱིར་རོ། ། སྤྱིར་གཉི་སྣང་གི་སྤྲོས་པ་ལ་སྒྲ་རྟོག་དང་། ཡུལ་ཡུལ་ཅན་ཐ་དད་པའི་སྣང་བ་དང་། བདེན་གྲུབ་དང་དེར་སྣང་བ་དང་། ཀུན་རྫོབ་ཀྱི་གཉིས་སྣང་སོགས་མང་ཡང་འདིར་ཤེས་ན་དེ་རྣམས་གང་དང་སྦྱར་ཀྱང་མི་འགལ་ལོ། ། དགག་བྱ་ལ་རྟགས་ཀྱི་དགག་བྱ་དང་། རིགས་པའི་དགག་བྱ་དང་། ལམ་གྱི་དགག་བྱ་སོགས་མང་ཡང་། རྟགས་ཡང་དག་གི་དགག་བྱ་མཐར་ཐུག་ནི། རང་བཞིན་གྱིས་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ། རང་ངོས་ནས་གྲུབ་པ། བདེན་པར་གྲུབ་པ། དོན་དམ་པར་གྲུབ་པ། ཡང་དག་པར་གྲུབ་པ། རང་དབང་དུ་གྲུབ་པ་རྣམས་ཏེ། རང་བཞིན་གྱིས་སྟོང་པ་འམ། རང་བཞིན་གྱིས་མེད་ཅེས་སྦྱོར་རུང་བ་ཐམས་ཅད་ལ་ནི་དེ་ཐམས་ཅད་ཀྱིས་སྟོང་པ་དང་མེད་ཅེས་སྦྱོར་རུང་སྟེ། དེ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཙམ་ཡིན་པའི་ཕྱིར་རོ། ། གཉིས་པ་དེ་ལ་བརྟེན་ནས་ཇི་ལྟར་འཚང་རྒྱ་བའི་ཚུལ་ལ་གཉིས་ཀྱི་དང་པོ་ནུས་པ་ནི། ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཅིང་གནས་ཏེ་ཞེས་པས་སྟོན་ཏེ། ཤཱ་རིའི་བུ་ཞེས་བོས་ནས། ཚོགས་སྦྱོར་གཉིས་དང་མཐོང་སྒོམ་གྱི་ལཾ་གཉིས་ཏེ་བཞི་ལ་སློབ་ཚུལ་གོང་དུ་བསྟན་པའི་ཚུལ་དེ་ལྟ་བས་ན། གང་ཟག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་གཞག་ཡེ་ཤེས་ཀྱི་གཟིགས་ངོ་ན་གཟུགས་མེད་པ་ནས། ཐ་མའི་ཐོབ་པ་དང་མ་ཐོབ་པའི་བར་གང་ཡང་རང་བཞིན་གྱིས་གྲུབ་པ་མེད་པའི་ཕྱིར་དེ་ལྟར་མེད་པར་མངོན་སུམ་དུ་རྟོགས་པའི་ཚུལ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འཇོག་ལ། ཟབ་མོའི་སྤྱོད་ཚུལ་དེ་ལ་བརྟེན་ཅིང་གནས་པར་བྱས་བས་ཏེ། དེའི་མཐུས་འབྲས་བུ་འཆད་པར་འགྱུར་བ་ལྟར་འཐོབ་པར་ནུས་སོ། ། འདི་ནི་འཆད་ཚུལ་གཅིག་གི་དབང་དུ་བྱས་པ་ཡིན་ལ། འོན་ཀྱང་སེམས་ལ་སྒྲིབ་པ་མེད་ཅིང་ནས་ཤིན་ཏུ་འདས་ཞེས་པ་ཡན་ཆད་རྒྱུན་མཐའ་དང་སྦྱར་ནའང་མི་འགལ་ཞིང་། སྐབས་འདི་གཞུང་སྔོན་མའི་དོན་བསྡུར་སྦྱར་རུང་བར་སེམས་སོ། །
གཉིས་པ་མཐར་འཚང་རྒྱ་ཚུལ་ནི། སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པར་ཕྱིན་ཏོ་ཞེས་བསྟན་ཏེ། འདི་ལ་ཆོས་རྗེ་རོང་ཊི་ཀ་པ་དང། གུང་རུ་རྒྱལ་མཚན་བཟང་པོ་གཉིས་ཀྱིས། སྟོང་ཉིད་ཀྱི་དོན་རྟོགས་ཤིང་གོམས་ན་སེམས་ལ་བདེན་འཛིན་སྒྲིབ་པ་མེད་པས། སྟོང་པ་ཉིད་ཀྱི་དོན་ལ་སྐྲག་པ་མེད་དེ། ཕྱིན་ཅི་ལོག་བདེན་འཛིན་ལས་ཤིན་ཏུ་འདས་ནས་ཐེག་ཆེན་གྱི་མྱ་ངན་ལས་འདས་པའི་མཐར་ཐོབ་པར་བྱ་བ་སངས་རྒྱས་ཀྱི་སར་ཕྱིན་ཏོ་ཞེས་འཆད་ལ། འཇམ་དབྱངས་དགའ་བློས་དེ་ནི། གང་དྲན་དྲན་གྱི་འབྲུ་བསྣོན་ཡིན་པར་བཤད་ནས། ས་བཅུའི་ངོ་སྐལ་གྱི་སྤང་བྱའི་སྒྲིབ་པ་གཉིས་གཉིས་ཡོད་པ་རྣམས་རིམ་གྱིས་སྤངས་ཏེ། ཕྱིན་ཅི་ལོག་བཞིས་འཇིགས་སྐྲགས་པ་མེད་པས། དེ་ལས་འདས་པའི་མི་གནས་པའི་མྱང་འདས་ཐོབ་པར་འཆད་དོ། ། ཕྱིན་ཅི་ལོག་བཞི་ནི་གཙང་བ་དེ་རྟག་བདག་ཏུ་འཛིན་པ་བཞི་ལ་གཞན་ནས་བཤད་པ་ལྟར་རོ། ། ཁོ་བོ་ལྟར་ན་ནི་དེ་གཉིས་གང་བྱས་ཀྱང་མི་འགལ་ཞིང་། ཁྱད་པར་དུ་བཤད་པ་དང་པོ་ཉིད་བདེ་བར་སེམས་སོ། ། བདག་མེད་པ་ལ་བདག་ཏུ་འཛིན་པ་ནི་ཕྱིན་ཅི་ལོག་ཏུ་བཤད་པའི་ཕྱིར་བདག་འཛིན་ནམ་བདེན་འཛིན་ཡང་ཕྱིན་ཅི་ལོག་ཏུ་འཇོག་དགོས་པས། ཕྱིན་ཅི་ལོག་ཞེས་པ་ཙམ་གྱིས་ཕྱིན་ཅི་ལོག་བཞི་ཀ་ལ་ངེས་པར་བཤད་དགོས་པ་ནི་མ་ཡིན་ནོ། ། ཁ་ཅིག་ཏུ་འདས་པར་ཕྱིན་ཏོ་ཞེས་འབྱུང་ལ། ལ་ལར་འདས་པར་མཐར་ཕྱིན་ཏོ་ཞེས་འབྱུང་བའི་སྔ་མ་ལྟར་བྱས་ན་བདེ་བར་སེམས་པས། དེ་ལྟར་ན་སངས་རྒྱས་ཀྱི་སའི་མྱ་ངན་ལས་འདས་པར་ཕྱིན་པའམ། དེ་ཐོབ་པར་འགྱུར་བའི་དོན་ནོ། ། སྤྱིར་འཆི་བའི་དུས་བྱས་པ་འགའ་ཞིག་ལ་མྱ་ངན་ལས་འདས་པ་ཞེས་ཟེར་ཡང་། འདིར་ཐར་པ་ལ་མྱང་འདས་སམ་མྱ་ངན་ལས་འདས་པའི་ཐ་སྙད་མཛད་པ་ལྟར་ཡིན་གྱི། སྔ་མ་མིན་ལ། མྱ་ངན་ཡང་སྡུག་ཀུན་གཉིས་ལ་བྱས་ནས། དེ་ལས་འདས་པ་ནི་དེ་སྤངས་པའི་དོན་ནོ། ། དེ་ལྟ་ནའང་མྱང་འདས་ཐོབ་ན་ནི། ཉོན་མོངས་སྤངས་པས་ཁྱབ་ཀྱང་། སྡུག་ཀུན་གཉིས་སྤངས་པས་ཁྱབ་པར་མི་འདོད་དོ། ། བཞི་བ་ནི། དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ནས། སངས་རྒྱས་སོ་ཞེས་པ་ནི། འདས་མ་འོངས་ད་ལྟའི་དུས་གསུམ་དུ་རང་དུས་དེར་སངས་རྒྱས་ནས་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བསྒོམས་པ་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྫོགས་པར་སངས་རྒྱས་སོ་ཞེས་པ་སྟེ། བྱང་གི་སྒྲ་ནི་སངས་རྒྱས་རེ་རེ་གཉིས་གཉིས་སུ་མ་ཟད་ཅེས་པའོ། ། འོ་ན་འདས་པ་དང་མ་བྱོན་པ་གཉིས་ལ་བཞུགས་ཅེས་གསུང་བ་ཇི་ལྟར་ཡིན་སྙམ་ན། སྐྱོན་མེད་དེ། རང་དུས་ལ་དགོངས་པའི་ཕྱིར་རོ། ། ཤེར་ཕྱིན་ནི་འདིར་གཞུང་ཤེར་ཕྱིན་ལ་བྱེད་པ་མ་ཡིན་གྱི། ལམ་ཤེར་ཕྱིན་ཏུ་གྱུར་པའི་སྟོང་ཉིད་རྟོགས་པའི་ཡེ་ཤེས་ལ་བྱེད་པ་ཡིན་ནོ། ། ཚུལ་དེ་ནི་རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་པ་གསུམ་ནས་འབྱུང་བའི་དོན་མདོ་སྡུད་པ་ལས། རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུར་གང་བཞུགས་པ། ། ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། ། ཞེས་གསུངས་པ་ལྟར་ཡིན་ནོ། ། སངས་རྒྱས་ཐོབ་པ་ལ་སྟོང་ཉིད་རྟོགས་དགོས་པར་མ་ཟད། ཐེག་པ་གསུམ་པོ་གང་གིའང་ཐར་པ་ཐོབ་པ་ལ་ནི་སྟོང་ཉིད་ངེས་པར་རྟོགས་དགོས་ཏེ། སྟོང་ཉིད་རྟོགས་པའི་ལྟ་བ་ནི་ཞི་སྒོ་གཉིས་སུ་མེད་པར་བཤད་པའི་དགོས་པ་དེ་ཡིན་ཞིང་། ཏིང་ངེ་འཛིན་རྒྱལ་པོའི་ལུང་སྔར་དྲངས་པ་ལྟར་དང་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། ཉན་ཐོས་རྣམས་དང་རང་སངས་རྒྱས། ། སངས་རྒྱས་རྣམས་ཀྱིས་ངེས་བསྟེན་པའི། ། ཐར་ལམ་ཁྱོད་ནི་གཅིག་པུ་སྟེ། ། གཞན་ཞེས་བགྱི་བ་མ་མཆིས་ངེས། ། ཞེས་གསུངས་པ་ལྟར་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་ནི་ཐེག་ཆེན་པའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་ཡེ་ཤེས་དང་དོན་གཅིག་ཏུ་འདོད་པ་དང་དེའི་རྒྱུད་ཉིད་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དང་དོན་གཅིག་ཏུ་འདོད་པའི་ཚུལ་སོགས་མང་དུ་ཡོད་ཀྱང་། སྟོང་ཉིད་རྟོགས་དགོས་པ་ལ་ནི་འདྲའོ། ། རྡོར་གཅོད་ལས། དུས་གསུམ་གྱི་རྒྱུན་ཏུ་ཞུགས་པ་ནས་སངས་རྒྱས་ཀྱི་བར་ཐམས་ཅད་ཤེར་ཕྱིན་ལ་བརྟེན་ནས་ཐོབ་པར་གསུངས་པ་ནི་སྟོང་ཉིད་རྟོགས་པའི་ཡེ་ཤེས་ལ་དགོངས་པ་ཡིན་ནོ། ། སྟོང་ཉིད་རྟོགས་པའི་ཡེ་ཤེས་དེ་ཐེག་དམན་པའི་རྒྱུད་ལ་ཡོད་ཀྱང་། ཤེར་ཕྱིན་ཏུ་མི་འགྱུར་བ་ནི་ཐེག་ཆེན་སེམས་བསྐྱེད་དང་རྫོགས་བྱང་དུ་བསྔོ་བའི་བསྔོ་བས་མ་ཟིན་པའི་དབང་ཡིན་ལ། ཡེ་ཤེས་དེ་ཉིད་སེམས་བསྐྱེད་དང་བསྔོ་བ་དེ་གཉིས་ཀྱིས་ཟིན་ན་ཤེར་ཕྱིན་དུ་འགྱུར་བར་བཞེད་པ་ལྟར་བྱའོ། ། སྦྱིན་སོགས་ཕར་ཕྱིན་དང་པོ་ལྔ་སྟོང་ཉིད་རྟོགས་པའི་ཤེར་ཕྱིན་གྱིས་མ་ཟིན་ན་ལོང་བ་དང་འདྲ་ཞིང་། དེས་ཟིན་ན་ལོང་འཁྲིད་དམ་མིག་ལྡན་དང་འདྲ་བར་གསུངས་ཏེ། སྡུད་པ་ལས། དམུས་ལོང་དམིགས་པུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། ། ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། ། ཤེས་རབ་མེད་ན་མིག་མོད་ཕ་རོལ་ཕྱིན་ལྔ་འདི། ། དམིགས་པུ་མེད་པ་བྱང་ཆུབ་རེག་པར་ནུས་མ་ཡིན། ། གང་ཚེ་ཤེས་རབ་ཀྱིས་ནི་རབ་ཏུ་ཟིན་གྱུར་ན། ། དེ་ཚེ་མིག་རྙེད་གྱུར་ཅིང་འདི་ཡི་མིང་འཐོབ་བོ། ། ཞེས་དང་། རྡོར་གཅོད་ལས། འདི་ལྟ་སྟེ་དཔེར་ན་མིག་དང་ལྡན་པའི་མི་ཞིག་མུན་པར་ཞུགས་ནས་ཅི་ཡང་མི་མཐོང་བ་དེ་བཞིན་དུ་གང་དངོས་པོར་ལྷུང་བའི་སྦྱིན་པ་ཡོངས་སུ་གཏོང་བའི་བྱང་ཆུབ་སེམས་དཔར་བལྟ་བར་བྱའོ། ། རབ་འབྱོར་འདི་ལྟ་སྟེ། དཔེར་ན། ནམ་ལངས་ཏེ་ཉི་མ་ཤར་ནས་མིག་དང་ལྡན་པའི་མིས་གཟུགས་རྣམ་པ་སྣ་ཚོགས་དག་མཐོང་བ་དེ་བཞིན་དུ། གང་དངོས་པོར་མ་ལྷུང་བའི་སྦྱིན་པ་ཡོངས་སུ་གཏོང་བའི་བྱང་ཆུབ་སེམས་དཔར་བལྟ་བར་བྱའོ། ། ཞེས་དང་། ཟླ་བས་ཀྱང་། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། ། མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི། ། ཡུལ་དུ་འཁྲིད་པ་དེ་བཞིན་འདིར་ཡང་བློས། ། མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་ཉིད་འགྲོ། ། ཞེས་གསུངས་པ་ལྟར་རོ། ། དངོས་པོར་ལྷུང་བ་ནི་བདེན་འཛིན་གྱིས་བཅིངས་ནས་ཏོང་ཉིད་མ་རྟོགས་པ་ཡིན་ལ། དངོས་པོར་མ་ལྷུང་བ་ནི་བདེན་མེད་རྟོགས་པ་སྟེ། སྦྱིན་པས་ཚུལ་ཁྲིམས་སོགས་ལྷག་མ་བཞི་ཡང་མཚོན་ནོ། ། གཉིས་པ་སྔགས་ཚིག་གིས་བསྡུས་ཏེ་བསྟན་པ་ལ་གཉིས། ཆེ་བ་བསྟན་པ་དང་། སྔགས་ཚིག་དངོས་བཤད་པའོ། ། དང་པོ་ནི་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། ཞེས་པ་ནས། མི་བརྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ་ཞེས་པ་སྟེ། ཤེར་ཕྱིན་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱིས་ཀྱང་བསླབ་པར་བྱ་བའི་གཞི་ཡིན་པ་དེ་ལྟ་བས་ན། ལམ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་ཡིན་ཏེ། འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་བྱེད་པའི་ཕྱིར་རོ། ། རིག་པ་ཆེན་པོའི་སྔགས་ཡིན་ཏེ། མ་རིག་པ་སོགས་ཉོན་མོངས་པ་ཐམས་ཅད་འཇོམས་པར་བྱེད་པའི་ཕྱིར། བླ་ན་མེད་པའི་སྔགས་ཡིན་ཏེ། འདི་ལས་ལྷག་པའི་ཐར་པར་བགྲོད་པའི་ལམ་མེད་པའི་ཕྱིར། མི་མཉམ་པ་དང་མཉམ་པའི་སྔགས་ཡིན་ཏེ། མཉམ་པ་མེད་པའི་སངས་རྒྱས་དང་མཉམ་པའི་ཕྱིར། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས་ཡིན་ཏེ། སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་ཞི་བར་བྱེད་ནུས་པའི་ཕྱིར། བདེན་པར་ཤེས་པར་བྱ་བའི་སྔགས་ཡིན་ཏེ། ཤེར་ཕྱིན་དེས་ཆོས་ཉིད་གཟིགས་པ་ལྟར་བདེན་ཅིང་མི་སླུ་བའི་མི་བརྫུན་པས་ན་ཏེ་དེའི་ཕྱིར་རོ། ། དེ་ཡང་སྡུད་པ་ལས། རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་འདི་རིག་སྔགས་ཆེ། ཞེས་པ་ནས། རིག་སྔགས་འདི་ལ་བསླབས་ནས་མཁས་པ་བྱང་ཆུབ་རེག། ཅེས་གསུངས་པ་ལྟར་ཏེ། དེ་ནི་ཡུམ་རྒྱས་འབྲིང་བསྡུས་པ་གསུམ་ལས་འབྱུང་བའི་དོན་བསྡུས་པའོ། ། ངེས་དོན་གྱི་གསང་སྔགས་དང་རིག་སྔགས་ནི་ཐབས་ཤེས་ཁྱད་པར་ཅན་ཞིག་ལ་བྱེད་པས། ཤེར་ཕྱིན་དངོས་ལང་དོན་དུ་སྔགས་སུ་མི་འགལ་མོད། ། མདོ་སྔགས་གཉིས་སུ་ཕྱེ་བའི་སྔགས་ནི་མ་ཡིན་ནོ། ། འདིའི་སྔགས་ཚིག་ཀྱང་མདོ་ཕྱོགས་ཀྱི་སྔགས་ཚིག་ཡིན་གྱི། རྒྱུད་བཞིར་གཏོགས་པའི་སྔགས་མ་ཡིན་པས་ཕྱེད་པར་བྱའོ། །
གཉིས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། སྨྲས་པ། ཏདྱ་ཐཱ་ཨོཾ་ག་ཏེ་ག་ཏེ་ནས་སྭཱ་ཧཱའི་བར་ཏེ། འདི་ལ་མཁས་པ་ཕལ་ཆེར་ལྟར་ན། ཏདྱ་ཐཱ་ནི། འདི་ལྟ་སྟེའམ། དེ་གང་། ཨོཾ་ནི་བཀྲ་ཤིས་པ་དང་བདེ་བ་སྟེར་བ་སོགས་དོན་བདུན་ལ་འཇུག་ཅེས་བྱ་ལ། ག་ཏེ་ག་ཏེ་ནི་སོང་ཤིག་སོང་ཤིག་ཅེས་པ་སྟེ། གང་དུ་སོང་ཞེ་ན། སྔ་མ་ཚོགས་ལམ་དང་། ཕྱི་མ་སྦྱོར་ལམ་དུ་སོང་ཤིག། པཱ་ར་ག་ཏེའི་པཱ་ར་ནི་ཕ་རོལ་ཏེ། དེའི་ཕ་རོལ་མཐོང་ལམ་དུ་སོང་ཤིག། པཱ་ར་སངྒ་ཏེ་ནི། དེའི་ཕ་རོལ་སྒོམ་ལམ་དུ་ཡང་དག་པར་སོང་ཤིག་ཅེས་པ་སྟེ། སཾ་ནི་འདིར་ཡང་དག་པའི་དོན་དུ་བསྒྱུར་བའོ། ། བྷོ་དྷི་སྭཱ་ཧཱ་ནི་བྱང་ཆུབ་ཏུ་གཞི་ཚུགས་ཞེས་པ་ཡིན་ལ། དོན་ནི་བྱང་ཆུབ་ཆེན་པོ་སངས་རྒྱས་ཀྱི་སར་སོང་ཤིག་ཅེས་པའོ། ། ཞེས་པའི་དོན་ཡིན་ལ། བོད་སྔ་མ་ཁ་ཅིག༌། ག་ཏི་གཉིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སོང་། པཱ་ར་ག་ཏེ་ནི་རང་རྒྱལ་གྱི་བྱང་ཆུབ་ཏུ་སོང་། པཱ་ར་སཾ་ག་ཏེ་ནི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སོང་ཞེས་འདོད། པོ་ཏོ་བ་དང་དྭགས་པོ་བས་ནི། ག་ཏེ་གཉིས་ཀྱིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་བསྟན། པཱ་ར་ག་ཏེས་ནི་མཚན་མ་མེད་པ་དང་། པཱ་ར་སཾ་ག་ཏེས་ནི་སྨོན་མེད་བསྟན་པར་བཞེད། བཤེས་གཉེན་སྟོན་པས་ནི། སྔར་བཤད་པ་ལྟར་བཞེད་པས་ཕྱི་མའི་བཤད་པ་བདེ་ཞེས་མཁས་པ་ཁ་ཅིག་གསུངས་ཤིང་། རང་ལུགས་ཀྱང་དེ་ལྟར་རོ། ། གསུམ་པ་མདོར་བསྡུས་ཏེ་བསླབ་པར་གདམས་པ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ་ཞེས་པ་སྟེ། ཤཱ་རིའི་བུ་ཞེས་པོས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོང་དུ་བཤད་པ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། ། ཞེས་གལ་ཆེ་བར་གདམས་པའོ། ། གསུམ་པ་རྗེས་སུ་ཡི་རང་མཛད་པ་ནི། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་ཞེས་པ་མན་ཆད་ཀྱིས་སྟོན་ཅིང་། དེ་ཡང་། སྤྱན་རས་གཟིགས་ཀྱིས་དེ་ལྟར་བསྟན་ཟིན་པ་དེ་ནས་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལས་བཞེངས་པའི་ཚུལ་བསྟན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། ཁྱོད་ཀྱིས་དེ་ལྟར་བསྟན་པ་དེ་ལེགས་པར་བསྟན་པས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ་གཉིས་གསུངས་པ་ནི་ཤིན་ཏུ་ལེགས་པར་བསྟན་པ་ལ་ཐུགས་དགྱེས་ཤིང་། གཞན་ཡིད་ཆེས་སུ་གཞུག་པའི་དོན་དུ་ལྷག་པར་བསྣན་པའོ། ། རིགས་ཀྱི་བུ་དེ་དེ་བཞིན་ནོ། ། དེ་དེ་བཞིན་ཏེ་ཞེས་གཉིས་གསུངས་པ་ནི། དོན་ཇི་ལྟ་བ་བཞིན་དུ་ཆོས་དང་མཐུན་པར་བསྟན་པ་ལ་བདེན་ཁ་སྟེར་བ་སྟེ། དེ་ཡང་འཁོར་རྣམས་ཡིད་ཆེས་པའི་དོན་དུའོ། ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སྤྱད་པར་བྱ་སྟེ། དེ་ལྟར་བསྟན་པ་འདི་ལ་ངས་རྗེས་སུ་ཡི་རང་བ་མཛད་པ་ཙམ་དུ་མ་ཟད། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱང་ཐུགས་དགྱེས་པས་རྗེས་སུ་ཡི་རང་ངོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། གཞན་དེར་འདུས་པའི་ཐམས་ཅད་དང་ལྡན་པའི་འཁོར་བྱང་སེམས་ཉན་ཐོས་དེ་དག་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་པ་རྣམས་ཡི་རང་ཞིང་དགའ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་པ་སྟེ། ཡིད་ཆེས་པའི་མཇུག་སྡུད་དང་བསྔགས་པའོ། ། ཁ་ཅིག་ཏུ་ཤཱ་ར་དྭ་ཏིའི་བུ་ཞེས་འབྱུང་བ་ལྟར་ན། སྟོན་ལྡན་མའི་བུ་སྟེ་ཤཱ་ར་ད་ནི་སྟོན་པ་དང་། པ་ཏི་ཨ་ལྡན་པའི་དོན་དུ་བཤད་པ་ལྟར་རོ། ། འོ་ན་འདིའི་གཞུང་དངོས་ནི་སྤྱན་རས་གཟིགས་ཀྱིས་བཤད་པས་དེ་སངས་རྒྱས་ཀྱི་བཀའ་ཇི་ལྟར་འགྱུར་ཞེ་ན། སྤྱིར་སངས་རྒྱས་ཀྱི་བཀའ་ལ་ཞལ་ནས་གསུངས་པ་དང་། བྱིན་གྱིས་རླབས་པ་དང་། རྗེས་སུ་གནང་བའི་བཀའ་གསུམ་ཡོད་པ་ལྟར། གཞུང་འདི་ལའང་དེ་གསུམ་ཀ་ཚང་སྟེ། ཐོག་མའི་གླེང་གཞི་དང་མཇུག་གི་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་སོགས་རྗེས་སུ་གནང་བའི་བཀའ། ཤཱ་རིའི་བུས་དྲིས་པ་དང་སྤྱན་རས་གཟིགས་ཀྱིས་ལན་མཛད་པ་རྣམས་བྱིན་གྱིས་རླབས་པའི་བཀའ། སངས་རྒྱས་ཉིད་ཀྱིས་ལེགས་སོ་དང་ཡི་རང་མཛད་པ་ནི་ཞལ་ནས་གསུངས་པའི་བཀའ་ཡིན་ནོ། ། སངས་རྒྱས་ཀྱི་བཀའ་ཡིན་ན་ཞལ་ནས་གསུངས་དགོས་པའི་ངེས་པ་མེད་དེ། གདུགས་དཀར་ནི་སངས་རྒྱས་ཀྱི་གཙུག་ཏོར་ནས་བྱུང་ཞིང་། དེར་མ་ཟད། སངས་རྒྱས་ཀྱི་མཛོད་སྤུ་མགྲིན་པ་སྤྱན་སྙན་ཤངས་ལ་སོགས་པའི་སྐུའི་ཆ་ཤས་ཐམས་ཅད་དང་ལྗོན་པ་དག་ལས་ཀྱང་ཆོས་སྟོན་ནུས་པའི་ཕྱིར་ཏེ། རྗེས་བསྟོད་སྤྲིན་རྒྱ་མཚོ་ལས། སྤྱི་གཙུག་མཛོད་སྤུ་མགྲིན་པ་ལ་སོགས་ཁྱོད་སྐུའི་ཆ་ཤས་ཀུན་ནས་འབྱུང་བར་རབ་སྟོན་ཀྱང་། ། ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།
གསུམ་པ་མཇུག་གི་དོན་ནི། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་རྫོགས་སོ། ། ཞེས་པ་སྟེ། སྤྱིར་བཅོམ་ལྡན་འདས་ནི་སངས་རྒྱས་ལ་བྱེད་པ་ཡིན་ཡང་། འདིར་ཤེར་ཕྱིན་ལ་དེའི་སྒྲས་བརྗོད་པ་ཡིན་ལ། མ་ཞེས་པས་ནི་སྟོང་ཕྱོགས་སྐྱེ་མེད་མཚོན་ཞིང་། ཡུམ་ཞེས་པའི་དོན་ཀྱང་ཡིན་སྟེ། དེ་ཡང་རྒྱལ་བའི་ཡུམ་ཞེས་འབྱུང་བ་རྣམས་ནི། རྒྱལ་བ་རྣམས་ཤེར་ཕྱིན་ཉམས་སུ་བླངས་པ་ལ་བརྟེན་ནས་འཁྲུངས་པས་དེ་ལྟར་དུ་བརྗོད་ཀྱི། བུད་མེད་ལ་ཡུམ་དུ་བྱས་པ་ལྟ་བུ་ནི་མ་ཡིན་ནོ། ། ཤེར་ཕྱིན་གྱི་དོན་གོང་དུ་ཅུང་ཟད་བཤད་ཟིན་ཅིང་། སྙིང་པོ་ཞེས་པ་ནི་ཤེར་ཕྱིན་གྱི་མདོ་རྒྱས་འབྲིང་བསྡུས་གསུམ་ལ་སོགས་པ་མང་དུ་བཞུགས་པ་རྣམས་ཀྱི་དོན་གྱི་སྙིང་པོ་བསྡུས་ཏེ་སྟོན་པ་ལ་བྱ་དགོས་པར་མངོན་ནོ། ། འདིར་བཀའ་གདམས་པ་འགའ་ཞིག་གིས་ཡུམ་ཆེན་མོའི་སྐུ་བསྒོམ་པ་དང་། སྔགས་བཟླ་བར་བཤད་པ་ནི་དཔྱད་གཞིར་སྣང་ལ། ཁ་ཅིག་དབང་བསྐུར་བྱེད་པ་ནི་རང་བཟོར་བཤད་དོ། ། ཟློག་པའི་ཆེད་ཡིན་ན། མཐར་བདེན་སྟོབས་བརྗོད་ནས་བྱེད་པ་དར་ཞིང་། ཐལ་མོ་བརྡབས་པ་ནི་དེའི་ཡན་ལག་ཙམ་ཡིན་ནོ། ། འདི་དག་ལ་དཔྱད་པ་ནི་གོང་དུ་བརྗོད་ཟིན་ཏོ། །
གསུམ་པ་ཟབ་དོན་རིགས་པས་གཏན་ལ་འབེབས་ཚུལ་མདོར་བསྡུས་ཞིག་བཤད་པ་ལ། འདིར་ཐལ་འགྱུར་པའི་ལུགས་གཞིར་བཞག་ནས་འཆད་པ་ཡིན་ཞིང་། འདི་ལ་རིགས་པའི་རྣམ་གྲངས་མང་ཡང་ཆོས་ཐམས་ཅད་རྟོག་པས་བཏགས་ཙམ་དུ་འཇོག་ལུགས་ཤེས་ན་རང་བཞིན་གྱིས་མ་གྲུབ་པའི་ཚུལ་ཤེས་སླ་བས། རྟོག་པས་འཇོག་ཚུལ་ཡང་དཔེར་ན། ཐག་པ་ཁ་དོག་ཁྲ་བོ་དང་འཁྱིལ་ལུགས་དབྱིབས་སྤྲུལ་དང་འདྲ་ཞིང་ཡུལ་མི་གསལ་བ་ན་གནས་པའི་ཚེ་འདི་སྤྲུལ་ལོ་སྙམ་པའི་རྣམ་རྟོག་སྐྱེའོ། ། དེའི་ཚེ་ཐག་པའི་ཁ་དོག་དང་དབྱིབས་དང་ཆ་ཤས་དང་ཚོགས་པ་དང་རྒྱུན་གང་ཡང་དོན་ལ་སྦྲུལ་གྱི་མཚན་གཞིར་བཟུང་རྒྱུ་ཅུང་ཟད་ཀྱང་མེད་པས། ཐག་པ་དེ་ཉིད་སྦྲུལ་དུ་སྣང་བ་ནི་རྟོག་པས་བཏགས་པ་ཁོ་ནར་གསལ་ལོ། ། དཔེ་དེ་བཞིན་དུ་ཕུང་པོ་འདི་ལ་བརྟེན་ནས་ངའོ་སྙམ་པའི་བློ་སྐྱེས་པའི་ཚེ། རང་གི་ཕུང་པོའི་ཁ་དོག་དང་དབྱིབས་དང་སྐད་ཅིག་རེ་རེ་དང་ཡན་ལག་དང་དེ་དག་གི་ཆ་ཤས་དང་སྔ་ཕྱིའི་ཚོགས་པ་དང་རྒྱུན་སོགས་གང་ཡང་ངའི་མཚན་གཞིར་འཇོག་ཏུ་མི་རུང་སྟེ། དེ་ལ་རིགས་པས་གནོད་པའི་ཕྱིར་རོ། ། དེར་མ་ཟད་གཟུགས་སོགས་ཀྱི་ཕུང་པོ་ལས་ངོ་བོ་ཐ་དད་པའི་ཆོས་གཞན་ཡང་ང་དེའི་མཚན་གཞིར་མི་རུང་ལ། འོན་ཀྱང་མ་བརྟགས་མ་དཔྱད་པར་ང་ཞེས་པའི་ཐ་སྙད་བྱེད་མོད། འདི་ལ་ངང་ཞེས་པའི་ཐ་སྙད་འཇུག་པའི་གཞི་དེ་གང་ཞིག་ཡིན་སྙམ་དུ་རིགས་པས་རྣམ་པར་དཔྱད་པ་ན་ཅུང་ཟད་ཀྱང་མི་རྙེད་པས། དེའི་ཚེ་ང་དེ་ནི་རྟོག་པས་བཞག་པ་ཙམ་དུ་ཟད་དོ། ། དེ་བཞིན་དུ་གཟུགས་ཕུང་ཡང་མགོ་ལ་སོགས་པའི་ཡན་ལག་ལྔ་ཚོགས་པའི་སྟེང་ནས་བཞག་པ་ཡིན་གྱི། ཡན་ལག་ལྔ་རེ་རེ་ནས་གཟུགས་ཕུང་དེ་མ་ཡིན་ཞིང་ཡན་ལག་ལྔ་ལས་ངོ་བོ་ཐ་དད་པའི་གཟུགས་ཕུང་སྤྱི་ཙམ་པ་དེ་མེད་དོ། ། དེ་བཞིན་དུ་ཚོར་ཕུང་སོགས་བཞི་ལའང་སྦྱོར་ཞིང་དཔུང་ལ་བཤད་པ་དེ་བཞིན་དུ་བུམ་པ་ཀ་བ་རི་ར་བ་ཁང་ཁྱིམ་ཡོ་བྱད་སོགས་ཐམས་ཅད་ལ་སྦྱར་བར་བྱ་སྟེ། ཀ་བུམ་ལྟ་བུའི་ཆ་ཤས་ཚོགས་པ་སོགས་གང་ཡང་ཀ་བུམ་སོགས་ཀྱི་མཚན་གཞེར་མི་རུང་ཞིང་། དེ་ལས་དོན་གཞན་པ་ཞིག་ཀྱང་དེ་དག་གི་མཚན་གཞིར་མི་རུང་བར་ཀུན་ནས་མཚུངས་པའི་ཕྱིར་རོ། ། འོན་ཀྱང་ཐག་པ་ལ་སྦྲུལ་དུ་འདོགས་པའི་རྟོག་པ་ནི་ལོག་ཤེས་ཡིན་ལ། གང་ཟག་དང་ཕུང་པོ་དང་ཀ་བུམ་སོགས་སུ་འདོགས་པའི་རྒོག་པ་ནི་མ་བརྟགས་མ་དཔྱད་པའི་ཐ་སྙད་པའི་རྟོག་པ་དོན་མཐུན་ཡིན་ཏེ། དེའི་ཁྱད་པར་ཅུང་ཟད་ཅིག་འོག་ཏུ་འཆད་པར་འགྱུར་རོ། ། རིགས་པས་དེས་ཆོས་ཐམས་ཅད་རྟོག་པས་བཏགས་ཙམ་དུ་གྲུབ་པས། རྟོག་པས་བཏགས་ཙམ་མིན་པར་རང་དབང་གིས་གྲུབ་པར་འཛིན་པ་ནི་བདེན་འཛིན་དང་། དེས་བཟུང་བལྟར་གྲུབ་ན་རང་བཞིན་གྱིས་གྲུབ་པ་དང་བདེན་པར་གྲུབ་པ་སོགས་སུ་འགྱུར་རོ། ། དགག་བྱ་དེ་འགོག་པའི་རེགས་པ་ནི་མགོན་པོ་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ལས་རྒྱས་པར་གསུངས་ཤིང་། རིན་ཆེན་འཕྲེང་བ་ལས། སྐྱེས་བུ་ས་མིན་ཆུ་མ་ཡིན། ། མེ་མིན་རླུང་མིན་ནམ་མཁའ་མིན། ། རྣམ་ཤེས་མ་ཡིན་ཀུན་མིན་ན། ། དེ་ལས་གཞན་པའི་སྐྱེས་བུ་གང་། ། སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། ། ཡང་དག་མ་ཡིན་ཇི་ལྟ་བར། ། དེ་བཞིན་ཁམས་ནི་རེ་རེ་ཡང་། ། འདུས་ཕྱིར་ཡང་དག་ཉིད་དུ་མིན། ། ཞེས་ཕུང་པོའི་སྟེང་དུ་དེ་རྟོག་པས་བཏགས་པ་ཙམ་མ་གཏོགས། ང་རང་ངོས་ནས་མ་གྲུབ་པར་བསྟན་ཏོ། ། དེ་ཡང་སྐྱེས་བུ་ནི་ངའམ་གང་ཟག་གོ༌། ས་མིན་ནས་རྣམ་ཤེས་མིན་ཞེས་པའི་བར་གྱིས་གང་ཟག་གི་ས་ལ་སོགས་པའི་ཁམས་དྲུག་གི་ཆ་སོ་སོ་ནས་གང་ཟག་ཏུ་འཇོག་པ་བཀག་ཅིང་། ཀུན་མིན་ཞེས་པས་ཁམས་དྲུག་གི་ཚོགས་པ་གང་ཟག་ཏུ་འཇོག་པ་བཀག་ལ། དེ་ལས་གཞན་ནས་སྐྱེས་བུ་གང་། ། ཞེས་པས་ཕུང་ཁམས་ལས་ངོ་བོ་ཐ་དད་པའི་གང་ཟག་འཇོག་པ་བཀག་གོ། སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། ། ཞེས་པས། ང་དེ་ཁམས་དྲུག་འདུས་པའི་སྟེང་ནས་བཞག་པར་བསྟན་ཅིང་། རྒྱུ་མཚན་དེ་ཉིད་ཀྱིས་སྐྱེས་བུའམ་ང་རང་བཞིན་གྱིས་མ་གྲུབ་པ་ནི། ཡང་དག་མིན་ཞེས་པས་བསྟན་ཏོ། ། དཔེ་དེ་བཞིན་དུ་ཁམས་རེ་རེ་ཡང་རང་རང་གི་ཆ་ཤས་ཚོགས་པ་ལ་བརྟེན་ནས་བཞག་པས་ཡང་དག་པར་རམ་བདེན་པར་གྲུབ་པ་མེད་ཅེས་སྟོན་པ་ནི། ཇི་ལྟ་བར། དེ་བཞིན་ཁམས་ནི་རེ་རེ་ཡང་། ། འདུས་ཕྱིར་ཡང་དག་ཉིད་དུ་མིན། ། ཞེས་གསུངས་སོ། ། རྩ་ཤེས་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། ། སྐྱེ་དང་འཇིག་པ་ཅན་དུ་འགྱུར། ། གལ་ཏེ་ཕུང་པོ་རྣམས་ལས་གཞན། ། ཕུང་པོའི་མཚན་ཉིད་མེད་པར་འགྱུར། ། ཞེས་ང་བུང་གཅིག་དང་ངོ་བོ་ཐ་དད་པའི་ཕྱོགས་གཉིས་ཀ་ཡིན་པ་བཀག་ཅིང་། སྤྱོད་འཇུག་ལས་ཀྱང་དེ་ལྟར་གསུངས་སོ། ། ཀ་བུམ་སོགས་ཆོས་གཞན་ལའང་དེ་བཞིན་དུ་སྦྱོར་དགོས་པ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི། ། ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱར་བྱ། ཞེས་དང་། སྡུད་པ་ལས། བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། ། སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། ། སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོག་པ། ། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། ། ཞེས་གསུངས་པ་ལྟར་རོ། ། དེ་ཡང་བུམ་པ་ལྟ་བུ་ལ་སྦྱོར་ཚུལ་གསལ་བར་བཤད་ན། བུམ་པ་ཞེས་འཇོག་པ་ནི་ཐ་སྙད་དམ་རྟོག་པའི་དབང་གིས་བཞག་པ་ཡིན་ཏེ། བུམ་པ་ཡོད་པར་ནི་འདོད་དགོས་ལ། དེ་ཡང་བུམ་པའོ་ཞེས་བརྗོད་པ་ན་མིང་དེ་ཙམ་གྱི་རྗེས་སུ་འབྲང་ནས་ལྟོ་ལྡིར་བ་ལ་བུམ་པའོ་སྙམ་དུ་འཛིན་པའི་བློ་འབྱུང་བ་ལྟར་བུམ་པ་མཐོང་དང་བླང་དོར་གྱི་བྱ་བ་ལ་ཞུགས་པས་ཀུན་རྫོབ་མི་བསླུ་བ་དང་བྱ་བྱེད་ཀྱི་རྣམ་གཞག་འཐད་པ་ཡིན་གྱི། དེས་མཆོག་པར་བུམ་པ་དེ་རང་གི་མཆུ་དང་ལྟོ་བ་དང་ཞབས་དང་མགྲིན་པ་སོགས་གང་ཡིན་སྙམ་དུ་བརྟགས་པ་ན་བུམ་པ་རྙེད་རྒྱུ་མེད་པས། བླང་དོར་གྱི་རྣམ་གཞག་བྱེད་མི་ནུས་སོ། ། དེ་བཞིན་དུ་སྐྱེས་བུ་གང་དང་འཔྲད་ཨ་ཅིང་མཐོང་བར་འདོད་པའི་ཚེ་སྐྱེས་བུ་དེ་འདིའོ་ཞེས་བསྟན་པ་ན་མིང་དེ་ཙམ་གྱིས་རྗེས་སུ་འབྲང་ནས་བལྟས་པས་སྐྱེས་བུ་དེའི་གཟུགས་ཀྱི་ཆ་མཐོང་བའི་ཚེ་སྐྱེས་བུ་དེ་མཐོང་བར་འཇོག་ནུས་ཀྱི། དེ་ཙམ་གྱིས་མ་ཚིམ་པར་ད་དུང་སྐྱེས་བུ་དེ་ཁོ་རང་གི་མགོ་ལ་སོགས་པའི་ཡན་ལག་དང་དེའི་ཆ་ཤས་དང་དེ་ལས་ངོ་བོ་ཐ་དད་པའི་དོན་གང་ཡིན་ཞེས་དཔྱད་པ་ན་སྐྱེས་བུ་ཞེས་བྱ་བ་ཅི་ཡང་མི་རྙེད་པས། དེའི་ཕྱིར་ཆོས་ཐམས་ཅད་ཀྱང་མིང་བརྡས་བཞག་ཙམ་དང་རྟོག་པས་བཏགས་ཙམ་དུ་གྲུབ་བོ། ། དེ་ལྟར་ཡང་ཡུམ་གྱི་མདོ་ལས། འདི་ལྟ་སྟེ་གཟུགས་ཞེས་བྱ་བ་འདི་ནི་མིང་ཙམ་མོ། ། ཞེས་སོགས་དང་། སྡུད་པ་ལས། ཆོས་དེ་རྣམས་ནི་མིང་ཙམ་དུ་ནི་ཡོངས་སུ་བསྒྲགས། ། ཞེས་དང་། རིན་ཆེན་འཕྲེང་བ་ལས་ཀྱང་། གཟུགས་ཀྱི་དངོས་པོ་མིང་ཙམ་ཕྱིར། ། ནམ་མཁའ་ཡང་ནི་མིང་ཙམ་མོ། ། ཞེས་སོགས་གསུངས་སོ། ། མིང་ཙམ་ཞེས་པས་ཐ་སྙད་ཀྱི་དོན་ཡོད་པ་མི་འགོག་གི། དོན་དམ་པར་ཡོད་པ་འགོག་པ་ཡིན་ནོ། ། ཐ་སྙད་ཀྱི་དོན་ལ་ཐ་སྙད་ཀྱི་དཔྱད་པ་མི་འཇུག་པ་མིན་ཀྱང་། དོན་དམ་གྱི་དཔྱད་པ་མི་འཇུག་སྟེ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་རྣམ་པར་དཔྱད་ན་བཤད་པ་ལྟར་ཆོས་གང་ཡང་དཔྱད་མཐར་མི་རྙེད་པའི་ཕྱིར་ཏེ། དེ་ལ་དགོངས་ནས་དཔལ་ལྡན་ཟླ་བས། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། ། ཞེས་གསུངས་པ་ཡིན་ནོ། ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བུམ་སོགས་བཙལ་བའི་ཚེ་མ་རྙེད་པ་དེ་བུམ་སོགས་དོན་དམ་པར་རམ་རང་བཞིན་གྱིས་མེད་པའི་དོན་དུ་སོང་བ་ཡིན་གྱི། སྤྱིར་བུམ་སོགས་མེད་པའི་དོན་དུ་སོང་བ་མིན་ཏེ། དེའི་ཚེ་བུཾ་སོགས་རང་བཞིན་མེད་པར་རྙེད་པ་ཡིན་གྱི། བུམ་སོགས་མེད་པར་རྙེད་པ་མིན་ནོ། ། འོ་ན་བུམ་སོགས་ཀྱི་ཆོས་རང་བཞིན་གྱིས་མེད་ན། མེད་པའི་གོ་མི་ཆོད་དམ་ཞེ་ན། ཐ་སྙད་དུ་ཡོད་པས་ཡོད་གོ་ཆོད་ཀྱང་། རང་བཞིན་གྱིས་མེད་པས་མེད་གོ་མི་ཆོད་པ་ཡིན་ཏེ། ཡོད་མེད་ནི་ཐ་སྙད་ཀྱི་དབང་གིས་འཇོག་པའི་ཕྱིར་རོ། ། གསུང་རབ་ལས་ཆོས་རྣམས་ཡོད་པ་དང་མེད་པ་དང་གཉིས་ཀ་དང་གཉིས་ཀ་མིན་པ་བཞི་པོ་གང་ཡང་མིན་པ་ལྟ་བུ་ཞིག་གསུངས་པའི་སྒྲས་ཟིན་གྱི་རྗེས་སུ་འབྲང་ནས། སྔོན་གྱི་མཁས་པ་འགའ་ཞིག་ཆོས་རྣམས་ཡོད་པ་ཡང་མིན། མེད་པའང་མིན་ཞེས་ཟེར་དགོས་པ་བྱུང་ངོ། ། རྗེས་རྟེན་འབྲེལ་བསྟོད་པ་ལས། དེ་ཡང་ཀུན་ཏུ་མེད་པ་དང་། ། རང་བཞིན་གྱིས་ནི་ཡོད་པས་མིན། ། བལྟོས་མེད་ནམ་མཁའི་མེ་ཏོག་བཞིན། ། དེས་ན་མ་བརྟེན་ཡོད་མ་ཡིན། ། ཞེས་པའི་རྐང་པ་དང་པོས་ཆོས་ཐམས་ཅད་ནི། རྣམ་པ་ཀུན་ཏུ་སྟེ་གཏན་ནས་མེད་པ་མིན་པ་དང་། རང་བཞིན་གྱིས་ནི་ཡོད་པས་མིན། ། ཞེས་པས་རང་བཞིན་གྱིས་གྲུབ་པ་མིན་པར་བསྟན་ཏེ། གཏན་ནས་མེད་པ་མིན་ཞེས་པས་ཐ་སྙད་དུ་ཡོད་པ་དང་། རང་བཞིན་གྱིས་ཡོད་པ་མིན་ཞེས་པས་བདེན་པར་གྲུབ་པ་མིན་ཞེས་སྟོན་པས་སྔ་མས་ཆད་མཐའ་སེལ་ཞིང་། ཕྱི་མས་རྟག་མཐའ་སེལ་བའི་ཕྱིར་རྟག་ཆད་ཀྱི་མཐའ་གཉིས་བཀག་གོ། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་རྒྱུ་མཚན་གྱི་གཙོ་བོ་ནི་རྟེན་འབྲེལ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ཏེ། རྟེན་འབྲེལ་ཡིན་པའི་དོན་ཡང་རང་གི་ཆ་ཤས་སོགས་ལ་བལྟོས་པའི་དོན་ཡིན་པས། ཆོས་ཐམས་ཅད་ཀྱང་རང་རང་གི་ཆ་ཤས་སོགས་ལ་བལྟོས་པ་ཡིན་ལ་ཆ་ཤས་ལ་མ་བལྟོས་པ་ནི་མེད་དེ། ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བྱ་བར་དགོངས་སོ། ། མཐའ་གཉིས་འགོག་བྱེད་ཀྱི་རིགས་པའི་རྣམ་གྲངས་མང་ཡང་གཙོ་བོ་རྟེན་འབྲེལ་གྱི་རིགས་པ་ཉིད་ཡིན་ཏེ། དཔལ་ལྡན་ཟླ་བས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། ། ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། ། ཅེས་དང་། རྗེ་ཉིད་ཀྱིས། བརྟེན་ནས་འབྱུང་བའི་རྒྱུ་མཚན་གྱིས། ། མཐར་ལྟ་བ་ལ་མི་བརྟེན་ཞེས། ། ལེགས་གསུངས་འདི་ནི་མགོན་ཁྱོད་ཀྱིས། ། སྨྲ་བ་བླ་ན་མེད་པའི་རྒྱུ། ། ཞེས་གསུངས་པའི་ཕྱིར་རོ། ། རྟེན་འབྲེལ་གྱི་རྟགས་ཀྱིས་མཐའ་གཉིས་ཅིག་ཅར་དུ་སེལ་ནུས་པ་ཡིན་ཏེ། དེ་ཡང་རྟེན་འབྲེལ་ནི་བརྟེན་ནས་བྱུང་བའམ་བརྟེན་ནས་བཞག་པ་དང་བལྟོས་པའི་དོན་ཡིན་པས། བརྟེན་ནས་བྱུང་ཞེས་པས་དངོས་སུ་ཆད་པའི་མཐའ་འགོག་པ་ཡིན་ལ། བརྟེན་ནས་བྱུང་བའམ་བཞག་པའི་ཡོད་པར་གོ་བའི་ཚེ། གཏན་ནས་མེད་པའི་ཆད་མཐའ་དངོས་སུ་འགོག་ནུས་པའི་ཚུལ་གྱིས་རྟག་མཐའ་ཡང་འགོག་པ་ཡིན་ཏེ། བརྟེན་ནས་བྱུང་བའམ་བཞག་གི། རང་བཞིན་གྱིས་གྲུབ་པ་མིན་ཞེས་གོ་བ་ན་རྟག་མཐའ་ལེགས་པར་འགོག་ནུས་པའི་ཕྱིར་རོ། ། ཆོས་གཅིག་གི་སྟེང་དུ་མཐའ་གཉིས་བཀག་པའི་ལྟ་བ་བསྐྱེད་ནུས་ན། ཆོས་གཞན་གྱི་སྟེང་དུ་དེ་ལྟ་བུའི་ལྟ་བ་བསྐྱེད་ནུས་པ་ཡིན་ཏེ། འཕགས་པ་ལྷས། གཅིག་གི་ལྟ་བོ་གང་ཡིན་པ། ། དེ་ནི་ཀུན་གྱི་ལྟ་པོར་བརྗོད། ། གཅིག་གི་སྟོང་ཉིད་གང་ཡིན་པ། ། དེ་ནི་ཀུན་གྱི་སྟོང་པ་ཉིད། ། ཞེས་དང་། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། ། དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། ། ཞེས་གསུངས་པའི་ཕྱིར། ཆོས་ཐམས་ཅད་རྟོག་པས་བཏགས་ཙམ་དུ་གོ་བས་ཀྱང་མཐའ་གཉིས་སེལ་ནུས་པ་ཡིན་ཏེ། རྟོག་པས་བཏགས་ཙམ་དུ་ཡོད་ན། ཐ་སྙད་དུ་ཡོད་པར་གོ་བས་ཆད་མཐའ་སེལ། ཐ་སྙད་དུ་ཡོད་ན་རང་བཞིན་གྱིས་མེད་པར་ཤེས་པས་རྟག་མཐའ་སེལ་ལོ། ། དེ་ནི་ཡུལ་གྱི་མཐའ་གཉིས་འགོག་པའི་དབང་དུ་བྱས་ལ། ཡུལ་ཅན་རྟག་ཆད་ཀྱི་ལྟ་བ་གཉིས་ཀྱང་སེལ་བ་ཡིན་ནོ། ། སྤྱིར་རྟག་ཆད་གཉིས་ཀྱི་མཐའ་མེད་ཀྱང་། མཐར་ལྷུང་བར་འཇོག་ཚུལ་ནི། དཔེར་ན་འཇིག་རྟེན་ན་བྲག་གཡང་གི་མཐའ་ལ་ལྷུང་ན་ཕུང་བར་འགྱུར་བ་ལྟར། མཐའ་དེ་གཉིས་སུ་བཟུང་ན་འཛིན་པ་པོ་ཕུང་བར་འགྱུར་བས་མཐར་ལྷུང་བར་འཇོག་ལ། དེ་ཡང་རང་བཞིན་གྱིས་གྲུབ་པར་བཟུང་བའི་བློ་ཡོད་པ་ཙམ་གྱིས་རྟག་མཐར་ལྷུང་བར་མི་འཇོག་སྟེ། རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་ནི་ཐེག་ཆེན་འཕགས་པ་ལ་ཡང་ཡོད་པའི་ཕྱིར་རོ། ། འོ་ན་ཇི་ལྟར་འཇོག་ཅེ་ན། བདེན་འཛིན་གྱིས་བཅིངས་ན་རྟག་མཐར་ལྷུང་བ་ཡིན་ལ། བཅིངས་པའི་དོན་ནི་བདེན་འཛིན་ཡོད་པ་ཙམ་མིན་གྱི། ཆོས་གང་ལ་ཡང་བདེན་པར་གྲུབ་བམ་མ་གྲུབ་སྙམ་དུ་སེམས་པ་ན། དེ་ཉིད་བདེན་པར་གྲུབ་པར་འཛིན་པའི་བདེན་ཞེན་ལས་མི་འདའ་ཞིང་འདའ་མི་ནུས་ན་ནི། དེས་བཅིངས་པར་འཇོག་གོ། དེས་ན་བདེན་མེད་རྟོགས་མྱོང་ན་བདེན་འཛིན་གྱིས་བཅིངས་པ་མིན་ནོ། ། ཆད་མཐར་ལྷུང་བ་ཡང་ཡོད་པ་ཞིག་མེད་པར་བཟུང་བ་ཙམ་གྱིས་མི་འཇོག་སྟེ། སངས་རྒྱས་མ་གཏོགས་སོ་སྐྱེ་ལྟ་ཅི་སློབ་པ་འཕགས་པ་ཐམས་ཅད་ཀྱང་ཇི་སྙེད་པའི་ཆོས་རྣམས་ཀྱི་རྣམ་པའི་རབ་དབྱེ་ཕྲ་ཞིང་ཕྲ་བ་མཐའ་དག་ལ་ཐེ་ཚོམ་ཆོད་པ་མ་ཡིན་པའི་ཕྱིར་རོ། ། དེས་ན་སྤྱིར་ལས་འབྲས་དང་དཀོན་མཆོག་གསུམ་མེད་པར་ལྟ་བ་སོགས་ཆད་མཐར་ལྷུང་བ་ཡིན་ཞིང། ཇི་ལྟ་ཇི་སྙེད་པའི་ཆོས་རགས་པ་དང་བདེན་བཞི་རགས་པ་སོགས་མེད་པར་ལྟ་བའང་དེ་དང་མཚུངས་པར་སེམས་ལ། ལས་འབྲས་དང་ཇི་ལྟ་ཇི་སྙེད་པའི་ཆོས་ཕྲ་མོ་འགའ་ཞིག་ཡོད་པར་མ་ཤེས་པས་དེ་དག་མེད་པར་བཟུང་བ་ནི་སྐྱོན་ཡིན་ཡང་། དེ་རྒྱུད་ལྡན་གྱི་གང་ཟག་ཐམས་ཅད་ཆད་མཐར་ལྷུང་བ་ཡིན་ཞེས་བྱས་ན་མི་བདེ་བས་དཔྱད་པར་བྱའོ། ། ཁ་ཅིག་སྤྱིར་ཡོད་པར་བཟུང་ན་རྟག་མཐར་ལྷུང་བ་དང་། མེད་པར་བཟུང་ན་ཆད་མཐར་ལྷུང་བར་འདོད་པ་ནི་མ་གོ་བ་ཆེན་པོ་ཡིན་ཏེ། སངས་རྒྱས་ལ་ཡོན་ཏན་ཡོད་པར་བཟུང་བ་དང་། སྐྱོན་མེད་པར་བཟུང་བས་རྟག་ཆད་དུ་ག་ལ་ལྟུང་། རང་འཛིན་རྟོག་པ་འགའ་ཞིག་གི་ངོ་བོར་ཡོད་ན་སྤྱིར་ཡོད་མི་དགོས་ཏེ། བུམ་པ་བདེན་གྲུབ་དེ་དེ་འཛིན་པའི་རྟོག་པའི་ངོ་བོར་ཡོད་ཀྱང་སྤྱིར་མེད་ལ། དེ་བཞིན་དུ་ཐག་ཁྲ་སྤྲུལ་ཡིན་པ་དེ་དེ་སྦྲུལ་འཛིན་གྱི་རྟོག་པའི་ངོ་བོར་ཡོད་ཀྱང་སྤྱིར་མེད་དོ། ། འོ་ན་ཐག་ཁྲའི་སྟེང་དུ་སྤྲུལ་མེད་པ་ལྟར། ཆོས་ཐམས་ཅད་ཀྱང་དེ་ལྟར་དུ་འགྱུར་ཏེ། གོང་དུ་དཔེ་དོན་སྦྱོར་ཚུལ་དེ་འཐད་པའི་ཕྱིར་རོ་སྙམ་ན། འདི་ནི་དཀའ་བའི་གནས་ཡིན་ཞིང་། ཤེས་དགོས་པ་ཡིན་ཡང་། འདིར་མང་དུ་དོགས་པས་རྒྱས་པར་མི་འཆད་ལ། ཅུང་ཟད་བརྗོད་ན་སྐྱོན་མེད་དེ། ཐག་ཁྲའི་སྟེང་དུ་སྤྲུལ་མེད་ཀྱང་དེ་ཡོད་པར་སྣང་བ་ལྟར། ང་སོགས་རང་གི་གདགས་གཞིའི་སྟེང་དུ་རང་ངོས་ནས་མེད་ཀྱང་ཡོད་པར་སྣང་བ་གཉིས་དཔེ་དོན་མཚུངས་པའི་སྒོ་ནས་ཡིན་གྱི། ཐག་ཁྲའི་སྟེང་དུ་སྤྲུལ་དང་གདགས་གཞི་ཕུང་སོགས་ཀྱི་སྟེང་དུ་ང་སོགས་ཐ་སྙད་དུ་ཡོད་མེད་མཚུངས་ཞེས་སྦྱོར་བ་མིན་པའི་ཕྱིར་ཏེ། དེ་གཉིས་ལ་ཐ་སྙད་པའི་ཚད་མས་གནོད་མི་གནོད་ཀྱི་ཁྱད་པར་ཡོད་པའི་ཕྱིར་ཏེ། ཐག་ཁྲའི་སྟེང་དུ་སྤྲུལ་ཡོད་པ་ལ་ཐ་སྙད་པའི་ཚད་མས་གནོད། གདགས་གཞི་ཕུང་སོགས་ཀྱི་སྟེང་དུ་ང་སོགས་ཀྱི་ཆོས་ཡོད་པ་ལ་ཐ་སྙད་པའི་ཚད་མས་མི་གནོད་པའི་ཕྱིར་ཏེ། དང་པོ་དེ་ལྟར་ཡོད་པ་ནི་འཇིག་རྟེན་པའི་ཐ་སྙད་དམ་གྲགས་པ་དོན་མཐུན་ལ་མེད། ཕྱི་མ་དེ་ལྟར་ཡོད་པ་ནི་འཇིག་རྟེན་པའི་ཐ་སྙད་དོན་མཐུན་ལ་གྲགས་པའི་ཕྱིར། ། འཇིག་རྟེན་པས་ཡོད་པར་ཁས་ལེན་ན་ཡོད་པ་དང་། མེད་པར་ཁས་ལེན་ན་མེད་པས་མ་ཁྱབ་ཀྱང་། ཡོད་མེད་ནི་འཇིག་རྟེན་གྱི་ཐ་སྙད་དང་གྲགས་པ་དོན་མཐུན་ལ་བལྟོས་ནས་འཇོག་པ་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། སངས་རྒྱས་འཇིག་རྟེན་བསྙད་དབང་གིས། ། གསུངས་ཀྱི་ཡང་དག་དབང་གིས་མིན། ། ཞེས་དང་། ཟླ་བས་ཀྱང་། འཇིག་རྟེན་རབ་ཏུ་གྲགས་པར་ཡོད་ཇི་བཞིན། ། ཞེས་གསུངས་པའི་ཕྱིར་རོ། ། སངས་རྒྱས་ཀྱིས་ཐ་སྙད་ཀྱི་རྣམ་གཞག་འཇིག་རྟེན་པ་དང་མཐུན་པར་མཛད་ཀྱང་འཇིག་རྟེན་པས་དེ་དག་རང་བཞིན་གྱིས་ཡོད་པར་འདོད་པས། སངས་རྒྱས་ཀྱིས་ནི་དེ་དག་རང་བཞིན་མེད་པར་བསྟན་པ་ལ་རྩོད་པ་ཡིན་ཏེ། སྡུད་པ་ལས། སེམས་ཅན་རྣམས་ནི་གནས་ལ་དགའ་ཞིང་ཡུལ་རྣམས་འདོད། ། འཛིན་ལ་གནས་ཤིང་མི་མཁས་བླུན་རྨོངས་མུན་པ་བཞིན། ། ཐོབ་པར་བྱ་བའི་ཆོས་ནི་གནས་མེད་འཛིན་མེད་དེ། ། དེས་ན་འཇིག་རྟེན་དག་དང་རྩོད་པ་འབྱུང་བ་ཡིན། ། ཞེས་དང་། དཀོན་མཆོག་བརྩེགས་པ་ལས་ཀྱང་། འོད་སྲུང་འཇིག་རྟེན་ང་དང་རྩོད་ཀྱི། ང་ནི་འཇིག་རྟེན་དང་མི་རྩོད་དོ། ། ཞེས་གསུངས་པའི་ཕྱིར་རོ། འཇིག་རྟེན་པའི་ཐ་སྙད་དོན་མཐུན་ནི། འཇིག་རྟེན་རང་ག་བའི་ཐ་སྙད་ཙམ་ལ་མི་བྱེད་ཀྱི། སྐྱེ་འཕགས་རྣམས་ལ་ཡོད་པའི་ཐ་སྙད་པའི་ཚད་མ་ལ་བྱེད་པ་ཡིན་ནོ། ། མདོར་ན། མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། ། བརྟེན་ནས་ཤིང་ལྟར་བརྗོད་པ་ལྟར། ། དེ་བཞིན་ཕུང་པོ་རྣམས་བརྟེན་ནས། ། ཀུན་རྫོབ་སེམས་ཅན་ཞེས་བྱའོ། ། ཞེས་ཤིང་རྟའི་ཡན་ལག་རེ་རེ་བ་དང་ཚོགས་པ་ཤིང་རྟ་མ་ཡིན་ཀྱང་། དེ་དག་ལ་བརྟེན་ནས་ཤིང་རྟཐ་སྙད་ཀུན་རྫོབ་ཏུ་འཐད་པ་ལྟར། ཕུང་པོ་རཻ་བ་དང་ཚོགས་པ་སོགས་ང་མིན་ཀྱང་། དེ་དག་ལ་བརྟེན་ནས་ང་ཀུན་རྫོབ་ཏུ་འཐད་པའང་རིགས་པས་འགྲུབ་ཅིང་། ཚུལ་དེ་ཆོས་ཐམས་ཅད་ལ་སྦྱར་ནས། རང་བཞིན་གྱིས་སྟོང་པ་ལ་བྱ་བྱེད་ཀྱི་རྣམ་གཞག་ཐམས་ཅད་ཤིན་ཏུ་འཐད་པའི་ཚུལ་ལ་ངེས་པ་རྟན་པོ་བཙལ་བར་བྱ་སྟེ། ཚུལ་དེ་ནི་ངོ་མཚར་རྨད་དུ་བྱུང་བའི་གནས་ཡིན་པར་མདོ་ལས་གསུངས་ཤིང་། སྔགས་ནས་ཀྱང་གསུངས་ཏེ། འདུས་པའི་རྩ་རྒྱུད་ལེའུ་བཅོ་ལྔ་པ་ལས། བཅོམ་ལྡན་འདས་འདི་ཅི་ཞིག་ལགས། ཆོས་རྣམས་ངོ་བོ་མེད་པ་ལ། ། ཆོས་ཀྱི་དེ་ཉིད་ཀུན་བཤད་པ། ། ཨེ་མའོ་ངོ་མཚར་ལས་བྱུང་བ། ། ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། ། ཞེས་དང་། ལེའུ་གཉིས་པའི་བྱང་ཆུབ་སེམས་འགྲེལ་ལས་མགོན་པོ་ཀླུ་སྒྲུབ་ཀྱིས། ཆོས་རྣམས་སྟོང་པ་འདི་ཤེས་ནས། ། ལས་དང་འབྲས་བུ་བསྟེན་པ་གང་། ། ངོ་མཚར་བས་ཀྱང་འདི་ངོ་མཚར། ། རྨད་བྱུང་བས་ཀྱང་འདི་རྨད་བྱུང་། ། ཞེས་དང་། རྟེན་འབྲེལ་བསྟོད་པར་ཡང་། འདི་ཀུན་ངོ་བོས་སྟོང་པ་དང་། ། འདི་ལས་འདི་འབྲས་འབྱུང་བ་ཡི། ། ངེས་པ་གཉིས་པོ་ཕན་ཚུན་དུ། ། གེགས་མེད་པར་ནི་གྲོགས་བྱེད་པ། ། འདི་ལས་ངོ་མཚར་གྱུར་པ་གང་། ། འདི་ལས་རྨད་དུ་བྱུང་བ་གང་། ། ཞེས་གསུངས་པའི་ཕྱིར་རོ། ། སྨྲས་པ། རྒྱལ་ཡུམ་ཕ་རོལ་ཕྱིན་རྣམས་ཀྱི། ། བརྗོད་བྱའི་གནད་དོན་ཀུན་བསྡུས་པ། ། ཤེར་ཕྱིན་སྙིང་པོར་རབ་གྲགས་པའི། ། དགོངས་དོན་གསལ་བྱེད་ཉི་མ་ཤར། ། འདི་ནི་རྣམ་དཔྱོད་དད་ལྡན་པའི། ། མཐར་འཛིན་ལྟ་བའི་མུན་སེལ་དང་། ། ཟབ་མོའི་དེ་ཉིད་སྟོན་བྱེད་པའི། ། ལེགས་བཤད་ཉི་མ་གཉིས་པའང་ཡིན། ། དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི། ། ལུགས་བཟང་ཇི་བཞིན་འཛིན་མཛད་པ། ། བློ་བཟང་རྒྱལ་བ་གཉིས་པ་ཡི། ། དགོངས་པའི་དོན་གྱི་གནད་བསྡུས་བཤད། ། ཚུལ་འདིར་འབད་ལས་བདག་གིས་ནི། ། རྣམ་དཀར་དགེ་བ་གང་བསགས་དེས། ། ཀུན་གྱི་ཟབ་མོའི་དོན་རྟོགས་ནས། ། རྒྱལ་བའི་གོ་འཕང་ཐོབ་གྱུར་ཅིག་། ཅེས་པ་འདི་ནི། དད་དང་རྣམ་དཔྱོད་ལྡན་པའི་གནས་བརྟན་གྲགས་པ་དཔལ་འབྱོར་གྱིས་ནན་ཆེར་བསྐུལ་བ་ལ་བརྟེན་ནས། ཅོ་ནེའི་མདོ་སྔགས་ཟུང་འབྲེལ་གྱི་བླ་མའི་གོ་སར་གནས་པའི་ཤཱཀྱའི་དགེ་སློང་རིགས་པ་སྨྲ་བ་དོན་གྱི་དབུ་མ་བར་རློམ་པ་གྲགས་པ་བཤད་སྒྲུབ་ཀྱིས་བསྐུལ་བ་པོའི་ངོ་དང་ཕན་ཡོན་ལ་བསམས་ཏེ་ལྕགས་ཕག་གི་ལོར་གཟིམས་ཁང་ཉིད་ནས་སྦྱར་བའོ། ། ཡི་གེ་བ་ནི་དད་སྟོབས་ལྡན་པའི་གནས་བརྟན་ཀུན་དགའ་རིན་ཆེན་ནོ། ། བཀྲ་ཤིས། ། དགེའོ། ། ། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn