Friday, 21 March 2025

༄༅། །དཀའ་བ་མཆོག་བརྒྱད་ཀྱི་མགུར།

༄༅། །དཀའ་བ་མཆོག་བརྒྱད་ཀྱི་མགུར

ཡང་ནཱ་རོ་པས་མགུར་བཞེངས་པ།
མི་ཁོམ་བརྒྱད་པོ་ཀུན་སྤངས་ནས། །

དལ་འབྱོར་མི་ལུས་ཐོབ་པར་དཀའ། ། 

འཁོར་བའི་ཆོས་ལ་ཡིད་སྐྱོ་བའི། །
མྱ་ངན་འདས་པ་སྒྲུབ་པར་དཀའ། །

ན་བ་ཚ་བ་ཀུན་སྤངས་ནས། །
བཀོལ་དུ་བཏུབ་པའི་ལུས་ཀྱང་དཀའ། །

རྒྱུད་དང་མན་ངག་གཉིས་ལྡན་པའི། །
སྙིང་རྗེ་ཅན་གྱི་སློབ་དཔོན་དཀའ། །

དད་པ་སྐྱོ་ངལ་མེད་པ་ཡི། །
རི་ཁྲོད་འགྲིམ་པའི་སློབ་མ་དཀའ། །

འཇིགས་དང་དོགས་པ་རྣམས་སྤངས་པའི། །
ཕུན་སུམ་ཚོགས་པའི་དགོན་པ་དཀའ། །

ལྟ་སྤྱོད་ཟུང་དུ་འཇུག་པ་ཡི། །
བསམ་པ་མཐུན་པའི་ཆོས་གྲོགས་དཀའ། །

དེ་བདུན་འཛོམས་པར་གྱུར་ཀྱང་ནི། །
རྩེ་གཅིག་གི་བསམ་གཏན་བསྒོམ་པར་དཀའ། །

ཞེས་དཀའ་བ་མཆོག་བརྒྱད་ཀྱི་མགུར་ནཱ་རོ་པའི་གདུགས་ཀྱི་ཡུ་བ་ལ་བྲིས་ནས་འདུག་གསུངས།


བྱང་ཆུབ་ལམ་གྱི་རིམ་པའི་གདམས་པ་ཟབ་མོ་རྣམས་ཚིགས་སུ་བཅད་པའི་སྒོ་ནས་ཉམས་སུ་ལེན་ཚུལ་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། ། 

 

བྱང་ཆུབ་ལམ་གྱི་རིམ་པའི་གདམས་པ་ཟབ་མོ་རྣམས་ཚིགས་སུ་བཅད་པའི་སྒོ་ནས་ཉམས་སུ་ལེན་ཚུལ་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །

   

དུས་གསུམ་རྒྱལ་བ་མ་ལུས་གཅིག་ཏུ་འདུས་པའི་བདག་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཚེ་རབས་ཐམས་ཅད་དུ་འབྲལ་བ་མེད་པར་རྗེས་སུ་བཟུང་དུ་གསོལ། །དེ་ལ་འདིར་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱི་བྱང་ཆུབ་ལམ་གྱི་རིམ་པའི་གདམས་པ་ཟབ་མོ་རྣམས་ཚིགས་སུ་བཅད་པའི་སྒོ་ནས་ཉམས་སུ་ལེན་ཚུལ་ཅུང་ཟད་བརྗོད་པར་བྱའོ། །

དེ་ལ་དང་པོ་སྐྱབས་འགྲོའི་རིམ་པ་ནི་འདི་ལྟར། །
རང་མདུན་རྨད་བྱུང་མཆོད་སྤྲིན་རྒྱ་མཚོའི་དབུས། །གདོང་ལྔའི་དབང་པོ་བརྒྱད་ཀྱིས་ཉེར་བཏེག་པའི། །རིན་ཆེན་གདན་ཁྲི་མཆོག་ཏུ་ཡངས་པའི་ཁར། །ཆུ་སྐྱེས་ཉི་ཟླའི་དཀྱིལ་འཁོར་རྒྱས་པའི་སྟེང་། །མ་ནོར་ལམ་སྟོན་རྩ་བའི་བླ་མ་དང་། །དབྱེར་མེད་བཅོམ་ལྡན་ཐུབ་པའི་དབང་པོ་ནི། །གསེར་གྱི་ལྷུན་པོའི་སྤོ་ལྟར་རབ་བརྗིད་ཅིང། །མཚན་དཔེའི་དཔལ་འབར་ཆོས་གོས་རྣམ་གསུམ་གསོལ། །ཕྱག་གཡས་ས་གནོན་གཡོན་པ་མཉམ་གཞག་སྟེང་། །བདུད་རྩིས་རབ་ཏུ་གང་བའི་ལྷུང་བཟེད་བསྣམས། །བལྟ་བས་མི་ངོམས་གཟི་བརྗིད་ཕུང་པོའི་སྐུ། །འོད་ཀྱི་དྲ་བའི་དབུས་ན་ལྷམ་མེར་བཞུགས། །ཟླ་མེད་སྟོན་པ་མཆོག་དེའི་མཐའ་སྐོར་དུ། །བརྒྱུད་པ་གསུམ་གྱི་བླ་མ་མ་ལུས་པ། །རྒྱུ་སྐར་ཚོགས་ཀྱིས་ཟླ་བའི་དཀྱིལ་འཁོར་ལ། །ཀུན་ནས་བསྐོར་བ་བཞིན་དུ་བཞུགས་པར་གྱུར། །དངོས་དང་བརྒྱུད་པའི་བླ་མ་དེ་རྣམས་ཀྱི། །མཐའ་སྐོར་ཡི་དམ་ལྷ་དང་ཕྱོགས་བཅུ་ཡི། །སངས་རྒྱས་རྣམས་དང་རྒྱལ་སྲས་ཉན་རང་དང་། །མཁའ་འགྲོ་ཆོས་སྲུང་ཚོགས་ཀྱི་ཡོངས་སུ་བསྐོར། །སོ་སོའི་གཡས་གཡོན་བཀོད་ལེགས་སྟེགས་བུའི་ངོས། །རང་རང་ཞལ་གྱི་སྒོ་ནས་ཉེར་ཐོན་པའི། །རྣམ་དག་ལུང་གི་གླེགས་བམ་ཇི་སྙེད་པ། །ཡིག་འབྲུས་རང་སྒྲའི་ཆོས་དབྱངས་སྒྲོག་བཞིན་བཞུགས། །སྐྱབས་ཡུལ་དེ་དག་རྣམས་ཀྱི་སྐུའི་ཆ་ལས། །འོད་ཟེར་ཕྱོགས་བཅུ་ཀུན་ཏུ་འཕྲོ་བྱེད་ཅིང་། །འོད་ཟེར་རེ་རེའི་སྣ་ལས་གྲངས་མེད་པའི། །སྤྲུལ་པ་འགྱེད་ཅིང་སེམས་ཅན་སྨིན་པར་མཛད། །ཐུགས་རྗེའི་སྤྱན་གྱིས་བདག་ལ་རྗེས་གཟིགསཏེ། །རིགས་ཀྱི་བུ་ཁྱོད་འཁོར་བའི་སྡུག་བསྔལ་ལས། །ཐར་བར་འདོད་ན་ང་ཡི་བསྐྱབ་བོ་ཞེས། །འཛུམ་ལྡན་ཞལ་གྱིས་དགྱེས་པའི་དབུགས་དབྱུང་མཛད། །རང་གི་མཐའ་སྐོར་ཕ་མ་སེམས་ཅན་རྣམས། །རིགས་དྲུག་སོ་སོའི་སྡུག་བསྔལ་གྱིས་གཟིར་ཞིང་། །སྐྱབས་འཚོལ་རིག་རིག་མིག་དང་ཉམ་ཐག་པའི། །འོ་དོད་སྨྲེ་སྔགས་དང་བཅས་འཁོད་པར་གྱུར། །ཀྱེ་མ་བདག་ནི་ཐོག་མེད་དུས་ཉིད་ནས། །ད་བར་རིགས་དྲུག་གནས་སུ་འཁོར་འཁོར་ནས། །སྡུག་བསྔལ་བརྒྱ་ཡིས་རྟག་ཏུ་མནར་མོད་ཀྱང་། །དེ་ལ་ཐར་བའི་སྐབས་ནི་རྙེད་མ་གྱུར། །ད་རེས་སྟབས་ལེགས་དལ་འབྱོར་རྟེན་ཐོབ་ཅིང་། །སྟོན་དང་བསྟན་པ་མཆོག་དང་མཇལ་གྱུར་ཀྱང་། །ཐོག་མེད་གོམས་པའི་ཉོན་མོངས་བཟློག་དཀའ་བས། །གཏན་གྱི་བཙན་ས་ཟིན་པའི་རེ་དང་བྲལ། །ད་ནི་དེ་རིང་མི་འཆིའི་གདེངས་མེད་ཅིང་། །གང་དུ་སྐྱེ་ལ་རང་དབང་མ་མཆིས་པས། །གལ་ཏེ་ངན་འགྲོའི་གཡང་སར་ལྷུང་གྱུར་ན། །དེ་ཡི་སྡུག་བསྔལ་སྐད་ཅིག་བཟོད་དམ་སོམས། །བརྒྱ་ལ་མངོན་མཐོ་ལྷ་མིའི་རྟེན་ཐོབ་ཀྱང་། །སྐྱེ་རྒ་ན་འཆི་ལ་སོགས་སྡུག་བསྔལ་བརྒྱས། །བར་མཚམས་མེད་པར་མནར་ཞིང་སླར་ཡང་ནི། །ངན་འགྲོར་ལྟུང་ཕྱིར་མངོན་མཐོར་ཡིད་བརྟན་ཅི། །དེས་ན་ད་རེས་དལ་འབྱོར་རྟེན་ཐོབ་ཅིང་། །ལམ་སྟོན་བཤེས་གཉེན་མཆོག་གིས་རྗེས་སུ་བཟུང་། །འཁོར་འདས་སྐྱོན་ཡོན་རིག་པའི་དུས་སྐབས་འདིར། །འཇིགས་རུང་འཁོར་བ་འདི་ལས་མྱུར་ཐར་བྱ། །དེ་ཡང་རང་ཉིད་ཐར་བས་མི་ཆོག་སྟེ། །སྲིད་པར་འཁྱམས་པའི་འགྲོ་བ་འདི་ཀུན་ཀྱང་། །རང་གི་ཕ་མ་ཤ་སྟག་ཉིད་ཡིན་ཕྱིར། །འདི་དག་ཀུན་ཀྱང་སྲིད་ལས་སྒྲོལ་བར་བྱ། །དེས་ན་རང་གཞན་སེམས་ཅན་མ་ལུས་པ། །མཐའ་མེད་འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །སྒྲོལ་བའི་སྐྱབས་དང་སྐྱོབ་པ་གཅིག་པུ་ནི། །མཆོག་གསུམ་ཉིད་ལས་གཞན་དུ་མ་མཆིས་པས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །དེང་ནས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །དངོས་རྒྱུད་བླ་མ་རྣམས་ལ་སྐྱབས་སུ་མཆི། །སྟོན་པ་སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ། །ལུང་རྟོགས་དམ་ཆོས་རྣམས་ལ་སྐྱབས་སུ་མཆི། །འཕགས་ཚོགས་དགེ་འདུན་རྣམ་ལ་སྐྱབས་སུ་མཆིའོ། །
བདག་དང་མཁའ་མཉམ་མན་ཆད་ལན་གསུམ་མམ་བདུན་ལ་སོགས་པར་བརྗོད། །
དེ་ལྟར་སྐྱབས་སུ་སོང་བས་སྐྱབས་ཡུལ་ཀུན། །དགྱེས་བཞིན་སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །བདག་གཞན་སེམས་ཅན་རྣམས་ཀྱི་སྡིག་སྒྲིབ་དང་། །ནད་གདོན་ཚེ་ཡི་འགལ་རྐྱེན་ཡོངས་བྱང་ཞིང་། །ཁྱད་པར་མཆོག་གསུམ་ལ་བརྟེན་ཉེས་ཀུན་དག། །ཚེ་དང་བསོད་ནམས་ལུང་རྟོགས་ཡོན་ཏན་རྣམས། །ཆེས་ཆེར་འཕེལ་ཞིང་རང་གཞན་སེམས་ཅན་ཀུན། །མཆོག་གསུམ་རྣམས་ཀྱི་སྐྱབས་འོག་ཚུད་པར་གྱུར། །
སེམས་བསྐྱེད་ནི། 
རང་ཉིད་སྲིད་པའི་བཙོན་རར་ལས་ཉོན་གྱི། །ཞགས་པས་བཅིངས་ཏེ་མནར་བ་ཇི་བཞིན་དུ། །ཡང་ཡང་མར་གྱུར་དྲིན་གྱིས་བསྐྱངས་བསྐྱངས་པའི། །ཉམ་ཐག་འགྲོ་བ་ཀུན་ཀྱང་དེ་འདྲ་ཉིད། །འགྲོ་འདི་སྒྲོལ་བའི་ཁུར་ནི་བདག་ཅག་ལ། །བབས་ཀྱང་ད་ལྟའི་གནས་སྐབས་འདི་འདྲར་ནི། །གཞན་དག་སྒྲོལ་བ་ལྟ་ཞོག་རང་ཉིད་ཀྱང་། །གར་འགྲོའི་གཏོལ་ཡང་ཅུང་ཟད་མི་སྣང་ལ། །དགྲ་བཅོམ་རྣམ་གཉིས་ཐོབ་ཀྱང་རང་དོན་ཡང་། །མ་རྫོགས་གཞན་གྱི་དོན་ཡང་ཉི་ཚེ་ཙམ། །དེ་ན་རང་གཞན་དོན་གཉིས་མཐར་ཕྱིན་པར། །རྒྱལ་བའི་གོ་འཕང་ངེས་པར་ཐོབ་དགོས་ཏེ། །གོ་འཕང་མཆོག་དེ་ཐོབ་ན་རང་ཉིད་ནི། །རྒུད་པ་ཀུན་ཟད་ཡོན་ཏན་མ་ལུས་རྫོགས། །འབད་རྩོལ་མེད་པར་ནམ་མཁས་གར་ཁྱབ་པའི། །མ་རྒན་འགྲོ་བའི་དོན་བྱེད་ནུས་པའི་ཕྱིར། །དེས་ནས་བདག་གིས་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་མྱུར་བ་ཉིད་དུ་ཐོབ་པར་བྱ། །དེའི་ཕྱིར་སྦྱིན་སོགས་སྤྱོད་པ་རླབས་པོ་ཆེ། །ཀུན་ལའང་ཞུམ་མེད་རིམ་གྱིས་བསླབ་པར་བགྱི། །དེ་ལྟར་བྱང་ཆུབ་སེམས་མཆོག་བསྐྱེད་པའི་མཐུས། །བླ་མ་རྒྱལ་བ་སྲས་བཅས་རབ་དགྱེས་ཏེ། །ཐུབ་པའི་དབང་པོའི་སྐུ་ལས་རང་འདྲ་ཞིག། །བདག་ལ་ཐིམ་པས་སྡིག་སྒྲིབ་ཀུན་དག་ནས། །རང་ཉིད་ཐུབ་པའི་དབང་པོའི་སྐུ་རུ་གྱུར། །རང་གི་སྐུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །མ་དག་སྣོད་བཅུད་ཉེས་སྐྱོན་ཀུན་སྦྱངས་ཏེ། །དག་པ་རབ་འབྱམས་འབའ་ཞིག་ཉིད་དུ་གྱུར། །ཚད་མེད་བཞི་ནི། 
ཀྱེ་མ་འགྲོ་བ་འདི་དག་ཐམས་ཅད་ནི། །གྲངས་མེད་སྐྱེ་བར་ཕན་ཚུན་་ཕ་མ་རུ། །གྱུར་ཀྱང་དེ་ལྟར་མ་ཤེས་ཆགས་སྡང་གིས། །ལས་ངན་བསགས་ནས་སྡུག་བསྔལ་འབའ་ཞིག་མྱོང་། །ད་ནི་ཕན་ཚུན་ཆགས་སྡང་དང་བྲལ་ནས། །བཏང་སྙོམས་ངང་དུ་གནས་ན་ཅི་མ་རུང་། །གནས་པར་གྱུར་ཅིག་འགྱུར་བ་བདག་གིས་བྱ། །དེ་ལྟར་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཀྱེ་མ་འགྲོ་བ་འདི་དག་ཐམས་ཅད་ནི། །རྟག་ཏུ་བདེ་བ་འབའ་ཞིག་འདོད་མོད་ཀྱང་། །བདེ་བའི་རྒྱུ་ནི་དགེ་བར་མ་ཤེས་ཤིང་། །ཤེས་ཀྱང་དགེ་བ་བསྒྲུབས་པར་མ་ནུས་པས། །བདེ་བས་ཕོངས་སོ་ད་ནི་བདེ་བ་དང་། །བདེ་བའི་རྒྱུ་དང་ལྡན་ན་ཅི་མ་རུང་། །ལྡན་པར་གྱུར་ཅིག་འགྱུར་བར་བདག་གིས་བྱ། །དེ་ལྟར་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཀྱེ་མ་འགྲོ་བ་འདི་དག་ཐམས་ཅད་ནི། །སྡུག་བསྔལ་རྣམ་པ་ཀུན་ཏུ་མི་འདོད་ཀྱང། །ཤིན་ཏུ་གཏི་མུག་བླང་དོར་གོ་ལོག་གིས། །མི་དགེ་སྡིག་པའི་ལས་ལ་རྟག་གཞོལ་བས། །སྡུག་བསྔལ་གྱིས་མནར་ད་ནི་སྡུག་བསྔལ་དང་། །སྡུག་བསྔལ་རྒྱུ་དང་བྲལ་ན་ཅི་མ་རུང་། །བྲལ་བར་གྱུར་ཅིག་འགྱུར་པ་བདགག་གིས་བྱ། །དེ་ལྟར་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཀྱེ་མ་འགྲོ་བ་འདི་དག་ཐམས་ཅད་ནི། །འཁོར་བ་སྤྱི་དང་ཁྱད་པར་ངན་སོང་གི། །སྡུག་བསྔལ་རྒྱུ་བཅས་ཀུན་དང་བྲལ་གྱུར་ནས། །མངོན་མཐོ་ངེས་ལེགས་བདེ་བ་རིམ་བཞིན་དུ། །ཐོབ་ནས་ཟག་མེད་བདེ་བ་མཆོག་དེ་དང་། །ནམ་ཡང་བྲལ་མ་གྱུར་ན་ཅི་མ་རུང་། །མི་འབྲལ་གྱུར་ཅིག་འགྱུར་བ་བདག་གིས་བྱ། །དེ་ལྟར་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། །
ཁྱད་པར་གྱི་སེམས་བསྐྱེད་ནི།  
ཁྱད་པར་མཁམ་མཉམ་འགྲོ་བ་ཀུན་སྒྲོལ་ཕྱིར། །མྱུར་བ་མྱུར་བར་སངས་རྒྱས་ཐོབ་པར་བྱ། ། །དེའི་ཕྱིར་བྱང་ཆུབ་ལམ་གྱི་རིམ་པ་ཡི། །གདམས་པ་ཟབ་མོ་ཉམས་སུ་བླང་བར་བགྱི། །
ཚོགས་ཞིང་གསལ་གདབ་པ་ནི་འཇུག་པ་བདེ་ཕྱིར་སྔར་གྱི་སྐྱབས་ཡུལ་དེ་ཉིད་མ་བསྡུས་པར་འདིར་དྲན་ཙམ་བྱས་པས་འཐུས་བར་གསུངས་ཤིང་། །
སྐབས་འདིར་སྤྱན་འདྲེན་ཁྲུས་གསོལ་རེ་བྱ་བར་གསུངས་པས་འདི་ལྟར། །
མཁའ་ཁྱབ་ཞིང་བཞུགས་དངོས་རྒྱུད་བླ་མ་དང་། །ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་དང་། །ཉན་རང་དཔའ་བོ་མཁའ་འགྲོ་སྲུང་མའི་ཚོགས། །མ་ལུས་བདག་ལ་བརྩེ་བས་དགོངས་སུ་གསོལ། །དཔག་མེད་བསྐལ་པར་བདག་ཅག་རྣམས་ཀྱི་ཆེད། །ཐུགས་མཆོག་བསྐྱེད་པའི་དམ་བཅའ་མ་བསྙེལ་བར། །འདབ་བཟང་གཙོ་ལྷ་ཡི་ལམ་ལ་བཞིན། །རྫུ་འཕྲུལ་སྟོབས་ཀྱིས་བརྩེ་བའི་འདིར་གཤེགས་ཤིང་། །ཅེས་སྤྱན་དྲངས།  ཁྲུས་ཀྱི་ཁང་པ་༝༝། །ཇི་ལྟར་བལྟམས་པ་༝༝། །རྒྱལ་བའི་སྐུ་གསུང་ཐུགས་ལ་༝༝། །དེ་བཞིན་གཤེགས་དང་༝༝། །འདི་ནི་ཁྲུས་མཆོག་༝༝། །དེ་དག་སྐུ་ལ་༝༝། །སྣ་ཚོགས་དབང་པོའི་༝༝། །རྒྱལ་བ་མཚན་པོའི་༝༝། །བརྩེ་བའི་ཁོར་ཡུག་༝༝། །བདག་དང་༝༝། །ཞེས་སོགས་བྱ། །
དེ་ནས་བསགས་སྦྱངས་ཀྱི་གནད་བསྡུས་པ་ཡན་ལག་བདུན་པ་བྱ་ཚུལ་ནི། 
རབ་འབྱམས་རྒྱལ་བ་གཞན་གྱིས་མ་ཐུལ་བའི། །རྩོད་དུས་འགྲོ་རྣམས་བདག་གིས་འདྲེན་བྱ་ཞེས། །ཞིང་འདིར་གསང་བ་གསུམ་གྱིས་རྣམ་རོལ་པ། །བླ་མ་ཐུབ་པའི་དབང་པོར་ཕྱག་འཚལ་ལོ། །སྲིད་མཚོ་ཉམ་ངའི་ཀློང་དུ་བྱིང་བ་བདག །ཟབ་རྒྱས་མདོ་སྔགས་གདམས་པའི་ཐབས་མཁས་ཆེས། །སྐུ་གསུམ་རིན་ཆེན་ཐེམ་སྐས་ལ་འཁྲིད་མཛད། །དངོས་རྒྱུད་བླ་མ་རྣམས་ལ་༝༝། །གང་ཞིག་བརྩོན་པས་བསྙེན་ཅིང་རབ་བསྒྲུབ་ན། །བསྐལ་མང་རྙེད་དཀའ་ཟུང་འཇུག་གོ་འཕང་ཡང་། །སྐད་ཅིག་ཉིད་ལ་སྩོལ་མཛད་རྒྱུད་སྡེ་བཞིའི། །ཡི་དམ་ལྷ་ཚོགས་རྣམས་ལ་༝༝། །གྲངས་མེད་བསྐལ་པར་ཚོགས་གཉིས་གོམས་པའི་མཐུས། །སྐྱོན་རྣམས་ཀུན་ཟད་ཡོན་ཏན་མ་ལུས་རྫོགས། །ལྷུན་གྲུབ་རྒྱུན་ཆད་མེད་པའི་མཛད་པ་ཅན། །སྟོན་པ་སངས་རྒྱས་རྣམས་༝༝། །གང་ཞིག་བསྟེན་ན་ཉེས་ཀུན་བྱང་བྱེད་ཅིང་། །མངོན་པར་མཐོ་དང་ངེས་པར་ལེགས་པ་ཡི། །ཕུན་ཚོགས་མ་ལུས་ཡོངས་སུ་སྟེར་བྱེད་པ། །ལུང་རྟོགས་དམ་ཆོས་རྣམས་༝༝། །རང་བདེ་རྨི་ལམ་དུ་ཡང་མི་སེམས་ཤིང་། །སྐུ་དང་སྲོག་ལའང་མི་བལྟའི་སྙིང་སྟོབས་ཀྱིས། །རྟག་ཏུ་གཞན་བདེ་འབའ་ཞིག་བསྒྲུབ་མཛད་པ། །རྒྱལ་བའི་སྲས་མཆོག་རྣམས་ལ་༝༝། །འཁོར་བའི་གནས་ཀུན་མེ་འོབས་ལྟར་གཟིགས་ཏེ། །བསླབ་གསུམ་འཁྱོགས་ཀྱི་བཞོན་པ་ལ་བརྟེན་ནས། །ཐར་པའི་གྲོང་དུ་གཤེགས་ཤིང་སོན་གྱུར་པ། །འཕགས་པ་ཉན་རང་རྣམས་ལ་༝༝། །ཉི་ཤུ་རྩ་བཞིའི་གནས་མཆོག་དམ་པ་ན། །སྒྲུབ་པ་པོ་ལ་རྟག་ཏུ་བརྩེར་དགོངས་ནས། །སྣ་ཚོགས་སྤྲུལ་པའི་གར་གྱིས་རྣམ་རོལ་པ། །དཔའ་བོ་མཁའ་འགྲོའི་ཚོགས་ལ་༝༝། །དམ་ཆོས་ཚུལ་བཞིན་སྒྲུབ་པ་མཐའ་དག་གི། །འདོད་པའི་རེ་བ་ཡིད་བཞིན་སྐོང་བྱེད་ལ། །མ་རུང་བདུད་སྡེ་ཕྱེ་མར་བརླག་བྱེད་པའི། །དམ་ཅན་ཆོས་སྲུང་རྣམས་ལ་༝༝། །མདོར་ན་ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་གི་གྲངས་དང་མཉམ་པའི་ལུས་སྤྲུལ་ཏེ། །ཡོན་ཏན་ལ་བསྔགས་བསྟོད་དབྱངས་རྒྱ་མཚོ་བཅས། །མི་ཕྱེད་དད་གུས་ཆེན་པོས་ཕྱག་འཚལ་ལོ། །ཕུན་ཚོགས་རིན་ཆེན་བཀོད་ལེགས་སྣོད་ཡངས་སུ། །འཆི་མེེད་བདུད་རྩིའི་ཆབ་ཀྱི་མཆོད་ཡོན་གཏམས། །ཡིད་འཕྲོག་པདྨས་བརྒྱན་པའི་རྫིང་བུའི་ངོགས། །ཡན་ལག་བརྒྱན་ལྡན་ཞབས་བསིལ་རྒྱུན་བཟང་འཁྱིལ། །ཨུཏྤལ་ཀུ་མུ་ད་དང་པདྨ་སོགས། །ཡིད་འོང་མེ་ཏོག་དུ་མས་ས་གཞི་གང་། །བཟང་པོའི་སྨན་གྱི་བྱེ་བྲག་ལས་བྱུང་བའི། །དྲི་ཞིམ་བདུག་སྤོས་སྤྲིན་གྱིས་བར་སྣང་ཁྱབ། །ཉི་མ་ཟླ་བ་ནོར་བུའི་སྣང་པ་དང་། །རྩི་བཅུད་སྒྲོན་མེའི་སྣང་གསལ་ཀུན་ཏུ་བཀྲ། །ཙྡན་ག་བུར་དྲི་ཡིས་རབ་བསྒོས་པའི། །རབ་བསིལ་དྲི་ཆབ་རླབས་ཕྲེང་དལ་གྱིས་གཡོ། །ཁ་དོག་དྲི་ནུས་རོ་བརྒྱའི་དཔལ་ལྡན་པའི། །ལྷ་མིའི་བཟའ་བཅའི་ཞལ་ཟས་མཚར་དུ་དངར། །པི་ཝང་གླིང་བུ་སིལ་སྙན་རྔ་སྒྲ་སོགས། །སྣ་ཚོགས་རོལ་མོའི་སྒྲ་ཡིས་ས་གསུམ་གཡོ། །གཟུགས་མཆོག་སྒྲ་སྙན་དྲི་དང་རོ་ཡི་མཆོག། །རེག་བྱའི་འདོད་ཡོན་བྱེ་བྲག་མཐའ་ཡས་དང་། །མི་དབང་ནོར་མཆོག་རིན་ཆེན་རྣམ་པ་བདུན། །རྟགས་རྫས་བརྒྱད་ཀྱི་བཀོད་པས་ཞིང་ཀུན་གང་། །ལྗོན་ཤིང་མེ་ཏོག་ཆུ་མཚོ་ཡིད་འོང་སོགས། །བདག་པོས་མ་བཟུང་མཆོད་རྫས་ཅི་ཡོད་དང་། །བདག་གཞན་ལུས་དང་ལོངས་སྤྱོད་ཅི་མཆིས་པ། །མ་ཆགས་མི་ཞུམ་སྤྲོ་དགས་དགྱེས་དགུར་འབུལ། །ཐུབ་གཞུང་མདོ་རྒྱུད་མན་ངག་རྒྱ་མཚོམ་ལ། །ཐོས་བསམ་སྒོམ་པའི་དགེ་ཚོགས་ཅི་མཆིས་དང་། །ཀུན་བཟང་མཆོད་སྤྲིན་སྟོབས་ལས་ལེགས་བྱུང་བའི། །ངོ་མཚར་མཆོད་ཚོགས་ཞིང་ཀུན་ཁྱབ་པར་འབུལ། །དེ་ལྟར་དད་མོས་ཏིང་འཛིན་གྱིས་བསྐྲུན་པའི། །རྣམ་མང་མཆོད་སྤྲིན་རྒྱ་མཚོ་འདི་འབུལ་གྱི། །ཐུགས་རྗེས་བཞེས་ནས་བདག་སོགས་འགྲོ་ཀུན་ལ། །དངོས་གྲུབ་འདོད་དགུའི་གྲུ་ཆར་དབབ་ཏུ་གསོལ། །མཚམས་འདིིར་ལྟུང་བཤགས་སོགས་བྱ་མིན་བློ་དང་སྦྱར་ཞིང་དེ་ནས། །དཔག་མེད་སྡུག་བསྔལ་ཀུན་གྱི་རྒྱུ་གཅིག་པུ། །སྒོ་གསུམ་བཅས་དང་ཁ་ན་མ་མཐོའི་ལས། །སྔོན་ཆད་བགྱིས་དང་བགྱིད་སྩལ་ཅི་མཆིས་པ། །མ་ལུས་སྙིང་ནས་བཤགས་ཤིང་སྡོམ་པར་བགྱི། །དངོས་དང་བརྒྱུད་པའི་བླ་མ་མཆོག་རྣམས་དང་། །རབ་འབྱམས་རྒྱལ་བ་སྲས་དང་བཅས་པ་ཡི། །དུས་གསུམ་དང་འབྲེལ་ལེགས་སྤྱད་ཇི་སྙེད་པར། །ཤིན་ཏུ་གུས་ཤིང་དང་བས་ཡི་རང་ངོ། །སྲིད་པའི་གཅོང་རོང་ཉམ་ངའི་གཏིང་ལྷུངས་ཤིང་། །སྡུག་བསྔལ་སྨག་རུམ་འཐུག་པོས་ནོན་གྱུར་པས། །ཅི་བྱ་གཏོལ་མེད་བདག་དང་འགྲོ་རྣམས་ལ། །ཐར་ལམ་ཆོས་ཀྱི་སྣང་བ་བསྟན་དུ་གསོལ། །ཐབས་མཁས་ཐུགས་རྗེས་མཁའ་ཁྱབ་གདུལ་བྱའི་ངོར། །གང་འདུལ་གཟུགས་སྐུའི་རྣམ་རོལ་ཇི་སྙེད་པ། །འགྲོ་ཀུན་བྱང་ཆུབ་མཆོག་ལ་མ་རེག་པར། །རང་རང་གདུལ་བྱའི་མགོན་དུ་བཞུགས་སུ་གསོལ། །འདིས་མཚོན་དགེ་བ་ཇི་སྙེད་བསགས་པ་ཀུན། །སྲིད་ལམ་དུབ་པའི་མ་རྒན་འགྲོ་འདི་རྣམས། །གཏན་དུ་བདེ་བའི་ལམ་ལ་འགོད་པའི་ཕྱིར། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་ཕྱིར་བསྔོ། །
མཚམས་འདིར་མཎྜལ་དབུལ། 
གསོལ་བ་འདེབས་པ་མན་ངག་བཞིན་བྱ་ཚུལ་ནི། 
དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པད་ཟླའི་སྟེང་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུངས་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བསྐལ་བཟང་ཞིང་གི་འདྲེན་པ་སྟོང་གི་དབུས། །རྩོད་དུས་འགྲོ་ལ་ཐུགས་རྗེ་ཆེས་ལྷག་པ། །བླ་མ་ཐུབ་དབང་རྡོ་རྗེ་འཆང་ཆེན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གསང་ཆེན་ལྷ་ཡི་རྣལ་འབྱོར་ལ་བརྟེན་ནས། །སྐལ་ལྡན་ཚེ་གཅིག་ཟུང་འཇུག་སར་འཁྲིད་མཛད། །ཉམས་ལེན་བྱིན་རླབས་བླ་མའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་༝༝། །ཤེར་ཕྱིན་སྦས་དོན་རྒྱ་ཆེའི་ལམ་གྱི་གནད། །ཐུགས་རྗེས་བསྐྱོད་ནས་འགྲོ་ལ་རྗེས་བསྟན་པ། །རྒྱ་ཆེན་སྤྱོད་རྒྱུད་བླ་མའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་༝༝། །མ་རིག་འཁྲུལ་བར་འཁྱམས་པ་ལུས་ཅན་རྣམས། །ཟབ་ཞི་སྤྲོས་བྲལ་ལམ་དུ་ངེས་སྦྱོར་བ། །ཟབ་མོ་ལྟ་རྒྱུད་བླ་མའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་༝༝། །ཟབ་དང་རྒྱ་ཆེའི་གདམས་པའི་སྲོལ་བཟུང་སྟེ། །གངས་ལྗོངས་ཐེག་མཆོག་བསྟན་པ་རྒྱས་མཛད་པ། །བཀའ་གདམས་རྒྱུད་པའི་བླ་མའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་༝༝། །མདོ་རྒྱུད་དགོངས་འགྲེལ་མ་ལུས་གང་ཟག་གཅིག། །འཚང་རྒྱའི་ལམ་དུ་སྒྲིལ་ནས་ལེགས་འདོམས་པ། །དགའ་ལྡན་བཀའ་རྒྱུད་བླ་མའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་༝༝། །གྲངས་མེད་རྒྱལ་བ་ཀུན་གྱི་ཐུགས་རྗེ་ཉིད། །ལམ་སྟོན་བཤེས་གཉེན་མཆོག་གི་སྐུར་ཤར་བ། །རྩ་བའི་བླ་མ་བཀའ་དྲིན་ཅན་རྣམས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དེ་ནས་ཡོན་ཏན་གཞི་གྱུ་མའམ། །དེ་ལས་ཅུང་རྒྱས་ཙམ་བྱེད་པར་སྤྲོ་ན། མ་ནོར་ལམ་སྟོན་བླ་མ་མཆོག་རྣམས་ལ། །ཐ་མལ་སྐྱོན་རྟོག་སྐད་ཅིག་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་ཞིང་བཀའ་དྲིན་ཆེར། །དྲན་ནས་བཀའ་བཞིན་སྒྲུབ་པར་བྱིན་གྱིས་རློབས། །དལ་འབྱོར་རྟེན་བཟང་དོན་མེད་ཆུད་གསན་བྱེད། །བག་མེད་སྙོམས་ལས་བློ་ངན་མྱུར་འགག་ཅིང་། །རྙེད་དཀའ་དོན་ཆེ་སྙིང་ནས་དྲན་པ་དང་། །དོན་ཆེན་སྙིང་པོ་ལེན་པར་༝༝། །ངེས་མེད་འཆི་བ་མཐོང་ཡང་ལོ་བརྒྱ་རུ། །སྡོད་པར་ཞེན་པའི་རྟག་འཛིན་དང་བྲལ་ཞིང་། །མྱུར་དུ་འཆི་ཞིང་ནམ་འཆི་ངེས་མེད་པའི། །ངང་ཚུལ་སྙིང་ནས་དྲན་པར་༝༝། །མི་བཟོད་གཡང་ས་གསུམ་ལ་ཅུང་ཟད་ཀྱང་། །ཡ་ང་མེད་པའི་བསམ་སྦྱོར་རྩད་ཐོན་ཞིང་། །ངན་འགྲོོའི་ངང་ཚུལ་མཐོང་ཐོས་དྲན་ཙམ་གྱིས། །ཤིན་ཏུ་འཇིགས་པ་སྐྱེ་བར་༝༝། །འཇིགས་ཆེན་མཐོང་ཡང་སྐྱབས་མགོན་མི་འཚོལ་བའི། །བསམ་རླབ་ཡིད་འདི་ཡོངས་སུ་བྲལ་གྱུར་ཅིང་། །བསླུ་མེད་སྐྱབས་གཅིག་རིན་ཆེན་མཆོག་གསུམ་ལ། །སྙིང་ནས་སྐྱབས་སུ་བཟུང་བར་༝༝། །ལས་འབྲས་རྣམ་དབྱེ་བརྒྱ་ཕྲག་ཐོས་མཐོང་ཡང་། །ཡིད་ཆེས་མེད་པའི་ཐ་རྒོད་བློ་འགག་ཅིང་། །དཀར་ནག་ལས་དང་འབྲས་བུའི་ཚུལ་རྣམས་ལ། །བཅོས་མིན་ཡིད་ཆེས་རྙེད་པར་༝༝། །འཁོར་བའི་གནས་ལུས་ལོངས་སྐྱོད་མཐའ་དག་ལ། །བདེ་བར་མཐོང་ཞིང་ཞེན་པའི་སེམས་བྲལ་ཞིང་། །སྲིད་གསུམ་མ་ལུས་མེ་འོབས་ལྟར་རྟོགས་ནས། །ཐར་འདོད་དྲག་ཏུ་སྐྱེ་བར་༝༝། །ཐོག་མེད་དུས་ནས་འཁོར་བའི་བཙོན་ར་འདིར། །འཆིང་བྱེད་བདག་འཛིན་དགྲ་ཡུལ་ཐོན་ཞིང་། །ཐར་པའི་ལམ་མཆོག་ཚང་ལ་མ་ནོར་བ། །བསླབ་གསུམ་ཉམས་ལེན་འབྱོངས་པར་༝༝། །འགྲོ་རྣམས་བོར་ནས་རང་ཉིད་ཞི་བའི་བདེ། །དོན་དུ་གཉེར་བའི་དམན་སེམས་མི་སྐྱེ་ཞིང་། །གཞན་དོན་འཁུར་དུ་འཁྱེར་བའི་སེམས་མཆོག་ཆེ། །མྱུར་བ་མྱུར་བར་སྐྱེ་བར་༝༝། །འཁོར་འདས་རྒུད་པ་ཀུན་གྱི་རྒྱུ་གཅིག་པུ། །བདག་ཉིད་གཅེས་འཛིན་གཅོང་ནད་འདི་ཐོན་ཞིང་། །རང་གཞན་ཕུན་ཚོགས་ཡོངས་ཀྱི་སྒོ་གཅིག་པུ། །བདག་པས་གཞན་གཅེས་འབྱོངས་བར་༝༝། །རྒྱལ་སྲས་སྤྱོད་པ་རྒྱ་མཚོར་འཇུག་པ་ལ། །སྐད་ཅིག་ཙམ་ཡང་ཞུམ་པ་མི་སྐྱེ་ཞིང་། །སར་གནས་དཔའ་བ་རྣམས་ཀྱི་རྣམ་ཐར་ལྟར། །ཕྱིན་དྲུག་སྤྱོད་ལ་སློབ་པར་༝༝། །རྣམ་དག་བསམ་གཏན་འགྲུབ་ལ་གེགས་ཀྱི་ཕུལ། །བྱིང་རྒོད་རྣམ་རྟོག་མཚན་མ་ཀུན་ཞི་ཞིང་། །དམིགས་རྣམ་ཀུན་ལ་འདོད་དགུར་དབང་བསྒྱུར་བའི། །ཏིང་འཛིན་རྩོལ་མེད་སྐྱེ་བར་༝༝། །རྒྱལ་བའི་དགོངས་ཟབ་དོན་ལས་གཞན་གྱུར་པ། །རྟག་ཆད་ལོག་པའི་ལྟ་ངན་མི་སྐྱེ་ཞིང་། །སྣང་སྟོང་གྲོགས་འགྱུར་གདོད་མའི་གནས་ལུགས་ཆེ། །འཁྲུལ་མེད་མྱུར་དུ་རྟོགས་པར་༝༝། །རླབས་ཆེན་སྤྱོད་ལ་ཞུམ་སྟེ་མྱུར་པའི་ལམ། །འཚོལ་བའི་ཟོལ་ལ་བསྟན་པའི་ཡིད་བྲལ་ཞིང་། །འགྲོ་ཀུན་སྒྲོལ་ལ་ཆེས་ཆེར་རིངས་པའི་བློས། །གསང་ཆེན་ཐེག་པར་འཇུག་པར་༝༝། །དབང་དུས་ཁས་བླང་བཅས་མཚམས་ཕྲ་རགས་ལས། །འདས་པའི་ཉེས་ལྟུང་དྲི་མ་ཀུན་བྱང་ཞིང་། །དམ་ཚིག་སྡོམ་པ་ལམ་གྱི་གཞིར་མཐོང་ནས། །སྲོག་བཞིན་གཅེས་པར་བསྲུངས་བར་༝༝། །སྲིད་པར་ཡུན་དུ་སྡུག་བསྔལ་ལ་སྦྱོར་བ། །ཐ་མལ་སྐྱེ་ཤི་བར་དོའི་འཇིགས་བྲལ་ཞིང་། །སྣོད་བཅུད་སྐུད་གསུམ་རྡོ་རྗེའི་རོལ་པ་རུ། །འཆར་བའི་རིམ་གཉིས་འབྱོངས་བར་༝༝། །གནས་སྐབས་སུ་ཡང་ལམ་བཟང་སྒྲུབ་པའི་གེགས། །ཕྱི་ནང་བར་གཅོད་མཚན་མ་ཀུན་ཞི་ཞིང་། །ལེགས་ཚོགས་མཐུན་པའི་རྐྱེན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཚེ་རབས་ཀུན་ཏུ་འདི་ལྟའི་ལམ་སྟོན་པའི། །བཤེས་གཉེན་དང་མཇལ་དལ་འབྱོར་རྟེན་ཐོབ་ཅིང་། །ཐོས་བསམ་སྒོམ་པས་ས་ལམ་མྱུར་བགྲོད་དེ། །ཀུན་མཁྱེན་ཐོབ་ནས་འགྲོ་ཀུན་སྒྲོལ་བ་ཤོག །ཅེས་གསོལ་བ་འདེབས་ཤིང་ཞིང་མཆོག་སྒོ་འབྱེད་དང་བྱིན་རླབས་སྤུང་ཞུས་ཀྱི་དམིགས་རིམ་ཡང་མན་ངག་བཞིན་ཉམས་སུ་བླང་ངོ་། །
དེ་ནས་བདེ་ལམ་ནས་འབྱུང་བ་བཞིན་ཚོགས་ཞིང་བསྡུ་བ་སོགས་བྱ་བ་འམ། །འཇམ་དཔལ་ཞལ་ལུང་ལས་འབྱུང་བ་ལྟར་དེ་དག་མ་བྱས་ཀྱང་རུང་བས་མོས་པ་དང་བསྟུན་ལ། །
དངོས་གཞི་བཤེས་གཉེན་བསྟན་པའི་ཕན་ཡོན་ནི། 
བྱང་ཆུབ་ལམ་མཆོག་ཚང་ལ་མ་ནོར་བ། །འདོམས་པའི་དགེ་བའི་བཤེས་གཉེན་དམ་པ་ནི། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་ཡི། །ཕན་ཡོན་དེ་ནི་བསམ་གྱིས་མི་ཁྱབ་སྟེ། །གྲངས་མེད་བསྐལ་པ་རྒྱ་མཚོར་བརྩོན་པ་བརྒྱས། །བསྒྲུབས་ཀྱང་ཤིན་ཏུ་རྙེད་དཀའ་ཟུང་འཇུག་ཆེ། །བླ་མའི་མཐུ་ལ་བརྟེན་ན་སྙིགས་དུས་ཀྱི། །ཚེ་ཐུང་གཅིག་ལ་བདེ་བླག་འགྲུབ་པར་གསུངས། །བཤེས་གཉེན་དམ་པ་ཚུལ་བཞིན་བསྟེན་བྱས་ཚེ། །འདི་ནི་མྱུར་དུ་སྲིད་ལས་གྲོལ་འགྱུར་ཞེས། །བུ་ལ་ཕན་པ་སྒྲུབ་པ་མས་མཐོང་བཞིན། །རྒྱལ་བ་མ་ལུས་ཐུགས་ཡིད་གཏིང་ནས་དགྱེས། །སློབ་མས་བླ་མ་ཚུལ་བཞིན་བསྟེན་པའི་ཚེ། །རྒྱལ་རྣམས་སྤྱན་མ་དྲངས་ཀྱང་བླ་མའི་སྐུར། །དགྱེས་བཞིན་བཞུགས་ནས་མཆོད་ཚོགས་ཀུན་བཞེས་ཤིང་། །དེ་ཡི་རྒྱུད་ཀྱང་བྱིན་གྱིས་བརླབས་པར་གསུངས་། །དེ་ཚེ་སངས་རྒྱས་ཀུན་གྱི་བྱིན་རླབས་དེ། །དད་པའི་སེམས་ཀྱི་བུ་གར་ཞུགས་པའི་མཐུས། །བདུད་དང་ཉོན་མོངས་ཚོགས་ཀྱིས་མི་ཚུགས་ཤིང་། །ས་ལམ་ཉམས་རྟོགས་མོད་ལ་སྐྱེ་ཞིང་འཕེལ། །དེ་ལ་རྟག་ཏུ་གུས་པས་བརྟེན་བྱས་ན། །ཉོན་མོངས་ཉེས་སྤྱོད་ཐམས་ཅད་རང་ཤུགས་ཀྱིས། །འགག་ཅིང་དཀར་ཆོས་ངང་གིས་འཕེལ་འགྱུར་པས། །འདི་དང་ཕྱི་མར་བདེ་བ་རྒྱ་ཆེན་ཐོབ། །ཚེ་འདིར་བླ་མ་ཚུལ་བཞིན་མཉེས་བྱས་པའི། །རྒྱུ་མཐུན་འབྲས་བུ་ཚེ་རབས་ཐམས་ཅད་དུ། །དགེ་བའི་བཤེས་གཉེན་མཆོག་དང་མཇལ་འགྱུར་ཞིང་། །ཚང་ལ་མ་ནོར་དམ་ཆོས་ཐོས་པར་གྱུར། །མདོར་ན་བཤེས་གཉེན་བསྟེན་པས་གནས་སྐབས་སུ། །མི་ཁོམ་ལས་ཐར་ལྷ་མིའི་རྟེན་བཟང་རྙེད། །མཐར་ཐུག་འཁོར་བའི་སྡུག་བསྔལ་ཀུན་ཟད་དེ། །ངེས་ལེགས་གོ་འཕང་དམ་པ་ཐོབ་པར་འགྱུར། །
མ་བསྟེན་པའི་ཉེས་དམིགས་ནི། 
དེ་ལྟར་བཤེས་གཉེན་ཚུལ་བཞིན་བསྟེན་བྱས་པའི། །ཕན་ཡོན་བསམ་མི་ཁྱབ་པ་དེ་བཞིན་དུ། །མ་བསྟེན་པ་དང་བསྟེན་ཚུལ་ལོག་པ་ཡི། །ཉེས་དམིགས་དེ་ཡང་བསམ་གྱིས་མི་ཁྱབ་སྟེ། །དགེ་བའི་བཤེས་རྣམས་རྒྱལ་ཀུན་འཕྲིན་ལས་དེ། །རམ་གི་བླ་མར་ཤར་བ་ཉིད་ཡིན་ཕྱིར། །དེ་ལ་མ་གུས་རྒྱལ་ཀུན་མ་གུས་པར། །གསུང་ཕྱིར་དེ་ལས་རྣམ་སྨིན་ལྕི་བ་གང་། །བླ་མ་ཁྲོ་སེམས་སྐད་ཅིག་གང་སྐྱེས་བ། །དེ་སྙེད་བསྐལ་བར་བསགས་པའི་དགེ་བཅོམས་ཏེ། །སྐད་ཅིག་དེ་ཡི་གྲངས་མཉམ་བསྐལ་པ་རུ། །དམྱལ་བར་སྐྱེ་ཞེས་དུས་འཁོར་རྒྱུད་ལས་གསུངས། །མཚམས་མེད་ལྔ་སོགས་སྡིག་པ་ཆེར་བགྱིས་ནའང་། །སྔགས་ལ་བརྟེན་ན་ཚེ་འདིར་མཆོག་འགྲུབ་ཀྱང་། །སྙིང་ནས་སློབ་དཔོན་སྨོད་པས་བསྐལ་པ་རུ། །བསྒྲུབ་ཀྱང་དངོས་གྲུབ་ཅི་ཡང་མི་འགྲུབ་གསུངས། །ལམ་སྟོན་བཤེས་ལ་བརྙས་སྨོད་ལྷུར་ལེན་པའི། །གང་ཟག་དེས་ནི་རྒྱུད་དོན་བསྒྲུབ་པའི་མཆོག །གཉིད་རྨུགས་འདུ་འཛི་སྤངས་ཏེ་འབད་གྱུར་ཀྱང་། །དམྱལ་སོགས་བསྒྲུབ་དང་འདྲ་བར་རྒྱུད་ལས་བཤད། །བླ་མ་མཆོག་ལ་གུས་པ་དང་བྲལ་ན། །ཡོན་ཏན་མི་སྐྱེ་སྐྱེས་པ་ཉམས་འགྱུར་ཞིང་། །ཚེ་འདིར་ནད་གདོན་དུས་མིན་འཆི་སོགས་འབྱུང་། །ཕྱི་མ་ངན་སོང་མུ་མཐའ་མེད་པར་འཁྱམས། །གལ་ཏེ་བརྒྱ་ལ་བདེ་འགྲོའི་རྟེན་ཐོབ་ཀྱང་། །མ་གུས་པ་ཡི་རྒྱུ་མཐུན་འབྲས་བུ་དེས། །མི་ཁོམ་གནས་སུ་སྐྱེས་ནས་དམ་ཆོས་དང་། །དགེ་བའི་བཤེས་ཀྱི་སྒྲ་ཡང་ཐོས་མི་འགྱུར། །མདོར་ན་བཤེས་གཉེན་བསྟན་པའི་ཚུལ་ལོག་ན། །འཁོར་བ་སྤྱི་དང་བྱེ་བྲག་ངན་འགྲོ་རུ། །གཏན་འཁྱམས་སྡུག་བསྔལ་འབའ་ཞིག་མྱོང་བ་ལ། །མཐོ་རིས་ཐར་པ་ཐོབ་པའི་སྐབས་མེད་འགྱུར། །དེ་ལྟར་ཕན་ཡོན་ཉེས་དམིགས་བསམ་འདས་ཤིས། །བདག་གི་ལེགས་ཚོགས་རྩ་བའང་འདིར་སྣང་ཕྱིར། །ད་ནི་སྐྱོན་རྟོག་ཡིད་ཡུལ་མི་རྒྱུ་བར། །དད་ཅིང་གུས་པས་བསྟེན་པར་མི་བྱེད་རི། །
རྩ་བ་དད་པ་སྦྱང་བ་ནི།  
བདག་གི་ལམ་སྟོན་བཤེས་གཉེན་འདི་རྣམས་ནི། །ཇི་ལྟར་ནམ་མཁའི་ཟླ་བ་ཅིག་དེ་ཉིད། །འཇིག་རྟེན་ཁམས་ཀྱི་ཆུ་ཀླུང་ཐམས་ཅད་དུ། །འབད་མེད་གཅིག་ཅར་འཆར་བ་དེ་བཞིན་དུ། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་དེ་ཉིད་ཀྱང་། །དག་དང་མ་དག་གདུལ་བྱ་རྣམས་ཀྱི་ངོར། །ལོངས་སྤྲུལ་ཐ་མལ་བཤེས་སོགས་གང་འདུལ་སྐུར། །འབད་མེད་ཉིད་དུ་ཤར་བར་མདོ་ལས་གསུངས། །ཁྱད་པར་སྔགས་ཀྱི་རྒྱུ་སྡེ་དུ་མ་ལས། །དུས་མཐར་ཁྱབ་བདག་རྡོ་རྗེ་འཆང་དབང་ཉིད། །ཐ་མལ་དགེ་བའི་བཤེས་ཀྱི་སྐུར་བསྟན་ནས། །སྙིགས་མའི་འགྲོ་བ་འདྲེན་པར་གསུངས་པའི་ཕྱིར། །སྐུ་དང་མཛད་པ་ཇི་ལྟར་བསྟན་ན་ཡང་། །དོན་དུ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས། །བདག་ཅག་ཐར་པའི་ལམ་ལ་དྲང་བའི་ཕྱིར། །གང་འདུལ་སྐུ་རུ་བསྟན་པར་གདོན་མི་ཟ། །སྐྱོན་གྱི་རྣམ་པར་སྣང་བ་འདི་དག་ཀྱང་། །ལེགས་སྐར་ལྷས་སྦྱིན་མུ་སྟེགས་བྱེད་རྣམས་ཀྱིས། །སྐྱོན་ཟད་ཡོན་ཏན་རྫོགས་པའི་སྟོན་པ་དེ། །སྐྱོན་གྱི་གོང་པུར་མཐོང་བ་ཇི་བཞིན་དུ། །བདག་གི་ལས་ངན་སྒྲིད་གཡོགས་ཆེས་འཐུག་པས། །མཁྲིས་ལྡན་མི་ཡིས་དུང་སེར་མཐོང་བ་ལྟར། །སྐྱོན་བྲལ་སྐྱོན་ལྡན་ཉིད་དུ་མཐོང་ཙམ་ལས། །དོོན་དུ་ཉེས་སྐྱོན་དེ་འདྲ་ཅི་ལ་མངའ། །རྣམ་པ་ཅིག་ཏུ་སྐྱོན་ལྟར་སྣང་འདི་དག །རྒྱལ་བས་སེམས་ཅན་དོོན་དུ་བདུད་སོགས་ཀྱི། །རོལ་པ་ཅིར་ཡང་སྟོན་པར་གསུངས་པ་ལྟར། །ཆེད་དུ་མ་བསྟན་པ་ཡི་ངེས་པ་ཅི། །ལས་ངན་སྒྲིབ་གཡོགས་འདི་དང་མ་བྲལ་རིང་། །སངས་རྒྱས་མ་ལུས་མངོན་སུམ་མདུན་བྱོན་ཡང་། །ད་ལྟའི་སྣང་བ་འདི་ཉིད་མ་གཏོགས་པ། །ཁྱད་པར་མངོན་མཐོ་ཙམ་གྱིས་མ་ཚིམ་པར། །བྱང་ཆུབ་བསྒྲུབ་ལ་ས་ཆོད་འབྱུང་བའི་ཕྱིར། །རྣམ་སྨིན་བརྒྱད་ལྡན་རྟེན་མཆོག་ཐོབ་པའི་རྒྱུ། །ཀུན་ལའང་བདག་གིས་བརྩོན་པས་བསླབ་པར་བྱ། །དེ་ལྟར་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། །
སྐྱེས་བུ་འབྲིང་ལས་མིའི་སྡུག་བསྔལ་སྒོམ་ཚུལ་ནི། 
དེ་ལྟར་སྡིག་སྤོང་དགེ་ལ་འབད་ན་མངོན་མཐོའི་རྟེན་ཞིག་རྙེད་མོད་ཀྱང་། །འཁོར་བའི་སྡུག་བསྔལ་ཡོངས་སུ་ཟད་པའི་ཐར་པའི་གནས་དེ་མ་ཐོབ་ན། །སླར་ཡང་ངན་འགྲོར་འཁྱམས་པར་འགྱུར་ཕྱིར་ཡིད་བརྟན་མེད་པར་མ་ཟད་དེ། །རྟེན་དེ་ཉིད་ལའང་བདེ་བའི་སྐབས་མེད་སྡུག་བསྔལ་རང་བཞིན་ཉིད་ཡིན་ཏེ། །མི་རྣམས་མངལ་དུ་རྣལ་ཁྲག་ལ་སོགས་རབ་ཏུ་མི་གཙང་དྲི་ང་ཞིང་། །སྲིན་བུས་ཡོངས་གང་ཆེ་ཆེར་དོག་པའི་མུན་ཁུང་ཤིན་ཏུ་ཡ་ངའི་ཁྲོད། །ལུས་ནི་བཅིང་བ་བཞིན་དུ་བསྐམས་ཤིས་ཤ་མའི་སྣོད་ཀྱིས་ཀུན་ནས་དཀྲིས། །མ་ཡི་སྤྱོད་ལམ་སོགས་ལ་བརྟེན་པའི་སྡུག་བསྔལ་དུ་མ་རིང་དུ་མྱོང་། །དེ་ནས་ལས་ཀྱི་རྣམ་སྨིན་ལས་སྐྱེས་རླུང་གིས་ཐུར་དུ་ཁ་བསྟན་ཏེ། །རུས་པའི་འཁྲུལ་འཁོར་ཤིན་ཏུ་དོག་ཅིང་མི་གཙང་དྲི་ངའི་སྒོ་དག་ལས། །དྲག་ཅིང་རྩུབ་པའི་ཚེར་བ་བཟོད་དཀས་ཉམ་ཐག་བཞིན་དུ་བཙས་ནས་ཀྱང་། །མི་འདོད་སྡུག་བསྔལ་ཆར་བཞིན་འབབ་པའི་སྐྱེ་བའི་སྡུག་བསྔལ་འདི་རེ་འཇིགས། །སྔར་གྱི་ན་ཚོད་གཞོན་ནུའི་ལུས་དེ་རིམ་འགྱུར་རང་ལུས་འཕོས་པ་ལྟར། །ལུས་སྒུར་མདོག་ཉམས་སྐྲ་རྣམས་དཀར་ཞིང་བདེ་མོར་འགྲོ་ཡང་གོམ་འགྲོས་འཁྱོར། །ཤ་སྟོབས་བྲི་པས་གཉེར་མས་ཁེབས་ཤིང་པགས་པ་དག་ཀྱང་ལྷག་ལྷུག་འབྱང་། །སོོ་ཕྲེང་ཐོར་ཞིང་ཟས་ལ་ཡིད་སྨོན་སྨྲ་ལྕེ་ལྡིབ་ཅིང་བརྗེད་ངས་ཆེ། །མིག་གཟུགས་མི་མཐོང་རྣ་བ་མི་གསལ་ལྡང་འདུག་དཀའ་ཞིང་གཞན་གྱིས་བརྙས། །བཟའ་བཏུང་དག་ཀྱང་འཇུ་དང་སྤྱོད་དཀའ་སྐྱེ་བོ་ཀུན་གྱི་ཡིད་མི་འབབ། །ད་ནི་ལང་ཚོ་འདི་ལྟར་གྱུར་བས་མྱུར་དུ་འཆི་བར་འགྱུར་སྙམ་བའི། །སྡུག་བསྔལ་ཆེན་པོས་ཉིན་བཞིན་གཟིར་བའི་རྒས་པའི་སྡུག་བསྔལ་འདི་རེ་སྐྱོ། །འབྱུང་བ་འཁྲུག་པའི་ནད་ཀྱིས་བཏབ་སྟེ་བསྐུལ་བསྐྱོད་དཀའ་ཞིང་མལ་དུ་ལུས། །ནད་ཟུག་དྲག་པོས་རྟག་ཏུ་འཁུན་ཞིང་ཉིན་མཚན་མི་འཁྱོལ་ངུ་ཞིང་སྨྲ། །ཡིད་དགར་འོང་བ་སྤྱོད་པའི་དབང་མེད་མི་འདོད་བཟའ་བཏུང་སྨན་སོགས་སྟེར། །ནད་ཀྱི་ཟུག་རྔུས་རྟག་ཏུ་མནར་བཞིན་ད་དུང་གཏར་སྲེགས་ལ་སོགས་མྱོང་། །སྤྱོད་ལམ་དག་ཀྱང་གང་དགར་བྱར་མེད་མདངས་ཉམས་སྐད་དམའ་ལྡང་མི་ཐུབ། །ནད་ཀྱི་དབང་གིས་གནས་ལུས་ལོངས་སྤྱོད་འཁོར་དང་གྲོགས་ཀུན་དགྲ་རུ་འཆར། །ཡིད་མི་བདེ་བའི་ཉིན་ཚན་འདའ་ཞིང་ནད་དེས་འཆི་བར་དོགས་པ་ཡི། །མྱ་ངན་ཤུགས་ཀྱིས་ཆེ་ཆེར་ནོན་པའི་ན་བའི་སྡུག་བསྔལ་འདི་རེ་མཐུ། །ལུས་ཀྱི་ནད་དམ་རྐྱེན་གཞན་དག་གིས་འཆི་བདག་ཁ་རུ་མངོན་ཕྱོགས་ཏེ། །གང་དུ་འཆི་ནད་དྲག་པོས་ཟིན་ནས་མལ་གྱི་ཐ་མར་འདྲེ་ལྡོག་ཅིང་། །སྨན་པས་མ་ཕན་རིམ་གྲོས་མ་བཟློག་རང་གཞན་གསོན་པའི་རེ་ཐག་ཆད། །གཉེན་བཤེས་ངུ་བས་མཐའ་ནས་བསྐོར་ཞིང་རང་གི་གདོང་རང་མཆི་མས་བཤལ། །ཁ་ནས་ཐ་མའི་ཚིག་དག་སྨྲ་ཞིང་གཤིན་དགེ་དུར་གྱི་གཤོམ་ར་འདིར། །སྣ་གཞོམ་ཁ་བསྐམས་མིག་ནི་གྱེན་ལྡོག་ངར་རང་དབུགས་བརྩེགས་ཅི་བྱར་གྱ། །གཉེན་ལུས་ལོངས་སྤྱོད་གྲགས་ལ་ཆགས་པའི་མྱ་ངན་གྱིས་གདུང་སྡིག་པས་འགྱོད། །གནད་གཅོད་དྲག་པོས་རྐང་ལག་གཡོབ་སོགས་འཆི་བའི་སྡུག་བསྔལ་འདི་རེ་འཇིགས། །དེ་ལྟར་སྐྱེ་རྒ་ན་འཆིའི་དགྲ་བཞིས་འཁོར་ལོ་བསྐོར་བཞིན་མནར་བ་ཡི། །བར་སྐབས་སུ་ཡང་སྡུག་བསྔལ་མང་པོས་བདེ་བར་གནས་པའི་སྐབས་མེད་དེ། །ཞེ་འགྲས་དགྲ་དང་ཆོམ་རྐུན་གཅན་གཟན་མི་མིན་མེ་ཆུའི་འཇིགས་པ་སོགས། །ཤིན་ཏུ་མི་སྡུག་དག་དང་ཕྲད་པས་ཡིད་ནི་མྱ་ངན་ཁུང་བུར་ཚུད། །ཆེ་ཆེར་འཕངས་ཤིང་སྙིང་དུ་སྡུག་པའི་གཉེན་བཤེས་ལོངས་སྤྱོད་འཁོར་སོགས་དང་། །རང་དབང་མེད་པར་བྲལ་བར་གྱུར་ཚེ་དེ་ཉིད་དྲན་པས་ཡིད་གདུངས་ཏེ། །ངག་ཏུ་སྨྲེ་ངག་ཅི་ཡང་འབྱིན་ཞིང་མཆི་མས་མནངས་ཏེ་བརྒྱལ་ཞིང་འགྱེལ། །ཡན་ལག་བརྡབས་ཤིང་སྐྲ་ཡང་འབལ་བྱེད་སྨྲ་བ་སྐྱུངས་ཤིང་ཟས་ཀྱང་གཅོད། །སོ་ནམས་བྱས་ཀྱང་སྟོན་ཐོག་མ་གྲུབ་འཚོ་སྐྱོང་བྱས་ཀྱང་ཕྱུགས་མ་འཕེལ། །ཚོང་ལ་ཞུགས་ཀྱང་ཁེ་སྤོགས་མ་ཐོན་སྐྱི་དང་སློང་ཡང་རེ་བ་དེ། །མ་འགྲུབ་པ་སོགས་འདོད་པ་དངོས་པོ་ངལ་བརྒྱས་བཙལ་ཡང་མི་རྙེད་ཅིང་། །སད་ཐན་གྱོད་ཆགས་ཁམ་ཆུ་ལ་སོགས་མི་འདོད་དངོས་པོ་ཐོག་ཏུ་འབབ། །འབྱོར་བས་ཕོངས་རྣམས་བཟོ་སོགས་ལས་དང་གཞན་གྱི་བྲན་དང་འཁོལ་པོས་མནར། །ལོངས་སྤྱོད་ལྡན་རྣམས་དེ་ཉིད་བསྲུང་དང་སྤེལ་བ་སོགས་ཀྱིས་རྟག་ཏུ་ངལ། །གཞན་ཡང་ཚ་གྲང་བསྐྲེས་སྐོམ་དབུལ་ཕོངས་ཕན་ཚུན་འཐབ་ཅིང་རྩོད་པ་སོགས། །མི་ཡི་གནས་ནའང་སྡུག་བསྔལ་མང་འཁྲུག་ངན་འགྲོའི་འཇིག་རྟེན་དག་དང་མཚུངས། །
ལྷ་མ་ཡིན་གྱི་སྡུག་བསྔལ་སྒོམ་ཚུལ་ནི། 
ལྷ་མིན་རྣམས་ཀྱང་ལྷ་ཡི་དཔལ་འབྱོར་ཕུན་སུམ་ཚོགས་པ་གང་དེ་ཉིད། །སྙིང་ལ་ཚེར་མ་ལྟ་བུར་ཟུག་པའི་ཕྲག་དོག་མེ་ལྕེས་ཡིད་གདུངས་ནས། །ལྷ་དང་འཐབ་ཅིང་འདོད་ལ་བརྟེན་པའི་སྡུག་བསྔལ་མི་བཟད་ཉམས་སུ་མྱོང་། །ཤེས་རབ་ལྡན་ཡང་རྣམ་སྨིན་སྒྲིབ་པས་ཐར་ལམ་བསྒྲུབ་པས་སྐལ་བ་བྲལ། །
འདོད་ལྷའི་སྡུག་བསྔལ་སྒོམ་ཚུལ་ནི། 
འདོད་པའི་ལྷ་རྣམས་གནས་ལུས་ལོངས་སྤྱོད་ཕུན་སུམ་ཚོགས་པའི་མོད་ཉིད་དུ། །གློ་བུར་ལུས་ཀྱི་གཟི་མདངས་ཉམས་ཤིང་འདུག་པའི་སྟན་ལ་ཡིད་མི་དགའ། །མེ་ཏོག་ཕྲེང་རྙིང་གོས་ལ་དྲི་ཆགས་སྔོན་མེད་ལུས་ལ་རྡུལ་འབྱུང་སོགས། །མྱུར་དུ་འཆི་བའི་་ལྟས་ཀྱིས་ཟིན་ཚེ་མི་རྣམས་འཆི་ལྟས་གྱིས་ཟིན་ལྟར། །རིན་ཆེན་ལས་གྲུབ་གནས་དང་ཁང་བཟང་བདུད་རྩིའི་ཟས་དང་གྲོགས་ལ་སོགས། །ཆེས་ཆེར་སྙིང་དུ་འབབ་པ་རྣམས་དང་བྲལ་ནས་འཇིག་རྟེན་ཕ་རོལ་ཏུ། །འགྲོ་བར་ཤེས་ཤིང་གང་དུ་སྐྱེ་བའི་གནས་ཀྱང་མངོན་པར་རིག་གྱུར་ནས། །སྡུག་དང་བྲལ་བའི་མྱ་ངན་དྲག་པོ་ཤིན་ཏུ་བཟོད་དཀའ་རིང་དུ་མྱོང་། །གཞན་ཡང་ལྷ་མིན་དཔུང་དང་འཐབ་ཚེ་ཡན་ལག་ཉིང་ལག་ཆད་པ་དང་། །ལུས་ནི་བྲལ་དང་གསོད་པས་སྡུག་བསྔལ་བསོད་ནམས་ཆུང་བའི་ལྷ་དག་ནི། །ལྷ་གཞན་ལོངས་སྤྱོད་རྒྱ་ཆེན་མངའ་བའི་དཔལ་འབྱོར་མཐོང་ཚེ་སྤ་ཡང་བཀོང་། །སྟོབས་ལྡན་མཐུ་ཡིས་ཉམས་ཆུང་ལྷ་རྣམས་གནས་ནས་སྐྲོད་སོགས་སྡུག་བསྔལ་ཅན། །མདོར་ན་འདོད་ལ་ལྷག་པར་ཆགས་བས་ལན་ཚྭའི་ཆུ་རྒྱུན་འཐུང་བ་ལྟར། །ངོམས་པ་མེད་པས་རྟག་ཏུ་མནར་ཕྱིར་དེ་ལ་བདེ་བའི་གོ་སྐབས་ཅི། །སེམས་ཀྱི་གླང་ཆེན་འདོད་འདུན་མྱོས་ཆུས་ཆེས་ཆེར་མྱོས་པར་གྱུར་པ་ཡི། །དམ་ཆོས་ཞི་བའི་ལྕགས་ཀྱུས་འདུལ་བའི་སྐལ་བ་དག་ཀྱང་ཤིན་ཏུ་དམན། །
ཁམས་གོང་མ་གཉིས་ཀྱི་ལྷའི་སྡུག་བསྔལ་སྒོམ་ཚུལ་ནི། 
ཁམས་གོང་གཉིས་ན་སྡུག་བསྔལ་དེ་དག་མངོན་གྱུར་མེད་པར་བག་ཉལ་ཡང་། །སྡུག་བསྔལ་དང་ནི་ཉེས་པའི་རྩ་བ་ཉོན་མོངས་དང་ལྡན་སྒྲིབ་པར་བཅས། །འཆི་འཕོ་གནས་ལ་རང་དབང་དང་བྲལ་འདུ་བྱེད་སྡུག་བསྔལ་ཟུག་རྔུ་ཆེས། །རྟག་ཏུ་མནར་བའི་རང་བཞིན་ཉིད་ལས་སླར་ཡང་ཕྱིར་ལྟུང་ཡིད་བརྟན་བྲལ། །མདོར་ན་ལྷ་དང་མི་ཡི་རྟེན་བཟང་ཇི་ལྟ་བུ་ཞིག་ཐོབ་གྱུར་ཀྱང་། །མཁའ་ལ་ལྡིང་བའི་བྱ་ཡི་ཚུལ་བཞིན་དགེ་བའི་ལས་མཐུ་ཟད་པ་ན། །སླར་ཡང་དམྱལ་བ་ཡི་དྭགས་དུད་འགྲོའི་གནས་སུ་ལྷུང་ནས་སྡུག་བསྔལ་ན། །ཀྱེ་མ་མཐོ་རིས་དང་དཔལ་འབྱོར་དེ་ཡང་མི་རྟག་བསླུ་བའི་རང་བཞིན་ཉིད། །
སྡུག་བསྔལ་དྲུག་བསམས་ཚུལ་ནི། 
སྔོན་ཆད་བདག་གིས་ལུས་བླངས་པ་ཡི་ཤ་རུས་མ་དགོད་ལྷུན་པོར་མཉམ། །ཁྲག་དག་ཆུ་སེར་གཅིག་ཏུ་བསྐྱིལ་ན་རྒྱ་མཚོའི་གཏིང་མཐའ་དང་མཚུངས་ཤིང་། །ཚངས་དང་བརྒྱ་བྱིན་འཁོར་ལོས་བསྒྱུར་དང་ལྷ་མི་ཕལ་པའི་ལུས་བླངས་པའང་། །བགྲང་བར་དཀའ་ཡང་མ་ལུས་འདོར་ཟིན་ལུས་ཐོབ་པ་ལ་ཡིད་བརྟན་ཅི། །ཚེ་རབས་སྔོན་མའི་མི་བསྲུན་དགྲ་ཡང་ཚེ་འདིའི་གཉེན་གྱུར་ཕན་པ་སྒྲུབ། །སྔོན་མའི་གཉེན་ཡང་ཚེ་འདིའི་དགྲ་ཡི་དང་མར་གྱུར་ནས་སྲོག་ལའང་རྒོལ། །འདི་ཉིད་དུ་ཡང་དགྲ་དང་གཉེན་རྣམས་ཚེ་ཡི་སྟོད་སྨད་ལོ་ཟླ་དང་། །ཞག་རེར་སྐད་ཅིག་གིས་འགྱུར་ཕན་གནོད་བྱེད་ལ་ཡིད་བརྟན་ཅི། །ཚངས་དབང་འཁོར་བསྒྱུར་སྟོབས་ལ་དབང་བསྒྱུར་ནམ་ཞིག་བྲན་དང་འཁོལ་བོར་གྱུར། །གླིང་བཞིར་སྣང་བྱེད་ཉི་ཟླར་གྱུར་ནས་ནམ་ཞིག་མུན་པའི་ཁུང་བུར་ཉལ། །ལྷ་ཡི་བདུད་རྩིའི་རོ་ལ་སྤྱད་ནས་ནམ་ཞིག་ཟངས་ཞུན་རྣག་ཁྲག་ཟ། །རིན་ཆེན་ཁང་བཟང་ཉིད་དུ་གནས་བཅས་ནམ་ཞིག་ལྕགས་ཁང་འབར་བར་བསྲེགས། །མཐོ་རིས་བུ་མོས་འདོད་ཡོན་གྱིས་བསྟེན་ནམ་ཞིག་དམྱལ་སྲུང་དག་གིས་གཙེ། །ཚེ་སྟོད་སྟོབས་འབྱོར་མངའ་ཐང་གིས་བསྙེམས་ཚེ་སྨད་དབུལ་ཕོངས་ཟས་མི་རྙེད། །རིན་ཆེན་དར་ཟབ་ནོར་གྱིས་ཕྱུག་ཀྱང་འཆི་དུས་གཅིག་བུ་ལག་སྟོང་འགྲོ། །ཀྱེ་ཧུད་འཁོར་བའི་ཕུན་ཚོགས་ཐོབ་ལ་ཡིད་བརྟན་རུང་བ་ཅི་ཞིག་མཆིས། །ཆོས་མཐུན་གྲོགས་དང་བློ་མཐུན་མཛའ་བཤེས་ཡིད་འོང་གཉེན་འཁོར་ལ་སོགས་དང་། །རིང་དུ་འདྲིས་ཤིས་བཤེས་པར་གྱུར་ནས་ནམ་ཞིག་རང་ཉིད་གཅིག་པུ་རུ། །མར་གྱི་གསེབ་ནས་སྤུ་དྲངས་ཇི་བཞིན་འཇིག་རྟེན་ཕ་རོལ་རྒྱུས་མེད་སར། །འཁྱམས་པར་འགྱུར་ན་འགྲོགས་ཤིང་བཤེས་ལ་ཡིད་བརྟན་རུང་བའི་དངོས་མཆིས་སམ། །སྔོན་ཆད་ལྷ་ཡི་ཁང་བཟང་བསྐྱེད་ཚལ་ན་ཆུང་བདུད་རྩིའི་རོར་སྤྱད་དང་། །མི་ཡི་གནས་ནའང་གོས་བཟང་གྱོན་དང་བཟའ་བཏུང་སྤྱད་དང་གྲོགས་བསྟེན་སོགས། །འདོད་པའི་ཡོན་ཏན་ལྔ་ལ་སྤྱད་པའི་གྲངས་དེ་རྡུལ་དང་རབ་མཚུངས་ཀྱང་། །སྤྱོད་བཞིན་སྲེད་འཕེལ་སྡུག་བསྔལ་མང་འདྲེན་ངོམས་མེད་སྡུག་བསྔལ་འདི་རེ་སྐྱོ། །དམྱལ་བར་སྐྱེས་ནས་ཟངས་ཞུན་འཐུང་དང་སྲིན་པོར་གྱུར་ནས་ས་ལུད་དང་། །ཁྱི་ཕག་སོགས་གྱུར་མི་གཙང་ཟོས་གང་སྤུངས་ནས་འཇིག་རྟེན་ཁྱོན་འགེངས་ཤིང་། །སྡུག་བསྔལ་ཤུགས་ཀྱིས་དུས་པའི་མཆི་མའང་རྒྱ་མཚོའི་ཁྱོན་ལས་མང་གསུངས་ན། །ད་དུང་སྐྱོ་བསུན་འཇིགས་པ་མ་སྐྱེ་ཡིད་འདི་ལྕགས་ལས་བྱས་སམ་ཅི། །ས་ཆེན་ཁྱོན་འདི་འཇིམ་པར་བྱས་ནས་དེ་ལས་ཤུག་འབྲུའི་ཆེ་ཆུང་ཙམ། །རིལ་ལུར་བྱས་པས་རབ་ཏུ་བགྲངས་ཀྱང་སྐྱེ་བ་གཅིག་གི་མ་ཡི་ཡང་། །ཐོགས་མའི་མཐའ་ནི་མི་མངོན་གསུངས་ན་ཐོག་མ་མེད་པ་ནས། །སྲིད་འདིར་ཉིད་མཚམས་སྦྱར་བའི་མཐའ་ནི་གང་གིས་མངོན་ནུས་ལེགས་པར་སོམས། །
སྡུག་བསྔལ་གསུམ་བསམ་ཚུལ་ནི། 
 དེ་ལྟར་སྡུག་བསྔལ་སྡུག་བསྔལ་གྱིས་ནི་ལུས་སེམས་མནར་བ་ཙམ་མ་ཟད། །འཁོར་བའི་གནས་ན་ཟག་བཅས་ཚོར་བ་བདེ་བར་སྣང་བ་ཐམས་ཅད་ཀྱང་། །སྡུག་བསྔལ་འགགས་ལ་བདེ་བར་སྣང་ལས་ངོ་བོ་ཉིད་ཀྱི་བདེ་མིན་ཞིང་། །ཁྱད་པར་འདུ་བྱེད་སྡུག་བསྔལ་གྱིས་ནི་རྟག་ཏུ་ཟིན་པ་ཉིད་དུ་གསུངས། །མདོར་ན་འདེགས་དཀའི་ཁུར་ཆེན་འཁུར་དགོས་དེ་སྲིད་བདེ་བའི་སྐབས་མེད་བཞིན། །ཉེར་ལེན་ཕུང་འདིའང་ཇི་སྲིད་བཟུང་དགོས་དེ་སྲིད་བདེ་བའི་སྐབས་མེད་དེ། །ཕུང་པོ་འདི་ནི་ལས་དང་ཉོན་མོངས་སྔ་མའི་གཞན་དབང་དུ་གྱུར་ཅིང་། །ཕྱ་མའི་སྡུག་བསྔལ་ཉོན་མོངས་ཀུན་སྐྱེའི་ས་བོན་རྒྱུན་ཆགས་དང་ལྡན་པས། །ཚེ་རབས་ཕྱི་མའི་སྐྱེ་སྲིད་དང་ནི་སྡུག་བསྔལ་ཀུན་ཀྱང་འདིས་འདྲེན་ཞིང་། །ཚེ་འདིའི་སྐྱེ་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ་ཡོངས་ཀྱི་རྟེན་དུ་གྱུར། །སྡུག་བསྔལ་དང་ནི་འགྱུར་བའི་སྡུག་བསྔལ་ཆུ་ལས་ཆུ་བུར་ཚུལ་གྱིས་བསྐྱེད། །གྲུབ་ཙམ་ཉིད་ནས་ལས་ཉོན་དབང་གྱུར་བདེ་མེད་སྡུག་བསྔལ་རང་བཞིན་ནོ། །དེ་ཕྱིར་ཕུང་པོའི་སྡུག་བསྔལ་ཀུན་ཟང་ཞི་བ་མཆོག་དེ་མ་ཐོབ་ན། །ཁམས་གསུམ་རིགས་དྲུག་གང་དུ་སྐྱེས་ཀྱང་ཚེར་མའི་དོང་དུ་གནས་པ་བཞིན། །སྡུག་བསྔལ་གསུམ་གྱི་རང་བཞིན་ཉིད་ལས་བདེ་བའི་གོ་སྐབས་མ་མཆིས་པས། །ད་ནི་འཁོར་བའི་བཙོན་ར་འདི་ལས་བདག་ནི་ནམ་ཞིག་ཐར་བར་འགྱུར། །འཁོར་བའི་འཇུག་རིམ་བསམ་པ་དང་ཐར་བར་བགྲོད་པའི་ལམ་ཉམས་སུ་ལེན་ཚུལ་ནི། དེ་ལྟར་རང་དབང་མེད་པར་རིགས་དྲུག་ཏུ། །འགལ་མེ་ལྟ་བུར་རྟག་ཏུ་རབ་འཁོར་ནས། །སྡུག་བསྔལ་གསུམ་གྱིས་བར་མཚམས་མེད་པར་ནི། །མནར་བ་འདི་ཡི་རྒྱུ་ནི་ཅི་སྙམ་ན། །ཐོག་མ་མེད་ནས་སྙིང་གི་ཕུག་གནས་པའི། །ང་ང་སྙམ་པའི་བདག་འཛིན་གདོན་ཆེན་འདིས། །བདག་གཞན་རིས་སུ་བཅད་ནས་ཆགས་སྡང་བསྐྱེད། །དེ་ཡིས་ལས་བསགས་ལས་དེས་འཁོར་བར་འཁོར། །དེ་ཕྱིར་བདག་འཛིན་དེ་ཉིད་མ་ལྡོག་ན། །སྲིད་ལས་མི་འགྲོལ་དེ་ཡང་བདག་མེད་པར། །རྟོགས་པའི་ཤེས་རབ་གྱིིས་ནི་བཟློག་དགོས་ཕྱིར། །ལྷག་པའི་ཤེས་རབ་བསླབ་པ་བསྐྱེད་པར་བྱ། །དེ་ཡང་རང་སེམས་བྱིང་རྒོད་ཀྱིས་གཡེངས་ན། །བདག་མེད་གནས་ལུགས་ཇི་བཞིན་མི་མཐོང་བས། །གཡེང་བ་ཞི་ནས་ཟབ་མོའི་གནས་ལུགས་ལ། །  རྩེ་གཅིག་གནས་པའི་ཏིང་འཛིན་བསླབ་པ་དགོས། །ཏིང་འཛིན་དེ་ཡང་དྲན་ཤེས་བག་ཡོད་དང་། །བྲལ་ལ་ནམ་ཡང་སྐྱེ་བ་མི་སྲིད་ཕྱིར། །དྲན་ཤེས་བརྟན་པོས་སྒོ་གསུམ་ལེགས་སྡོམ་པའི། །ལྷག་པའི་ཚུལ་ཁྲིམས་བསླབ་དང་ལྡན་པ་དགོས། །དེ་ཕྱིར་གཡོ་མེད་ཏིང་འཛིན་མྱུ་གུའི་རྩེར། །ཤེས་རབ་བསླབ་པའི་སྙེ་མ་རབ་དུད་པ། །འཁྲུངས་པའི་ཞིང་ས་ཚུལ་ཁྲིམས་ཉིད་ཡིན་ཕྱིར། །བསྟན་པའི་རྩ་བ་སོ་སོ་ཐར་པར་གསུངས། །དེ་བས་བདག་གི་སོ་ཐར་བསླབ་པའི་གཞིར། །བསླབ་བྱ་མཉན་དང་སྟོན་དང་དེའི་བཅས་པར། །གུས་པ་བསྐྱེད་དང་དྲན་ཤེས་བག་ཡོད་དང་། །ཉོན་མོངས་སོ་སོའི་གཉེན་པོ་བསྟན་པ་སྟེ། །ལྟུང་བ་འབྱུང་བའི་སྒོ་བཞི་ལེགས་བསྡམ་ནས། །ཟླ་མེད་སྟོན་མཆོག་ཐུགས་རྗེ་ཅན་དེ་ཡིས། །ཇི་ལྟར་བཅས་པའི་བཀའ་ལས་མི་འདའ་བར། །བསྒྲུབ་སྟེ་བསྟན་པའི་རྩ་བ་ཚུགས་པར་བྱ། །དེ་ལྟར་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། །
སྐྱེས་བུ་ཆེན་པོ་ལས་དེར་འཇུག་དགོས་པའི་རྒྱུ་མཚན་བསམ་ཚུལ་ནི། 
དེ་ལྟར་བསླབ་པ་གསུམ་ལ་ལེགས་བསླབ་ན། །རང་ཉིད་སྲིད་པའི་མཚོ་ལས་གྲོལ་མོད་ཀྱང་། ། སེམས་ཅན་འཁོར་བར་མནར་ལ་མི་སེམས་པར། །རང་ཉིད་དེ་ལས་གྲོལ་ཕྱིར་བརྩོན་པ་ནི། །མ་རྒན་བཙོན་རར་ཚུད་པ་ཡལ་བོར་ནས། །རང་ཉིད་ཅི་ཐར་བྱེད་པ་ཇི་བཞིན་དུ། །དེ་ལས་ཁྲེལ་གཞུང་ཆུང་བ་སུ་ཞིག་ཡོད། །དེ་བས་འགྲོ་ཀུན་བདག་གིས་སྒྲོལ་བར་བྱ། །
སེམས་སྙོམས་པ་བསྒྲུབ་ཚུལ་ནི། 
དེ་ཡང་ད་ལྟ་འགྲོ་བ་འདི་དག་ཀུན། །དགྲ་གཉེན་བར་མར་སྣང་ཞིང་དེར་ཞེན་ཏེ། །དགྲ་ལ་སྡང་དང་གཉེན་ལ་ཆགས་པ་དང་། །བར་མའི་འགྲོ་ལ་བཏང་སྙོམས་སྐྱེ་མོད་ཀྱང་། །ད་ལྟ་དགྲ་རུ་སྣང་བ་འདི་དག་གིས། །སྔོན་ཚེ་ལན་གྲངས་མང་དུ་མ་བྱས་ཏེ། །འོ་མས་གསོས་ཤིང་བརྩེ་བས་བསྐྱངས་པ་སོགས། །ཕན་པ་བསྒྲུབ་ཅིང་གནོད་པ་ཀུན་ལས་སྐྱོབ། །ད་ལྟ་གཉེན་དུ་སྣང་བ་འདི་ཀུན་ཀྱང་། །སྔོན་ཚེ་དགྲ་ཡི་དྭང་མར་གྱུར་ནས་ནི། །གསོད་དང་བརྡེགས་དང་གསོན་པོར་ཟ་བ་དང་། །ལན་གྲངས་དུ་མར་བྱས་པ་ཉིད་དུ་གསུངས། །ད་ལྟ་བར་མར་སྣང་བ་འདི་དག་ཀྱང་། །ཚེ་རབས་དུ་མར་དགྲ་གཉེན་སྣ་ཚོགས་སུ། །གྱུར་ནས་ཁྲོ་བས་གནོད་པ་བསྐྱལ་པ་དང་། །བརྩེ་བས་ཕན་བཏགས་པ་ཡང་བགྲངས་མཐའ་ཡས། །དེ་ཕྱིར་འགྲོ་བ་འདི་དག་ཐམས་ཅད་ནི། །གང་ལ་ཆགས་ཤིང་གང་ལ་སྡང་བར་བྱ། །ད་ནི་ཆགས་སྡང་རིས་སུ་མི་གཅོད་པར། །ཐམས་ཅད་རང་གི་གཉེན་དུ་སེམས་སྙོམས་བགྱི། །གལ་ཏེ་དགྲ་གཉེན་ངེས་པ་མེད་པའི་ཕྱིར། །གནོད་པ་བྱ་དང་ཕན་པ་སྒྲུབ་པ་ནི། །གང་ཡང་མི་རིགས་བཏང་སྙོམས་སུ་སྡོད་པ། །རིགས་སོ་སྙམ་ན་དེ་ནི་རིགས་མིན་ཏེ། །སྔོན་ཚེ་དགྲར་གྱུར་ཀུན་ནས་འཚེ་བ་ནི། །ཕ་མར་མ་ཤེས་འཁྲུལ་པས་ཁྲོ་མི་རིགས། །སྔོན་ཚེ་གཉེར་གྱུར་ཕན་པ་བསྒྲུབ་པ་ནི། །དོན་ལ་གནས་ཕྱིར་ཕན་ལན་ཅིས་མི་བྱ། །
མར་ཤེས་སྒོམ་ཚུལ་ནི། 
འོ་ན་སེམས་ཅན་ཐམས་ཅད་དོན་དུ་ན། །རང་གི་མ་རུ་གྱུར་བ་ཅི་ཞེ་ན། །རང་གི་སྐྱེ་བའི་ཐོག་མའི་མཐའ་མེད་པར། །གྲངས་མཐའ་མི་མངོན་ལུས་བླངས་དེ་ཕྱིར་རོ། །གལ་ཏེ་སེམས་ཅན་མཐའ་ཡས་དེ་ཡི་ཕྱིར། །ཐམས་ཅད་རང་གི་མར་གྱུར་མི་འཐད་དོ། །སྙམ་ན་འཐད་དེ་སེམས་ཅན་གྲངས་མེད་བཞིན། །རང་གི་སྐྱེ་བའང་བགྲངས་མཐའ་མེད་པས་སོ། །དེ་ཡི་རྒྱུ་མཚན་སེམས་འདི་འདི་ཙམ་ནས། །གྲུབ་ཅེས་ཐོག་མཐའ་བསྟན་དུ་མེད་པའི་ཕྱིར། །ལུས་བླངས་པ་ཡི་མཐའ་ཡང་མི་མངོན་ལ། །དེ་ཚེ་དྲོད་གཤེར་སྐྱེས་དང་རྫུས་སྐྱེས་སུ། །སྐྱེ་བར་གྱུར་པའི་སྐབས་རྣམས་མ་གཏོགས་པ། །མངལ་སྐྱེས་སྒོང་སྐྱེས་གང་དུ་ལུས་བླངས་ཀྱང་། །ཕ་དང་མ་རེ་ངེས་པར་དགོས་པའི་ཕྱིར། །ཐམས་ཅད་རང་གི་མ་རུ་རིགས་པས་འགྲུབ། །ཀུན་མཁྱེན་རྫུན་མི་གསུང་བ་དེ་ཡིས་ཀྱང་། །འཁོར་བར་འཁྱམས་པའི་འགྲོ་བ་ཐམས་ཅད་ཀྱིས། །སྔོན་ཆད་གནས་འདིར་མ་སྐྱེས་ཞེས་བྱ་དང་། །ལུས་ནི་འདི་འདྲ་བ་ཞིག་མ་བླངས་དང་། །ཕན་ཚུན་ཕ་མ་སྤུན་ཟླ་གཉེན་བཤེས་སུ། །གྱུར་མ་མྱོང་བ་ང་ཡི་མ་མཐོང་ཞེས། །གསུངས་ཕྱིར་ལུང་གིས་གྲུབ་པ་དེ་བས་ན། །འགྲོ་བ་འདི་ཀུན་བདག་གི་མར་གྱུར་ཏོ། །རྒྱུ་མཚན་དེས་ན་ཚེ་འདིའི་ཕ་མ་ཡང་། །ཤི་ནས་ངོ་མི་ཤེས་ལྟར་འགྲོ་ཀུན་ཀྱང་། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་མ་གཏོགས། །དོན་དུ་དྲིན་གྱིས་བསྐྱངས་པའི་མ་ཤ་སྟག། །
དྲིན་དྲན་སྒོམ་ཚུལ་ནི། 
འོ་ན་དྲིན་གྱིས་ཇི་ལྟར་བསྐྱངས་སྙམ་ན། །དེ་ཡང་ཚེ་འདིའི་མ་རྒན་འདི་ཉིད་ཀྱིས། །དང་པོ་ཁོག་ཏུ་ཟླ་དགུ་ངོ་བཅུའི་བར། །ཇི་ལྟར་ལག་ན་རིན་ཆེན་སྣོད་ཐོགས་ལྟར། །འགྲོ་འཆག་ཉལ་འདུག་སྤྱོད་ལམ་ཐམས་ཅད་དུ། །བདག་ལ་གནོད་དོགས་བག་ཟོན་ཆེན་པོདང་། །བཟའ་བཏུང་སོགས་ཀྱང་གང་དགའ་བྱར་མེད་པར། །ཕན་རྣམས་བསྟེན་ཅིང་གནོད་རྣམས་འབད་ནས་སྤོང་། །དེ་ནས་བཙས་ཚེ་སྡུག་བསྔལ་བཟོད་དཀའ་བས། །མནར་ཡང་རང་གི་སྡུག་བསྔལ་མི་སེམས་པར། །ཡིད་བཞིན་ནོར་བུ་རྙེད་པ་ཇི་ལྟར་བར། །གཅེས་པར་བཟུང་བས་ཐོག་མར་དྲིན་དུ་ཆེ། །བཙས་པར་གྱུར་ནས་བ་སྤུ་ཟིང་ངེ་བ། །རང་གི་མི་གཙང་དོར་བའང་མི་ཤེས་ཤིང་། །ཕན་དང་གནོད་པ་ཕྲ་མོའང་མི་ཤེས་པ། །དེ་ཉིད་འབད་པ་དུ་མས་གསོ་བར་བྱེད། །དེ་ཡང་ལུས་བཅུད་འོ་མ་ལྡུད་བྱེད་ཅིང་། །ཤ་ཡི་དྲོད་བཅར་འཇམ་པའི་གོས་ཀྱིས་སྒྲིལ། །འགྲོ་ཚེ་རྒྱབ་དང་འདུག་ཚེ་པང་དུ་ཁུར། །ལྕེ་ཡི་ཟས་བསྙོད་བསྣབས་ཀྱང་ཁ་ཡིས་ཕྱིས། །མི་གཙང་བ་ཡང་ལག་པས་སེལ་བྱེད་ཅིང་། །ང་ཡི་བུ་ཞེས་སོར་མོ་བཅུ་ཡིས་གཡེང་། །བརྩེ་སེམས་ཀྱིས་བསྐྱངས་བྱམས་པའི་མིག་གིས་བལྟས།།སྙན་པའི་མིང་ནས་བོས་ཤིང་འཛུམ་གྱིས་བསུས། །མེ་ཆུ་གཡང་སའི་འཇིགས་པ་ལས་སྐྱོབ་ཅིང་། །བདག་ནི་ན་ལས་མ་རང་ན་བ་དང་། །བདག་ནི་ཤི་ལས་མ་རང་ཤི་དགའ་སོགས། །སྙིང་ནས་བྱེད་པས་བར་དུ་དྲིན་རེ་ཆེ། །དེ་ནས་རིམ་གྱིས་ན་རུ་སོན་པའི་ཚེ། །ཟ་ལུགས་ཐུང་ལུགས་འགྲོ་ལུགས་སྡོད་ལུགས་སློབ། །འཁྱགས་དུས་གོས་དང་བཀྲེས་དུས་ཟས་སྐོམ་བྱིན། །སྡིག་སྡུག་གིས་བསྒྲུབ་ནོར་་རྫས་རང་གིས་ཀྱང་། །སྤྱོད་མི་ཕོད་པ་ཀུན་ཀྱང་འཕང་མེད་དུ། །བདག་ལ་སྦྱིན་སོགས་ཐ་མར་དྲིན་ཆེ་ཞིང་། །ཚེ་འདི་ཁོ་ནར་མ་ཟད་ཚེ་རབས་གཞན། །མང་པོར་ཡང་ནི་དེ་ལྟར་དྲིན་གྱིས་བསྐྱངས། །འདི་ཡིས་ཇི་ལྟར་དྲིན་གྱིས་བསྐྱངས་པ་བཞིན། །རྒྱུད་ལྔའི་འགྲོ་བ་འདི་དག་ཀུན་གྱིས་ཀྱང་། །མི་རུ་གྱུར་བའི་གནས་སྐབས་ཐམས་ཅད་དུ། །དེ་དེ་བཞིན་དུ་ཡང་ཡང་དྲིན་གྱིས་བསྐྱངས། །མི་ལས་གཞན་པའི་མངལ་སྐྱེས་སྒོང་སྐྱེས་ཀྱི། །སྐྱེ་བར་གྱུར་པའི་སྐབས་ནའང་འདི་བདག་གིས། །རང་གི་ཤེས་ཚོད་ནུས་ཚོད་དང་བསྟུན་པའི། །གནོད་སེལ་ཕན་པ་སྒྲུབ་པའང་དཔག་ཏུ་མེད། །
དྲིན་གཟོ་སྒོམ་ཚུལ་ནི། །
དེ་ལྟར་འགྲོ་འདི་བདག་ལ་དྲིན་ཤིན་ཏུ། །ཆེ་ཡང་དྲིན་གཟོ་མེད་པར་ཡལ་བོར་བ། །དེ་ནི་མ་རབས་སྤྱོད་ཚུལ་ཐ་ཆད་དེ། །དེ་བས་བདག་གིས་དྲིན་གཟོ་ཅིས་མི་བྱ། །ཉོན་མོངས་གདོན་ཆེན་དྲག་པོས་སེམས་སྨྱོ་ཞིང་། །ཐར་ལམ་མིག་བྲལ་བཤེས་གཉེན་དམིགས་བུས་བོར།།ཉེས་སྤྱོད་ཀྱིས་འཁྱོར་ངན་འགྲོའི་གཡང་ས་རུ། །ཕྱོགས་རྣམས་ཡལ་བར་འདོར་བ་ཇི་ལྟར་ཕོད། །འོན་ཀྱང་འཁོར་བའི་བདེ་ལ་སྦྱོར་བ་ནི། །མ་རྒན་རང་གིའང་སྔོན་ཆད་མང་མྱོང་ཡང་། །བསླུས་ཕྱིར་དྲིན་གཟོ་ཡང་དག་ཏུ་མི་འགྱུར། །དེ་ཕྱིར་ཐར་པའི་བདེ་ལ་འགོད་པར་བགྱི། །
བྱམས་པ་སྒོམ་ཚུལ་ནི།
དེ་ཡང་མ་རྒན་འདི་རྣམས་བདེ་འདོད་ཀྱང་། །ཕལ་ཆེར་དེའི་རྒྱུ་དགེ་བར་མ་ཤེས་ཤིང་། །ཤེས་པ་རྣམས་ཀྱིའང་སྒྲུབ་པར་མི་བྱེད་ལ། །བསྒྲུབ་ཀྱང་ཉན་མོངས་དབང་གིས་བསྒྲུབ་མ་ནུས། །དེ་ཕྱིར་མ་བྱས་ལས་དང་མི་འཕྲོད་ཕྱིར། །ངན་འགྲོ་རྣམས་ནི་རྟག་ཏུ་བདེ་བས་ཕོངས། །བདེ་འགྲོ་རྣམས་ཀྱང་སྡུག་བསྔལ་བདེ་བ་རུ། །མཐོང་ལས་ངོ་བོ་ཉིད་ཀྱི་བདེ་བས་དབེན། །དེས་ན་འདི་དག་ཀུན་མཁྱེན་སངས་རྒྱས་ཀྱི། །བདེ་བ་མཆོག་དང་དེ་ཡི་རྒྱུར་གྱུར་བ། །ལམ་བཟང་རྣམས་དང་ལྡན་ན་ཅི་མ་རུང་། །ལྡན་པར་གྱུར་ཅིག་འགྱུར་བར་བྱིན་གྱིས་རློབས། །
སྙིང་རྗེ་སྒོམ་ཚུལ་ནི།
དེ་བཞིན་འདི་ཀུན་སྡུག་བསྔལ་མི་འདོད་ཀྱང་། །ཕལ་ཆེར་དེའི་རྒྱུ་མི་དགེར་མ་ཤེས་ཤིང་། །ཤེས་ཀྱང་མི་སྤོང་སྤོང་ལ་ཞུགས་ན་ཡང་། །སྤོང་བར་མི་ནུས་དགེ་ཉིད་སྤྱད་སྤྱད་པས། །ལས་ནི་བྱས་པ་ཆུད་མི་ཟ་བའི་ཕྱིར། །དམྱལ་བ་རབ་ཏུ་ཚ་དང་གྲང་བས་གདུང་། །ཡི་དྭགས་བཀྲེས་ཤིང་སྐོམས་པས་ཀུན་ཏུ་གཟིར། །དུད་འགྲོ་གསོད་བཀོལ་ཤིན་ཏུ་རྨོངས་པས་མནར། །མི་རྣམས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་འཁྲུག །ལྷ་མིན་ཕྲག་དོག་འཐབ་རྩོད་ལས་ཀྱིས་མནར། །འདོད་ལྷ་འཆི་འཕོའི་མྱ་ངན་དྲག་པོས་སྐྱོ། ། གཟུགས་དང་གཟུགས་མེད་འདུ་བྱེད་སྡུག་བསྔལ་ཅན། །དེས་ན་འདི་དག་སྡུག་བསྔལ་དེ་ཀུན་དང་། །དེ་ཡི་རྒྱུར་གྱུར་ཉོན་མོངས་རྒྱུ་བཅས་དང་། །ད་ལྟ་ཉིད་དུ་བྲལ་ན་ཅི་མ་རུང་། །བྲལ་བར་གྱུར་ཅིག་དེ་ལྟར་བྱིན་གྱིས་རློབས། །
ལྷག་བསམ་སྒོམ་ཚུལ་ནི།
དེ་ལྟར་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་། །བྲལ་ཞིང་བདེ་དང་ལྡན་པར་གྱུར་ཅིག་གུ། །སྙམ་པའི་སྨོན་ལམ་ཙམ་གྱིས་མི་ཆོག་པར། །དེ་ལྟར་འགྱུར་བ་བདག་གིས་བྱ་དགོས་སོ། །དེ་ཡི་རྒྱུ་མཚན་ཚེ་འདིའི་མ་རྒན་གྱི། །བདེ་བསྒྲུབ་སྡུག་བསྔལ་བདག་གིས་བསལ་དགོས་བཞིན། །སེམས་ཅན་ཀུན་གྱིའང་སྡུག་བསྔལ་སེལ་བ་དང་། །བདེ་བ་བསྒྲུབ་པ་བདག་གིས་བྱ་དགོས་ཏེ། །སེམས་ཅན་ངོས་ནས་བདེ་བ་འདོད་པ་དང་། །སྡུག་བསྔལ་མི་འདོད་པར་ནི་མཉམ་གྱུར་ལ། །རང་གི་ངོས་ནས་དྲིན་གྱིས་བསྐྱངས་པ་ལ། །མར་གྱུར་པ་ཡང་ཐམས་ཅད་མཚུངས་ཕྱིར་རོ། །དེས་ནས་འགྲོ་བ་འདི་དག་མ་ལུས་པ། །སྲིད་དང་ཞི་བའི་རྒུད་ཐམས་ཅད་ལས། །བསྒྲལ་ནས་ཀུན་མཁྱེན་གོ་འཕང་དམ་པ་རུ། །འགོད་པའི་ཁུར་ཆེན་བདག་གིས་འཁྱེར་བར་བྱ། །
སེམས་བསྐྱེད་སྒོམ་ཚུལ་ནི། 
 འོ་ན་བདག་ནི་ལས་ཉོན་གཞན་དབང་ཅན། །གར་སྐྱེའི་གདེངས་ཡང་མེད་ན་སེམས་ཅན་གཞན། །སྲིད་ལས་བསྒྲལ་ནས་བླ་མེད་བྱང་ཆུབ་ལ། །འགོད་པའི་ཁུར་ཆེན་ཇི་ལྟར་འཁྱེར་སྙམ་ན། །བདག་ལ་ད་ལྟ་དེ་འདྲའི་ནུས་པ་ནི། །མེད་པར་མ་ཟད་ཉན་རང་དགྲ་བཅོམ་གྱི། །གོ་འཕང་ཐོབ་ཀྱང་འགྲོ་ཀུན་ཀུན་མཁྱེན་སར། །འགོད་པའི་ནུས་པ་ནམ་ཡང་ཡོད་མིན་ཏེ། །དམན་པའི་དགྲ་བཅོམ་གཉིས་ཀྱང་ཉོན་སྒྲིབ་ཙམ། །སྤངས་ལས་ཤེས་བྱའི་སྒྲིབ་པ་མ་སྤངས་པས། །སྐྱོན་ནི་ཕྱོགས་རེ་ཙམ་ཞིག་ཟད་པ་དང་། །ཡོན་ཏན་དང་ནི་ཕྱོགས་རེ་ཙམ་ཞིག་རྫོགས། །དེ་ཕྱིར་རང་དོན་ཡང་ནི་མ་རྫོགས་ལ། །གཞན་གྱི་དོན་ཡང་སེམས་ཅན་ཉི་ཚེ་བའི། །དོན་ཙམ་མ་གཏོགས་འགྲོ་བ་མ་ལུས་པའི། །དོན་བསྒྲུབ་པ་ཡི་སུ་ལང་ཡོད་མ་ཡིན། །འོ་ན་སེམས་ཅན་མ་ལུས་སྲིད་མཚོ་ལས། །སྒྲོལ་བའི་ནུས་པ་སུ་ལ་ཡོད་ཅེ་ན། །དེ་ཡི་ནུས་པ་སངས་རྒྱས་འབའ་ཞིག་ལས། །གཞན་དོན་ཙམ་དུ་མ་ཟད་རང་གི་དོན། །སྤངས་རྟོགས་ཡོངས་སུ་རྫོགས་པའང་སངས་རྒྱས་ལས། །གཞན་མེད་ཕྱིར་ན་དོན་གཉིས་གང་བསྒྲུབ་ཀྱང་། །གོ་འཕང་མཆོག་དེ་ངེས་པར་ཐོབ་དགོས་ཏེ། །དེ་ཉིད་ཐོབ་ན་སྐུ་ཡི་ཡོན་ཏན་ནི། །མཚན་དཔེས་སྤྲས་ཤིང་ནམ་ཡང་འཕོ་འགྱུར་མེད། །སེམས་ཅན་རེ་རེའི་མདུན་དུའང་སྐུའི་བཀོད་པ། །དུ་མ་ཅིག་ཅར་དུ་མ་སྟོན་པར་ནུས། །གསུང་གི་ཡོན་ཏན་འགྲོ་བ་ཐམས་ཅད་ཀྱིས། །ཅིག་ཅར་དོན་རེ་ཞུས་ཀྱང་དབྱངས་གཅིག་གིས། །སོ་སོའི་སྐད་དུ་དེ་དོན་སྟོན་ནུས་ཤིང་། །སྐུ་ཡི་ཆ་ཀུན་ལས་ཀྱང་གསུང་དབྱངས་འབྱུང་། །ཐུགས་ཀྱི་ཡོན་ཏན་མཁྱེན་པའི་ཆོས་ཀུན་གྱི། །གནས་ལུགས་མངོན་སུམ་ཉིད་དུ་གཟིགས་བཞིན་དུ། །ཇི་སྙེད་ཤེས་བྱའི་བྱེ་བྲག་མ་ལུས་པ། །ལག་མཐིལ་གནས་པའི་རྫས་བཞིན་གསལ་ལེར་གཟིགས། །རྩེ་བའི་ཡོན་ཏན་ཇི་ལྟར་མ་གཅིག་གིས། །བུ་ལ་རྗེས་སུ་བརྩེ་བའི་ཚུལ་དེས་ཀྱང་། །འགྲོ་བ་ཀུན་ལ་བྱམས་པའི་ཐུགས་རྗེ་དེའི། །བརྒྱ་ཕྲག་ཆར་ཡང་་མི་ཕོད་པ་རུ་གསུངས། །འཕྲིན་ལས་ཆོས་ཀྱི་དབྱིངས་ལས་ནམ་ཡང་ནི། །གཡེ་བ་མེད་བཞིན་གང་འདུལ་རོལ་པ་རུ། །དཔག་བསམ་ཤིང་དང་ཡིད་བཞིན་ནོར་བུ་ལས། །འདོད་དགུ་འབྱུང་བཞིན་འབད་རྩོལ་མེད་པར་འབྱུང་། །དེ་ཡང་དུས་འགར་འབྱུང་ཞིང་འགའ་ཞིག་ཏུ། །མི་འབྱུང་བ་ཡི་ཉི་ཚེ་མ་ཡིན་པར། །ཇི་སྲིད་སེམས་ཅན་གནས་པ་དེ་སྲིད་དུ། །ནམ་ཡང་རྒྱུ་ཆད་མེད་པ་ཉིད་དུ་འབྱུང་། །ཨེ་མ་གོ་འཕང་མཆོག་དེ་ཐོབ་ན་ནི། །རང་ཡང་ཡོན་ཏན་དེ་ལྟར་ལྡན་གྱུར་ལ།།མ་རྒན་སེམས་ཅན་འདི་དག་མ་ལུས་པའི། །དོན་ཡང་ཕུན་སུམ་ཚོགས་པར་བྱེད་ནུས་ཕྱིར། །བདག་གིས་མྱུར་བ་མྱུར་བ་ཉིད་དུ་ཡང་།།རང་དང་གཞན་གྱི་དོན་གཉིས་མཐར་ཕྱིན་པའི། །གོ་འཕང་མཆོག་དེ་ཅི་ནས་ཐོབ་པར་བྱ། །ཐོབ་པར་གྱུར་ཅིག་འགྱུར་བར་བྱིན་གྱིས་རློབས། །དེ་ནས་འོག་གི་ཕྱིན་དྲུག་ལ་འཇུག་གོ །བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྒོམ་པར་སྤྲོ་ན། བཏང་སྙོམས་མར་ཤེས་དྲིན་དྲན་རྣམས་སྔར་བཞིན་སྔོན་དུ་བཏང་ནས་འདི་ལྟར། དེ་ལྟར་འགྲོ་བ་འདི་དག་ཐམས་ཅད་ནི། །རང་གི་དྲིན་ཅན་ཕ་མ་ཉིད་ཡིན་ཕྱིར། །འདི་དག་ཡལ་བར་དོར་ནས་རང་ཉིད་ལ། །གཅེས་པར་འཛིན་པ་འདི་ནི་རིགས་མིན་ཏེ། །བདག་ཉིད་གཅེས་པར་འཛིན་འདི་རང་ཉིད་ཀྱི། །སྡུག་བསྔལ་ཀུན་གྱི་རྒྱུ་རུ་གྱུར་པ་དང་། །གཞན་དག་གཅེས་པར་འཛིན་འདི་རང་ཉིད་ཀྱི། །བདེ་བ་ཀུན་གྱི་རྒྱུ་རུ་སྣང་ཕྱིར་རོ། །གཞན་ཡང་འཁོར་འདས་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་པ་ལས་འབྱུང་ཞིང་། །སྲིད་དང་ཞི་བའི་རྒུད་པ་ཇི་སྙེད་པ། །ཀུན་ཀྱང་རང་བདེ་འདོད་ལས་བྱུང་བར་གསུངས། །མདོར་ན་བྱིས་རྣམས་རང་ཉིད་གཅེས་འཛིན་པས། །སྡུག་བསྔལ་རྦ་ཀློང་འཁྲུགས་པ་འདི་ལྟར་གྱུར། །ཐུབ་རྣམས་གཞན་དག་གཅེས་པར་འཛིན་མཛད་པས། །ཕུན་ཚོགས་བདེ་བའི་གོ་འཕང་བརྙེས་མིན་ནམ། །དེ་ཕྱིར་སྡུག་བསྔལ་ནམ་ཡང་མི་འདོད་ན། །རང་ཉིད་གཅེས་པར་འཛིན་འདི་བོར་དགོས་ཤིང་། །བདེ་ལ་ཆོག་ཤེས་མེད་པར་སྤྱད་འདོད་ན། །གཞན་དག་གཅེས་པར་འཛིན་ལ་འབད་དགོས་སོ། །དེ་བས་བདག་གི་མ་རྒན་འདི་དག་གི། །སྡུག་བསྔལ་ཀུན་དང་དེ་ཡི་རྒྱུ་ཐམས་ཅད། །བདག་གི་སྟེང་དུ་སྨིན་ནས་དེ་དག་ཀུན། །སྡུག་བསྔལ་རྒྱུ་དང་བཅས་ལས་ཐར་གྱུར་ཅིག། །བདག་ལ་གནས་སྐབས་དང་ནི་མཐར་ཐུག་གི། །བདེ་བའི་ཚོགས་དང་དགེ་བ་གང་མཆིསཔ། །ཐམས་ཅད་འགྲོ་བ་འདི་དག་ལ་སྨིན་ནས། །དེ་ཀུན་བདེ་བ་མཆོག་དང་ལྡན་གྱུར་ཅིག །ཅེས་གཏོང་བའི་སྒོ་ནས་བྱམས་པ་དང་། ལེན་པའི་སྒོ་ནས་སྙིང་རྗེ་སྒོམ་ཚུལ་དེ་ལྟར་བྱས་ནས། དེ་ནས་ལྷག་བསམ་དང་སེམས་བསྐྱེད་སྔར་ཉམས་སུ་བླང་ལ་ཕྱིན་དྲུག་མན་འདྲའོ། །
ཕྱིན་དྲུག་ལ་སློབ་ཚུལ་ནི། 
དེ་ལྟའི་སངས་རྒྱས་གོ་འཕང་ཐོབ་པ་ལ། །ཐོབ་པར་ཤོག་ཅིག་སྙམ་པས་མི་འགྲུབ་པས། །བྱང་སྡོམ་བཟུང་ནས་བསླབ་བྱ་ལ་འབད་ཅིང་། །རྒྱལ་སྲས་སྤྱོད་པ་རྒྱ་མཚོར་འཇུག་པར་བྱ། །དེ་ཡང་རྙེད་བཀུར་སོགས་ལ་མི་ལྟ་བར། །གང་འཚམས་ཆོས་སྟོན་ཆོས་ཀྱིི་སྦྱིན་པ་དང་། །མི་དང་མི་མིན་འབྱུང་བའི་གནོད་པ་ལས། །སྐྱོབ་པར་བྱེད་པ་མི་འཇིགས་སྦྱིན་པ་དང་། །ལན་དང་རྣམ་སྨིན་ལ་ནི་མི་རེ་བར། །མཁོ་དགུ་སྟེར་བ་ཟང་ཟིང་སྦྱིན་པ་སྟེ། །སྦྱིན་པ་རྣམ་པ་གསུམ་གྱི་ཉམས་ལེན་ལ། །དེང་ནས་བདག་གིས་བརྩོན་པས་བསླབ་ནར་བགྱི། །བསླབ་བྱའི་མཚམས་ལས་འདའ་བར་མི་བྱེད་པར། །སྡོམ་པར་བྱེད་པ་སྡོམ་པའི་ཚུལ་ཁྲིམས་དང། །ཕར་ཕྱིན་དྲུག་ལ་སོགས་པའི་དགེ་ཆོས་རྣམས། །རང་རྒྱུད་བསྐྱེད་ཅིང་བསྐྱེད་ཟིན་གོང་འཕེལ་དུ། །བྱེད་པ་དགེ་བའི་ཆོས་སྡུད་ཚུལ་ཁྲིམས་དང་། །སེམས་ཅན་དོན་བྱེད་རྣམ་པ་བཅུ་གཅིག་གི། །སྒོ་ནས་འགྲོ་བའི་དོན་རྣམས་ཚུལ་བཞིན་དུ། །བསྒྲུབ་པ་སེམས་ཅན་དོན་བྱེད་ཚུལ་ཁྲིམས་སྟེ། །ཚུལ་ཁྲིམས་རྣམས་པ་༝། །དེང་ནས་༝༝། །དེ་ལྟར་༝༝། །གནས་ལུགས་རིགས་པ་དོན་དམ་རྟོགས་པ་དང་། །རྣམ་དཔྱད་བློ་ཡིས་རིགས་ནས་མི་ཁྲོའི་སྟེང་། །གནོད་པའི་ལན་དུ་ཕན་པ་བསྒྲུབ་བྱེད་པ། །གནོད་ལ་ཇི་མི་སྙམ་པའི་བཟོད་པ་དང་། །ཟས་གོས་གནས་མལ་སོགས་ཀྱིས་ཕོངས་པ་དང་། །ནད་སོགས་མི་འདོད་པ་དང་ཆོས་ཕྱིར་དུ། །སྡུག་བསྔལ་བྱུང་བ་སྤྲོ་བས་བཟོད་བྱེད་པ། །སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། །དཀོན་མཆོག་གསུམ་སོགས་མོས་པའི་ཡུལ་རྣམས་ལ། །ཡིད་ཆེས་མོས་པ་སྙིང་ནས་བསྐྱེད་བྱེད་པ། །ཆོས་ལ་ངེས་པར་སེམས་པའི་བཟོད་པ་སྟེ། །བཟོད་པ་༝༝། །དེང་ནས་༝༝། །དེ་ལྟར༝༝། །སེམས.་ཅན་རེ་རེའི་དོན་ཕྱིར་བསྐལ་མང་དུ། །ངན་འགྲོར་གནས་དང་རྒྱལ་བའི་ཡོན་ཏན་རེ། །བསྒྲུབ་ཕྱིར་དུས་རིང་སྲིད་གནས་མི་སྐྱོ་བར། །སྤྲོ་བར་བྱེད་པ་གོ་ཆའི་བརྩོན་འགྲུས་དང་། །ཕྱིན་དྲུག་ལ་སོགས་དགེ་ཆོས་རང་རྒྱུད་ལ། །སྡུད་ཕྱིར་བརྩོན་པ་དགེ་སྡུད་བརྩོན་འགྲུས་དང་། །འགྲོ་བའི་དོན་བྱ་བཅུ་གཅིག་ལ་བརྩོན་པ། །སེམས་ཅན་དོན་བྱེད་པ་ཡི་བརྩོན་འགྲུས་ཏེ། །བརྩོན་འགྲུས་རྣམ་པ༝༝། །དེང་ནས་༝༝། །དེ་ལྟར་༝༝། །ངོ་བོའི་སྒོ་ནས་འཁོརའདས་བསམ་གཏན་གཉིས། །ཕྱོགས་ཀྱི་སྒོ་ནས་ཞི་ལྷག་ཟུང་འབྲེལ་གསུམ། །བྱེད་ལས་སྒོ་ནས་ལུས་སེམས་བདེར་གནས་དང་། །ཡོན་ཏན་རྟེན་བྱེད་པ་ཡི་བསམ་གཏན་དང་། །སེམས་ཅན་དོན་བྱེད་པ་ཡི་བསམ་གཏན་ཏེ། །བསམ་གཏན་རྣམས་པ་༝༝། །དེང་ནས་༝༝། །དེ་ལྟར་༝༝། །གནས་ལུགས་རིགས་པ་དོན་དམ་རྟོགས་པ་དང་། །གནས་ལྔ་རིགས་པ་ཀུན་རྫོབ་རྟོགས་པ་དང་། །འགྲོ་བ་རྣམས་ཀྱི་དོན་གཉིས་མ་ནོར་བར། །བསྒྲུབ་ཚུལ་ཇི་བཞིན་ཤེས་པའི་ཤེས་རབ་སྟེ། །ཤེས་རབ་རྣམ་པ་༝༝། །དེང་ནས་༝༝། །དེ་ལྟར་༝༝། །
བསྡུ་བཞི་ལ་སློབ་ཚུལ་ནི། 
 ཐབས་ཀྱིས་དྲངས་ཕྱིར་ཟང་ཟིང་སྦྱིན་པ་དང་། །སྙན་པར་སྨྲ་བ་དམ་ཆོས་སྟོན་པ་དང་། །བཤད་པའི་དོན་ལ་སྤྱོད་འཇུག་དོན་སྤྱོད་དང་། །གཞན་དག་གང་ལ་སྤྱོད་དུ་འཇུག་པ་དང་། །མཐུན་པར་རང་ཡང་སློབ་པ་དོན་ཐུན་ཏེ། །བསྡུ་བའི་དངོས་པོ་བཞི་ཡི་ཉམས་ལེན་ལ། །དེང་ནས་བདག་གིས་ཚུལ་བཞིན་བསླབ་པར་བགྱི། །དེ་ལྟར་ནུས་པར་བྱིན་གྱིསབརླབས་ཏུ་གསོལ། །
ཞི་གནས་སྒོམ་ཚུལ་ནི། 
 དེ་ལྟར་བྱང་ཆུབ་སེམས་དང་སྤྱོད་པ་ལ། །གོམས་པར་བྱས་ཀྱང་གནས་ལུགས་མ་རྟོགས་ན། །ཇི་ཙམ་འབད་ཀྱང་སྲིད་ལས་མི་གྲོལ་བས། །ཡང་དག་ལྟ་བ་རྟོགས་ཕྱིར་འབད་པར་བྱ། །དེ་ཡང་རང་སེམས་བྱིང་རྒོད་ཀྱིས་གཡེངས་ན། །གནས་ལུགས་ཟབ་དོན་མཐོང་བ་མི་སྲིད་པས། །བྱིང་རྒོད་སྤངས་ཕྱིར་དམིགས་པ་གང་རུང་ལ། །རྩེ་གཅིག་གནས་པའི་ཏིང་འཛིན་བསྒྲུབ་པར་བྱ། །དེ་ལ་ཏིང་འཛིན་སྒོམ་ལ་མི་སྤྲོ་བའི། །ལེ་ལོོ་དང་ནི་དམིགས་པ་བརྗེད་པ་དང་། །བྱིང་རྒོད་འདུ་མི་བྱེད་དང་འདུ་བྱེད་དེ། །ཏིང་འཛིན་འགྲུབ་པ་ཉེས་པ་ལྔ་སྦོད་ཕྱིར། །ལེ་ལོའི་གཉེན་པོར་ཞི་གནས་ཏིང་འཛིན་གྱི། །ཡོན་ཏན་མཐོང་བའི་དད་པ་བརྟན་པོ་དང་། །དེས་དྲངས་ཏིང་འཛིན་དོན་གཉེར་འདུན་པ་དང་། །འདུན་པ་རེས་བསྐུལ་རྩོལ་བའི་བརྩོན་འགྲུས་དང་། །རྩོལ་བའི་འབྲས་བུ་ཤིན་སྦྱངས་དང་བཞིའོ། །དམིགས་པ་བརྗེད་པའི་གཉེན་པོ་དྲན་པ་དང་། །བྱིང་དང་རྒོད་པའི་གཉེན་པོར་ཤེས་བཞིན་དང་། །བྱིང་རྒོད་གཉེན་པོ་འདུ་མི་བྱེད་པ་ཡི། །གཉེན་པོར་འདུ་བྱེད་པ་ཡི་སེམས་པ་དང་། །བྱིང་རྒོད་བྲལ་ཚེ་གཉེན་པོ་འདུ་བྱེད་པའི། །གཉེན་པོར་འདུ་མི་བྱེད་པའི་བཏང་སྙོམས་ཏེ། །ཉེས་པ་ལྔ་སྤོང་གཉེན་པོ་འདུ་བྱེད་བརྒྱད། །ལེགས་པར་བསྟེན་ཅིང་ཐོས་བསམ་དྲན་ཤེས་དང་། །བརྩོན་འགྲུས་འདྲིས་པའི་སྟོབས་དྲུག་ཉིད་དང་ནི། །བསྒྲིམས་ཏེ་འཇུག་དང་ཆད་ཅིང་འཇུག་པ་དང་། །ཆད་མེད་འཇུག་དང་ལྷུན་གྲུབ་འཇུག་བཞི་དང་། །འཇོག་དང་རྒྱུན་འཇོག་གླན་འཇོག་ཉེ་བར་འཇོག། །དུལ་བྱེད་ཞི་བྱེད་རྣམ་པར་ཞི་བྱེད་དང་། །རྩེ་གཅིག་ཏུ་བྱེད་མཉམ་པར་འཇོག་པ་སྟེ། །སྟོབས་དྲུག་ཡིད་བྱེད་བཞི་དང་སེམས་གནས་དགུས། །ལུས་སེམས་ཤིན་སྦྱངས་བདེ་བས་ཉེར་དྲངས་པའི། །རྣམ་དག་ཞི་གནས་ཏེང་འཛིན་བསྒྲུབ་པར་བྱ། །དེ་ལྟར་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། །
ལྷག་མཐོང་སྒོམ་ཚུལ་ནི། 
 དེ་ལྟར་ཞི་གནས་ཏིང་འཛིན་གྲུབ་པ་ན། །ཏིང་འཛིན་དེ་ལ་གནས་ནས་བདག་མེད་པའི། །དོན་ལ་སོ་སོར་རྟོག་པས་རབ་དཔྱད་དེ། །མ་རིག་འཁྲུལ་པའི་རྩ་བ་ཆོད་པར་བྱ། །དེ་ཡང་བདག་སོགས་འགྲོ་རྣམས་ཐོག་མེད་ནས། །ད་བར་འཁོར་བའི་གནས་འདིར་རབ་འཁོར་ནས། །སྡུག་བསྔལ་བརྒྱ་ཕྲག་དུ་མས་དབང་མེད་དུ། །མནར་བ་འདི་ཡིས་རྒྱུ་ནི་ཅི་སྙམ་ན། །དེ་ནི་སེམས་འདིའི་ངོ་བོ་ལུང་མ་བསྟན། །ཡིན་ཀྱང་དང་པོར་བདག་དང་གཞན་ལ་སོགས། །ལྟོས་མེད་རང་གི་ངོ་བོས་གྲུབ་བློ་སྐྱེས། །བདག་གཞན་ངོ་བོས་གྲུབ་པར་སྣང་བའི་མཐུས། །བདག་ལ་ཆགས་དང་གཞན་ལ་སྡང་བ་སོགས། །ཉོན་མོངས་ཀུན་སྐྱེ་དེ་ཡིས་ལས་བསགས་ནས། །རིགས་དྲུག་གནས་སུ་འགལ་མེ་ལྟར་འཁོར་ནས། །སྡུག་བསྔལ་ཆུ་གཉེར་བཞིན་དུ་འཁྲུག་འདི་བྱུང་། །དེ་ཕྱིར་འཁོར་བའི་རྩ་བ་མཐར་གཏུགས་ན། །འཁོར་འདས་ཆོས་ཀུན་རྟོག་པས་བཏགས་ཙམ་དུ། །འཛིན་པ་མེད་པར་རང་རང་ངོ་བོ་ཡི། །གྲུབ་པར་སྣང་ཞིང་འཛིན་པ་ཉིད་ཡིན་ནོ།།དེ་ལྟར་བས་ན་རང་གི་ལུས་སེམས་གཉིས། །ཚོགས་པའི་སྟེང་དུ་ང་ཞེས་ཕར་བཏགས་ཙམ། །མིན་པར་ང་དེ་ངོ་བོས་གྲུབ་སྣང་གི། །ཡུལ་དེ་དགག་བྱ་བདག་ཅེས་བྱ་བ་ཡིན། །དེ་འདྲའི་སྣང་ཚུལ་ལྟར་དུ་ང་གྲུབ་ན། །ང་དེ་ལུས་སེམས་གཉིས་དང་གཅིག་ཐ་དད། །གང་རུང་ཉིད་དུ་གྲུབ་དགོས་དེ་ལས་གཞན། །གྲུབ་ཚུལ་ཕུང་གསུམ་པ་ཞིག་མེད་ཕྱིར་རོ། །གཅིག་ཏུ་གྲུབ་ན་ལུས་སེམས་གཉིས་ཡོད་བཞིན། །ང་ཡང་རང་རྒྱུད་ཐ་དད་གཉིས་སུ་འགྱུར། །ཡང་ན་ང་གཅིག་ཡིན་པ་དེ་བཞིན་དུ། །ལུས་སེམས་གཉིས་ཀྱང་ཆ་མེད་གཅིག་ཏུ་འགྱུར། །གཞན་ཡང་ང་དང་ལུས་སེམས་གཅིག་ཡིན་ན། །དབྱེ་བ་གཏན་ནས་མེད་པའི་གཅིག་ཡིན་དགོས། །དེས་ན་ང་ཡི་ལུས་དང་ངའི་སེམས་ཞེས་། །སོ་སོར་འབྱེད་པའི་ཐ་སྙད་མི་འཐད་དོ། །དེ་ཕྱིར་ང་དང་ལུས་སེམས་གཅིག་གྲུབ་ན། །དེ་ལས་གཞན་དུའང་ཉེས་པ་མང་ཡོད་བས། །ང་འམ་བདག་དེ་ལུས་སེམས་གཉིས་པོ་དང་། །ངོ་བོ་གཅིག་ཏུ་གྲུབ་པ་མ་ཡིན་ནོ། །གལ་ཏེ་ཐ་དད་ཉིད་དུ་གྲུབ་ཞེ་ན། །འདི་ནི་ལུས་སོ་འདི་ནི་སེམས་ཡིན་ཞིང་། །འདི་ནི་ང་ཞེས་སོ་སོར་དགོས་པ་ལས། །དེ་ལྟར་མེད་ཕྱིར་ཐ་དད་དུ་མ་གྲུབ། །དེ་ཕྱིར་ང་དེ་ལུས་སེམས་གཉིས་པོ་དང་། །གཅིག་དང་ཐ་དད་གང་དུའང་མ་གྲུབ་པས། །ང་ཞེས་བྱ་བ་ལུས་སེམས་གཉིས་ཚོགས་ལས། །བྱུང་བ་བདེན་མེད་སྒྱུ་མ་ལྟ་བུའོ། །དེ་བཞིན་ལུས་ཞེས་བྱ་བའང་ཡན་ལག་ལྔ། །ཚོགས་པའི་ཤ་རུས་ཕུང་པོ་འདིའི་སྟེང་དུ། །ཕར་བཏགས་ཙམ་མིན་ངོ་བོས་གྲུབ་སྣང་དེ། །དགག་བྱ་བདེན་པའི་སྣང་བ་ཉིད་ཡིན་ནོ། །སྣང་ཚུལ་དེ་ལྟར་གྲུབ་ན་ལུས་དེ་དང་། །ལུས་ཀྱི་ཆ་རྣམས་གཅིག་དང་ཐ་དད་ཀྱི། །རྣམ་པ་གང་རུང་ཉིད་དུ་གྲུབ་དགོས་ཏེ། །དེ་ལས་གཞན་དུ་གྲུབ་ཚུལ་མེེད་ཕྱིར་རོ། །གཅིག་ཏུ་གྲུབ་ན་ལུས་ལ་མགོ་སོགས་ཀྱི། །ཆ་ཤས་མང་ཕྱིར་ལུས་དེའང་མང་པོ་འགྱུར། །ཡང་ན་ལུས་གཅིག་ཡིན་ཕྱིར་ལུས་ཀྱི་ནི། །ཆ་ཤས་དུ་མའང་ཆ་མེད་གཅིག་ཏུ་འགྱུར། །གལ་ཏེ་ཐ་དད་གྲུབ་ན་རྐང་ལག་སོགས། །ལུས་ཀྱི་ཆ་རྣམས་སོ་སོར་བསལ་ཤུལ་དུ། །ལུས་དེ་འདི་ཞེས་དགོས་ནའང་དེ་མེད་ཕྱིར། །ལུས་ཀྱང་ཆ་ཤས་ཚོགས་ལ་བཏགས་པ་ཙམ། །སེམས་ལའང་ལྷས་བྱིན་གྱི་ནི་སེམས་དེ་ཉིད། །ལྷས་བྱིན་རང་གི་སེམས་ཀྱི་སྔ་ཕྱིའི་ཆའི། །སྟེང་དུ་བཏགས་ཙམ་མིན་པར་རང་ངོས་ནས། །གྲུབ་པར་སྣང་དེ་དགག་བྱའི་སྣང་ཚུལ་ལོ། །དེ་ལྟར་གྲུབ་ན་ལྷས་བྱིན་རང་ཉིད་ཀྱི། །སེམས་དང་དེ་ཡི་སེམས་ཀྱི་སྔ་ཕྱིའི་ཆ། །གཉིས་པོ་གཅིག་དང་ཐ་དད་གང་རུང་དུ། །གྲུབ་ཏེ་གཞན་དུ་གྲུབ་ཐབས་མེད་པས་སོ། །གཅིག་ཏུ་གྲུབ་ན་སེམས་ཀྱི་སྔ་ཕྱིའི་ཆ། །མང་བས་སེམས་དེ་མང་པོར་ཐལ་བར་འགྱུར། །ཡང་ན་སེམས་གཅིག་ཡིན་ལྟར་སེམས་དེ་ཡི། །སྔ་ཕྱིའི་ཆ་རྣམས་མེད་གཅིག་ཏུ་རྗེས་སུ། །ཐ་དད་ཉིད་དུ་གྲུབ་ཚེ་སེམས་དེ་ཡི། །སྐད་ཅིག་སྔ་ཕྱིའི་ཆ་རྣམས་བསལ་རྗེས་སུ། །དེ་འདྲའི་སེམས་དེ་འདི་ཞེས་བསྟན་དགོས་ན། །དེ་ལྟར་མེད་ཕྱིར་སེམས་ཞེས་བྱ་བ་ཡང་། །རང་གི་སྔ་ཕྱིའི་ཆ་ལ་བཏགས་པར་ཟད། །དེ་ལྟར་ང་དང་ལུས་དང་སེམས་རྣམས་ལ། །གནད་བཞིས་དཔྱད་ན་རང་བཞིན་ཡོད་མིན་ལྟར། །འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཀུན་ལའང་། །དེ་བཞིན་དཔྱད་ན་མཁའ་ལྟར་མཐོང་བར་འགྱུར། །མདོར་ན་འཁོར་འདས་ཆོས་རྣམས་མ་ལུས་པ། །མིང་དང་རྟོག་པས་ཕར་བཞག་ཙམ་ཞིག་ལས། །རང་རང་ཡུལ་གྱི་སྟེང་ནས་ཚུལ་གྲུབ་པའི། །ཆོས་ནི་རྡུལ་ཕྲན་ཙམ་ཡང་ཡོད་མ་ཡིན། །དེ་ལྟར་ཆོས་ཀུན་རང་ངོས་མ་གྲུབ་ན། །འོ་ན་ཡོོད་ཚུལ་ཇི་ལྟར་ཡོད་ཅེ་ན། །སྒྱུ་མ་རྨི་ལམ་བྲག་ཆ་ཆུ་ཟླ་ལྟར། །སྣང་ཞིང་ངོ་བོས་སྟོང་པའི་ཚུལ་དུ་ཡོད། །དེ་ལྟ་ན་ཡང་ཆོས་ཀུན་གཏན་མེད་དུ། །འགྱུར་བ་མིན་ཏེ་དཔེར་ན་ཟག་ཅ་དེ། །རྒྱུ་རྣམས་ཚོགས་ཚེ་འབྱུང་ཞིང་དཔྱད་པ་ན། །མི་རྙེད་མོད་ཀྱང་མེད་པར་མི་འགྱུར་པ། །དེ་དེ་བཞིན་དུ་ཆོས་རྣམས་རང་རང་གི །རྟེན་འབྲེལ་ཚོགས་ཚེ་དེ་དང་དེར་སྣང་ལ། །དོན་དམ་དཔྱད་པའི་རིགས་པས་དཔྱད་པའི་ཚེ། །གང་དུའང་མེད་ཀྱང་གཏན་མེད་མི་འགྱུར་རོ། །དཔྱད་ཚེ་མེད་པར་མཐོང་གང་བདེན་མེད་དུ། །མཐོང་བ་ཡིན་གྱི་གཏན་མེད་མཐོང་བ་མིན། །ཐ་སྙད་ཉིད་དུ་ཡོད་པའང་བྲག་ཅ་ལྟར། །ཡོད་ཀྱི་བདེན་གྲུབ་ཉིད་དུ་ཡོད་པ་མིན། །དེ་ཕྱིར་ཟབ་དོན་དཔྱད་པའི་རིགས་ཚུལ་གྱིས། །དཔྱད་ཚེ་ཆོས་ཀུན་མཁའ་ལྟར་མཐོང་བཞིན་དུ། །རྟེན་འབྲེལ་བྱ་བྱེད་ལྷག་པར་འཐད་པ་ཡི། །ངེས་པ་རྙེད་གང་ལྟ་བའི་མཐའ་ཐུག་གོ །རྗེས་ཐོབ་སྒྱུ་མའི་རྣལ་འབྱོར་སྐྱང་ཚུལ་ནི། སྒྱུ་མའི་རྟ་གླང་མིག་ངོར་སྣང་ན་ཡང་། །དེར་མ་གྲུབ་པར་ངེས་པའི་རྒྱུ་མཚན་གྱིས། །སྣང་བ་དེ་ནི་སྒྱུ་མར་རྟོགས་པ་བཞིན། །ཆོས་ཀུན་ཐ་སྙད་ཤེས་པ་བསྙོན་མེད་དུ། །སྣང་ཡང་ངོ་བོས་སྟོང་པར་ངེས་པའི་མཐུས། །རྗེས་ཐོབ་ཡུལ་སྣང་སྒྱུ་མར་འབད་མེད་དུ། །འཆར་ལས་སྒྱུ་མར་བསྒོམ་ཚུལ་ལོགས་སུ་མེད། །དེ་ལྟར་མཉམ་གཞག་ནམ་མཁའི་རྣལ་འབྱོར་དང་། །རྗེས་ཐོབ་ཡུལ་སྣང་སྒྱུ་མའི་རྣལ་འབྱོར་གཉིས། །ཟུང་དུ་སྦྲེལ་ཞིང་ཟབ་དོན་ལ་དམིགས་པའི། །ཞི་ལྷག་ཟུང་འབྲེལ་ལམ་བཟང་ཐོབ་པར་བྱ། །དེ་ལྟར་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། །རྡོ་རྗེ་ཐེག་པར་འཇུག་ཚུལ་ནི། ངེས་འབྱུང་བྱང་ཆུབ་སེམས་དང་ལྟ་བ་སྟེ། །ཐུན་མོང་ལམ་རྣམས་མངོན་དུ་གྱུར་བ་ན། །མཚན་ཉིད་ཀུན་ལྡན་རྡོ་རྗེ་སློབ་དཔོན་མཆོག། །མཉེས་པ་གསུམ་གྱིས་མཉེས་པར་བྱེད་པ་དང། །དབང་བཞིན་ནོད་དེ་སྐུ་བཞིའི་ས་བོན་བསྐྲུན། །ཟབ་ལམ་རིམ་གཉིས་རྣལ་འབྱོར་ལ་འབད་དེ། །ཟུང་འཇུག་གོ་འཕང་མྱུར་དུ་ཐོབ་པར་བྱ། །དེ་ལྟར་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། །དེ་ནས། དེར་ནི་རིང་དུ་འབད་ལས་ཚོགས་གཉིས་ནི། །ཞེས་སོགས་སྨོན་ལམ་ཡང་བྱའོ། །
སྨྲས་པ། །
ཀྱེ་མ་སྔོན་ཆད་སྲིད་པ་འདིར། །ཟོལ་ཆུན་འཁྱུད་མོ་ལྟར་འཁོར་ཡང་། །ཕལ་ཆེར་མི་ཁོམ་གནས་འཁྱམས་ནས། །འདི་འདྲའི་ལམ་བཟང་དང་མ་མཇལ། །ད་རེས་དལ་འབྱོར་རྟེན་ཐོབ་ཅིང་། །བཤེས་གཉེན་དམ་པས་རྗེས་སུ་བཟུང་། །ལམ་མཆོག་འདི་འདྲ་མཇལ་སྐབས་སུ། །དལ་བར་སྡོད་པ་ཤིན་ཏུ་བླུན། །དེ་ཕྱིར་ཚེ་འདིའི་བྱ་བྱེད་རྣམས། །སྦྲུལ་ཤུན་ལྟ་བུར་དོར་བྱས་ནས། །ལམ་བཟང་འདི་ལ་ཉིན་མཚན་དུ། །འབད་དེ་སྙིང་པོ་ལོན་པར་བྱ། །འདི་ལྟར་བསྐྲུན་པའི་བདེ་ཚོགས་མཐུས། །དེང་ནས་སྐྱེ་བ་ཐམས་ཅད་དུ། །ཆོས་ཚུལ་འདི་དང་མི་འབྲལ་་ཞིང་། །འགྲོ་ཀུན་ལམ་འདིས་གྲོལ་གྱུར་ཅིག །
ཅེས་བྱང་ཆུབ་ལམ་གྱི་རིམ་པའི་གདམས་པ་ཟབ་མོ་རྣམས་ས་བཅད་སོགས་ཀྱི་སྤྲོས་པ་དོར་ནས་སྙིང་པོ་གང་ཡིན་ཚིགས་སུ་བཅད་ནས་ཉམས་སུ་བཅད་པའི་སྒོ་ནས་ཉམས་སུ་ལེན་ཚུལ་དམ་ཆོས་བདུད་རྩིའི་སྙིང་པོ་ཅེས་བྱ་བ་འདི་ནི། །རང་གི་ཤར་བསྒོམ་དུ་བྱ་བ་དང་། །སྐལ་མཉམ་གཞན་ལའང་ཕན་དུ་རེ་བའི་བསམ་པས་དགེ་སྦྱོང་གི་ཐ་ཤལ་ལེགས་སྦྱར་གྱི་སྐད་དུ་ཛྙན་བི་དྱར་འབོད་པས་ཀོང་ཡུལ་རི་ཁྲོད་དགའ་ལྡན་བསམ་གཏན་གླིང་དུ་སྦྱར་བ་འདི་ཡང་བསྟན་པའི་སྙིང་པོ་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག ། 
​   ཡོང་ཁུངས། http://ti.kbcmw.com/html/zongjiao/ZangChuanFoJiao/4603.html