བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་ལ་ཐོག་མར་བློ་སྦྱོང་བ་ཆོས་ཀྱི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།།
།།
ན་མོ་གུ་རུ་བུདྡྷ་བོདྷི་ས་ཏྭ་ས་པཱ་རི་ཝཱ་རེ་བྷྱཿ
ཧི་ཏ་སུ་ཁཤྩཱ་ཀ་ར་བུདྡྷ་དེ་ཤ་ཝརྡྷ་ནི།
པྲ་ས་ར་ཧུ་ཀུ་རུ་མཾ།
སརྦ་ས་ཏྭ་ཉྩ་མ་ཧཱ་སུ་ཁ་སུ་ཁི་ཀ་ར་ཀུ་རུ་མཾ།
ཨདྡྷི་ཏིཥྛ་ཏུ་མཱཾ།
བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ།
།
ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་འཕེལ་ཞིང༌།
རབ་ཏུ་རྒྱལ་པར་མཛད་དུ་གསོལ།
།
སེམས་ཅན་ཐམས་ཅད་བདེ་བ་ཆེན་པོས་སྐྱིད་པ་འབྱུང་བར་མཛད་དུ་གསོལ།
བྱིན་གྱིས་བརླབ་ཏུ་གསོལ་ལོ།
།
དཀར་ཅག
བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་ལ་ཐོག་མར་བློ་སྦྱོང་བ་
ཆོས་ཀྱི་སྒོ་འབྱེད་ཅེས་བྱ་བ།
༼ཀ༽
མཆོད་བརྗོད་དང་གླེང་གཞི།
༼ཁ༽
ཚེ་བློས་གཏང་བའི་ཕན་ཡོན་དང༌།
མ་བཏང་བའི་ཉེས་དམིགས།
༼ག༽
ཚེ་བློས་གཏོང་ལུགས།
༡༽
ཚེ་བློས་གཏོང་བའི་དམ་ཚིག
༢༽
ཚེ་བློས་གཏོང་བའི་བསླབ་བྱ།
༈
དང་པོ་ཕ་ཡུལ་སྤོང་བ།
༈
གཉིས་པ་ཉེ་དུ་སྤོངས་པ།
༈
གསུམ་པ་གཡོག་འཁོར་སྤངས་པ།
༈
བཞི་པ་བཤད་ཉན་དང་ལུང་ཁྲིད་ལ་སོགས་པའི་གཞན་དོན་ལྟར་སྣང་རྣམས་སྤོང་བ།
༈
ལྔ་པ་རྙེད་པ་དང་བཀུར་སྟི་སྤོང་བ།
༈
དྲུག་པ་ཡོ་བྱད་གསོག་རུམ་སྤང་བ།
༈
བདུན་པ་གཟའ་བཏུང་ལ་ཞེན་པ་སྤངས་པ།
༈
བརྒྱད་པ་ལོངས་སྤྱོད་འབད་མེད་དུ་འབྱུང་བའང་དྭང་དུ་མི་བླང་བ།
༈
དགུ་པ་མཐུན་འཇུག་དང་ངོ་བསྲུང་སྤོང་བ།
༈
བཅུ་པ་ཚེ་འདིའི་བསོད་ནམས་དང་འདུ་ལོང་སྤོང་བ།
༈
བཅུ་གཅིག་པ་འདོད་ཡོན་གྱི་ཉེས་དམིགས་དྲན་པར་བྱ་བ།
༈
བཅུ་གཉིས་པ་འཇིག་རྟེན་ཆོས་བརྒྱད་སྤོང་བར་བསྟན་པ།
༈
བཅུ་གསུམ་པ་བདེ་བ་སྒྲུབ་འདོད་སྤོང་བ།
༈
བཅུ་བཞི་པ་སྡུག་བསྔལ་ལ་རྒྱན་དུ་བལྟ་བ་ལ་བསླབ་པ།
༈
བཅོ་ལྔ་པ་བླ་མ་ལ་སོགས་པའི་ཕྱིར་དུ་ཡང་ལོངས་སྤྱོད་སྒྲུབ་འདོད་སྤང་བ།
༈
བཅུ་དྲུག་པ་ཚེ་བློས་ཐོངས་པའི་དངོས་རྒྱུ་ཐུན་མོང་མ་ཡིན་པ་ཉམས་སུ་བླང་བ།
༡༽
ཆི་བ་མི་རྟག་པ་བསྒོམས་པའི་ཕན་ཡོན།
༢༽
འཆི་བ་མི་རྟག་པ་སྒོམ་པའི་དམིགས་རྣམ།
༣༽
འཆི་བ་མི་རྟག་པ་སྒོམ་ཚུལ།
༈
ཅུ་བདུན་པ་ཉམས་ལེན་རྒྱུད་མི་ཆད་པར་བྱ་བ།
༈
བཅོ་བརྒྱད་པ་ཉམས་ལེན་རྒྱུད་ལ་སྐྱེ་བའི་རྒྱུ་ཚོགས་བསྟེན་པ།
༈
བཅུ་དགུ་པ་ལམ་གོང་མ་ལ་སློབ་ཅིང༌།
རང་གི་བླ་མའི་མན་ངག་ལ་ཡིད་ཆེས་བྱ་བ།
༼ང༽
མཇུག་གི་དོན།
༼ཀ༽
མཆོད་བརྗོད་དང་གླེང་གཞི།
བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་ལ་ཐོག་མར་བློ་སྦྱོང་བ་ཆོས་ཀྱི་སྒོ་འབྱེད་ཅེས་བྱ་བ།
ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་དབྱེར་མ་མཆིས་པ་བླ་མ་དམ་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།
།
འཇིག་རྟེན་མེས་པོ་མིག་སྟོང་ལྡན་པ་སོགས།
།
ཁམས་གསུམ་གཙོ་བོས་ཞབས་པད་གུས་བརྟེན་པས།
།
དགེ་ལེགས་ཀུན་ཐོབ་བླ་མ་ལྷར་བཅས་ལ།
།
གུས་པས་བཏུད་དེ་དམ་ཆོས་དོན་གཉེར་ཅན།
།
སྙིང་ནས་ཆོས་སྒྲུབ་རྣམས་ལ་བརྩེ་བ་ཡིས།
།
དམ་ཆོས་སྒྲུབ་ཚུལ་མདོ་དང་བསྟན་བཅོས་དང༌།
།
བླ་མ་རྣམས་ཀྱི་གདམས་པས་རབ་བརྒྱན་ཏེ།
།
མཁས་པའི་ཡིད་འཕྲོག་གདམས་པ་བསྟན་པར་བྱ།
།
གུས་པས་བཏུད་དེ་རྩེ་གཅིག་ཡིད་ཀྱིས་ཉོན།
།
སྐྱེས་རབས་སུ།
ཤིང་རྟ་དག་གིས་གང་དུ་ས་ལ་ལམ་དྲངས་པ།
།
དེ་བཞིན་གཞན་དང་གཞན་ཡང་ལམ་དེར་བསྐུལ་ཏེ་འདོང༌།
།
དེ་ལྟར་ཐོག་མའི་ལམ་ནི་བདེ་བ་འདི་བོར་ནས།
།
ཡང་དག་མ་ཡིན་ལམ་དུ་འཇུག་པར་བདག་མི་དགའ།
།
ཞེས་འོག་ནས་འཆད་པའི་ཐེག་པ་ཆེན་པོའི་ལམ་ལ་བློ་སྦྱོང་བ་འདི་མེད་ན།
གཞན་གང་ལ་ཡང་དགའ་བའི་གནས་མེད་པས་ཐོག་མར་བློ་སྦྱོང་ཚུལ་འདི་མེད་མི་རུང་དུ་གལ་ཆེ་བ་གསུངས་པ་ལྟར་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསུངས།
ལུང་རིག་མངོན་སུམ་ཐམས་ཅད་ཀྱིས་གྲུབ་པ་འདི་ཉིད་བཤད་པར་བྱ་སྟེ།
དུས་གསུམ་སངས་རྒྱས་
ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེའི་ཞལ་ནས།
དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་འདིར་སྙིང་པོ་ཅི་ལོན་ཅིག་བྱ་དགོས།
དེ་ལ་ཡང་ངེད་རང་གི་མནོ་བསམ་དང་ཕྱུགས་ཀྱི་མནོ་བསམ་ལ་ཁྱད་པར་ཅི་འདུག་ལྟ་དགོས་པ་ཡིན།
ཕྱུག་ལའང་མ་འཁྱགས་པ་དང༌།
མ་ལྟོགས་པ་སྐྱིད་པ་ཞིག་བྱེད་དགོས་སྙམ་པའི་བསམ་མནོ་བཏང་བ་ཡོད།
ངེད་རང་ལའང་དེ་ལས་མེད་ན།
ཕྱུགས་དང་ཁྱད་པར་མ་བྱུང་བ་ཡིན་པས།
སྙིང་པོ་ལེན་པ་གལ་ཆེ་གསུངས།
༼ཁ༽
ཚེ་བློས་གཏང་བའི་ཕན་ཡོན་དང༌།
མ་བཏང་བའི་ཉེས་དམིགས།
དེ་ལ་སྙིང་པོ་ལེན་པ་ལ་ཐོགས་མར་ཚེ་འདི་ལ་མ་ཆགས་པ་ཞིག་དགོས་ཏེ།
གསང་བ་སྤྱི་རྒྱུད་ལས།
འཇིག་རྟེན་ཕ་རོལ་དོན་གཉེར་བའི།
།
དད་པ་མང་དུ་བྱེད་པ་ཡིས།
།
བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི།
།
ཚེ་འདིའི་རྙེད་བསྐུར་དང་སྙན་གྲགས་ལ་སོགས་པའི་བདེ་སྐྱིད་ཀྱི་འབྲས་བུ་འདོད་མི་བྱ།
ཚེ་འདི་འདོད་པར་གྱུར་པ་ལ།
།
འཇིག་རྟེན་ཕ་རོལ་དོན་མི་འགྱུར།
།
འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས།
།
འཇིག་རྟེན་འདི་ཡི་འབྲས་བུ་རྒྱས།
ཞེས་གསུངས།
ཇོ་བོ་རྗེ་ལྷ་ཅིག་སྐྱེས་བུ་དམ་པ་དེ་སྐུ་འདའ་ཁར་རྣལ་འབྱོར་པ་ཆགས་ཁྲི་མཆོག་གིས།
ཇོ་བོ་གཤེགས་པ་ན།
བདག་གི་སྡོམ་པར་ཞུ་ཞུས་པས།
བྱ་བ་ངན་པ་ཡིན་བོར་ལ་ཐོང་གསུངས།
། ༼གནས་ལྔ་རིག་པའི་པཎ་ཆེན།
ཏིང་ངེ་འཛིན་དང༌།
མངོན་ཤེས་རྫུ་འཕྲུལ་བརྙེས།
ཡི་དམ་མང་པོས་རྗེས་སུ་བཟུང་བ་སོགས་ཡོན་ཏན་བརྗོད་ཀྱིས་མི་ལང༌།
རྒྱ་བོད་བལ་གསུམ་ན་གཙུག་ལག་ཁང་མང་དུ་བཞེངས།
བསྟན་པ་རྒྱས་པར་མཛད།
བོད་དུ་ལོ་བཅུ་བདུན་བཞུགས།
།ཡོངས་རྫོགས་བདུན་བཅུ་དོན་གསུམ་བཞུགས་སོ།
།ཇོ་བོའི་བུ་ཆེན་རྒྱ་གར་
པཎྜི་ཏ་སའི་སྙིང་པོ།
རྒྱལ་པོ་ན་ཡབ་ལ་སོགས་མང༌།
བོད་ན་ཁུ་རྡོག་འབྲོམ་གསུམ་དགོན་པ་བ་དང་བཞི།
རྣལ་འབྱོར་པ་བྱང་ཆུབ་རིན་ཆེན།
རྣལ་འབྱོར་པ་ཤེས་རབ་རྡོ་རྗེ།
རྣལ་འབྱོར་པ་ཆག་ཁྲི་མཆོག
།རྣལ་འབྱོར་པ་ཕྱག་དར་སྟོན་པ་སྟེ་བཞི།
དགོན་པ་བ་དང་བྱང་ཆུབ་རིན་ཆེན་གཉིས་ཀྱི་རྭ་སྦྲེང་གི་གུད་ནས་མཛད།
གཞན་ཡང༌། ལྷ་བླ་མ་བྱང་ཆུབ་འོད།
ལོ་ཆེན་རིན་བཟང༌། རྒྱ་བརྩོན་སེང༌།
ནག་ཚོ་བ། རྨ་ལོ་ཙཱ་བ་དགེ་བློ།
ཞང་ཡེར་བང༌། རིན་ཆེན་བླ་མ་སོགས་མང་ངོ༌།
།དེ་རྣམས་ཀྱི་ཡོན་ཏན་མཐའ་ཡས་པ་རང་གི་རྣམ་ཐར་ན་གསལ།
རམ་སྡིང་མ་བའི་རྣམ་ཐར་སོགས་ལས།
ཇོ་བོ་དང་པོ་ཏོ་བ།
རམ་སྡིང་མ་བ་ཡང་སྤྲུལ་པ་ཉིད་དུ་གསུངས།
མདོ་སྡེ་རྣམས་ལས་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་བསམ་ལས་འདས་པ་འོངས་པར་གསུངས།
སྐུའི་ཡོན་ཏན་མཐའ་ཡས་སྤྲུལ་སྐུ་ཞིག་ཀྱང་ཡིན་ཏེ་འོང༌།
དེ་མིན་ན་སྤྲུལ་སྐུ་མི་སྲིད་པར་འགྱུར་རོ།
།༽
འོ་ན་འཆད་པར་ཞུ་ཞུས་པས་ཀྱང་དེ་སྐད་གསུངས།
འོ་ན་རེས་བཤད་རེས་སྒོམ་མམ་ཞུས་པས་ཀྱང་དེ་སྐད་གསུངས།
འོ་ན་ཅི་བགྱི་ཞུས་པས།
ཚེ་འདི་བློས་ཐོང་གསུངས།
ཁོང་གིས་དེ་ཐུགས་ལ་བཞག་ནས།
རྭ་སྒྲེང་གི་ཤུག་གསེབ་ན་ཕར་རི་དྭགས་རྣམས་དང་ཁྱད་པར་མེད་པར་བཞུགས་ནས་མི་སུ་གང་དང་ཡང་དགོང་འཕྲད་པ་ཙམ་ཡང་མ་མཛད་པར་སྐུ་ཚེ་འདའ་རུ་བཅུག་སྐད།
འདི་མི་ལའི་སྐུ་སྐྱེ་སྔོན་མ་ཡིན་པར་རྒོད་ཚང་པའི་རྣམ་ཐར་ལས་གསུངས།
བཙུན་པ་གཅིག་གིས།
དགོན་པར་བསྐོར་བ་བྱས་པས།
སྟོན་པ་རིན་པོ་ཆེའི་ཞལ་ནས།
ཇོ་བོ་བསྐོར་བ་བྱེད་པའང་གློ་བ་གདའ་སྟེ།
དེ་བས་ཀྱང་ཆོས་ཤིག་རང་བྱས་ན་དགའ་གསུངས།
ཁོའི་བསམ་པ་ལ།
ཕྱག་ཅིག་བྱས་ན་དགའ་བ་ཡིན་ནམ་སྙམ་ནས་བྱས་པས་ཀྱང་དེ་སྐད་གསུངས།
དེ་བཞིན་དུ་ཁ་ཏོན་དང་བསྒོམ་བྱས་པས་ཀྱང་དེ་སྐད་གསུངས།
འོ་ན་ཅི་བགྱི་ལགས་ཞུས་པས།
ཚེ་འདི་བློས་ཐོང་ཞིག་ལན་གསུམ་གསུངས།
སྟོན་པ་རིན་པོ་ཆེ་འདི་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ཐུགས་ཀྱིས་སྤངས་ནས་ཡོད་པ་ལ།
རོང་དུ་གསེར་མདུན་ལ་སྤྱན་དྲངས་པས།
དཔལ་གྱི་དབང་ཕྱུགས་བྱ་བ་ལ་བོད་པར་མཛད་ནས།
ད་ལན་འདི་ལ་ཁྱོད་སོང་དང༌།
ངས་འཇིག་རྟེན་བློས་གཏོང་བློ་བྱས་པས་མི་ཡོང་པར་འདུག་གསུངས་ནས།
ན་བཟའ་རེ་རལ་རྙིང་པ་ཞིག་གསོལ།
རེས་བེམ་ཞིག་གསོལ། ཕྲག་པ་གཉིས་ཕུད།
ཕུ་ཐུང་གཉིས་ཕྲག་པ་གཡས་གཡོན་ལ་བཀལ་ནས།
རེས་འགའ་ཤུག་གསེབ་ན་ཕར་གཤེགས།
རེས་འགའ་སྦ་འཁར་གཅིག་ཡོད་པ་ལ་ཨོམ་ཚུགས་མཛད་ནས།
སློབ་དཔོན་ཀླུ་སྒྲུབ་ཀྱིས་བཤེས་སྤྲིངས་ལས་གསུངས་པའི།
འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང༌།
།
བདེ་དང་མི་བདེ་སྙན་དང་མི་སྙན་དང༌།
།
བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ།
།
བདག་གི་ཡིད་ཡུལ་མིན་པར་འགོ་སྙོམས་མཛོད།
།
ཅེས་དང༌།
རེས་འགའ།
བདག་ནི་གྲོལ་བ་དོན་གཉེར་ལ།
།
རྙེད་དང་བཀུར་སྟིས་འཆིང་མི་དགོས།
།
ཞེས་པ་དེ་ཚང་བ་རེ།
རེས་འགྲོ་འབུད་ཙམ་རེ།
རེས་ཕྱེད་ཙམ་རེ་དཔུང་གིན་ལྡོག་ལྡོག་བཞུགས།
ཁོང་ལ་དེ་དགོས་ཤད་མི་གདའ་སྟེ་རྗེས་འཇུག་ལ་སློབ་པ་ཡིན་གསུངས།
སྤྱན་སྔ་བ་ཡང་ཚིགས་བཅད་དེ་གསུང་གིན་ཆོས་བརྒྱད་འགོ་སྙོམས།
དེས་ན་ཚེ་འདི་བདེ་ན་དགའ།
སྡུག་ན་མི་དགའ་བ་ལ་སོགས་ཀྱི་རྣམ་གཞག་དང༌།
བྱ་བྱེད་ཐམས་ཅད་དུག་བཞིན་དུ་སྤངས་བར་བྱ་སྟེ།
དེའི་རྒྱུ་མཚན་ཡང༌།
ལས་དགེ་མི་དགེ་ནི་སེམས་ཁོ་ནའི་བྱེད་ལས་ཡིན།
ལུས་ངག་གི་ལས་ཙམ་པོ་ལུང་མ་བསྟན་ཡིན་པས།
དེའི་ཚེ་ཚེ་འདིའི་བདེ་སྐྱིད་དང༌།
སྙན་གྲགས་དང༌། རྙེད་བསྐུར་འདོད་པ་དང༌།
།སྡུག་བསྔལ་དང་མི་སྙན་པ་དང༌།
རྙེད་བསྐུར་མ་བྱུང་བ་མི་འདོད་པས།
བྱ་བྱེད་ཐམས་ཅད་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཀུན་ནས་བསླངས་ཏེ་བྱས་པ་ཡིན་པས།
ལས་མི་དགེ་བ་ཤས་ཆེ་ལ།
དེ་ལྟར་ན་དེས་ཀུན་ནས་བསླངས་པའི་སོ་ནམ་དང༌།
ཚོང་དང་བུན་སྐྱེད་དང༌།
འཐབ་རྩོད་དགྲ་འདུལ་གཉེན་སྐྱོང་དང༌།
ཐོས་བསམ་སྒོམ་སྒྲུབ་སོགས་ཀྱི་བྱས་པ་ཐམས་ཅད་འཁོར་བ་དང་ངན་སོང་གི་རྒྱུ་ཁོ་ནར་འགྱུར་བས་སོ།
།
དེ་ལྟར་ཡང་ཆེད་དུ་བརྗོད་པའི་ཚོམས་ལས།
ཆོས་ཀྱི་སྔོན་དུ་ཡིད་འགྲོ་སྟེ།
།
ཡིད་མགྱོགས་ཡིད་ནི་གཙོ་བོ་ཡིན།
།
ཇི་ལྟར་ཡིད་རབ་གདུག་པ་ཡིས།
།
སྨྲས་སམ་ཡང་ན་བྱས་ཀྱང་རུང༌།
།
དེ་ཡིས་དེ་ནི་སྡུག་བསྔལ་ཐོབ།
།
འཁོར་ལོས་མགོ་བོ་བཅད་པ་བཞིན།
།
ཇི་ལྟར་ཡིད་རབ་དྭངས་བ་ཡིས།
།
སྨྲས་སམ་ཡང་ན་བྱས་ཀྱང་རུང༌།
།
དེ་ཡིས་དེ་ནི་བདེ་བ་ཐོབ།
།
གྲིབ་མ་རྗེས་སུ་འབྲང་བ་བཞིན།
།
ཞེས་ཡིད་གདུག་པ་དུག་གསུམ་གྱིས་བྱས་པས་སྡུག་བསྔལ་འབྱུང་སྟེ།
སྤྲང་པོ་གཉིས་ལས་གཅིག་གིས་དགེ་འདུན་འདི་རྣམས་ཀྱི་རྐེ་འཁོར་ལོས་བཅད་པར་བྱ་བ་ཞིག་ན་ཞེས་ཁྲོས་ཏེ་སྨྲས་པས།
རིང་པོར་མ་ཐོགས་པར་ལམ་གྱི་འགྲམ་དུ་ཉལ་བར་ཤིང་རྟའི་འཁོར་ལོས་མགོ་བོ་བཅད།
གཅིག་པོ་དེས་དགེ་འདུན་ལ་སེམས་དྭང་བས།
འདི་རྣམས་ལྷ་ཡི་བདུད་རྩིས་མཆོད་དུ་ཡོད་ན་ཨ་བྱས་པས་བསོད་ནམས་ཆེན་པོ་སྐྱེས་ནས།
སྔ་དྲོ་ཉལ་བའི་ཤིང་གྲིབ་ཀྱིས་ཕྱི་དྲོའང་མ་བཏང་བས་ཚོང་དཔོན་ཆེན་པོའི་རྒྱལ་ཚབ་ཏུ་དབང་བསྐུར་བ་བཞིན་ནོ།
།ཞེས་གསུངས་པས་སོ། །
གཞན་ཡང་སྤྱིར་བསམས་གཞིག་ནས་སྲོག་གཅོད་པ་ནི་ཕལ་ཆེར་ལ་སྡིག་པ་ཡིན་ཡང་དེད་དཔོན་སྙིང་རྗེ་ཆེན་པོས་མི་བསད་པ།
སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་པས་སྡིག་ཏུ་མ་སོང་བའི་ཁར་ཚོགས་རྫོགས་པའི་ཐབས་ཁྱད་པར་ཅན་དུ་སོང་བ་ལ་སོགས་བུ་ཆོས་ལས་མང་དུ་གསུངས་ཤིང་འཇིག་རྟེན་ནའང་བལྟས་ན་ཤེས་པར་སྣང་སྟེ།
བརྙས་ཐབས་ཀྱིས་བཟའ་བཏུང་སོགས་བྱིན་ན་ནི་དགའ་བ་མེད་པའི་ཁར་མི་དགའ་བ་འོང་བར་སྣང༌།
དད་གུས་སམ་སྙིང་རྗེ་སོགས་ཀྱིས་བྱིན་ན་ནི་དགའ་ཚོར་གཞན་པས་ཆེ་བ་བྱེད་པར་སྣང་བ་དེ་ཡིན།
དེས་ན་ཐམས་ཅད་སེམས་ཀྱི་ཁྱད་དུ་སྣང་བས།
ཚེ་འདིའི་བདེ་སྐྱིད་ལ་འདོད་པ་མ་སྐྱེས་པ་དང༌།
སྐྱེས་ན་ཡང་འབད་པས་སྤོང་བ་ཞིག་གལ་ཚ་བ་དེར་གདའ།
ཇོ་བོའི་ཞལ་ནས་ཀྱང༌།
རྩ་བ་དུག་ཡིན་ན་ཡལ་ག་དང་ལོ་མའང་དུག
རྩ་བ་སྨན་ཡིན་ན་ཡལ་ག་དང་ལོ་མའང་སྨན་དུ་ཡོད་པ་བཞིན་དུ།
རྩ་བ་འདོད་ཆགས་ཞེ་སྡང་གཏི་མུག་ལ་ཅི་བྱས་མི་དགེ་བ་ཡིན་གསུངས།
དགེ་བཤེས་སྟོན་པས་
༼སྟོན་པ་རིན་པོ་ཆེ།
བྱང་ན་ཏར་རམ་རྩ་སྐྱེར་སྐུ་འཁྲུངས།
ཇོ་བོ་རྗེ་ལོ་ངོ་བཅོ་བརྒྱད་བསྟེན།
སྒྲོལ་མས་སྐྱེས་བུ་དམ་པ་བསྟན་པ་འཛིན་པར་ལུང་བསྟན།
ལུང་རྟོགས་ཏིང་ངེ་འཛིན་ཡི་དམ་ཞལ་གཟིགས་མཐའ་ཡས་ཤིང་བླ་མས་བཙུན་སོགས་ལས་སྡེ་སྣོད་ཐུགས་སྤྱོད་རྒྱ་ཆེར་མཛད།
རྭ་སྒྲེང་བཏབ།
སྐུ་ཆེད་གསུམ་སོགས་བུ་ཆེན་མང་དུ་བྱོན།
བཀའ་གདམས་བྱིངས་ཁོང་ལས་མཆེད་རྭ་སྒྲེང་བཏབ་ནས་ལོ་བདུན་བཞུགས།
ཁྱོན་དགོང་ལོ་རེ་གཅིག་བཞུགས་སོ།
།༽
ཨ་ཏི་ཤ་ལ་ཚེ་འདིའི་བདེ་སྐྱིད་དང་རྙེད་བཀུར་སོགས་འདོད་ནས་ལས་བྱས་པ་རྣམས་ལ་འབྲས་བུ་ཅི་མཆིས་ཞུས་པས།
འབྲས་བུ་དེ་ཁོ་ན་ཉིད་མཆིས་གསུངས།
ཚེ་ཕྱི་མ་ལ་ཅི་མཆིས་ཞུས་པས།
དམྱལ་བ་འཆི། ཡི་དྭགས་མཆི།
དུད་འགྲོ་མཆི་གསུངས།
དགེ་བཤེས་དགོན་པ་བའི་
༼བུ་ཆེན་བཞིའི་ཡ་གྱལ།
མཚན་དབང་ཕྱུག་རྒྱལ་མཚན།
འཁྲུངས་ཡུལ་ཁམས་རུས་འཛོངས་ཡིན།
དགུང་ལོ་བདུན་བཅུ་ཉེ།
ཏིང་ངེ་འཛིན་དང་རྫུ་འཕྲུལ་དང༌།
མངོན་ཤེས་སོགས་ཡོན་ཏན་མཐའ་ཡས།
རྭ་སྒྲེང་གི་གདན་ས་མཛད།
བུ་ཆེན་དགོན་པ་བའི་བུ་བཞི་ནི།
བླ་མ་སྣེ་ཟུར་པ། འཐེ་ཀོད་དེ་
ལུང་པ།
སྙན་སྣ་མོ་བ་དང་བཞིའོ།
གཞན་ཡང་ཁ་རག་སྒོམ་ཆུང་སོགས་མང་ངོ༌།༽
ཞལ་ནས།
ཆོས་བརྒྱད་ཀྱི་བསམ་པས་བྱས་པ་རྣམ་ལ་འབྲས་བུ་འདོད་པ་བཞི་
༼ནི་རྙེད་བཀུར་དང་གཅིག
།སྙན་གྲགས་དང་གཉིས།
བསྟོད་པ་དང་གསུམ། བདེ་སྐྱིད་དང་བཞིའོ།
།༽ བྱུང་ན།
ཚེ་འདི་ལ་འབྲས་བུ་དེ་རང་ཡིན།
ཕྱི་མར་ཕན་པ་མེད། མི་འདོད་པ་བཞི་
༼ནི་དེ་ལས་ལྡོག་ཕྱོགས་བཞིའོ།
།༽
བྱུང་ན་ཚེ་འདི་རང་ལའང་ཕན་པ་མེད་གསུངས།
སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང༌།
འདོད་ཆགས་ཞེ་སྡང་གཏི་མུག་གསུམ།
།
དེས་བསྐྱེད་ལས་ནི་མི་དགེ་བ།
།
མ་ཆགས་མི་སྡང་གཏི་མུག་མེད།
།
དེས་བསྐྱེད་ལས་ནི་དགེ་བའོ།
།
ཞེས་དང་མདོ་ལས།
༼དཀོན་མཆོག་སྤྲིན།༽
འཇིག་རྟེན་སེམས་ཀྱིས་ཁྲིད་པ་སྟེ།
།
སེམས་ཀྱིས་སེམས་ནི་མི་མཐོང་ངོ༌།
།
དགེ་བའམ་འོན་ཏེ་སྡིག་ཀྱང་རུང༌།
།
ལས་ནི་སེམས་ཀྱིས་གསོག་པར་བྱེད།
།
ཅེས་དང་སྤྱོད་འཇུག་ལས།
།
སྟག་དང་སེང་གེ་གླང་ཆེན་དྲེད།
།
སྦྲུལ་དང་དགྲ་རྣམས་ཐམས་ཅད་དང༌།
།
སེམས་ཅན་དམྱལ་བའི་བསྲུང་མ་དང༌།
།
བྱད་མ་དེ་བཞིན་སྲིན་པོ་རྣམས།
།
སེམས་ནི་གཅིག་པུ་བཏགས་པ་ཡིས།
།
དེ་དག་ཐམས་ཅད་བཏགས་པར་འགྱུར།
།
སེམས་ནི་གཅིག་པུ་བཏུལ་བ་ཡིས།
།
དེ་དག་ཐམས་ཅད་བཏུལ་བར་འགྱུར།
།
གང་གི་ཆོས་ཀྱི་གཙོ་བོ་མཆོག
།
སེམས་ཀྱི་གསང་འདི་མ་ཤེས་ན།
།
བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང༌།
།
དེ་དག་དོན་མེད་གྱི་ནར་འཁྱམས།
།
སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ།
།
བཏུལ་ཞུགས་མང་པོས་ཅི་ཞིག་བྱ།
།ཞེས་གསུངས། །
དེས་ན་ལས་གང་བྱེད་ཀྱང་ཀུན་སློང་ལ་བརྟག་པ་གལ་ཆེ་སྟེ།
ཚེ་འདིའི་བདེ་སྐྱིད་སྙན་གསུམ་འདོད་ནས་ལས་སོ་ནམ་ནས་སྒོམ་སྒྲུབ་ཀྱི་བར་བྱེད་པ་ནི་ཚེ་འདིའི་གང་ཟག་ཅེས་བྱ་བ་དུད་འགྲོ་དང་ཁྱད་མེད།
ཚེ་ཕྱི་མར་ལྷ་མི་སོགས་འདོད་ནས་ཆོས་སམ་འཇིག་རྟེན་བྱེད་པ་ནི་སྐྱེས་བུ་ཆུང་ངུ་ཞེས་པ་ཡིན།
དེས་ལས་བྱས་པ་ཐམས་ཅད་ཀྱང་འཁོར་བའི་རྒྱུ་ཁོ་ན་ཡིན།
རང་ཉིད་འཁོར་བ་ལས་ཐར་བར་འདོད།
འཁོར་བའི་བྱ་བ་ཐམས་ཅད་ལས་ཡིད་འབྱུང་འཇིགས་ཤིང་སྐྲག་ནས་ཆོས་བྱེད་པ་ནི་ལས་དགེ་བ་འཁོར་བ་ལས་ཐར་པའི་རྒྱུ་ཁོ་ན་ཡིན།
དེ་ལ་སྐྱེས་བུ་འབྲིང་ཞེས་བྱ།
རང་ཐར་པ་ཙམ་མ་ཡིན་པར་སེམས་ཅན་ཐམས་ཅད་ཐར་བར་བྱ་བའི་ཕྱིར་བྱས་པ་ཐམས་ཅད་ནི་རྫོགས་པའི་སངས་རྒྱས་ཀྱི་རྒྱུ་ཡིན།
དེ་ལ་སྐྱེས་བུ་ཆེན་པོའམ་སྐྱེས་བུ་མཆོག་ཅེས་པ་ཡིན་པས་སྐྱེས་བུ་ཆེ་ཆུང་འབྲིང་གསུམ་ཡང་སེམས་ཁོ་ན་ལ་འཇོག་པས།
སེམས་ལ་སྤང་བླངས་བྱ་ཞིང༌།
དང་པོ་ཐོག་མར་ཚེ་འདིའི་སྐྱིད་འདོད་ཐམས་ཅད་སྤངས་ནས།
ཚེ་བློས་གཏོང་བ་ཞིག་ཆོས་པ་ཐམས་ཅད་ཀྱིས་ཐོག་མར་བྱ་དགོས་སོ།
།
འདི་མ་སྤངས་པར་ཆོས་པའི་མིང་རང་ཡོང་དོན་མེད་དེ།
སྔར་བཤད་པ་ལྟར་ཚེ་འདིའི་སྐྱིད་འདོད་ཀྱིས་ཅི་བྱས་ཕལ་ཆེར་ཆོས་མིན་ཁོ་ན་སྤྱོད་པར་འདུག་གི་ཆོས་སྤྱོད་པར་མི་འདུག་པས་སོ།
།དཔེར་ན་རྟ་ལ་སེང་གེའི་མཚན་ཉིད་མེད་པས་སེང་གེ་ཞེས་མི་བརྗོད་པ་བཞིན་ནོ།
།
དེས་ན་ཚེ་བློས་བཏང་འདི་ཆོས་ཀྱི་འགོ་འཛུགས།
ཆོས་ཀྱི་དང་པོ།
ཆོས་པའི་འདུན་མ་བཤོམ་པའི་སྔ་ཤོས་དང་པོ་ཡིན་ཏེ།
རིག་པའི་དབང་ཕྱུག་གི་ཞལ་ནས།
༼རྒྱ་མ་བ་མཚན་བཀྲ་ཤིས་རྒྱལ་མཚན།
དགྱེར་གྱི་གདུང་བརྒྱུད།
གསང་བུའི་གླིང་སྨད།
གླང་ཐང་དང་རྒྱ་མ་རིན་ཆེན་སྒང་རྣམས་ཀྱི་གདམས་མཛད།
མཁས་བཙུན་བཟང་གསུམ།
ཏིང་ངེ་འཛིན་དང་མངོན་ཤེས་དང་ཡོན་ཏན་མཐའ་ཡས་པར་གྲགས།
གཡག་སྡེ་པཎ་ཆེན་སོགས་བུ་ཆེན་མང༌།
ས་སྐྱའི་ཆོས་འཆད་ཀྱང་མཛད།
དགུང་ལོ་རེ་གཉིས་བཞུགས་སོ།
།༽
ཆོས་ཀྱི་ཉམས་ལེན་སྣ་གཅིག་མ་གྲུབ་ཀྱང༌།
།
ཁྱོད་ཉིད་ཆོས་པར་རློམས་པར་ཀྱེ་མ་བླུན།
།
ཆོས་ཀྱི་དང་པོ་ཚེ་འདི་བློས་ཐོངས་པ།
།
རང་གི་རྒྱུད་ལ་འདུག་གམ་མི་འདུག་ལྟོས།
། གསུངས།
བླ་མ་ཡེ་དགོན་པའི་ཞལ་ནས།
༼འདིར་དབུར་སྟོད་ཀྱི་འོལ་སྣ་བཏབ།
གཡག་སྡེ་པཎ་ཆེན་གྱི་བུ་ཆེན་ཡིན་ནོ།
།༽
ད་ཕ་ཡུལ་ལ་ཞེན་པའི་ཕྱི་ཐག་བསྟུངས།
།
གཉེན་ལ་གདོང་ཆུང་གི་ལྟག་བ་སྟོན།
།
ནོར་ལ་ཆོག་ཤེས་ཀྱི་གཉེན་པོ་བསྟེན།
།
འདི་བྱ་བཏང་གི་མདུན་གྲོས་དང་པོ་ཡིན།
།གསུངས། །
དེས་ན་སྔར་ཆོས་བྱས་སམ་མ་བྱས།
ད་ཆོས་ཡོང་ངམ་མི་ཡོང༌།
།རང་གི་ཕ་ཡུལ་དང་ཉེ་འབྲེལ་ཟས་ནོར་སོགས་ཚེ་འདིའི་ཕུན་ཚོགས་རྣམས་བློས་བཏང་དམ་མ་བཏང་ལ་བརྟག་པར་བྱ་སྟེ།
མར་པ་ལོཙྪའི་ཞལ་ནས།
བུ་འཇིག་རྟེན་འདི་བློས་མ་ཐོངས་པར་ཚེ་འདིའི་བྱ་བ་དང་དམ་པའི་ཆོས་བསྲས་ན།
ཆོས་དེ་ཤོར་ཟིན་པ་དེ་རང་ཡིན།
བུ་ཡིས་འཁོར་བའི་སྡུག་བསྔལ་སོམས།
།
འཁོར་བའི་རང་བཞིན་འདི་འདྲ་ཞེས།
།
བདག་གིས་ལྕེ་བརྒྱར་རབ་སྤྲུལ་ནས།
།
བསྐལ་བ་བྱེ་བ་བསམ་ཡས་སུ།
།
བཤད་ཀྱང་བརྗོད་ཀྱིས་མི་ལོང་བ།
།
ངས་བཤད་དམ་ཆོས་ཆུད་མ་གསོན།
ཞེས་རྗེ་བཙུན་མི་ལ་ཡུལ་དུ་འབྱོན་པའི་འགྲོ་ཆོས་སུ་གནང་བ་ཡིན་སྐད།
༼རྗེ་བཙུན་གྱི་མཛད་པ་མཐའ་ཡས་པ་ནི་རྣམ་ཐར་ལས་གསལ།
མཚན་དངོས་ཐོས་པ་དགའ་དང༌།
རྡོ་རྗེ་རྒྱལ་མཚན། ཁབ་གུང་ཐང་བ།
གྲུབ་པ་བརྙེས།
དགུང་ལོ་བརྒྱད་ཅུ་རྩ་བཞི་བཞུགས།
རྒྱལ་ཚབ་གཉིས་ནི། དྭགས་པོ་ལྷ་རྗེ་དང༌།
རས་ཆུང་རྡོ་རྗེ་གྲགས་སོ།
།བུ་ཆེན་པ་རྒྱུད་འཛིན་གཙོ་བོ་ནི་དྭགས་པོ་ལྷ་རྗེ།
ཐུགས་སྲས་ལྔ་ནི། རས་ཆུང་རྡོ་རྗེ་གྲགས།
གཉན་ཆུང་རས་པ། གཙན་ལུང་གི་ངན་རྫོང་སྟོན་པ།
རྟ་མོའི་འབྲི་སྒོམ་རས་པ།
མདོ་བཀྲ་སེ་བན་རས་བའོ།
།ཉེ་བའི་སྲས་བརྒྱད་ནི།
རས་པ་ཞི་བ་འོད། རས་པ་སངས་རྒྱས་སྐྱབས།
རས་པ་རྩ་ཕུག །རས་པ་རྡོ་རྗེ་དབང་ཕྱུག
།གཤན་སྒོམ་རས་པ། རས་ཆུང་རས་པ།
མཁར་ཆུ་རས་པ། གླང་སྒོམ་རས་པའོ།
།ཕྱིའི་རས་པ་དྲུག་ནི།
ལི་ཀོར་ཆ་རུ་བ། འོན་སྟོན་དགེ་འདུན།
སྐྱོ་སྟོན་ཤཱ་ཀྱ་གུ།
དམ་པ་རྒྱགས་ཕུག །སེ་བེན་སྟོན་ཆུང༌།
འབི་བར་བཀྲ་ཤིས་སོ།
།མགུར་འདི་རས་པ་ཞིབ་འོད་ལ་གདམས་པ་ལགས་སོ།
།༽
རྗེ་བཙུན་མི་ལས་ཀྱང༌།
བུ་སྙིང་ནས་ལྷ་ཆོས་བྱ་སྙམ་ན།
།
དད་པ་གཏིང་ནས་སྐྱེས་པ་ན།
།
ཚེ་འདི་ལ་ཕྱི་མིག་མི་ལྟ་ན།
།
བདེན་པ་ང་ཕྱིར་འབྲང་བ་ན།
།
གཉེན་འདུན་བདུད་ཀྱི་གཤོལ་འདེབས་ཡིན།
།
བདེན་ནོ་མ་སྙམ་འཁྲི་བ་ཆོད།
།
ཟས་ནོར་བདུད་ཀྱི་སོ་པ་ཡིན།
།
འདྲིས་ཤིང་ངན་ནོ་འཛིན་ཆགས་སྤོངས།
།
འདོད་ཡོན་བདུད་ཀྱི་ཞགས་པ་ཡིན།
།
འཆིང་བར་ངེས་སོ་ཞེན་པ་ཐོངས།
།
གཞོན་གྲོགས་བདུད་ཀྱི་བུ་མོ་ཡིན།
།
བསླུ་བར་ངེས་སོ་ཁོང་ཟོན་གྱིས།
།
ཕ་ཡུལ་བདུད་ཀྱི་བཙོན་ར་ཡིན།
།
ཐར་བར་བཀའ་ཡིས་མྱུར་དུ་བྲོས།
།
ལར་ཐམས་ཅད་བཞག་ནས་འགྲོ་དགོས་ན།
།
དུས་ད་ལྟ་བཞག་ན་དོན་ཅན་ལགས།
།
མི་ང་ཟེར་དེ་ཚོ་ཉན་སྤྱོད་ན།
།
བུ་ཁྱོད་ལ་ལྷ་ཆོས་ཀྱི་སྐལ་བ་ཡོད།
།གསུངས།
དྭགས་པོ་ལྷ་རྗེའི་
༼རྗེ་དྭགས་པོའི་མཚན་བསོད་ནམས་རིན་ཆེན།
བཀའ་གདམས་པ་ལས་རབ་ཏུ་བྱུང༌།
བླ་མ་བྱ་ཡུལ་བ་ཆེན་པོ།
ལྕགས་རི་གོང་ཁ་བ།
སྙུགས་རུམ་པ་སོགས་མང་དུ་བསྟེན།
ཞག་བཅུ་ལྷག་འཁྱོངས་པའི་ཏིང་ངེ་འཛིན་བརྙེས།
ཕྱིས་མི་ལ་དང་མཇལ།
རིམ་གཉིས་ཀྱི་དབང་ཐོབ།
རྫུ་འཕྲུལ་དང་མངོན་ཤེས་མཐའ་ཡས།
དགོན་པ་སྒམ་པོ་བཏབ།
།བུ་ཆེན་རྗེ་ཕག་མོ་གྲུབ།
རྒྱལ་ཚབ་དྭགས་པོ་སྒོམ་ཚུལ།
གྲུབ་ཐོབ་དབུ་སེ། རྗེ་འབའ་རོང་བ།
གྲུབ་ཐོབ་རྣལ་འབྱོར་ཆོས་གཡུང་སོགས་མང་དུ་འབྱུང་ངོ༌།
།༽ ཞལ་ནས།
སྣང་བ་མི་ངན་འདྲ་བས་རྟག་མི་ཐུབ།
།
སྒྱུ་ལུས་གཡར་པོ་འདྲ་བ་མྱུར་དུ་འཇིག
།
ནོར་རྫས་སྒྱུ་མའི་བསླུ་བྲིད་སྡུག་བསྔལ་རྒྱུ།
།
ཕ་ཡུལ་བདུད་ཀྱི་བརྩོན་ར་འཆིང་བྱེད་མཁན།
།
སུ་དག་འདི་ལ་ཞེན་པ་འཁོར་བར་འཁོར།
།
འཁོར་བའི་ཁོང་སྙིང་བདག་འཛིན་རྩ་བ་ཆོད།
གསུངས།
རིན་པོ་ཆེ་པོ་ཏོ་བའི་
༼པོ་ཏོ་པ།
སྤྱན་སྔ་བ་ཕུབ་ཆུང་བ་གསུམ་པོ་ལ་སྐུ་མཆེད་གསུམ།
ཁམས་ལུང་པ་དང་བཞི་པོ་ལ་བཀའ་གདམས་ཞལ་བཞི།
དགེ་བཤེས་སྟོན་པའི་སློབ་མ་པོ་ཏོབ་ཡོན་ཏན་མཐའ་ཡས།
པུ་ཏི་བྱུང་བཤད་མཛད།
འཕགས་པའི་གནས་བརྟེན་གྱི་སྤྲུལ་པར་གྲགས།
དགུང་ལོ་དོན་དགུ་བཞུགས།
གྲྭ་པ་ཉིས་སྟོང་ཕལ་ཆེར་ཚེ་བློས་བཏང༌།
བུ་ཆེན་ཉི་ཟླ་ལྟ་བུ་གཉིས།
སྨིན་དྲུག་ལྟ་བུ་དྲུག
།དང་པོ་གཉིས་གླང་ཐང་པ་དང་ཤར་བ་གཉིས།
དྲུག་ནི་སྤྲུལ་སྐུ་རམ་སྡིད་མ་བ།
སྣང་དྲེའུ་ལྷས་པ་གཉིས།
གཉལ་ན་གཉལ་པ་ཆོས་འབར་དང༌།
བུན་པ་ལྷ་རྗེ་གཉིས།
ལོན་བནྡྷེ་ཙན་ཆུང་བ་དང༌།
རོག་དམར་ཞུར་པ་གཉིས།
གསུངས་བགྲོས་སྡེབས་པ་ལ་མཁས་པ་དཔེ་ཆོས་མཛད་པ་སོ་གྲབ་པ་དང་བྲག་དཀར་བ་གཉིས་ཏེ་བཅུའོ།
།རོག་དམར་ཞུར་བ་དང༌།
བྱང་སེམས་ཡང་གད་པ་གཅིག་པ་འདྲ།
མཚན་ཤེས་རབ་རྒྱ་མཚོ་བེ་བུམ་སྔོན་པོ་སྡེབས།
འདི་དང་དཔེ་ཆོས་གཉིས་དར་ཆེ་བར་བྱུང༌།༽
ཞལ་ནས།
ཤི་སྦར་རྟོད་ཕུར་ཆུ་རྔུགས་ཁྱེར།
།
གཡག་རྨེད་ཨི་ཀ་ཀོ་རློན་གཏུམས།
།
གཞུ་འབང་རྒྱང་མདའ་ཁས་བརྒྱ་སྨྲ།
ཞེས་པ་མི་འཆི་ཁ་མའི་སྦར་བར་ཁབ་སྐུད་ལྟ་བུ་ཚུད་ན་ཤི་ནས་འབྲལ་ཐབས་མེད།
དེ་བཞིན་དུ་ཚེ་འདིའི་བདེ་སྐྱིད་ལ་ཤི་སྦར་འཐམས་པ་དེ་འབྲལ་ཐབས་མི་རྙེད།
ཆོས་ཡོད་པ་མེད།
བེའུ་རྟོད་ཕུར་ལ་བཏགས་པ་དེ་རང་གིས་མ་མཐོང་བ་དང་རྒྱུགས་པས།
དང་པོ་ཐག་འདོམས་གང་ལ་བྲེད་གིས་འགྲོ།
དེ་ནས་ཐག་པས་འཐེན་པ་དང་སྐོར་སྐོར་བྱས་པས།
ཐག་པ་རིང་པོ་རྟོད་ཕུར་ལ་དཀྲིས་ནས་ཨོག་ཀོ་ཕུར་པ་ལ་བཀལ་སྡོད་པ་མིན་པ་འཁྱོགས་ཐབས་མེད་པའོ།
།དེ་བཞིན་དུ་དང་པོ་ཆོས་ཤིག་བྱེད་སྙམ་རྒྱུགས་ཀྱང་ཚེ་འདིའི་ཟས་གོས་སོགས་ལ་ཞེན་པའི་རྟོད་ཕུར་མ་ཕྱིན་པས་སླར་འཁྱོགས་ཐབས་མེད་པ་རེ་ཡོད་པར་སྣང༌།
དགེ་བཤེས་གསལ་ཤེས་ཟེར་བ་ཞིག་སྡེ་འཁྲུགས་བྱས་ནས་ཤི་བས།
དགེ་བཤེས་སྟོན་པའི་ཞལ་ནས།
ངའི་གསལ་ཤེས་ལོ་གསུམ་གྱི་གོང་དུ་ཤི་ན་སྡེ་སྣོད་གསུམ་པ་ཞིག་ཤི་བ་ཡིན་པ་ལ།
ལོ་གསུམ་གྱིས་ཤི་བ་ཕྱིས་གསུངས།
ཁོའི་རྟོད་ཕུར་དགོན་པ་དེས་བྱས།
རྟོད་ཕུར་ཆེ་ཆུང་འབྲིང་གསུམ་པོ་འདི་སྤོང་ནུས་ན་ཆོས་མི་ཡོང་
བའི་དོན་རང་མེད།
རྩི་དབུ་སོ་རྙིས་ཟིན་པ་ལ་མཛོ་རྒོད་ཀྱིས་འུར་བྱས་པས་ཆོག
།བ་ཐག་གི་ཐག་པ་ལ་རེའུ་རྒྱགས་ཐོགས་དོན་མེད་གསུངས།
རྟ་ཕྱུགས་སོགས་ཆུ་ལ་སྒྲོལ་བ་ལ་དང་པོ་ནས་ཚམ་ཚོམ་མེད་པ་ལམ་བཏང་ན།
ཆུ་རྒྱུགས་ཁྱེར་ནས་འགྲོར་མི་ཉན་ཕར་ཕུལ་ཡང་ཚུར་ཕུལ་ཡོང༌།
རྩིད་པུ་ཆུ་མི་འདོད་པ་ལ་ཁ་ཆུར་བཅུག་ཀྱང་འགོས་པ་ཚུན་ཆད་སྦུག་ཏུ་འོང༌།
དེ་བཞིན་དུ་ཚེ་འདིའི་ཞེན་པ་བཙན་ཐབས་སུ་བཅད་ནས་ཆོས་ཤིག་མ་བྱས་ན།
དེ་ནས་ཞེན་པ་མི་སྤོང་བར་ཕར་བསྐུལ་ཡང་ཚུར་སྨྲ་རུ་འོང༌།
སྔར་བསླབས་པ་ཚུན་ཆད་ཀྱང་མེད་པར་བྱེད་གསུངས།
གཡག་རྨེད་དེ་དམན་རྨ་འཚོས།
ཁལ་མི་བརྟན།
དེ་བཞིན་དུ་ཚེ་འདི་ལ་གློད་མ་ཐོན་པས་རང་གཞན་ཡོ་སྡུག་ལ་སྦྱོར་ཚེ་འདི་ལ་ལྷོད་ཤེས་པ་ཞིག་བྱུང་ན་ཡོངས་ཏེ་ཉན་དུ་མི་གཏུབས་གསུངས།
ཨི་དཀའ་ཞེས་པ་དབྱངས་ལ་སོགས་པ་འཐེན་པ་ལ་དང་པོར་ཨི་ཟེར་བ་དེ་འཐོན་པར་དཀའ།
འགོ་དེ་རྒྱང་རྒྱང་འཐེན་ཐུབ་བྱུང་ན་དེ་ནས་སླ།
དེ་བཞིན་དུ་ཆོས་བྱེད་པ་ལ་དང་པོར་ཚེ་འདི་བློས་ཐོངས་པར་དཀའ་བ་ཡིན།
འདི་ལན་གཅིག་ཐོངས་ན་དེ་ནས་ལས་སླ།
སྡུག་པ་རང་དེ་ཡང་འདོད་ཡོན་འདི་རང་ཡིན།
དེ་མིན་ན་ཚུར་ཐོད་དང་རང་རེ་ཁམས་པ་ནང་རྫུའི་ཁ་ན་མེད་ཀྱི་གསུངས།
སྐྱེས་བུ་དམ་པ་རྣམས་ཀྱི་ཚེ་བློས་ཐོངས་ན་ཆོས་མི་ཡོངས་བའི་འདི་དོན་མེད་འདི་དཀའ་བ་ཡིན།
འདི་ལ་གཅིག་སྒྲིལ་དང་ཞེས་ནན་ཏན་གྱིས་གསུངས་པར་གདའ་ཡང༌།
རང་རེ་ནི་འདི་ཆོས་ཁ་དམས་ནས།
མཐོན་པོ་རང་ཞིག་འཚོལ་མཐར་གང་ཡང་མིན་པ་རེ་འོང་བར་གདའ།
ཡང་མི་ཀོ་རློན་གྱིས་གཏུམ་པ་དེ་དང་པོ་ལྷོད་ལྷོད་འདྲ་ཡང་བསྐམས་ནས་འཁྱོགས་ཐབས་མེད་པར་བསྡོམས་ནས་ན་ཚ་བསྐྱེད།
གྲི་རྣོན་གཅིག་གིས་དེ་ཧྲོལ་ན་སྐྱིད་ལྷན་གྱིས་འགྲོ།
དེ་བཞིན་དུ་ཚོམས་ལས།
ནོར་བུ་རྣ་ཆ་བུ་དང་བུ་མོ་ལ།
།
ཡོངས་སུ་ཆགས་སེམས་གང་ཡིན་ལ་བལྟས་ན།
།
ལྕགས་ཤིང་དྲེས་མ་ལ་བྱས་འཆིང་མ་གང༌།
།
དེ་དག་དམ་པོ་མིན་ཞེས་འཕགས་པས་གསུངས།
།
འདོད་པའི་འཆིང་མ་གང་ཡིན་དེ་ལྷོད་ཀྱང༌།
།
རབ་ཏུ་གྲོལ་བ་དཀའ་ཞེས་འཕགས་པས་གསུངས།
ཞེས་གསུངས་པ་ལྟར།
ཚེ་འདིའི་འདོད་ཡོན་ལ་ཆགས་པ་ཞིག་ཡོད་ཕྱིན་ཆད།
དང་པོ་ལྷོད་ལྷོད་འདྲ་ཡང་གལ་ལ་ཐུག་ན་ཡེ་རང་མི་སྤོངས་པར་རང་གི་སྡོམ་པ་ཚུན་ཆད་བློས་བཏང་ནུས་པ་རེ་ཡོང་བར་སྣང༌།
དེས་ན་ཚེ་འདིའི་ཞེན་ཆགས་འདི་ཧྲོལ་བ་ལ་ཤེས་རབ་ཀྱི་གྲི་རྣོན་པོ་དད་པའི་ལྷག་ཚན་ཡོད་པ་ཞིག་རང་གིས་བྱེད་
དགོས།
སྤྱིར་འདོད་ཡོན་ལྔ།
དེའི་ནང་ནས་ལྟོ་གོས་གཉིས།
དེ་ཡང་གོས་བཞི་ཆ་ལྔ་ཆ་ཡིན།
ལྟོ་བའི་ཞེན་པ་འདི་རང་ཧྲོ་ལ་བ་དཀའ་གསུངས།
དམག་འཐབ་པའི་དུས་གཞུ་འབོད་བྱེད་དུ་རྨོག་གིས་མ་བདེ་བ་ལ།
རྐང་ཆས་ཕུད་པས་མི་ངན།
རྨོག་ཅིག་དང་ཅི་ཕུད་བྱེད་དགོས།
འབེན་དྲུད་དུ་བཞག་ནས་མདའ་རྒྱང་དུ་འཕེན།
།རྐུན་མ་ནགས་ལ་སོང་བའི་རྗེས་སྡོད་ལ་གཅོད།
འདྲེ་ཤར་དང་གླུད་ནུབ།
ཆོས་མ་བྱུང་ཚད་ཚེ་འདི་མ་སྤངས་པས་ལན་འདུག་པ་ལམ་ཐོན་པོ་ཞིག་གིས་ལན་པ་སྐད་གསུངས།
ཤིན་ཏུ་མེད་པར་སྣང༌།
ད་ལྟ་མཚན་ཉིད་པའམ།
སྒོམ་ཆེན་ནམ་བཀའ་གདམས་པའི་ཕལ་ཆེ་བ་ཞིག་རླུང་དབུ་མར་ཐིམ་པའི་གེགས་གང་གིས་བྱས་དང༌།
དེ་འདྲ་བའི་མཐོ་མཐོ་མོ་ཞིག་རང་རྩད་གཅོད་དེ།
འདི་འདྲ་མར་གནད་ལ་གཏུགས་ཀྱིན་རྩད་གཅོད་པ་ནི་ཉིན་མོའི་སྐར་མ་བས་ཀྱང་དཀོན་པར་གདའ།
ས་མཐོན་པོའི་སྤངས་རྟོགས་ཞག་གཉིས་ངེད་རང་གི་ཉམས་སུ་མི་ལོན་པ་དེ་རྣམས་ལས་ངེད་རང་ལ་ད་ལྟ་མི་དགོས་ཀ་མེད་རྣམས་རྩད་བཅད་ནས་དགའ་བ་ལ་སྙམ་པ་ཡོང་བར་གདའ།
འདི་འདྲ་རྣམས་དཔེར་ན་ད་ལྟ་རང་མུ་གེས་འཆི་ལ་ཁད་བ་ཞིག་སྦྱིན་སྟོང་ཕྱུག་པོའི་ཁྱིམ་དུ་ཕྱིན་ནས།
ད་ལྟ་མི་དགོས་ཀ་མེད་ཀྱི་གཟའ་བཏུང་མི་འཁྱེར་བར་ནམ་ཕུགས་ཕན་དུ་རེ་བའི་གསེར་དངུལ་འདྲ་ཁྱེར་ཡོང་བ་དང་འདྲ་བར་སྙམ།
ཁས་བརྒྱ་སྨྲ་ཞེས་པ།
ཁམས་པ་རྣམས་གཏམ་གླེང་དུས་ཁས་བརྒྱ་སྨྲ།
རྔམ་སྟོང་གཡུགས་ཀྱང་དོན་འདི་ཡིན།
ཞེས་གཏམ་གྱི་མདོར་སྨྲ།
དེ་བཞིན་དུ་ཐོས་བསམ་སྒོམ་གསུམ་ཅི་བྱས་ཀྱང༌།
ཆོས་མ་བྱུང་བ་དེ་ཚེ་འདིའི་སྐྱིད་འདོད་འདིས་ལན་གསུངས།
སྐྱེས་བུ་རྣམས་ཁོང་གི་གསུང་འདི་ཀུན་ལ་གོ་རྒྱུ་ཞིག་རང་གདའ།
།ད་ལྟ་རང་རེ་སྙིགས་དུས་ཀྱི་ཆོས་བྱེད་འདོད་རྣམས།
བཀའ་རྒྱ་ཆེ། ལུང་གྲངས་མང༌།
ཇི་སྐད་གསུངས་ཀྱང་ཧྲིལ་གྱིས་དྲིལ་ན་ང་ལ་ད་ལྟ་བསྒྲུབ་བྱ་དང༌།
སྤང་བྱ་གཞན་གང་ཡང་མེད་ཚེ་བློས་ཐོངས་པ་ཞིག་རང་འདོད་སྙམ་པ་བྱས་ཀྱིན་འབུང་དགོས་གསུངས་པ་དེར་གདའ།
དེ་འདྲ་ཞིག་རང་དགོས།
གཞན་གང་གིས་ཀྱང་ཕན་པ་མེད་དོ་སྐྱེས་བུ་ཀུན།
གོང་མོ་ཐེམ་རྩ་ཝ་དང་སྦྲེ།
།
གོང་མོ་ཞེས་པ་རང་གི་ཆུ་ཚུར་ཁར་སྲེ་མོས་གོང་མོའི་སྐེ་ལ་བཟུང༌།
དེར་གོང་མོས་ཕ་ཁར་འཕུར་བས།
སྲེ་མོ་ཤེད།
གོང་མོ་འབྲི་སྐམ་འདྲ་བ་ཞིག་བསད་ལགས་ཏེ།
ཕ་ཡུལ་མེས་བཙན་ཞིག་དང་གཏན་བྲལ་བྱས་ཟེར་ལོ།
།དེ་བཞིན་དུ་ཚེ་འདིའི་མི་གཉེ་འདིས་འདོད་ཡོན་རེ་དང་མྱོང་སྟེ།
མཐོ་རིས་ཐར་པ་རྣམས་དང་གཏན་བྲལ་བྱས་གསུངས།
ཐེམ་རྩ་ཞེས་པ་འདི་ནས་རྒྱ་གར་དུ་འགྲོ་བ་ལ་དཔག་ཚད་བརྒྱའི་ཕ་རོལ་གྱི་གཡང་རྩད་གཅོད་པ་མིན་པ་ཐེམ་རྩའི་གཡང་ལ་ཟོན་མ་བྱུང་བས་དེར་ལྷུང་ནས་ཤི་བ་བཞིན་དུ་ས་ལམ་མཐོན་པོའི་སྤངས་རྟོགས་རྩད་གཅོད་པ་མིན་པ།
ཚེ་འདིར་ཞེན་པའི་གཡང་ལ་ཟོན་མ་བྱུང་བས་དེར་ལྷུང་ནས་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང༌།
དེས་ན་སྐྱུ་སྲབ་པ་ཡང་དགའ་སྟེ།
སྒྱུ་རྩལ་གཟབ་གསུངས་
ཝ་དང་སྤྲེ་ཞེས་པ་ཝ་གཞའ་མཁས་ཏེ་རྡེའུ་ཙམ་རེའི་རྒྱབ་ཏུའང་གཞའ་ཐུབ།
སྤེ་འཁྲི་མཁས་ཏོ་འཇག་མ་ཙམ་ལའང་འཁྲི་ཤེས།
གཡི་གབ་མཁས་པས།
གད་པ་རྟ་རྔ་ཙམ་རེའི་ནང་དུའང་གབ་ཤེས།
དེ་བཞིན་དུ་ཚེ་འདིའི་མི་གཉེ་འདི་གཞའ་མཁས།
འཁྲི་མཁས། གབ་མཁས་ཏེ།
མཁས་བཙུན་བཟང་གསུམ་འཛོམ་པའམ།
ཐོས་བསམ་སྒོམ་གསུམ་མམ།
བྱ་བཏང་ཀུན་སྤངས་ཡིན་ཟེར་བ་རེ་ལའང་ཚེ་འདིའི་མིག་ཉེ་རེ་འོང་གསུངས།
ཟླ་བ་ཕྱུགས་ལྷག་ལྷན་ཅིག་མིན།
།
ཟླ་བ་ཞེས་པ་ཞོགས་ལུང་པར་མི་ཞིག་གི་བུ་ཤི་བས་གཟའ་ཟླ་བས་གནོད་བྱས་པས།
དེར་ཁོ་ཟླ་བ་ལ་མི་ཤ་ལེན་ཟེར།
ཁོས་ཚེས་བཅུ་བཞིའི་ནུབ་མོ་ཟླ་བ་འཆར་པའི་རི་འགོ་ཡིད་ལ་བཞག་ནས།
བཅོ་ལྔའི་ནུབ་མོ་མདའ་གཞུ་ཁྱེར་ཕྱིན་པས།
རི་འགོར་སླེབས་པ་དང་ཟླ་བ་ཕ་ཚད་དུ་སོང་འདུག་པས།
ཁོས་གྱང་ར་བ་འདིས་བྱ་བཏང་ནས་ཟེར་ལོ།
།དེ་བཞིན་དུ་འོ་ཅིས་ཀྱང་ཆོས་ཤིག་བྱ་སྙམ་ཐོས་བསམ་སྒོམ་གསུམ་སོགས་ཅི་བྱས་ཀྱང་ཆོས་དང་འཕྲད་རྒྱུ་མེད་པར་ཇེ་རིང་དུ་སོང་གསུངས།
དེས་ན་ཚེ་འདི་ལ་རྟག་པར་འཛིན་པ་ནི་ཡོན་ཏན་བརྒྱ་ཡོད་ཀྱང་སྐྱོན་གཅིག་གི་འོག་ཏུ་ཆུད་པ་ཡིན་པས།
ཕྱི་མར་ཕན་པ་གང་ཡང་མེད།
དེས་ན་ཚེ་འདིར་ཞེན་ནས་ཕྱི་མ་ཕན་ཆད་ཀྱི་རྟོག་པ་མེད་པར་སངས་རྒྱས་ཀྱིས་ཚུན་ཆད་གཏན་ལ་ཕབ་ཀྱང་ཕན་པ་མེད།
དུད་འགྲོ་དང་ཁྱད་པར་མེད་ཅེས་ཤར་བས་གསུངས།
པོ་ཏོ་བའི་ཞལ་ནས།
ལྟོགས་ཀྱི་དོགས་པ་ལས་ཤི་བའི་དོགས་པ་ནི་ཡེ་མི་འདུག་ན་གསུངས།
ཕྱུགས་ལྷ་ཅེས་པ་ནི།
ཚེ་འདི་ཤེས་པ་ལ་ཁྱོ་ག་གྲུང་པོར་རྩི་ན།
ཕྱུགས་དང་དུད་འགྲོ་ངེད་རང་ལས་ལྷག་པ་ཡོད་དེ།
དམིགས་བུས་ཚང་ལ་གནམ་ཕུག་བྱས་སྤྲུལ་གྱིས་དེད་པ་དང༌།
ཁོ་རང་གི་གནམ་ཕུག་བཟོས་པ་དེ་ལ་བྱིན།
སྤྲུལ་གྱི་རྐེད་པར་སོ་བཏབ་ནས་བསད་ལོ།
།
གཞན་ཡང་སྤྲས་ཀྱི་བྲག་རྒྱབ་ཏུ་བྱ་རོག་གིས་འུག་པ་
༼འུག་པས་བྱ་རོག་གིས་ཕྲུ་གུ་བསད་ནས་ཟོས།
བྱ་རོག་གིས་ཀྱང་འུག་པའི་ཕྲུ་གུ།
ཁོས་གོང་དུ་བསད་བ་དང་ཟོས་པ་དེར་ཁྱེར་ནས་བསད་ཟོས་ཀྱི་ལན་བྱས།༽
ལ་ཤ་གླན་པ་དང༌། རྒྱལ་དུ་གཡག་ཡུ་བོ་
༼གཡག་རྭ་ཅན་གྱིས་ཡུ་བོ་བརྡུངས།
ཁོས་འཁོན་བཟུང༌།
འཐབ་ལུགས་སྦྱངས་ཏེ་སླར་འཐབ་པས་ཡུ་བོས་རྭ་ཅན་བསད་པ་བྱུང་གསུངས།༽
ངང་རྭ་ཅན་འཐབས་པ་དང༌། ཀེ་ཀས་
༼ཀེ་ཀ་ལ་བྱ་རོག་གིས་གནོད་པ་བྱས།
ཀེ་ཀ་བསྟོད་ལུང་གི་ཀེ་ཀ་ཚུན་བསྡུས།
འཕན་ཡུལ་གྱི་བྱ་རོག་ལ་ཤ་གླན་པ་བྱུང་གསུངས།༽
བྱ་རོག་ལ་དམག་དྲངས་པ་སོགས་གསུངས།
གཉེན་དང་བུ་སྐྱོང་བ་སོགས་ནི་དེ་བས་ཀྱང་དུད་འགྲོ་མཁས་ཏེ་ཟླ་བ་རེ་ལའང་ཕ་མཉམ་བུ་མཉམ་ཚར།
སོག་རུམ་དང༌།
བཟོ་མཁས་པ་ནི་བྱི་བ་དང་ཁུག་རྟ་དང་བུང་བ་སོགས་ལ་ལྟོས།
དེས་ན་ཚེ་འདིའི་དོན་ཙམ་ལས་སྒྲུབ་མི་ནུས་ན་སྐྱེས་བུའམ་མི་ཞེས་པའི་མིང་དོན་རང་ཡང་མཚར་གསུངས།
ལྷན་ཅིག་མིན་ཞེས་པ།
ཚེ་འདི་མ་ཉམས་པ་གཅིག་དང་ཕྱི་མའི་ཆོས་གཉིས་ལྷན་ཅིག་ཏུ་མི་ཡོང༌།
པགས་པ་གཅིག་ལ་སྤུས་བྲང་ལག་པས་ཐེག་ཚད་གཅིག་དང༌།
རླིད་བུ་ཆུ་ཐུབ་པ་གཉིས་འོང་པ་མེད་གསུངས།
ས་པཎ་གྱི་ཞལ་ནས་ཀྱང༌།
ཚེ་འདིའི་ཕུན་ཚོགས་ཆེ་ཐབས་མ་ཤོར་པར།
།
གཏན་གྱི་ཕན་བདེ་ཐར་པ་རེ་བ་དེ།
།
རྨོངས་པའི་ཞེན་འདོད་གཟུ་ལུམས་ཉིད་ཡིན་པས།
།
ཚེ་འདི་བློས་ཐོངས་འབད་པས་བྱང་ཆུབ་སྒྲུབས།
།ཞེས་གསུངས།
ཆོས་རྗེ་བུས།
སྔོན་བསགས་བསོད་ནམས་བརྒྱ་ལས་གྲུབ་པའི་ལུས།
།
དལ་འབྱོར་རྟེན་འདི་ཕྱི་ནས་རྙེད་དཀའ་བས།
།
སྡུག་བསྔལ་རྒྱ་མཚོ་ཆེ་ལས་སྒྲོལ་བའི་གྲུ།
།
དོན་མེད་ཆུད་ཟོས་མ་རྟོགས་དཔྱོད་མེད་པ་ཡི།
བྱེད་རིན་ཆེན་གྲུབ། གསུངས།
ཆོས་རྗེ་རྒྱལ་སྲས་པས་ཀྱང༌།
དམ་པའི་ཆོས་དང་ཚེ་འདིའི་འདུན་མ་གཉིས།
།
མཉམ་དུ་འགྲུབ་པ་སུ་ཡང་ཡོད་མ་ཡིན།
།
བསྒྲུབ་པར་འདོད་པ་དེ་དག་རང་ཉིད་ཀྱིས།
།
རང་ཉིད་བསླུ་བ་ཉིད་ལ་ཐེ་ཚོམ་མེད།
།
ཕྲད་ཀྱང་ལབ་རྒྱུ་དེ་ལས་མ་མཆིས་པས།
།
སོ་སོའི་གནས་སུ་ལུས་ངག་དགེ་ལ་སྦྱོར།
།
ཞེས་མཚམས་མཛད་པའི་སྒོ་ལ་གླན་པ་ཡིན་པར་གདའ།
ཀོན་མཆོག་བརྩེགས་པར་ཡང༌།
།
ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ།
།
བདུན་པའི་རྩེ་ལ་རབ་ཏུ་གནས།
།
གང་གིས་སྨོན་ལམ་ཅི་བཏབ་པ།
།
དེ་འདྲའི་འབྲས་བུ་ཐོབ་པར་འགྱུར།
ཞེས་དང༌།
སྤྱོད་འཇུག་ཏུ་ཡང༌།
དགེ་བའི་ཕྱོགས་ནི་ཐམས་ཅད་ཀྱི།
།
རྩ་བ་མོས་པར་ཐུབ་པས་གསུངས།
།
ཞེས་རང་གང་ལ་སྙིང་ཕུར་ཐེབས་འདུན་པ་བྱས་པ་དང༌།
མོས་པ་བྱས་པ་དང༌།
།སེམས་བསྐྱེད་པ་ཅི་འདྲ་བའི་འབྲས་བུ་ཐོབ་པར་གསུངས་པ་མིན་པ།
གང་དམན་པ་འགའ་བསྒྲུབས་པའི་ཞོར་ལ།
དེ་བས་ཆེས་མཆོག་ཏུ་གྱུར་པ་འགྲུབ་ཡོངས་མི་གསུང་བར་གདའ།
།སྐྱེས་བུ་གསུམ་དང་ཐེག་པ་གསུམ་ལ་སོགས་པ་ཐམས་ཅད་ཀྱང་འདུན་པ་དང༌།
སེམས་བསྐྱེད་ཁོ་ནའི་ཁྱད་དུ་སྣང་བ་དེས་ན་ངེད་རང་ཚེ་འདིའི་འདོད་པ་ལ་སྙིང་ཕུར་ཐེབས་ནས་དེ་ལ་འདུན་པ་བྱེད།
མོས་པ་བྱེད། དེའི་ཕྱིར་དུ་སེམས་བསྐྱེད་ནས་དེ་ལ།
གང་ཕན་དང་ཅི་ཕན་བྱེད་པ་ལ།
དེ་བས་མཆོག་ཚེ་ཕྱི་མའི་དོན་ཙམ་ཡང་ཡོད་པ་མི་སྣང་ན་བྱང་ཆུབ་ཐོབ་པ་ལྟ་ཡང་ཅི་སྨོས།
དེས་ན་ཕྱི་མར་དམྱལ་བར་སྐྱེ་བ་ཚུན་ཆོད་ཀྱང་སྔར་གྱི་ལས་དང་འཆི་ཁར་དྲོད་ཆིལ་ལི་བསྙིང་ལ་འདོད་པ་ལྟ་བུའི་འདོད་འདུན་དྲག་པོས་དམྱལ་བའི་མེ་ནང་ལྟ་བུར་རྩང་གིས་སླེབ་ཡོད།
ཐམས་ཅད་འདོད་འདུན་དྲག་པོས་ལས་མང་དུ་བསགས་པའི་འདོད་པ་དེ་འགྲུབ་ཡོང་བ་ཡིན་པར་སྣང༌།
དེས་ན་ཚེ་འདིའི་འདོད་པའི་འདི་མི་སྤོང་བའི་ཐབས་རང་མེད་དོ།
།
རྗེ་བཙུན་འཇམ་དབྱངས་ཀྱིས།
རྗེ་རིན་པོ་ཆེ་ལ་ཡང༌།
༼རྗེ་ཙོང་ཁ་པ་ནི།
སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོ།
བསྟན་པ་དང་སེམས་ཅན་གྱི་དོན་སྒྲུབས་པ་ལ་མཐུ་ནུས་བསམ་གྱིས་མི་ཁྱབ་པ་མངའ་བ།
བཀའ་མདོ་རྒྱུད་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་ཅིང༌།
སེམས་ཅན་རྣམས་ལ་མས་བུ་གཅིག་པ་ལྟར་བརྩེ་བ།
ཕྲིན་ལས་ནམ་མཁའ་དང་མཉམ་པར་ལྷུན་གྱིས་གྲུབས།
སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་བརྙེས་ཀྱང་ཐ་མལ་པའི་ཚུལ་གྱིས་འགྲོ་དོན་ལ་འཁོར་བ་ཇི་སྲིད་བར་བསྙེལ་བ་མི་མངའ་བ།
དེའི་རྣམ་ཐར་ཕྲིན་ལས་མཐའ་ཡས་ནི་ཐམས་ཅད་ལ་མངོན་སུམ་དུ་གསལ་ཞིང༌།
དེ་རེ་གསུངས་རབ་ཁྱད་པར་ཅན་འདི་ལྟ་བུའི་ཕྲིན་ལས་ཀྱིས་བསྟན་པ་དང་སེམས་ཅན་ལ་ཕན་བཏགས་པ་བཞིན་ན་སྔོན་གྱི་དུས་སུ་ཡང་དཀོན་པར་བྱུང་ངོ་ཞེས་མཁས་པ་རྣམས་སླེང་ངོ༌།
རྗེ་དེ་ཉིད་ཀྱིས། དགེ་ལྡན་དང༌།
གསང་སྔགས་མཁར་བཏབ།
རྫིང་ཕྱིའི་ཞིག་གསོས་གནང༌།
བཙུན་མོ་ཚལ། འབྲས་སྤུངས།
སེར་ར་སོགས་འདེབས་པའི་ཞལ་བཀོད་མཛད།
དགུང་ལོ་རེ་གསུམ་བཞུགས།
རྗེ་ཉིད་ཀྱི་དངོས་སྤོང་ཆོས་ཀྱི་གདན་ས་འཛིན་པ་བཅུ་གཉིས་ནི།
དགེ་ལྡན་དུ་རྗེ་དར་མ་རིན་ཆེན།
རྗེ་མཁས་གྲུབ་པ། རྗེ་ཞྭ་ལུ་པ།
རྗེ་བློ་གྲོས་པ། རྗེ་བསོ་བ།
བཙུན་མོ་ཚལ་དུ་རྗེ་འདུལ་བ་འཛིན་པ།
འབྲས་སྤུངས་སུ་རྗེ་འཇམ་དབྱངས་ཆོས་རྗེ།
སེར་ར་བླ་མ་དར་རྒྱས་བཟང་པོ།
རྗེ་གུང་རུ་པ།
གསང་སྔགས་མཁར་དུ་བླ་མ་ཅོག་ཆེན་པ།
རྫིང་ཕྱིར་བཟང་སྐྱོང་བ།
ཉི་མ་གླིང་དུ་བླ་མ་བྱང་སེམས་པ་དང་བཅུ་གཉིས་སོ།
།གཞན་ཡང༌། རྗེ་བྱམས་ཆེན་ཆོས་རྗེ།
རྗེ་བཙུན། རྗེ་བཙུན་ཤེས་རབ་སེང་གེ།
རྗེ་དགེ་འདུན་གྲུབ་པ་སོགས་ཕྲིན་ལས་ནམ་མཁའ་དང་མཉམ་པ་མཐའ་ཡས།
བདེ་སྟོང་གི་ཏིང་ངེ་འཛིན་བརྙེས་པ་བདུན།
ཐུགས་སྲས་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་སེམས་དཔའ་བདེ་ཐང་བ་སོགས་བྱུང༌།
སེམས་དཔའ་ཀུན་བཟང་པས་མདོ་སྔགས་གླིང་བཏབ།
བྱང་སེམས་རྭ་སྒྲེང་པས་སྒོ་མོ་མཚོ་ཁ་བཏབ།
བྱང་སེམས་སྦྲེ་ཞིང་པ་ཆེན་པོས་དོལ་གྱི་དགོན་གསར་བཏབ།
བྱང་སེམས་བདེ་ཐང་པས་ཞལ་ལྟ་མཛད་པ་སོགས་ཀྱི་དགོན་པ་ཆེ་ཆུང་བཅུ་གསུམ་ཐེབས།
རྗེ་མཁས་གྲུབ་པས་རི་བོ་མདངས་ཅན་བཏབ།
མལ་དྲོའི་བྱང་སེམས་འདུལ་བ་དགེ་འདུན་རིན་ཆེན་གྱིས་མལ་དྲོ་སྟོད་དུ་རིན་ཆེན་གླིང་བཏབ།
བླ་མ་གྲགས་རིན་པ་ཡོན་མཆོད་ཀྱིས་ཆ་དཀར་བཏབ།
རྗེ་དགེ་འདུན་གྲུབ་ཀྱིས་བཀྲིས་ལྷུན་ཆོས་སྡེ་བཏབ།
བཤེས་གཉེན་དམ་པ་དེ་དག་ནི་རྗེའི་དངོས་སློབ་ཐུགས་སྲས་སྐུ་ཡོན་མཐའ་ཡས་པ་ཤ་སྟག་སྟེ།
རྗེ་དེ་ཉིད་ཀྱིས་བྱིན་གྱིས་བརླབ་པའི་བུ་ཆེན་རྣམས་ཀྱིས་བཏབ་པའི་ཕྲིན་ལས་ཀྱི་ཆོས་སྡེ་ནི་དབུས་གཙང་མདོ་ཁམས་རྒྱ་སོག་མངའ་རི་བཅས་ལ་མཐའ་ཡས་པར་སྣང་ངོ༌།
། སེམས་དཔའ་བདེ་ཐང་པས།
།རྗེའི་དངོས་སློབ་ཆེན་པོ་རྡོག་ཆོས་རྡོར་གྱི་བརྒྱུད་པ་སྤྲེ་ཞིང་སེམས་དཔའ་ཆེན་པོ་དགུང་ལོ་དགུ་བཅུ་བཞེས་པ་དེ་ལ་འབུལ་བ་དངུལ་ཞོ་སྟོང་ཙམ་བསྐྱལ།
རྗེའི་དངོས་སློབ་བླ་མ་བྱང་གླིང་པ་ཆེན་པོ།
བོད་ཀྱི་བླ་མ་ཆེ་བ་ཞིག་ལ་ཁོང་གི་སྐུ་ཚེ་རིང་ཤོས་ཐུག་པར་སྣང༌།
རྗེ་ལ་དེ་དུས་ཀྱིས་བཤེས་གཉེན་ཐམས་ཅད་ཀྱིས་བཏགས་པས།
ཆོས་རྗེ་ཀུན་དགའ་བཟང་པོ་དང༌།
ཆོས་རྗེ་རོང་པོས་ཀྱང་ཆོས་གསན་ཁོང་རྣམ་གཉིས་ཀྱིས་ཀྱང༌།
ངོར་དགོན་གསར་དང༌།
ན་ལེནྡྲ་གཉིས་བཏབ་བོ། །༽
དང་པོར་འཁོར་བ་མཐའ་དག་ལ་ཡིད་འབྱུང་བའི་སྐྱོ་ཤས་ཤིག་མེད་ན།
ཐོས་བསམ་སྒོམ་གསུམ་སོགས་ཅི་བྱས་ཐམས་ཅད་འཁོར་བ་དང་ངན་སོང་གི་རྒྱུ་ལས་མི་འདའ་བས།
བསྐྱེད་རྫོགས་སོགས་ཟབ་པ་ཡང་རེ་ཞིག་བཞག་ནས་ངེས་འབྱུང་མ་སྐྱེས་བར་དུ་འབད་དགོས་གསུངས་པ་ལགས་པར་གདའ།
ཁྲོ་ཕུ་ལོ་ཙཱ་བའི་
༼བྱམས་པའི་དཔལ་གྱིས་ཁྲོ་ཕུའི་བྱམས་ཆེན་བཞེངས།
ཁོང་གི་བླ་མ་པཎ་ཆེན་ཤཱཀྱ་ཤྲཱི་རབ་གནས་མཛད།
དེའི་སྲས་ཁྲོ་ཕུབ་བསོད་ནམས་སེངྒེ།
དེའི་སློབ་མ་བུ་སྟོན་རིན་ཆེན་གྲུབ།
རྗེ་ཕག་གྲུའི་སློབ་མ་ཀུན་ལྡན་གཙང་གནས་ཁྲོ་ཕུ་པ་རྣམས་བྱོན།༽
ཞལ་ནས་ཀྱང༌།
ཚེ་སྲོག་ལྦུ་བར་མ་ཤེས་ཤིང༌།
།
ཞེ་ནས་འཆི་བ་མ་དྲན་ན།
།
དགེ་ཕྱོགས་མང་པོ་བྱས་གྱུར་ཀྱང༌།
།
ད་དུང་ཚེ་འདིའི་ལག་ཆ་ཡིན།
།
རྙེད་གྲགས་སྒྱུ་མར་མ་ཤེས་ཤིང༌།
།
ཚེ་འདོད་ཁེ་དྲགས་མ་བོར་ན།
།
མི་ཡིས་དམ་པར་བཟུང་གྱུར་ཀྱང༌།
།
ད་དུང་ཆོས་བརྒྱད་ཁོལ་པོ་ཡིན།
།
ཚེ་འདི་ཐེད་ལ་མ་བོར་ན།
།
ཇི་ཙམ་དགེ་ལ་འབད་བྱས་ཀྱང༌།
།
ཕྱི་མར་ལག་སྟོང་གཅེར་བུར་འགྲོ།
།
ཕྱི་མ་ཅི་ཁྱེར་ཨ་ཙ་མ།
།
འཁོར་བའི་ཉེས་དམིགས་མ་གོ་ཞིང༌།
།
འདོད་ཡོན་ཚིམ་པ་ལ་མཆིས་ན།
།
ཁ་ལྟའི་རྦད་ཁམས་ཆེ་ན་ཡང༌།
།
ད་དུང་ཟོག་པོ་རྫུན་ཅན་ཡིན།
གསུངས།
ཇོ་བོའི་ཞལ་ནས་ཀྱང༌།
ཁོ་བོའི་སྒོམ་པ་རིན་ཆེན་བླ་མ་སྒོམ་སྐད།
བསྒོམ་རྩ་ན་བསྒོམས་པས་དར་ཡུག་དང་ཇ་སིག་སོགས་མང་པོ་ཡོང་སེམས་ན་ཇི་ཙམ་བསྒོམས་པ་སྡིག་པ་ཡིན།
སྒོམ་ཙ་ན། སྐྱེ་བའི་རྒྱ་མཚོ་མཐར་དབྱུང༌།
བྱང་ཆུབ་མཆོག་གི་ས་བོན་གདབ་སེམས་ན་སེམས་དཔའ་ཙམ་ཞིག་བྱས་པའི་བསོད་ནམས་ཀྱང་ནམ་མཁར་མི་ཤོང་གསུངས།
ཆོས་རྗེ་བུས།
ཚེ་འདིའི་མཛའ་དང་མི་མཛའི་དོན་གྱི་ཕྱིར།
།
ཆགས་སྡང་ལོངས་སྤྱོད་གསོག་ཅིང་འཁོར་བསྡུས་ཀྱང༌།
།
འཁོར་དང་ལོངས་སྤྱོད་རྗེས་སུ་མི་འབྲང་བར།
ལས་འབྲས་སྡུག་བསྔལ་རང་ཉིད་གཅིག་པུས་མྱོང༌།
།
ཚངས་དང་བརྒྱ་བྱིན་འཁོར་ལོས་བསྒྱུར་བ་སོགས།
།
འཁོར་བའི་བདེ་འབྲས་ཐོབ་ཀྱང་མི་བརྟན་ཞིང༌།
།
ཤི་ནས་ངན་འགྲོར་མི་འགྲོའི་ངེས་མེད་ཀྱི།
།
འཁོར་བར་ཡིད་འབྱུང་བྱོས་ཤིག་རིན་ཆེན་གྲུབ།
ཅེས་ཁོང་རང་ལ་གདམས་པར་མཛད་པ་འདི་ཐམས་ཅད་ཀྱིས་གོ་འཚལ།
རྒྱལ་བ་ཡང་
༼ཡང་དགོན་པ་ནི།
ས་པཎ་ཀོ་བྲག་པ་རྒོད་ཚང་པ་སོགས་བསྟེན།
ཡོན་ཏན་མཐའ་ཡས་སྤྲུལ་སྐུར་ཡང་བཤད་དོ།
།༽ དགོན་པའི་ཞལ་ནས་ཀྱང༌།
སྤྱིར་ཆོས་མཐོན་པོ་ཁོ་ན་ལ་དགའ།
དམའ་མོ་ཚོས་བློ་མི་ཁེངས།
།སྟོང་སྟོང་ངོ༌། །མེད་མེད་པོ།
།མཐོ་མཐོ་པོ་ཞིག་ཁོ་ན་ལ་དགའ་སྟེ།
ཆོས་ཀྱིས་ཕོ་སྒོ་གང་ཟག་གིས་རྟོགས་ཚོད་དུ་མི་འདུག
།ཆོས་རྫོགས་པ་ཆེན་པོ་ཡིན་པས་མི་ཕན་གང་ཟག་རྫོགས་པ་ཆེན་པོར་འགྲོ་དགོས།
ཆོས་སྐད་ལ་རྟ་རིབ་མང་པོ་བྱས་ནས་གང་ཟག་ལ་ཁྱི་མི་རི་བ་མང་པོ་མཐོང༌།
ཆོས་ཚིག་རྐྱང་དུ་སོང་ནས་ལག་ལེན་ལ་མི་འདེབས་པ་དེ་པག་ཤིའི་གླུ་སྐད་ནེ་ཙོས་འདོན་པ་དང་ཁྱད་མེད།
ཆོས་གཅིག་གོ་གཉིས་གོ་ལག་ལེན་ལ་འདེབས།
གཅིག་ཤེས་གཉིས་ཤེས་རང་རྒྱུད་ལ་སྦྱོར་བ་ཞིག་དགོས།
ཆོས་རང་གི་རྒྱུད་ཐོག་ཏུ་མ་བྱོན།
སེམས་དང་ཆོས་ཀྱི་ཕྱེ་ཆུ་མ་འདྲེས་པར་ཆོས་དང་གང་ཟག་གི་བར་ན་ཧར་པ་མི་ཤོང་བ་ཙམ་བྱས།
ཆོས་གློ་བའི་ཚོད་མ་བཞིན་ཁ་ལ་ཙ་ལེ་བྱས་པ་དེས་ཆོས་ཀྱི་དོན་བྱེད་མི་ནུས་པ་ལགས་མོད།
ཆ་འབལ་ལེ། ཀེ་ཀེ་རེ་བྱས་ནས་མི་ཉན་པ་མང་པོ་གདའ་སྟེ།
དེ་ཙ་ན་ཆོས་ཀྱི་དགོས་པ་མ་འགྲུབ་པ་ལགས་མོད།
ངས་ནི་ཚེ་བློས་གཏོང་བ་ལ་བསྒྲུབ་པའི་འཁྲིལ་དུ་བྱས་པ་ཡིན་ནེ་སྡེས་བུ་ཀུན་གསུངས།
རྒྱལ་སྲས་རིན་པོ་
༼རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་གྱིས།
བླ་མ་སྤང་བློ་གྲོས་བརྟན་པ།
དགྲ་བཅོམ་པ་བསོད་ནམས་གྲགས་པ།
བུ་སྟོན་སོགས་བླ་མ་མང༌།
མཁས་བཙུན་བཟང་གསུམ་འཛོམ།
བྱང་ཆུབ་ཀྱི་ཐུགས་འབྱངས།
གདུལ་བྱ་ཕྲིན་ལས་ཆེ།
།ཡི་དམ་ཞལ་གཟིགས།
དགུང་ལོ་བདུན་ཅུ་དོན་གྲངས་བར་དུ་དངུལ་ཆུ་ཆོས་རྫོང་དུ་བསྟན་པ་སྐྱོངས།
རྒྱ་འཇམ་དཔལ་གསུམ་སོགས་བུ་ཆེན་མང་ངོ༌།
།༽ ཆེའི་ཞལ་ནས་ཀྱང༌། །
དམ་ཆོས་ཐར་པའི་ལམ་དུ་འགྲོ་བ་ལ།
།
ཚེ་འདིའི་ཕུན་ཚོགས་སྒྲུབ་པ་ལ་རྩེ་གཅིག་པའི།
།
གློད་ན་འདི་ལས་བར་ཆད་ཆེ་བ་མེད།
།
དེའི་ཕྱིར་རྣམ་པ་ཀུན་ཏུ་འདི་སྤང་བྱ།
།
ཐོས་བསམ་སྒོམ་གསུམ་དགེ་བ་གང་བྱེད་ཀྱང༌།
བློ་ངན་འདི་དང་འདྲེས་ན་རོ་བརྒྱའི་ཟས།
།
ངན་སྐྱུགས་དག་དང་འདྲེས་པ་ཇི་བཞིན་དུ།
།
བཟང་པོ་ངན་པར་བྱེད་པ་གདོན་མི་ཟ།
།
དཔོན་སློབ་མཆེད་གྲོགས་གཉེན་རྣམས་རྩོད་བྱེད་ཅིང༌།
།
སྡིག་སྡུག་གཏམ་ངན་ཀུན་ལ་མི་འཛེམ་པར།
།
ངལ་བ་ཆེན་པོས་ལོངས་སྤྱོད་སྒྲུབ་བྱེད་པ།
།
བློ་ངན་འདི་ཡིས་དབང་མེད་བསྐུལ་བར་ཟད།
།
གཞན་གྱི་དཔལ་འབྱོར་གཞོམ་ཕྱིར་ལུས་སེམས་ཀྱི།
།
འབད་བ་དྲག་པོས་འཐབ་དང་རྩོད་བྱས་ནས།
།
རང་གཞན་འདི་ཕྱི་གཉིས་ཀར་འཕུང་བྱེད་པ།
།
དེ་ཡི་སྙིང་དུ་བློ་ངན་གདོན་འདི་ཞུགས།
།
གསུང་རབ་སྒྲོན་མེ་ལག་ཏུ་ཐོགས་ནས་ཀྱང༌།
།
རྙེད་བཀུར་འཁོར་སྡེའི་དོན་དུ་འཐབ་རྩོད་སོགས།
།
སྡིག་པའི་གཡང་སར་གོམས་པ་འདོར་བའི་མིག
།
བློ་ངན་རབ་རིབ་འདི་ཡིས་བསྒྲིབས་པར་ཟད།
།
ནོར་མང་སྦྱིན་ཡང་གྲགས་དང་འཁོར་ལ་སོགས།
།
དོན་དུ་གཉེར་ཕྱིར་སྦྱིན་པ་ཆེན་པོ་ལས།
།
འབྲས་བུ་ཆུང་ཞིང་ངན་པར་བསྒྱུར་བྱེད་པ།
།
གློ་ངན་བ་མོ་འདི་ཡིས་བཅོམ་པར་ངེས།
།
འབད་པས་ཚུལ་ཁྲིམས་བསྲུངས་ཀྱང་རྙེད་སོགས་ཀྱི།
།
འཆིང་བས་བཅིངས་ནས་ཐར་ལམ་མི་བགྲོད་ཅིང༌།
།
འཁོར་བའི་བཙོན་རར་འཐིད་བྱེད་ལྕགས་སྒྲོག་དེ།
།
བློ་ངན་འདི་ཡི་ལག་ན་ངེས་པར་གནས།
།
ཡུན་རིང་བསམ་གཏན་བསྒོམས་ཀྱང་ཆགས་སྡང་གིས།
།
བདག་བསྟོད་གཞན་སྨོད་བྱེད་ཅིང་འཐབ་རྩོད་བྱེད་
ཞི་གནས་བསྒོམས་པས་མ་ཞིའི་བློ་སྐྱེས་པ།
།
བློ་ངན་ཡུར་མའི་རྩ་བ་ཡོད་པས་ལེན།
།
ནད་གདོན་ཆོམ་རྐུན་དགྲ་སོགས་དམ་ཆོས་ཀྱི།
།
བར་ཆད་ཡིན་ཞེས་གྲགས་ཀྱང་རང་གི་བློ།
།
ལས་སུ་རུང་ན་དེ་ཀུན་གྲོགས་སུ་འགྱུར།
།
བློ་ངན་འདི་ནི་དམ་ཆོས་གེགས་སུ་ངེས།
།
ཚེ་འདིའི་ཕུན་ཚོགས་བསྒྲུབ་པས་འགྲུབ་པ་དཀའ།
།
གྲུབ་ཀྱང་རང་དབང་སྤྱད་པའི་ངེས་པ་མེད།
།
བདག་ལ་ངེས་པར་འོང་བ་འཆི་བ་ཡིན།
།
དེ་ཚེ་ནོར་དང་འཁོར་སོགས་ཀྱིས་མི་ཕན།
།
དེ་དང་བྲལ་བས་ལྷག་པར་སྡུག་བསྔལ་འགྱུར།
།
དེ་ལྟར་བསམས་ནས་ཚེ་འདིའི་ཆེ་ཐབས་སྤངས།
ཞེས་གསུངས།
ཚེ་བློས་བཏང་གི་ཆོས་འདི་ནི་ཟབ་པ་བས་ཀྱང་ཆེས་ཟབ་པ་ཞིག་ཡིན་ཏེ།
ཟབ་པ་ཞེས་བྱ་བ་ནི་བློས་གཏིང་དཔག་དཀའ་ཞིང༌།
རྟོགས་དཀའ་བ་དང༌། སྡུག་བསྔལ་སེལ་བ་དང༌།
བདེ་བ་སྒྲུབས་པའི་ཐབས་གནད་ཅན།
གཞན་ན་མེད་པ་ཞིག་ཡོད་པ་ལ་ཟབ་པ་ཞེས་ཟེར་ལ།
ཚེ་བློས་གཏོང་གི་ཆོས་འདི་ནི་གཏིང་དཔག་དཀའ་ཞིང་རྟོགས་དཀའ་སྟེ།
།རྒྱ་གར་རང་དུ་ཡིན་ན་དངོས་སྨྲ་བ་སེམས་ཙམ་པ་མན་ཆད་སུའི་མདུན་དུ་ཡིན་ཡང༌།
ཆོས་ཐམས་ཅད་བདེན་པར་མེད།
སྟོང་པ་ཉིད་ཡིན་བྱས་ན།
ཨ་པ་འདི་འདྲའི་ཁ་འཆལ་ཟེར་བ་སྨྱོ་བ་ཡིན་ནམ་སྙམ་པ་ཡོང་བ་ཡིན་པར་སྣང༌།
དེ་བཞིན་དུ་ཚེ་འདི་ལ་ཞེན་པའི་དགེ་བཤེས་བཀའ་བཅུ་འཛིན་པའམ།
བླ་མ་སྐྱེ་བོ་བརྒྱ་སྟོང་གིས་ཕྱག་བྱེད་པའམ།
རྒྱུད་སྡེ་བཞིན་ཁ་ཏོན་བྱེད།
དཀྱིལ་འཁོར་བརྒྱའི་ཞལ་ཕྱེ་བའམ།
མཚམས་དང་འདགས་སྦྱར་གྱིས་དུས་འདའ་ཞིང་ལྷ་དང་རྩ་རླུང་བསྒོམ་པའམ།
ཕྱག་ཆེན་དང་ཞི་བྱེད་རྫོགས་ཆེན་ཉམས་སུ་ལེན་པ་ཁ་པོ་འབྲུག་ལྟར་གྲགས་པས་ཀྱང༌།
ཆོས་འདི་མིག་གིས་མི་རྟོགས་བར་ཚེ་འདིའི་ཕུན་ཚོགས་དང་བདེ་སྐྱིད་ཐམས་ཅད་པོ་འདི་བློས་བཏང་དགོས་བྱས་ན།
ཨ་པ་འདི་འདྲ་བའི་ཁ་འཆལ་ཟེར་བ་སྙམ་ནས་བློར་མི་ཤོང༌།
ཆོས་འདི་ལ་དངངས་པ་དང་སྐྲག་པ་དང༌།
སྦ་བཀོང་བ་སྐྱེ།
གཞན་ཚེ་འདིའི་ཕུན་ཚོགས་བློས་བཏང་བ་མཐོང་ནའང་དེ་ལྐུགས་པ་དང་སམ་གཉེན་བཤེས་ལ་སོགས་པ་སུའི་ཁེ་ལ་ཡང་མ་ཉན་པར་སྤྲང་འཁྱམས་ལ་འགྲོ་བ་ཟེར་ནས་གླེན་པ་དང་གོ་མཆོད་དུ་རྩི།
བྱ་བ་ཐོས་བསམ་སྒོམ་གསུམ་སོགས་ཅི་བྱེད་ཐམས་ཅད་ཚེ་འདིར་སྡུག་པོ་སོགས་མི་ཡོང་བ་དང༌།
མི་གྲལ་དུ་ཆུད་ནས་སྐྱིད་པོ་བྱེད་པ་རྣམས་སུ་ཆུད་པ་དང༌།
མིས་མཐོང་ཆ་འཇོག་ཡོད་པ།
དངོས་པོ་ཕྱུག་པ་མི་ལ་རེ་མི་དགོས་པ།
ལག་བག་དེང་མི་དགོས་སྦྲང་མི་དགོས་པར་ཇ་དཀར་ནག་ཤ་མར་མཐུད་གསུམ་ཆིལ་ལེ་ལོངས་སྤྱད་རྒྱུ་ཡོད་པ།
ཁྱེད་ཆོས་པའམ་མཁས་པ་ལ་སོགས་པ་ཡིན་ཟེར་ནས་མིས་བསྟོད་པ་སྐྱིད་པ་ཞིག་བྱ་དགོས་སྙམ་ནས།
རང་ཡང་དེ་ལྟར་འབད།
གཞན་ལའང་དེ་ལྟར་སློབ།
དེ་ལྟར་ཤེས་ན་ཕོ་རྒོད་པ་དང་ཤེས་ཆེ་བར་བྱེད་པ་སྣང་ན།
གཞན་ཁྱིམ་པ་ལ་སོགས་པའི་བློར་ཆོག་ཟབ་མོ་འདི་མི་ཤོད་པ་ལྟ་ཡང་ཅི་སྨོས།
ད་ལྟ་རྩ་རླུང་ངམ་སྟོང་པ་ཉིད་ལ་སོགས་པའི་ཆོས་ལ་ཐམས་ཅད་དགའ་ཚོར་བྱེད།
གྲོགས་གཉིས་གསུམ་དུ་ཚོགས་ནའང་དེའི་གླེང་མོ་ཁོ་ན་གླེང༌།
དེའི་ཉམས་ལེན་ལ་འབད་འབུངས་འདོད་པ་ནི་ཤིན་ཏུ་མང་བར་ཡང་སྣང༌།
ཚེ་བློས་གཏང་གི་ཆོས་ལ་དགའ་ཚོར་བྱེད་མཁན་རང་དཀོན།
ཚེ་འདིའི་གཉེན་དང་ཉེ་འབྲེལ་ཞིང་ཁང་དང་ནོར་རྫས་སོགས་ཚེ་འདིའི་ཕུན་ཚོགས་འདི་བློས་ཐོང་ཞིག་བྱ་བའི་ཆོས་བཤད་ན།
བོང་བུའི་མགོ་ལ་དབྱུགས་བརྒྱབ་པ་ལྟར་ནག་ཐམ་གྱིས་འགྲོ།
སྣ་རུས་པ་ན་ཏིང་ངེ་ཉན་ཡེ་མ་འདོད།
ཉམས་སུ་ལེན་ཡེ་མི་འདོད་པ་ཡོང་བ་དེར་སྣང༌།
འདི་ཤབ་ཤོབ་ནི་མིན།
ཉམས་སུ་ལེན་འདོད་པ་ཡོད་ན་ཚུར་ཤོག་དང༌།
རང་རེ་ཁམས་པ་ནང་བརྫུའི་ཁན་མེད་པ།
འགྲོ་བའི་མགོན་
༼འགྲོ་མགོན་རིན་པོ་ཆེ་ནི།
དགྱེར་ཆེན་པོའི་དབོན་པོ།
།སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཉིད་དུ་གསུངས།
རྫུ་འཕྲུལ་མངོན་ཤེས་མཐའ་ཡས།
བུ་ཆེན་བཅུ་བཞི་ལ།
དབོན་པོ་ཆེན་པོ་གཉིས་ནི་བློན་པོ་སྟོན་པ།
བླ་མ་སངས་ཡོན། དྭགས་པོ་ན་བང་རིམ་དང༌།
བཟང་མོ་བ་གཉིས། ལྷོ་བྲག་ཤར་དུ་དབུ་མ་པ།
ནུབ་ཏུ་དགེ་ཤོང་བ། ཨེའི་སེངས་སྒང་བ།
གཉལ་ནས་འབྱུང་བ། དོལ་དུ་མཆེ་བ་ཅན་པ།
གྲབ་དུ་ཟོང་དགོན་པ།
ཞོག་ཐོང་སྟོན་པ། མཆང་ངམ་པ།
བྱིན་ནས་སློབ་དཔོན་ལམ་པ།
གཙང་ན་གཙང་སྟོན་ཉི་མ།
ཉང་སྟོད་ལ་དགོན་པ་གཉིས།
དེ་དག་ནི་དུ་མས་དགོན་པ་གསར་པ་བཏབ།
ཁ་ཅིག་གིས་རྙིང་པའི་གདན་ས་བསྐྱངས།
དེ་རྣམས་ལས་ཀྱང་ཆོས་བརྒྱུད་དང་དགོན་པ་མང་དུ་འཕེལ་ལོ།
།༽ པོའི་ཞལ་ནས་ཀྱང༌། །
ཚེ་འདིའི་མཁས་བཙུན་བསྒོམ་ཆེན་ཡང༌།
།
ཚེ་འདིའི་མཁས་ལོ་བཙུན་ལོ་འདོད།
།
མཚམས་བཅད་ཡ་ཐེམ་ཡི་གེ་བྲིས།
།
མི་དང་མི་འཕྲད་སྒོམ་ཆེན་ཡང༌།
།
ཚེ་འདིའི་སྒོམ་ཆེན་བཟང་ལོ་འདོད།
སྦྱིན་གཏོང་བྱས་ཀྱང་ཚེ་འདི་ཡི།
།
བྱས་ལོ་གཏོང་ལོ་ཁོ་ན་འདོད།
།
དཔེར་ན་ཆུ་ལ་ཕྱེ་བཏབ་འདྲ།
།
ཐ་ན་དཀོན་མཆོག་མཆོད་པ་རེ།
།
བྱས་ཀྱང་མི་ཡིས་མཐོང་དུ་རེ།
།
རྣམ་རྟོག་མི་དྲན་དགུ་དྲན་འདིས།
།
ཅི་བྱེད་རྣམས་ལ་འདིས་སླེབས་པས།
།
དགེ་སྦྱོར་ཅི་བྱས་ལོ་ལོར་འཆོར།
།
ཐམས་ཅད་ལོ་པའི་རྟ་པས་ཁྱེར།
།
དེས་ན་ཚེ་འདིའི་རྣམ་རྟོག་ལ།
།
མདུད་རེ་འདེབས་དགོས་སྐྱེས་བུ་ཀུན།
།
འདི་ལ་མདུང་རེ་མ་ཐེབས་ན།
།
མཁས་བཙུན་སྟོན་སྒོམ་ཐམས་ཅད་ཀྱིས།
།
ངན་སོང་གསུམ་གྱི་སྒོ་མི་ཁེགས།
།
ངན་སོང་སྡུག་བསྔལ་མ་བཟློག་པའི།
།
མཁས་པ་བཙུན་པོ་སྒོམ་ཆེན་གྱིས།
།
དགོས་པ་ཅི་ཡོད་མདོ་དོན་ཤོར།
།
མི་ཚེ་ཧྲིལ་གྱིས་གྲྭ་སར་བསྡད།
།
རྒས་ཁར་ཚེ་འདི་མ་སྤོངས་པས།
།
གནས་གཞི་དགོན་པའི་ཞེན་པ་བྱས།
།
སྡེ་འཁྲུགས་ལ་སོགས་སྡིག་པ་རྣམས།
།
བྱས་ནས་གནས་དགོན་ཤུལ་དུ་བཞག
།
རང་ཉིད་མནར་མེད་མེ་ནང་དུ།
།
འགྲོ་བ་ཐམས་ཅད་མི་རྟག་པ།
།
མ་བསམས་པ་ཡིས་ལེན་པ་ཡིན།
།
མདོར་ན་འཆི་བ་མི་རྟག་པ།
།
བདག་གི་རྒྱུད་ལ་མ་སྐྱེས་ན།
།
གསང་བ་འདུས་པ་མི་ཟབ་སྟེ།
།
འཆི་བ་རྒྱུད་ལ་སྐྱེས་པའི་ཚེ།
།
སྐྱབས་འགྲོ་ཚིག་གསུམ་ཟབ་པ་ཡིན།
།
མཐོན་པོའི་ཆོས་ལ་སྙེགས་སྙེགས་ནས།
།
གཡང་དུ་ལྷུང་ངོ་སྐྱེས་བུ་གུད།
།
དེ་ཚེ་ཐབ་མོའི་གདམས་ངག་ཀྱང༌།
།
ཕྱི་ནང་ལོག་པ་ཉིད་དུ་འགྱུར།
གསུངས།
བླ་མ་གོང་མ་རྣམས་ཀྱི་ཞལ་ནས།
ཚེ་བློས་གཏོང་བ་ལ་གཏད་པ་བཞི།
།རྡོ་རྗེ་གསུམ།
བུད་སྙེགས་ཐོབ་གསུམ་དགོས་པ་ཡིན་གསུངས།
དང་པོ་བཞི་ནི།
༡༽ བློ་ཕུགས་ཆོས་ལ་གཏད། ༢༽
ཆོས་ཕུགས་སྤྲང་ལ་གཏད། ༣༽
སྤྲང་ཕུགས་ཤི་ལ་གཏད། ༤༽
ཤི་ཕུགས་གྲོག་པོ་སྟོང་བར་གཏད།
རྡོ་རྗེ་གསུམ་ནི།
༡༽ ཐེབས་མེད་རྡོ་རྗེ་སྔོན་ལ་བཏང༌།
༢༽ ཁྲེལ་མེད་རྡོ་རྗེ་ས་ལ་འཇོག
༣༽ ཡེ་ཤེས་རྡོ་རྗེ་རང་དང་འགྲོགས།
ཕྱི་མ་གསུམ། ༡༽ མི་ཁྱུ་ནས་བུད།
༢༽ ཁྱི་གྲལ་སྙེགས། ༣༽
ལྷ་གྲལ་ཐོབ་གསུམ་མོ། །
འདི་རྣམས་བཅོམ་ལྡན་འདས་ཀྱིས་རབ་བྱུང་ཇི་ལྟར་མཛད།
དཀའ་བ་ལོ་དྲུག་ཏུ་སྤྱད་ལུགས།
རྗེས་འཇུག་ལ་ཇི་ལྟར་རབ་ཏུ་བྱུང་བ་སོགས་གསུངས་ལུགས་རྣམས་གོ་ན་གོང་གི་གནད་རྣམས་ཤིན་ཏུ་ཟབ་པ།
ཆོས་ཀྱི་མཐིལ་དུ་གོ་ནས་འོང༌།
དེ་བཅུ་ལ་ཕུགས་ནོར་བཅུ་ཞེས་པའི་ཐ་སྙད་མཛད།
།
དེ་རྣམས་ཡིད་ལ་བཞག་པ་ཙམ་གྱིས་འཇིག་རྟེན་གྱི་འཁྲུལ་པ་འཇོམས།
ཆགས་ཞེན་གྱི་རྒྱ་མཚོ་སྐམས།
ཆོས་བརྒྱད་ཀྱི་རི་བོ་བསྙིལ།
ཉོན་མོངས་ཀྱི་རྫོང་བསྐྱིལ།
ལས་ངན་གྱི་གྲུ་འཇིག
གཉེན་པོའི་ཐང་བདེ་བ་ལ་སློབས་པས།
ཕུགས་ནོར་གྱི་མཆོག་རབ་ཏུ་སྣང་ཏེ།
འོག་མ་རྣམས་སུ་ཡང་རྒྱས་བར་འཆད་པར་འགྱུར་བ་ལས་རྟོགས་པར་བྱའོ།
།
དེ་བས་ན་ཚེ་བློས་གཏོང་གི་ཆོས་འདི་བློས་གཏིང་དཔག་པར་དཀའ།
ཐམས་ཅད་ཀྱིས་རྟོགས་པར་དཀའ་ཞིང་གསང་བའི་གནས་ཡིན་པས་ན།
ཟབ་མོ་གསང་བ་བླ་ན་མེད་པའི་ཆོས་བྱ་བ་འདི་ལགས།
གཞན་ཡང་ཕན་བདེ་ཐོབ་པའི་ཐབས་གཞན་ལ་མེད་པ་འདི་ལ་ཡོད་པས་ན།
ཡང་ཆོས་འདི་ཟབ་མོ་གཞན་ལས་ཁྱད་པར་འཕགས་པ་ལགས་ཏེ།
ཚེ་འདིའི་བདེ་བ་དང༌།
ཕྱི་མའི་བདེ་བ་དང༌།
བྱང་ཆུབ་རྣམ་པ་གསུམ་གྱི་བར་ཐམས་ཅད་འདིས་ཚེགས་མེད་པར་འགྲུབ་པས་སོ།
།
འོ་ན་ཚེ་བློས་གཏོང་བ་དེ་ཚེ་འདིའི་བདེ་བ་རྣམས་སྤོང་བ་མིན་ནམ།
ཚེ་བློས་བཏང་བས་ཚེ་འདིའི་བདེ་བ་ཇི་ལྟར་འགྲུབ་སྙམ་ན།
དེ་ཁྱེད་བདེན་ཏེ།
ཨ་རེ་འདོད་ཀྱིས་མྱོང་བ་ཡིན།
།ཆེན་པོ་འདོད་པས་སྐལ་བ་ཆད།
།མཐོན་པོ་འདོད་པས་གཡང་དུ་ལྷུང་སྐད་ན།
བདེ་བདེ་མོ།
།སྐྱིད་སྐྱིད་པོ་ཞིག་བྱ་དགོས་སྙམ་པ་ལ་སྐྱིད་པོ་ཡོང་བ་མི་ནམ་བྱུང་ཡང་ཁོ་རང་ཤེས།
དགོས་པ་མེད་སྙམ་པ་ཞིག་ལ་སྐྱིད་པོ་ཡོང་བ་ཡིན་ལོ།
།རྣལ་འབྱོར་པ་རྟགས་མི་འདོད་ཀྱང༌།
རྟགས་ཀྱིས་རྣལ་འབྱོར་པ་མི་གཏོང་བ་མི་ཟེར་རམ།
སངས་རྒྱས་ཟེར་བའི་སྒྲ་བོ་ཆེ།
འདོད་པ་སྤངས་པའི་རྩ་ན་གདའ།
མི་ཟེར་རམ།
གཙང་པ་རྒྱ་རས་ཀྱི་ཞལ་ནས།
ཉམས་མྱོང་ཅན་གྱི་སྒོ་ཁང་ན།
སྐྱིད་པོ་སྒོ་ཉལ་བྱེད་ཀྱིན་ཡོད་དེ།
ཞིམ་ལྟོ་ཅན་གྱིས་མ་ཚོར་བར་ཡོད་པ་ཡིན།
གཉེན་པོ་ཅན་གྱི་སྒོ་ཁང་ན།
འཇིག་རྟེན་བློས་གཏོང་སྒོ་ཉལ་བྱེད་ཀྱིན་ཡོད་དེ།
ཆགས་སྡང་ཅན་གྱིས་མ་ཚོར་བར་ཡོད་པ་ཡིན།
རྩ་བ་ཆོད་པའི་སྒོ་ཁང་ན།
བློ་བདེ་སྒོ་ཉལ་བྱེད་ཀྱིན་ཡོད་དེ།
རེ་དོགས་ཅན་གྱིས་མ་ཚོར་བ་ཡོད་པ་ཡིན།
ཆོག་ཤེས་ཅན་གྱི་སྒོ་ཁང་ན།
ཕྱུག་པོ་སྒོ་ཉལ་བྱེད་ཀྱིན་ཡོད་དེ།
འདོད་པ་ཅན་གྱིས་མ་ཚོར་བ་ཡོད་པ་ཡིན།
གསུངས།
རྟོགས་ལྡན་བསམ་གཏན་དཔལ་གྱི་ཞལ་ནས་ཀྱང༌།
ཚེ་འདི་སྐྱིད་འདོད་སྡུག་བསྔལ་ཡིན།
རླུང་ལ་བསྐུར་ན་གཏན་སྐྱིད་འབྱུང༌།
གསུངས། །
ཤྭ་བོ་
༼ཤྭ་བོ་བའི་མཚན་པདྨ་བྱང་ཆུབ།
སྐུ་མཆེད་གསུམ་གྱི་སློབ་མ།
འཕན་ཡུལ་རྒྱལ་ཤ་བོ་སྒོང་དུ་གདུལ་བྱ་བསྐྱངས།
ལུང་རྟོགས་རྒྱ་ཆེ།
གཤེགས་དུས་ཀྱང་སྦུར་རིལ་པོ་རིང་བསྲེལ་དུ་སོང་འདུག་ཟེར་རོ།
།༽ སྒང་པའི་ཞལ་ནས་ཀྱང༌།
ད་ལ་བློ་གཏོད་ནུས་པ་ཡོད་ན་སྐྱིད་དུ་བཞུག་ཏུ་ཡོད་པ་ཡིན་ཏེ་སྙམ།
འོ་ན་ང་ཡང་བློ་གཏོང་སྙམ་ན་ཐབས་གཞན་མེད།
མན་ངག་གཞན་མེད་ཚེ་འདི་བློས་གཏོང་འཇུག་པ་ཡིན་གསུངས།
ཡང་ཤྭ་བོ་སྒང་པའི་ཞལ་ནས།
འོ་སྐོལ་གྱི་ཚེ་འདི་ཕྱིའི་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་ཚེ་འདིའི་འདོད་པ་ཡིན་པས།
ཚེ་འདིའི་འདོད་པ་བསྒྲུབ་བྱ་སྐྱུངས་དགོས།
ཚེ་འདིའི་བསྒྲུབ་བྱ་ཆེས་ཙ་ན་ཐུགས་མི་བདེ།
གར་རྒྱུག་ཆ་མེད།
དེ་ཙམ་ན་སྡིག་སྡུག་གཏམ་ངན་གསུམ་དུས་གཅིག་ལ་འོང༌།
དེས་ན་འདོད་པའི་བློ་སྣ་མང་པོ་འདི་བཟློག་དགོས།
འདོད་པའི་བློ་སྣ་བཟློག་ཏུ་བཏུབ་ཙ་ན་སྐྱིད་འགོ་ཚུགས་པ་ཡིན།
དེས་ན་ཚེ་འདི་ཕྱི་ཐམས་ཅད་བདེ་བ་སྒྲུབ་པ་ལ།
ཡས་རྟགས་སུ་སྙིང་ལ་ཅི་ཡང་མི་འདོད་ལ་ཅི་ཡང་མི་གསོག་པ་ཞིག་དགོས།
རྙེད་པ་མི་འདོད་ཙ་ན་རྙེད་པའི་མཆོག་ཡིན།
སྙན་པ་མི་འདོད་ཙ་ན་སྙན་པའི་མཆོག་ཡིན།
གྲགས་པ་མི་འདོད་རྩ་ན་གྲགས་པའི་མཆོག་ཡིན།
འཁོར་མི་འདོད་ཙ་ན་འཁོར་གྱི་མཆོག་ཡིན།
སྙིང་ནས་ཆོས་བྱེད་ན་བློ་སྦྲང་ལ་གཏོད་དགོས།
སྤྲང་གི་ཐ་མར་འཆིར་འཇུག་ནུས་དགོས།
བློ་སྣ་དེ་ལྟ་བུ་ཞིག་སྐྱེས་པ་ན་ལྷ་འདྲེ་མི་གསུམ་གྱིས་འོ་བརྒྱལ་དུ་མི་འཇུག་ངེས་པ་ཡིན།
ཚེ་འདིའི་འདོད་པ་ལ་བསྐམ་ཤ་བཙལ་ནས་རང་སྨ་རང་གིས་ཕབ།
རང་སྡུག་རང་གིས་བྱས།
མིས་འཕྱ་ལ་རང་སྡུག་པ་ཕྱི་མ་ལ་ངན་སོང་དུ་འགྲོ་བ་རྣམས་ཡོང་བ་ཡིན་གསུངས།
སྐྱེས་མཆོག་པས་ཀྱང་
༼མཚན་བསམ་གཏན་པ་ལ།
འཕན་ཡུལ་རྒྱ་བྲག་ཆོས་རྗེའི་སློབ་མ།
ལུང་རྟོགས་རྒྱ་ཆེ།
སྒོ་མོ་ཡབ་ཀྱི་དགོན་པ་བཏབ།
གཞན་དོན་རྒྱ་ཆེ་བར་བྱུང༌།
གཡག་སྡེ་པཎ་ཆེན་ལ་སོགས་བུ་ཆེན་ཀྱང་མང༌།
སྐྱེས་མཆོག་ཆོས་རྗེར་ཡང་གྲགས།
།༽
ཚེ་འདི་རླུང་ལ་བསྐུར་ནུས་ན།
།
ཞེན་ལོག་པོ་ཞེས་འདོགས་པ་ལགས།
།
ཅིས་ཀྱང་དགོས་པ་མེད་རྩ་ན།
།
གྲགས་པས་ས་སྟེང་ཁྱབ་པ་ལགས།
།
ལུས་སྲོག་ཆོས་ཕྱིར་ཐོངས་ཙ་ན།
།
སྙན་པའི་བསེར་བུས་བསྐྱོད་པ་ལགས།
།གསུངས།
སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང༌།
གཡན་པ་འཕྲུགས་ན་བདེ་འགྱུར་ལ།
།
དེ་བས་གཡན་པ་མེད་ན་བདེ།
།
དེ་བཞིན་འཇིག་རྟེན་འདོད་ལྡན་བདེ།
།
འདོད་པ་མེད་པ་དེ་བས་བདེ།
།
ཆོས་ནི་ལུགས་ཀྱི་དམ་པ་སྟེ།
།
ཆོས་ཀྱིས་འཇིག་རྟེན་མངོན་དགར་འགྱུར།
།
འཇིག་རྟེན་དགའ་བར་གྱུར་པས་ཀྱང༌།
།
འདི་དང་གཞན་དུ་བསླུ་མི་འགྱུར།
།
ཆོས་ལ་རྒྱལ་སྲིད་བྱེད་པ་དང༌།
།
ཕྱོགས་རྣམས་ཀུན་ཏུ་གྲགས་པ་ཡིས།
།
བླ་རེ་རྒྱ་ཆེན་འབྱུང་འགྱུར་ཞིང༌།
།
སློབ་དཔོན་རྣམས་ཀྱང་ཀུན་ཏུ་འདུད།
།
ཁྱོད་ཀྱི་རྒྱལ་སྲིད་ཆོས་བཞིན་དུ།
།
གྲགས་དོན་འདོད་སླད་མ་ལགས་ན།
།
དེས་ན་ཤིན་ཏུ་འབྲས་བུ་བཅས།
།
དེ་ལས་གཞན་འགྱུར་དོན་མ་མཆིས།
།
ཞེས་རྒྱལ་པོ་ལ་གདམས་པ་ལགས་ཏེ་ཁྱོད་ཀྱིས་ཆོས་བཞིན་བྱས་ཚེ་འདིའི་འདོད་པ་སྤངས་ན་ཚེ་འདིར་ཡང་རྙེད་བཀུར་སྙན་གྲགས་སོགས་ཅི་འདོད་པ་ཐམས་ཅད་ཡོད།
རྒྱལ་སྲིད་གཟུང་བས་ཀྱང་རང་གཞན་ཡོངས་ལ་ཕན་ཐོགས།
དེ་ལས་གཞན་དུ་ཁྱོད་འདོད་པ་ལ་སྙིང་ཕུར་ཐེབས་ན་ཁྱོད་ཀྱིས་རྒྱལ་སྲིད་བཟུང་བའང་དོན་མ་མཆིས་གསུང་བ་ལགས་པར་གདའ།
སློབ་དཔོན་འཕགས་པ་ལྷས་དབུ་མ་བཞི་བརྒྱ་པར།
གང་གི་འཇིག་རྟེན་འདི་ཐོང་དཀའ།
།
དེ་ནི་གཞན་ལས་བླུན་པ་ཉིད།
།
གང་དག་དེ་རྗེས་འགྲོ་དེ་དག
།
ཤིན་ཏུ་ཡུན་རིང་བསླུ་བར་འགྱུར།
ཞེས་ཆོས་ལེགས་པར་བྱས་པས་ཚེ་འདིར་རང་ཡང་གཞན་ལས་སྐྱིད་པར་འོང་བ་ལ།
དེ་ཙམ་ཡང་མི་རྟོགས་པ་ནི།
བླུན་པའམ་གླེན་པ་ཡིན་པས།
དེས་རང་གཞན་ཕུང༌།
།དེས་ན་ཆོས་ལེགས་པར་བྱས་པས་བདེ་བའི་གནས་སུ་སླེབ་པར་གལ་ཆེ་བར་གསུངས།
།
སློབ་དཔོན་ཞི་བ་ལྷས།
གཡེང་བ་མེད་པའི་ཚུལ་ཅན་ཆོས་མཆོག་གང་ཐོབ་པས།
།
སྔོན་ཆད་མ་ཐོབ་པ་ཡི་སྐྱིད་པའང་རབ་འཐོབ་ཅིང༌།
།
བདེ་བ་ལས་ནི་ནམ་ཡང་ཉམས་པར་འགྱུར་བ་མེད།
།
རྫོགས་པའི་བྱང་ཆུབ་སེམས་དཔའི་བདེ་མཆོག་མི་ཟད་དང༌།
།
སངས་རྒྱས་གོ་འཕང་མཉམ་མེད་ཕུན་སུམ་ཚོགས་པའང་ཐོབ།
ཅེས་བསླབ་བཏུས་ཀྱི་ཐོག་མར་གསུངས་སོ།
།
བཅོམ་ལྡན་འདས་ཀྱི་ཞལ་ནས་ཀྱང༌།༼ཆེད་དུ་བརྗོད་པའི་ཚོམས་སུ།༽
གལ་ཏེ་བདེ་བ་ཀུན་འདོད་ན།
།
འདོད་པ་ཐམས་ཅད་ཡོངས་སུ་སྤོངས།
།
འདོད་པ་ཐམས་ཅད་ཡོངས་སྤངས་ན།
།
མཆོག་ཏུ་བདེ་བ་ཐོབ་པར་འགྱུར།
།
ཇི་སྲིད་འདོད་པའི་རྗེས་འབྲང་བ།
།
དེ་ཡི་བར་དུ་ངོམས་མི་འགྱུར།
།
དེ་ལ་གང་དག་ཤེས་རབ་ཀྱི།
།
ལྡོག་བྱེད་དེ་དག་ཚིམ་པ་ཐོབ།
།
འདོད་པས་ངོམས་པར་མི་འགྱུར་བར།
།
ཤེས་རབ་ཀྱིས་ནི་ངོམས་པ་བསྐྱེད།
།
ཤེས་རབ་ཀྱིས་ནི་ངོམས་པའི་མི།
།
སྲིད་པའི་དབང་དུ་མི་འགྱུར་རོ།
། ཞེས་གསུངས། །
འཕགས་པ་ཐོགས་མེད་ཀྱི་ཞལ་ནས་ཀྱང༌།
ཤེས་རབ་ཀྱི་ས་འཚོ་བ་ཆོས་ཀྱི་ལོངས་སྤྱོད་སྤྱད་པའི་བདེ་བ་ནི།
བཟང་བཏུང་དང་བུད་མེད་དང་གླུ་གར་འདོད་པ་ལ་ལོངས་སྤྱོད་པའི་བདེ་བས་ཡེ་མི་དོ་བ་ཞིག་ཡིན་གསུངས།
ཇི་ལྟར་ཡིན་བྱས་བྱས།
བཟའ་བཏུང་སོགས་ལ་སྤྱད་པའི་བདེ་བ་ནི་ལུས་མཐའ་དག་ལ་ཁྱབ་པ་མིན་པ་དང༌།
ཕྱི་རོལ་གྱི་རྐྱེན་ལ་རག་ལས་པས་ནམ་འདོད་དུ་མི་འབྱུང་བས་རེས་འགའ་བ་དང༌།
ཁམས་གསུམ་ཅར་ན་ཡོད་པ་མིན་པ་དང༌།
ཕྱིས་འཕགས་པའི་ནོར་ཐོབ་པ་མིན་པ་དང༌།
ལོངས་སྤྱད་པས་ཟད་པ་དང༌།
དགྲ་ལ་སོགས་པས་རྒྱུན་གཅོད་ནུས་པ་དང༌།
ཚེ་ཕྱི་མར་འཁྱེར་དུ་མེད་པ་དང༌།
བསྟེན་པས་མཐར་ཕྱིན་པ་དང་ཆོག་པ་དང་ངོམས་པ་མེད་པ་དང༌།
ཚེ་འདི་དང་ཕྱི་མའི་སྡུག་བསྔལ་ཐམས་ཅད་བསྐྱེད་པ་དང༌།
མཛེ་ནད་ཕྲུགས་པའི་བདེ་བ་བཞིན་དུ་སྡུག་བསྔལ་ཞི་བ་ལ་བདེ་བའི་མིང་བཏགས་པ་ཙམ་ཡིན་པ་དང༌།
འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བསྐྱེད་པ་དང༌།
སྲོག་གཅོད་པ་ལ་སོགས་པའི་ཉེས་པར་སྤྱོད་པ་བསྐྱེད་པ་ཡིན་ལ།
ཆོས་ཀྱི་ལོངས་སྤྱོད་ལས་བྱུང་བའི་བདེ་བ་ནི་ལུས་ཐམས་ཅད་ལ་ཁྱབ།
ནམ་འདོད་དུ་འབྱུང༌།
ཁམས་གསུམ་གར་ཡོད། འཕགས་པའི་ནོར་ཐོབ།
ལོངས་སྤྱད་པས་མི་ཟད་པའི་སྟེང་དུ་འཕེལ།
དགྲ་ལ་སོགས་པས་མེད་པར་བྱར་མེད།
ཚེ་ཕྱི་མར་འཁྱེར་དུ་ཡོད།
མཐར་ཕྱིན་པས་ངོམས་པ་ཡོད།
ཚེ་འདི་དང་ཕྱི་མའི་སྡུག་བསྔལ་གང་ཡང་མི་བསྐྱེད།
བདེ་བ་མིང་རྟགས་པ་ཙམ་ཡིན།
ཉོན་མོངས་པ་དང་ཉེས་སྤྱོད་ཐམས་ཅད་འཇོམས་པས་ཆོས་ཁྱད་པར་འཕགས་པ་ཡིན།
གསུངས།
དགེ་བཤེས་འབན་ལ་ཡོན་བདག་འདྲ་མཇལ་ཡོང་ཟེར་བས།
དཀོན་མཆོག་གི་མཆོད་པ་ཅི་བཟང་བཤམས།
དེར་བསམ་པ་ལ་བརྟགས་པས་ཡོན་བདག་གི་ངོར།
མཛེས་ཆོས་འདོད་པར་སྣང་བས།
སླར་ཐལ་བ་སྤར་བ་གང་གཏོར་ནས།
དགེ་སློང་རང་ཟོ་མ་བྱེད་པར་བཞུགས་ཤིག་གསུངས།
དེ་ཕ་དམ་པས་གསན་པས།
བདེ་བ་དཀོན་མཆོག་མཆོད་པ་ལ།
འབན་གུང་རྒྱལ་གྱི་ཐལ་བ་སྦར་བ་གང་པོ་དེ་བཟང་གསུངས།
རྒྱལ་ལྷ་ཁང་དུ་ཞོ་སྟོན་ཞིག་བྱུང་བ།
ལག་བདེ་བས་གྲལ་གོང་ཡར་ཆོབ་ཆོབ་དྲངས་པས།
འབན་སྙམ་འདི་ན་མར་ལ་མི་ཐེབས་པ་བྱེད་པ་འདུག་སྙམ་དུ་བྱུང་བ་ལ།
དྲན་པས་ཟིན་ནས་ཁྱོད་ཁ་ན་དགོངས་ཏེ་ཕོར་བ་ཁ་སྦུབ་བཞག
།ཞོ་བཟེད་བྱས་པས།
བློ་ཉེས་པོས་ད་ཅི་ནས་འཐུངས་ཟིན་གསུངས་ནས་བཞེས་མ་ཉན།
ཁོང་གི་ཡོ་བྱད་ཐན་ཐུན་ཡོད་པ་རྣམས་རྒྱལ་ལྷ་ཁང་དུ་ཕུལ་ནས་སྤྲང་གིན་ཆོས་མཛད།
སྐབས་ཤིག་འཕེན་ཡུལ་སྟོད་དུ།
བརྡུངས་དང་རྐུན་མ་མང་དུ་བྱུང་བས།
མི་རྣམས་ཀྱི་དངོས་པོ་སྦས་སྐུངས་དང་རུབ་འཆོས་བྱས་པའི་སྐད་གསན་པས།
ཁོང་ལ་ཆུ་བུམ་གོག་པོ་ཞིག་དང༌།
ཆོས་གོས་ཤིག་མ་གཏོགས་རྫས་མེད་པས།
ཆོས་གོས་དེ་དཔུང་པར་བཀལ།
ཆུ་བུམ་དེ་ཕྱག་ཏུ་ཐོགས་ནས།
ངའི་རུབ་འཆོས་འདི་མིན་བྱ་ཐབས་ཡོད་དམ་གསུངས།
དེ་ལ་པོ་ཏོ་བ་མཉེས་ནས།
འབན་གྱི་རུབ་འཆོས་དེ་ཡིན་གསུངས་ནས།
སྣམ་བུ་ཞིག་སྐུར་ཁོ་ལ་འཆི་བ་འོང་བས་རོ་དཀྲིས་དགོས།
འོ་ཅག་ལ་མི་འོང་བས་མི་དགོས་གསུངས།
ཆོས་བྱེད་པ་ལ་ཁོང་གི་དེ་འདྲ་ཞིག་དགོས་ཏེ།
རྒྱགས་དང་ཇ་དང༌།
ཆུ་སྔོར་མང་པོ་ཚགས་བྱེད་པ་ལ་ཆོས་མི་འོང་གསུངས།
བྲག་དཀར་བས་ཀྱང༌།
༼གྲབ་པ་དང་པོ་ཏོ་བའི་དངོས་སློབ་དཔེ་ཆོས་དང་པོར་སྡེབ་མཁན།
ཐག་དཀར་བ་བོད་ཁར་བཞུགས།
དགུང་ལོ་བརྒྱད་ཅུ། གྲྭ་པ་སུམ་བརྒྱ།
གྲ་པ་ཡ་འཕན་ཡུལ་གྲ་བབ།
གྲ་གནས་གསར་དང་ཕོ་བྲང་སྡིངས་བཏབ།
མཚན་གཞོན་ནུ་འོད།
དགུང་ལོ་རེ་ལྔ་བཞུགས་སོ།
།༽
ཕན་བུས་ཀྱང་གུང་རྒྱལ་གྱི་རུབ་འཆོས་དེ་ལ་ཨ་ན་རེ་བསྟན་འཚལ་ཅེས་བྱས་གསུངས་ལོ།
།
འབན་གྱི་ཞལ་ནས།
ང་མི་སྐྱའི་དུས་ན་མདའ་གཞུ་ཚོར་མ་འདྲ་བ་བཏགས།
གྲི་གཉིས་གསུམ་རེ་བཙུགས་ཀྱང་དགྲ་མང་ཟུན་ཉུངས།
ང་ཕོ་རེང་མི་གཅིག་ལ་སྟོན་ཐོག་བཞི་བཅུ་ཐོན་པས་གྲོང་པ་རྣམས་ཀྱིས་ངའི་མིང་བཞི་བཅུ་སྡིགས་སུ་བཏགས།
ཉིན་མོ་ལ་ཁའི་ཇག་པ།
མཚན་མོ་གྲོང་གི་རྐུན་མ་བྱས་ཀྱང་ལྟོ་མ་ཕྱིད།
ང་མཚོན་ཆ་སྤངས་པས་དགྲ་མི་གཅིག་མེད།
ལས་ཀ་མཆིལ་མ་རྡོ་ལ་མི་འབོད་ཏེ་ལྟོ་ཕྱིར།
མུ་གེ་ཅི་བྱུང་ཡང་སུ་ཕྱུག་པ་གཅིག་དང་མཇིང་བསྒྲིལ་ནས་ཟར་ཡོད།
སྔར་ངའི་ཁས་ཟས་མི་རྙེད།
།ད་ལྟ་ཟས་ཀྱིས་ངའི་ཁ་མི་རྙེད།
ཟོས་པས་ནི་མི་འཛད། འཐུང་པས་ནི་མི་ཡོག
།ཆོས་བདེན་བསམ་པ་འདི་ཉིས་བསྟུད་སུམ་བསྡུད་འཆོར།
ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྱོན་པ་ན་བོད་སྟོན་རྣམས་རྟ་རྨིག་ལྕགས་ཀྱིས་གཏུམས་ནས་ལྟ་བ་རྩད་གཅོད་པར་མངའ་རིས་ཕྱོགས་སུ་འགྲོ་བ་ལ།
ཁོང་མི་ཚེར་ཐོས་པ་བྱས་ཡང་འགྲོ་ན།
ད་ཐོས་པ་མ་བྱས་པ་ཡང་འགྲོ་དགོས་བསམ་པ་ལ་ཡང་ག་རེ་ཐོས་པ་བྱས་ན་ཉོན་མོངས་ཆུང་ངུ་འགྲོ་ཟེར་བ་ལ།
ངའི་ཉོན་མོངས་པ་ནི་ཆུང་ངུ་སོང་འདུག
།ཁོང་ཐོས་པ་བྱས་པ་ཉོན་མོངས་པ་ཆུང་ངུ་མ་སོང་བ་འདི།
ཁ་བརྒྱུད་མར་སོང་བས་ལན།
ད་ནི་ང་རང་གི་འདིས་ཆོག་པར་སྣང༌།
ད་ནི་སྟོན་པ་ཞིག་བྱས་ཀྱང་ཡོད་དམ་སེམས།
སྒོམ་ཆེན་ཞིག །གཙོ་བོ་ཞིག
།གནས་བརྟན་ཞིག་བྱས་ཀྱང་ཡོད་དམ་སེམས་གསུངས།
ཁོང་ཉོན་མོངས་པ་དང་འཐབ་པའི་དུས་སུ་འདོད་པའི་བློ་སྐྱེས་པ་ན།
ཕྱག་གཡས་པས་གཡོན་ནས་འཐེན་གྱིན་ཁོ་དེ་འབན་གུང་རྒྱལ་
༼སྐུ་ཚེ་རིང་བ་གཤེགས་པ་མེད་པར་རིག་འཛིན་གྱི་གནས་སུ་བཞུགས་པ་ཡང་ཟེར།
ཆོས་པ་བཟང་བསྐྱིད་པའི་ཚད་ཕེར།
ད་དུང་ཁོང་གི་སྙན་གྲགས་སྒྲོགས།
པོ་ཏོ་བོའི་སློབ་མ་གཉེན་པོ་བཟང་བ་འཚད་ཕེར།
འཁྲུངས་ས་འཕན་ས་ཡུལ་ལོ།
།༽ གསུངས། ནས་ངན་བརྒྱ་རིགས་རྗེད་བྱེད།
རང་གིས་རང་ཚར་གཅོད།
ཉོན་མོངས་པ་ཆུང་ཉལ་བ་བྱུང་བ་ན།
དགེ་སློང་ཚུལ་ཁྲིམས་རྒྱལ་བ་གསུངས་ནས།
ཕྱག་གཡས་པ་ནས་འཐེན་གྱིན་རང་སྤྲོ་བ་སྐྱེད་པ་ཡིན་སྐད།
ཅི་ལ་འཚལ་ན་ཁོང་ཇག་རྐུན་ཅིག་གིས་ཚེ་བློས་གཏང་བ་ལ་དེ་ལྟར་འབད་པས་བདེ་སྐྱིད་དེ་འདྲ་བ་འབྱུང་གདའ་ན།
པོ་ཏོ་བའི་ཞལ་ནས་ཀྱང༌།
ཆོས་ཤིག་བྱས་ན་ཚེ་འདི་རང་ལ་གཞན་དང་མི་འདྲ་བ་ཞིག་ཡོད་སྟེ།
ད་མི་སྐྱའི་དུས་གསེར་ཁར་ལན་གསུམ་ཕྱིན་པ་ལ།
གསེར་ཞོ་གཅིག་ཀྱང་མ་རྙེད།
ད་ལྟ་ནི་ཉིན་རེ་ལའང་གསེར་སྲང་མང་པོ་ཡོད་ཡུད་བ་ལུང་པ་ན་ཁམ་ལུང་པ་ལས་བདེ་སྐྱིད་སྙན་གསུམ་ཆེ་བ་མེད།
ཀླུངས་ཤོད་ན་སྤྱན་སྔ་བ་ལས་སྐྱིད་པ་མེད།
དམ་ཆོས་བཞིན་བྱས་པ་ལས་བྱུང་བ་ཡིན་གསུངས།
སྤྱན་སྔ་བས་
༼སྤྱན་སྔ་བའི་མཚན་ཚུལ་ཁྲིམས་འབར།
ཇོ་བོ་རྗེ་ལས་ཆོས་འབྲེལ་ཐོབ།
གཙོ་བོར་སྟོན་པས་བསྐྱངས།
རྭ་སྒྲེང་དུ་ཁམས་པ་ཡེ་ཤེས་འབར་དང་ཁོང་གཉིས་ལ་ཏིང་ངེ་འཛིན་བཟང་བའི་ཚད་དུ་བྱེད།
འབར་བ་རྣམ་གཉིས་སུ་གྲགས།
ལོ་དགོན་པ་བཏབ། སྐུ་ཡོན་མཐའ་ཡས།
སྟོད་ལུངས་པ་རིན་ཆེན་སྙིང་པོ་སྤྲུལ་སྐུ་བྱ་ཡུལ་བ་དང༌།
མངར་དགོན་པ་བརྩོན་འགྲུས་འབར་ཟེར་པ་ཕག་སྒོམ་སྤྱན་སྔ་བའི་མཉམ་པ་གཞིར་གྲགས་པ་སོགས་སུ་ཆེན་མང་དུ་བྱོན།
དགུང་ལོ་བདུན་ཅུ་དོན་གཅིག་བཞུགས།
ཚོགས་པ་བདུན་བརྒྱ་ཙམ་འདུས་སོ།
།དང་པོའི་དུས་ཙམ་པ་ཆད་ཀྱིན་ཟ་ཚོད་རེ་ཙམ་ལ་བསྟེན།
ཤམ་ཐབས་ལ་ལྷན་པ་མེད་པར་ཀོམ་པོ་རྒྱབ་པས་སྤྱན་སྔ་ཀོ་ཤམ་ཅན་དུ་གྲགས།༽
ད་ལྟ་ནི་འཛམ་བུ་གླིང་པ་ཀུན་ཡང་ངས་གསོས་ཀྱང་སོས་སམ་སྙམ་གསུངས།
དེ་བཞིན་དུ་མི་ལ་དང་དྭགས་པོ་དང་རྒོད་ཚངས་པ་ལ་སོགས་པ།
དང་པོ་མི་སྐྱེའི་དུས་སུ་སྡུག་བསྔལ་ཅི་འདྲ་བྱུང་དེ་ནས་ཆོས་ལ་ཞུགས།
ཚེ་བློས་གཏང་བས་མགོ་ནག་གི་མི་ལས་སྐྱིད་པ་རེ་བྱུང་བ་དེ་ཡིན།
དེ་བཞིན་དུ་སྔོན་གྱི་བླ་མ་དམ་པ་ཐམས་ཅད་ཀྱི་རྣམ་ཐར་ལ་བསམས་ན་དེ་འདྲ་མ་ཤ་སྟག་ཡིན།
རང་རེ་རྣམས་ཀྱང་དེ་རྣམས་ལ་བསམས་ལ།
ཕ་ངས་ཚེ་བློས་བཏང་བས་སྐྱིད་པོ་མ་བྱུང་བའི་ག་ལེ་མེད།
ཚེ་བློས་མ་ཐོངས་པ་ལ་སྐྱིད་པ་བྱུང་བའི་ག་ལེ་མི་སྣང་ན་ཅིའི་དོན་ལ་ཚེ་བློས་མི་གཏོང་སྙམ་བསམ་ལ།
ཐམས་ཅད་ཕོངས་ཕྱིས་པའི་རྡོ་བཞིན་དུ་སྤང་བར་བྱ་སྟེ།
ཡང་དགོན་པའི་ཞལ་ནས།
ཚེ་འདིའི་ལྟོས་ཐག་གཅད།
ལྟོ་རྒྱབ་ལ་གྱོང་བསྐུར།
ལུས་སྲོག་ཐེང་ལ་བོར།
བཀའ་རྒྱུད་རྣམས་ཀྱི་རྣམ་ཐར་བསམས།
ག་ཆ་དང་སྡུག་སྲེན་བསྐྱེད།
རི་ཁྲོད་བསྟེན་ཅིང་སྒྲུབ་པ་སྙུགས་བསྲིངས་ནས་བསྒོམས་པས་ནང་ནས་སྐྱེ་ཚུལ་ཞིག་འོང་བ་ཡིན་གསུངས།
བླ་མ་ཡེ་དགོན་པའི་ཞལ་ནས།
མི་ཟེར་ཚད་ཀྱི་འདྲ་འདྲ་འགྲིག་འགྲིག་མང་པོ་བས།
སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་ཐར་གདན་དུ་བཏིང༌།
དེ་རྣམས་ཀྱི་དང་པོའི་དུས་ནས་ཕྱིས་ཀྱི་བར་དུ་ལག་ལེན་ལ་ཅི་འདྲ་ཞིག་བསྐྱངས་འདུག་པ།
དེ་བྱས་ན་བཟང་བ་མི་བསླུ་བ་ཞིག་འོང་བ་ལགས་སོ་ཨང་གསུངས།
པོ་ཏོ་བའི་ཞལ་ནས།
འདི་མ་གོ་བས་བདག་ཉིད་ངན་པའི་གར་བྱེད་དེ།
ཚེ་ཐུང་འདི་ལ་སྤྱོད་པ་ངན་པ་མི་འདྲ་བ་མང་པོ་སྟོན་པ་ཡིན་གསུངས།
འདི་གོ་ན་སྤྱོད་ངན་རྣམས་མི་བྱེད་པར་རང་མགོ་རང་གིས་ཐོན་པའི་འདུན་མ་ཤེས་པ་ཞིག་འོང་སྟེ་གསུངས།
དགེ་བཤེས་སྡིངས་པ་
༼འདི་བོ་ཏོ་བའི་སློབ་མ།
རུས་ཞང་པ་ཚབ། མཚན་ཤེས་རབ་རྒྱ་མཚོ།
སྡིངས་སུ་གཞན་དོན་བསྐྱངས།
དགུང་ལོ་དྲུག་བཅུ་རེ་བརྒྱད་བཞུགས་སོ།
།༽ ཕ་ལ་གདམས་ངག་ཞུས་དུས་གདམས་ངག་མེད།
ང་ཕ་གཙོ་རྒན་གྱི་བུ་ཡིན་པས་མདུན་མ་ཞིག་བསླབ་ན་གསུངས།
སྐྱེས་མཆོག་པས་ཀྱང༌།
སེམས་ལ་ཁུར་མེད་བར་སྡོད་པ་ལས་སྐྱིད་པ་མེད།
བྱ་བྱེད་མེད་པར་སྡོད་པ་ལས་སླ་པ་མེད།
སེམས་གཉེར་མེད་དུ་འཇོག་པ་ལས་དོན་ཆེ་བ་མེད་གསུངས།
ས་པཎ་གྱི་ཞལ་ནས་ཀྱང་
༼ས་པཎ་ནི་ཐམས་ཅད་མཁྱེན་པ།
འཇམ་དབྱངས་སོགས་ཞལ་གཟིགས།
རྒྱ་བོད་ཐམས་ཅད་དུ་བསྟན་པ་སྤེལ།
ལོ་བདུན་བཅུ་བཞུག
།སློབ་མ་བཤད་ཀ་འཛིན་པའུ་ཡུག་པ་རིག་པའི་སེང་གེ་སོགས།
ཁང་གཉན་ཞང་གསུམ་དུ་གྲགས་པ་དང༌།
སྒྲུབ་པའི་བརྒྱུད་འཛིན་དམར་ཆོས་རྒྱལ།
ལྷོ་བ་ཀུན་མཁྱེན་རིན་ཆེན་སོགས།
རྟོགས་པའི་རྒྱུད་འཛིན་ཚོགས་སྒོམ་ཀུན་དགའ་དཔལ།
གྲུབ་ཐོབ་ཡོན་ཏན་མཐའ་ཡས་སོགས་མང་ངོ༌།
།༽
རང་དབང་ཐམས་ཅད་བདེ་བ་སྟེ།
།
གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན།
།
བདེ་བའི་མཆོག་ནི་སེམས་སྐྱིད་པ།
།
ནོར་གྱི་མཆོག་ནི་སྦྱིན་པ་སྟེ།
གྲོགས་ཀྱི་མཆོག་ནི་མི་བསླུ་བའོ།
།
བློ་ལྡན་ཚེ་འདི་བསྒྲུབ་ན་ཡང༌།
།
ཆོས་ཀྱི་བསྒྲུབ་ན་བདེ་བར་འགྱུར།
།
དམ་པ་རྣམས་དང་ཆོམ་རྐུན་གྱི།
།
ཕུན་སུམ་ཚོགས་པའི་ཁྱད་པར་ལྟོས།
གསུངས།
ཞང་བཙུན་ཡེང་པའི་
༼རྔོ་བོའི་ དངོས་སློབ་བྱང་ཆུབ་སེམས་དཔའ་ཞིག་བྱོན།
སྐུ་མཆེད་གསུམ་གྱི་བླ་མ་ཡིན།
གཤེགས་དུས་ལྷའི་རོལ་མོ་ཀུན་གྱིས་ཚོར་བ་བྱུང༌།༽
ཞལ་ནས། འཁྱགས་རིས་ཤི་ན་ཡང་ཤི།
ལྟོགས་རིས་ཤི་ན་ཡང་ཤི་སྙམ་ནས་ཆོས་ཤིག་བྱས་ན་འཁྱགས་རིས་འཆི་ངེས་ཀྱང་མེད།
ལྟོགས་རིས་འཆི་དེས་ཀྱང་མེད་གསུངས།
ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་
༼རྒྱལ་ལྷ་ཁང་འདེབས་མཁན་ལུང་རྟོགས་མཐའ་ཡས།
བོད་ཀྱིས་ཀླུ་མེས་སོགས་བསྟན་པ་བར་དང་ལ་ཐེ།
དགེ་བཤེས་སྟོན་པའི་བླ་མ་ཡང་ཡིན་ད་ལྟ་བོད་ཀྱི་སྡེ་དགོན་ཐམས་ཅད་ཀྱི་སྔ་ཤོས་བཟང་ཤོས་རེ་ལ་ཐེ་བར་གདའ།
དང་པོ་བླ་མའི་བྱིན་རླབས་གཞན་དང་མི་འདྲ་བའི་ཁྱད་པར་ཅན་དུ་འདུག
།༽ གི་ཞལ་ནས་ཀྱང༌།
ཞག་ཁ་ཅིག་རི་གསེབ་ཏུ་ལྟོགས་པར་བསྡས་པས།
སྔོན་ལ་ཕྱུག་རྫིས་འཇོར་བ་སྟེར།
དེ་ནས་གྲོང་གསེབ་པ་སྤྲན་ནས་སྟེར་དུ་འོང༌།
གསུངས།
ཚུལ་ཁྲིམས་འཆལ་བ་ཚར་གཅོད་པའི་མདོ་ལས།
ཤཱ་རིའི་བུ་ངའི་བསྟན་པ་ནི་ཉེས་པས་འཐབ་པར་མི་འགྱུར་ལ།
ངའི་ཉན་ཐོས་རྣམས་ནི་ཆོས་གོས་དང་བསོད་སྙོམས་ཀྱིས་དུབ་བར་མི་འགྱུར་བས།
ཤཱ་རིའི་བུ་སངས་རྒྱས་ཀྱི་ས་ལ་མངོན་པར་བརྩོན་པར་གྱིས་ཤིག
།ཤཱ་རིའི་བུ་འཇིག་རྟེན་ཟང་ཟིང་ལ་གཅེས་པར་མ་བྱེད་ཅིག
།ཤཱ་རིའི་བུ་ལྟོས་ཤིག
།ད་ནི་འདི་སྐད་ཅེས་རྣལ་འབྱོར་སྤྱོད་པའི་དགེ་སློང་རྣམས་ལ་ནི་ལྷ་བྱེ་བ་སྟོང་ཕྲག་དག་བདེ་བ་ཐམས་ཅད་ཀྱིས་སྟོངས་པས་བརྩོན་པར་གནས་སྟེ།
ཤཱ་རིའི་བུ་མིས་ནི་དེ་ལྟ་བུའི་མཆོད་པར་དང་བསྙེན་བཀུར་བྱ་བར་མི་ནུས་སོ།
།ཞེས་གསུངས།
ཤཱ་རིའི་བུ་གང་ཞིག་དེ་བཞིན་གཤེགས་པའི་ཕྱིར་རབ་ཏུ་བྱུང་ནས་ཆོས་དེ་ལ་ཡང་བརྩོན་འགྲུས་ཀྱིས་གནས་ན།
འདོད་པ་ཆུང་པའི་ལྷ་རྣམས་དང༌།
འདོད་པ་ཆུང་བའི་མི་རྣམས་དང༌།
འདོད་པ་ཆུང་བའི་སེམས་ཅན་ཐམས་ཅད་ལས་དགེ་སློང་རྣལ་འབྱོར་སྤྱོད་པ་དེའི་ལྷུང་བཟེད་དང་ཆོས་གོས་འབྱུང་བར་འགྱུར་རོ།
།ཞེས་གསུངས།
སྙིང་རྗེ་པད་དཀར་ལས།
སྔོན་བཅོམ་ལྡན་འདས་ཀྱིས་ཐུགས་བསྐྱེད་དུས་བདག་གི་བསྟན་པ་ལ་ཆོས་གོས་དུར་སྨྲིག་སོར་བཞི་འཆང་བའང་བཟའ་བཏུང་བསམས་པ་བཞིན་མ་ཐོབ་ན་བདག་གིས་སངས་རྒྱས་བསླུས་པས་སངས་རྒྱས་མི་ཐོབ་པར་གྱུར་ཅིག
།ཅེས་བཤད་ཡང་ཁྱིམ་པའི་སྐྱེ་བོ་ཐམས་ཅད་ཀུན།
།སེན་མོའི་སྟེང་དུ་ཞིང་རྨོད་ཀྱང༌།
།ང་ཡི་རབ་ཏུ་བྱུང་བ་རྣམས།
།འཚོ་བས་ཕོངས་པར་མི་འགྱུར་རོ།
།གསུངས།
སྤྱན་སྔ་རིན་པོ་ཆེའི་ཞལ་ནས་ཀྱང༌།
འོ་ཅག་ལྟོ་རྒྱབ་ཀྱི་འཚོ་བས་ཕོངས་ཀྱང༌།
བློ་ཕུག་སྤྲང་ལ་གཏད་པས་དད་ལྡན་ཀུན་གྱིས་མཆོད་པའི་གནས་བྱེད།
དེས་ན་ལོངས་སྤྱོད་ཀྱི་གཙོ་བོ་ཞེན་ཆགས་མེད་པ་མིན་པས།
ཀ་ཆའི་སོགས་རུམ་བྱ་བའི་དོན་མེད།
འོ་ཅག་ལ་མིས་འཕྱར་ཁ་བཏང་ཡང༌།
རང་སེམས་ལ་ཟོལ་ཟོག་མེད་པ་ཞིག་བྱས་པས་གཞུག་ཀུན་གྱི་ཡིད་དུ་འོང་བ་ཞིག་ཡོང་པ་ཡིན་ཏེ།
དེས་ན་སྙན་གྲགས་ཀྱི་གཞི་མ་སྤྱོད་ལམ་ལ་སྐྱོན་མེད་པ་ཡིན་པས་ཚུལ་འཆོས་བྱ་བའི་དོན་མེད་གསུངས།
དགེ་བཤེས་ཁ་རག་པའི་ཞལ་ནས།
༼ཡུལ་གཙང་སྟོང་དུ་ཞུར་བ།
འཕན་ཡུལ་སྤྲས་ཀྱི་བྲག་རྒྱབ་ཏུ་སྒྲུབ་བརྩེ་གཅིག་ཏུ་མཛད།
དགེ་བཤེས་དགོན་པའི་བུ་ཆེན་ཡིན།
ཁ་རག་ཕུག་ནག་ཏུ་བསྒོམས་པས་ཁ་རག་སྒོམ་ཆུང་དུ་གྲགས།
སྦ་སྒོམ་གྱི་ཡང་སློབ་མ་ཡིན་ནོ།
། སློབ་མ་རྡུལ་སྟོན།
ཟངས་དཀར་མཛོད་ཁུང་ལྷོད་པ་དྷརྨ་སྐྱབས་སོགས་སོ།
།༽
ཚེ་འདིའི་ལྟོ་གོས་ཇི་ལྟར་བྱས་ཀྱང་ཕྱིད།
།
ཤི་ནས་བྱང་ཆུབ་འབྲས་བུ་བཙལ་དུ་མེད།
སང་འཆི་གནང་འཆི་བདག་གིས་མི་ཤེས་པས།
།
དེ་བས་བྱང་ཆུབ་མྱུར་དུ་བཙལ་བར་རིགས།
།
སོ་ནམ་མ་བྱས་ཡོ་བྱད་མ་བསགས་ཀྱང༌།
།
སྒོམ་ཆེན་འཁྱགས་སམ་བཀྲེས་ནས་གྲོངས་པ་དག
།
སྔོན་ཆད་མཐོང་ཞིང་ཐོས་པ་ཅང་ཡོད་དམ།
ཕྱིན་ཆད་ནམ་ཡང་མཐོང་ཞིང་ཐོས་མི་འགྱུར།
གསུངས།
པོ་ཏོ་བའི་ཞལ་ནས།
ཁ་བ་ཉིན་དགུ་མཚན་དགུ་བབ་ཀྱང༌།
ལྕོགས་རང་ཤོད་རྙེད།
དེ་བཞིན་དུ་རྒྱལ་ཁམས་མ་བདེ་ཚེས་འགྲིགས་འགྲིབས་བྱས་ཀྱང་ཆོས་ནན་ཏར་བྱེད་ན་གབ་ས་དང་སྡོད་ས་དང་ཆོས་འགོ་འདོན་མ་རེ་རྙེད་གསུངས།
གཙང་པ་རྒྱ་རས་
༼གྲུབ་ཐོབ་གླིང་རས་གྱི་བུ་ཆེན།
འབྲུག་དང་ར་ལུང་གི་དགོན་པ་བཏབ།
ནཱ་རོ་པའི་སྤྲུལ་པར་གྲགས།
སློབ་མ་ལོ་རས་རྒོད་ཚང་པ་གཉིས།
ས་སྐྱར་གཉིས། རྒྱ་འབྲས་གཉིས་སོགས་མང༌།
རྟེན་དགེ་སློང་དུ་བཞུགས།༽
ཀྱི་ཞལ་ནས།
ཚེ་བློས་གཏོང་བའི་ཚེ་འདི་ལ་མ་ཆགས་པ་སྦྱིན་པའི་རབ།
ཅི་བྱས་སེམས་ཅན་གྱི་དོན་དུ་འགྱུར་བ་འགྲོ་དོན་གྱི་རབ།
ཡུལ་གང་ལའང་ཆོག་ཤེས་སྐྱེས་པ་ཕྱུག་པོའི་རབ།
རྒྱལ་ཁམས་གར་ཕྱིན་ཡང་ཆོག་བ་ཕ་ཡུལ་གྱི་རབ།
གནས་གར་ཉལ་ཡང་སྐྱིད་པ་གང་བཟང་གི་རི་རབ།
ཉམས་མྱོང་སྐྱོ་རགས་སུ་བཟང་བ་གྲོགས་པོའི་རབ།
བརྩམས་པ་མཐར་འདོན་པ་ཕོ་རྒོད་པའི་རབ།
རང་དབང་རང་གིས་ཐོབ་པ་ཁ་དྲག་གི་རབ།
སེམས་ཆགས་སྡང་གི་དབང་དུ་མ་ཤོར་བ་སྙིང་རྗེའི་རབ།
ཚུལ་མིན་ཡིད་ལ་མི་འགྱུ་བ་ཚུལ་ཁྲིམས་ཀྱི་རབ།
བློ་སེམས་ཉམས་དང་ལྡན་པ་མཁའ་འགྲོ་བསྡུད་པའི་རབ་ཡིན་གསུངས།
རྒྱལ་སྲས་རིན་པོ་ཆེ་ནི་ཚེ་བློས་གཏོང་བ་སྒྲིབ་པ་སྦྱོང་བའི་ཡང་མཆོག་ཡིན་གསུངས།
ཀུན་སྤངས་གྲགས་རྒྱལ་གྱི་སློབ་མ་དགེ་བཤེས་ཁ་རག་པ་བྱ་བ་ཡོན་ཏན་དང་སྐུ་བསོད་ཆེན་པོ་བྱས་པ་ཞིག་ལ་མཛེ་བྱུང༌།
ཐབས་ཅི་བྱས་ཀྱང་མ་ཕན།
ནུབ་གཅིག་ནད་འདིས་གང་ལྟར་ཡང་མི་ཁྱུན་ས་འབུད་པ་ལ་ད་འབུད་ངོ་ཤེས་པ་ཞིག་བྱ།
ལོངས་སྤྱོད་གང་ཡོད་དགེ་ཕྱོགས་ལ་བཏང༌།
སྐྱིད་མོ་རྫ་འཕྲེང་གི་རྫ་འོག་དེར་བསྡད་ལ།
ལྟོ་ལ་ལམ་ཟན་སློང༌།
མ་ཎི་འདྲེན་སྙམ་པ་བྱུང༌།
དེ་ནུབ་རྨི་ལམ་ན་ཁོང་ཆུས་ཁྱེར་བས།
མི་དཀར་པོ་ཞིག་གིས་ཆུ་ནས་བཏོན་སྐྱི་མོ་རྫ་འཕྲེང་གི་བྲག་སྟེང་དུ་བཞག་པས།
ལུས་ལས་ཆུ་མང་པོ་ཟགས་པ་རྨིས།
སད་ཙ་ན་མལ་ཆུས་ཁེངས།
མཛེ་སངས་ཕན་ཟེར་གསུངས།
ཚེ་བློས་གཏང་བ་འདི་ཉམས་རྟོགས་མ་སྐྱེས་པ་སྐྱེས་པ་དང༌།
སྐྱེས་པ་མི་ཉམས་པར་གོང་འཕེལ་དུ་གཏོང་བའི་ཐབས་ཉག་གཅིག་ཡིན་ཏེ།
གྲུབ་ཆེན་ཡུ་མོ་བའི་ཞལ་ནས།
ཉམས་ལ་ཡར་སྐྱེད་མེད་པ་དེ།
།
ཟླ་བ་ཉི་མས་ནོན་པ་འདྲ།
།
དེ་གཉིས་སྣང་གི་ཡུལ་ལ་ཞེན་པས་ལན།
།
སེམས་འཁྲི་བ་ཆོད་ཅིག་སྐལ་ལྡན་ཀུན།
གསུངས།
གཙང་པ་རྒྱ་རས་ཀྱི་ཞལ་ནས།
སྒོམ་སྐྱེས་བདག་པོ་མེད་པ་དེ།
།
ཕྱུག་པོ་རླུང་གིས་ཁྱེར་བ་འདྲ།
།
སེང་གེ་ཁྱི་ཡི་ཟླ་ལ་ཤོར།
།
ནོར་བུ་རིན་ཆེན་འདམ་དུ་བྱིང༌།
།
དེས་ན་ཞེན་ལོག་བདག་པོ་དགོས།
།གསུངས།
ཚེ་འདིའི་ཞེན་པ་མཐའ་དག་ལོག་པ་ཞིག་བྱུང་ན།
ཆོས་གཞན་ཐམས་ཅད་ལ་དགའ་བ་མེད་པར་ཁ་སྤོས་པས་ཆོག་པ་ཞིག་ཡོད་ལ།
འདི་མེད་ན་ཉམས་རྟོགས་ཀུན་ཡོང་ཡོང་འདྲ་འདུག་ཀྱང་མྱུར་དུ་ཉམས་འགྲོ་བ་མང་དུ་མཐོང་ཞིང་ཐོས་ལ་རིགས་པས་ཀྱང་གྲུབ།
འགྲོ་མགོན་གྱི་ཞལ་ནས་ཀྱང༌།
ཚེ་འདིའི་བདར་ཤ་མ་ཆོད་ན།
།
དད་པའི་ཉམས་དང་ཏིང་ངེ་འཛིན།
།
གོང་མ་སྐྱེ་བ་བཞིན་འདུག་ཀྱང༌།
།
དུས་ཚོད་གཅིག་ན་ཉམས་ནས་འགྲོ།
།
འདི་གཅིག་བྱུང་ན་བརྟན་པ་ཡིན།
།
ཆོས་རྣམས་རྒྱུད་ལ་སྐྱེ་བ་དང༌།
།
གནས་དང་གོང་ནས་གོང་དུ་འཕེལ།
།
བློ་སྐྱེད་ཀུན་ཀྱང་ནམ་མཁའ་ཡི།
།
དཀྱིལ་ནས་འཐོན་པ་བཞིན་དུ་འོང༌།
།
དཔེར་ན་ས་བོན་མར་འཛུགས་བཞིན།
།
འདི་ཟུག་ཡར་གྱི་བློ་སྐྱེད་དྲག
།གསུངས།
ཁ་ཅིག་ཆོས་སྙིང་ནས་བྱེད་འདོད་ཀྱི་དད་པ་དང༌།
།ཞེན་ལོག་དང་བློ་ཆོད་རེ་ཆེ་བྱས།
སྡོད་ཚུགས་ཟིན་ཟིན་པོ་ཡོང་ཡོང་འདྲ་ཡོད་ཙ་ན།
ཏིང་ངེ་འཛིན་བཟང་བཟང་པོ་ཞིག་མ་བྱུང་བས་ཡི་མུག་ནས།
ང་འདྲས་ཆོས་བྱས་ཀྱང་ནུས་པ་མི་འཐོན་པ་སྣང་སྙམ་ནས་བཤོལ་བཏོང་སྟེ།
དེ་ནི་གཙང་པ་རྒྱ་རས་གསུང་བ་བཞིན་སྒོམ་སྐྱེས་བདག་པོ་མེད་པ།
སེང་གེ་ཁྱིའི་ཟླ་ལ་ཤོར་བ་རང་ཡིན་ཏེ།
སྔར་མང་དུ་བཤད་པ་ལྟར་གྱི་བློ་མ་སྐྱེས་ན་ནི་བདེ་དགེ་གང་ཡང་ཡོང་པ་མེད།
སྐྱེས་ན་ནི་བདེ་དགེ་ཐམས་ཅད་ཡིད་བཞིན་དུ་ཐོབ་པའི་ཞེན་ལོག་གི་བློ་སྣ།
སངས་རྒྱས་དང་བྱང་སེམས་ཐམས་ཅད་ཀྱིས་རབ་ཏུ་བསྔགས་པ་སྐྱེ་བོ་ཐམས་ཅད་ཀྱི་རྒྱུད་ལ་འབྱུང་བར་དཀའ་བ་འདི་འདྲ་ཉག་ཉུག་བྱུང་དུས་དགའ་བ་བསྒོམ།
སྒྱིད་པ་བགྲད་ནས་མི་སྡོད་པ་ནི་བསོད་ནམས་དམན་པ་རང་ངོ་རང་གིས་མ་ཤེས་པ་ཡིན་ཏེ།
པོ་ཏོ་བའི་ཞལ་ནས།
སོ་མེད་ཀྱང་རྙིལ་གྱིས་འདྲད་ཟེར་བ་བཞིན།
བློ་ཆོས་ལ་འགྲོར་མི་ཉན་ཡང༌།
ང་ཅི་ཙུག་སོང་ཡང་ཆོས་བྱེད་ཟེར་བ་ཞིག་བྱུང་ན།
བློ་སྐྱེད་བྱུང་བ་དང་ཆོས་བྱུང་བ་དེ་དག་ཡིན།
ཚེ་འདིར་སྨོན་པ་མན་ཆོད་སེམས་སྦྱོང༌།
།
དེ་གོང་ས་བོན་ཙམ་ཞིག་འདེབས་ཤིང༌།
དེ་སྦྱོང་སྨོན་ལམ་རྟག་ཏུ་འདེབས་ན།
ཕྱག་རྒྱ་ཆེ་ཐོབ་བཞིན་དུ་དོན་ཆེ།
ཞེས་ཚེ་འདིར་ཞེན་ལོག་གམ་མི་རྟག་པ་ལ་བློ་སྦྱོང་བ་ནས།
སྨོན་པ་སེམས་བསྐྱེད་མན་ཆོད་ལ་བློ་སྦྱོང་བ་ལ་བསྒྲིལ་ནས།
དེ་གོང་ཞི་གནས་ལྷག་མཐོང་སོགས་མ་སྐྱེས་ཀྱང་ས་བོན་ཙམ་འདེབས།
སྨོན་ལམ་འདེབས་བཞིན་པ་ཞིག་གི་ངང་ལ་ཤི་ན་ཕྱག་རྒྱ་ཆེན་པོའི་གོ་འཕང་ཐོབ་པ་བཞིན་དུ་དོན་ཆེ།
བསོད་ནམས་ཆེ་དང་ཆུང་པའི་ཁྱད་པར།
།
ཟང་ཟིང་མང་དང་ཉུང་བས་མ་ཡིན།
།
རང་རྒྱུད་ཕྱིན་ཀྱི་མ་ལོག་ཤེས་པ།
།
སྐྱེ་དང་མི་སྐྱེད་གཉིས་ཁྱད་ཡིན།
།
ཞེས་ཚེ་འདིའི་ཕུན་ཚོགས་མང་བ་བསོད་ནམས་ཅན་མིན།
ཞེན་ལོག་སོགས་ཕྱིན་ཅི་མ་ལོག་པའི་ཤེས་པ་སྐྱེས་ན་བསོད་ནམས་ཅན་ཡིན་གསུངས།
༼བེའུ་བུམ་སྔོན་པོར།༽
རྒྱལ་སྲས་རིན་པོས་ཆེས་ཀྱང༌།
བློ་རྒྱུད་ཆོས་སུ་འགྲོ་ན་ཚོགས་བསགས་མཐར་ཐུག་ཡིན།
ནམ་འཆི་ངེས་མེད་དྲན་ན་སྦྱང་པོའི་མཐར་ཐུག་ཡིན།
སྡིག་སྤང་དགེ་བ་བསྒྲུབ་ན་གྲུབ་པའི་མཐར་ཐུག་ཡིན།
འགྲོ་ཀུན་སྤྱི་བོར་ཁུར་ན་མཐོན་པོའི་མཐར་ཐུག་ཡིན།
ཆོག་ཤེས་བློ་དང་ལྡན་ན་ཕྱུག་པོའི་མཐར་ཐུག་ཡིན།
གང་ལའང་ཆགས་ཞེན་མེད་ན་སྐྱིད་པའི་མཐར་ཐུག་ཡིན།
གསུངས།
དེ་ལྟར་བསམས་པས།
ཚེ་འདིའི་འདོད་པ་ཐམས་ཅད་ལ་ཞེན་པ་ལོག
།དེ་འཕེལ་བས།
འཁོར་བ་མཐའ་དག་ལ་ཞེན་པ་ལོག་པ་ཞིག་བྱུང་ན།
དེ་ཅན་ཐར་པའི་ལམ་སྣ་ཟིན་པ་ཞེས་ཀྱང་བྱ་སྟེ།
དེ་མེད་ན་ཅི་ཡོད་ཀྱང་ལམ་སྣ་མི་ཟིན།
དེ་བྱུང་ན་གཟོད་ཆོས་ཆོས་པའི་ཁྱུར་ཚུད་པ་ལགས་སོ།
།
༼ག༽
ཚེ་བློས་གཏོང་ལུགས།
ཚེ་བློས་གཏང་བའི་ཕན་ཡོན་དང༌།
མ་བཏང་བའི་ཉེས་དམིགས་ནི་དེ་འདྲ་ན།
འོ་ན་ཚེ་བློས་གཏོང་ལུགས་ཇི་ལྟར་བྱ་སྙམ་ན།
༡༽
ཚེ་བློས་གཏོང་བའི་དམ་ཚིག
དེ་ལ་གཙང་པ་རྒྱ་རས་གྱི་ཞལ་ནས།
ཚེ་བློས་གཏོང་བ་ལ་དམ་ཚིག་འདི་རྣམས་དགོས་གསུངས།
༡༽
མི་དང་བློ་སྣ་མི་བསྟུན་པར་གཅིག་པུར་སྡོད་པ་དང༌།
༢༽
ཕ་ཡུལ་སྤོང་བ་དང༌།
༣༽
འདོད་ཡོན་ལ་ཡི་མུག་འབའ་ཞིག་སྒོམ་པ་དང༌།
༤༽
དམའ་ས་འཛིན་ཅིང་སུ་ཡི་ཡང་ངོ་མེ་བསྲུང་བ་དང༌།
༥༽
གཉེན་པོ་ཟློག་སྒོམ་གྱི་བྱ་ར་འཇོག་པ་དང༌།
༦༽
མི་ཟེར་ལ་ཆེད་དུ་མི་འཛིན་པར་ཟེར་མོད་འདུག་མོད་དུ་འཇོག་པ་དང༌།
༧༽
གཅེས་དགུ་རླུང་གིས་ཁྱེར་ཡང་སྡུག་བསྔལ་མི་བྱེད་པ་དང༌།
༨༽
སྤྲང་པོ་ཤི་བ་བཞིན་མི་ཚེ་སྡུག་ཟད་ལ་གཏོང་བ་དང༌།
༩༽
དགོས་མེད་ཀྱི་དྲག་སྔགས་རྒྱུན་དུ་བགྲང་བ་དང༌།
༡༠༽
རང་གི་སྣ་ཐག་རང་གིས་འཛིན་པ་དང༌།
༡༡༽
ཉམས་ལེན་བཟང་པོ་སྤྲིན་བཞིན་འཁོར་བར་བྱ་བ་དང༌།
བཅུ་གཅིག་པོ་འདི་ཡིན་གསུངས།
གཞན་ཡང་ཚེ་བོས་གཏོང་བ་ལ།
མི་རྒྱུད་ལ་སྙིང་རུས་དང་གཅོད་ཁམས་ཆེ་བ་རྡོ་བཅག་པ་འདྲ་བ་ཞིག་དགོས།
འཕྲལ་བདེ་ལ་གཏིང་གཅུ་དཀའ་བ་གཡག་རྒན་གྱི་འཇིང་པ་འདྲ་བ་ཞིག་དགོས།
འདུ་འཛི་ལ་འཇིགས་པ་ཤ་བ་རྫི་ཕོག་པ་འདྲ་བ་ཞིག་དགོས།
རྩིས་གདབ་མེད་པ་ཉེས་ཅན་གཡངས་ལ་མཆོངས་པ་འདྲ་བ་ཞིག་དགོས།
སྡུག་ཐུབ་པ་ཡུགས་མོ་དྭ་ཕྲུག་བསྲེལ་བ་འདྲ་བ་ཞིག་དགོས།
གསུངས།
༵
སྤྱིར་འདོད་པ་སྤོང་བའི་འདོད་པ་ལ་འཕགས་པ་ཐོགས་མེད་ཀྱི་ཞལ་ནས།
དངོས་པོའི་འདོད་པ་དང་ཉོན་མོངས་པའི་འདོད་པ་གཉིས་ཡོད་དེ།
འདི་གཉིས་ཆར་རབ་ཏུ་བྱུང་བས་སྤང་གསུངས།
དངོས་པོའི་འདོད་པ་ནི་ཡུལ་དང་ཞིང་དང་ཁང་པ་དང༌།
ཕ་མ་ལ་སོགས་པའི་ཉེ་འབྲེལ་དང་ནོར་འབྲུ་ལ་སོགས་པའི་ཡོངས་སུ་བཟུང་བ་ཐམས་ཅད་སྤང་ནས་རབ་ཏུ་བྱུང་བ་དེ།
ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞེས་པའི་དོན་ཡང་དེ་དག་ལ་ཟེར།
ད་ལྟར་ཚེ་བློས་གཏོང་ཚུལ་ནི་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་ཚང་མས་བྱེད་པ་ཡིན་ན།
བྱེད་ལུགས་གང་འདྲ་བྱེད་བལྟས་པ་རང་གིས་ཤེས་ཏེ།
༢༽
ཚེ་བློས་གཏོང་བའི་བསླབ་བྱ།
འོན་ཀྱང་ད་ལྟར་གྱི་གང་ཟག་བློ་དམན་པ་ལ་སོ་སོར་ཕྱེ་སྟེ་མ་བཤད་ན་མི་གོ་བས།
སྔར་གཙང་པ་རྒྱ་རས་ཀྱིས་གསུང་པ་བཞིན་དུ་བཤད་ན།
ཚེ་བློས་གཏོང་བ་ལ་བསླབ་བྱ་བཅུ་དགུ་ཡོད་པ་ལས།
༈
དང་པོ་ཕ་ཡུལ་སྤོང་བ།
དང་པོ་ཕ་ཡུལ་སྤོང་བ་འདི་གལ་ཆེ་སྟེ།
དེ་ན་ཞེན་ཆགས་སྐྱེ་བའི་ཡུལ་ཉེ་འབྲེལ་དང་ཞིང་ཁང་ལ་སོགས་པའི་ནོར་རྫས་དང༌།
སྡང་སེམས་སྐྱེ་བའི་ཡུལ་དགྲ་ལ་སོགས་པ་ཡོད་པས།
བློ་ཆགས་སྡང་གི་དབང་དུ་ཤོར་ནས་ཆོས་མི་འགྲུབ།
གལ་ཏེ་རང་ལ་ཆགས་སྡང་མ་བྱུང་ཡང་དེ་རྣམས་ཀྱིས་ཚུར་ལ་ཆགས་སྡང་བྱེད་དུ་འོང་སྟེ།
ཉེ་འབྲེལ་གྱིས་ཁོང་ཚོའི་ཚེ་འདིའི་ཆོས་ཀྱི་གྲོགས་འཆོལ།
གལ་ཏེ་མ་བྱས་ན་སྡིག་གསོག
།དགྲས་སྔར་གྱི་འཁོན་ཙམ་ཡིད་ལ་བྱས་ནས་སྒོ་གསུམ་གྱིས་ཅི་གནོད་བྱེད།
རང་གཞན་ལ་སྡིག་སྡུག་བསྐྱེད་པ་ཡིན།
ཕ་ཡུལ་སྤངས་ན་དེ་འདྲའི་སྐྱོན་མེད་པ་ལགས་ཏེ།
པོ་ཏོ་བའི་གསུངས་ལས།
སྐྱེས་པའི་ཡུལ་སྤངས་ཏེ་དུས་ཐག་པ་སྤོངས།
འདུ་འཛི་ཀུན་སྤངས་ཚུལ་བཞིན་ཡིད་བྱེད།
དེ་ལ་ཐར་པ་རིང་བ་མ་ཡིན།
གསུངས།
སྐྱེས་པའི་ཡུལ་སྤངས།
ཉེ་དུ་དང་འབྲེལ་བ་གཅོད།
མ་བརྟགས་པའི་དངོས་པོ་ཐམས་ཅད་སྤོང་བ་དང་གསུམ་པོ་ནི།
རྭ་སྒྲེང་བའི་བཀའ་སྲོལ་ཡིན་པ་ལ།
ཕྱིས་ཀྱི་མི་ཀུན་གྱིས་འདི་དཀའ་བར་བྱུང་གསུངས།
ལྷག་བསམ་བསྐུལ་བའི་མདོར་ཡང༌།
གང་ནའང་སྤྲོས་པའམ་རྩོད་པ་ཡོད་པ་ལས།
།
དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བ་མཆོག
།
གང་ན་ཉོན་མོངས་ཡོད་པ་དེ་དག་ཏུ།
།
ཡུད་ཙམ་ཞིག་ཀྱང་གནས་ཤིང་འདུག་མི་བྱ།
།
རབ་བྱུང་དོན་འདོད་ཡོན་ཏན་འདོད་པ་རྣམས།
།
སྡང་བའི་སེམས་ཀྱིས་རྩོད་པར་མ་བྱེད་ཅིག
།
ཁྱེད་ལ་ཞིང་མེད་ཞིང་ལས་འཚོང་བྱ་མེད།
།
གང་དག་ནོར་ཕྱིར་འདི་དག་འབྱུང་བ་སྨྲོས།
།
ཁྱེད་ལ་ཆུང་མ་བུ་དང་བུ་མོ་མེད།
།
ཁྱིམ་དང་གཉེན་གྱི་ཚོགས་ཀྱང་ཡོད་མ་ཡིན།
།
བྲན་ཕོ་བྲན་མོ་མེད་ཅིང་དབང་ཕྱུག་མེད།
།གསུངས།
གཙང་པ་རྒྱ་རས་ཀྱི་ཞལ་ནས་ཀྱང༌།
།
ཉོན་མོངས་ཡུལ་ལས་སྐྱེ་བ་ལ།
།ཕ་ཡུལ་མི་སྤང་བའི་སྙིང་མེད་པོ།
།
ཉམས་ལེན་གཉེན་པོས་བྱེད་པ་ལ།
།གཉེན་པོ་མི་བསྟེན་པའི་སྙིང་མེད་པོ།
།
ཆོས་བཤད་རྐྱེན་གྱིས་འབྱེད་པ་ལ།
།རྐྱེན་དང་མི་སྤྲོད་པའི་སྙིང་མེད་པོ།
།
སྐྱེས་པའི་ཕ་ཡུལ་སྤོང་པ་དང༌།
།རླུང་ཁྱེར་ཟེར་ཡང་འགྱོད་པ་མེད།
།
སྤོང་ཐག་བླ་མའི་ཕྱོགས་སུ་ཐོང་དང༌།
།ལྟོགས་ནས་ཤི་ཡང་འགྱོད་པ་མེད།
སྐམ་ཐག་ཆུ་ནང་དུ་ཆོད་དང༌།
།བླ་མ་བསྟེན་ཡུན་ཐུང་ཟེར་ཡང་འགྱོད་པ་མེད།
།
སྐྱེས་པའི་ཕ་ཡུལ་རྒྱབ་ཏུ་བོར་དང༌།
གཉེན་པོའི་རྟེན་འབྲེལ་དེས་འགྲིག
།
འཇིག་རྟེན་གྱི་བདེ་འབྲས་བྱུར་དུ་མཐོང་ན།
དད་པའི་རྟེན་འབྲེལ་དེས་འགྲོག
།
འཇིག་རྟེན་བློས་ཐོངས་དང༌།
།སྦྱིན་པའི་རྟེན་འབྲེལ་དེས་འགྲིག
།
སྐྱེས་པའི་ཕ་ཡུལ་མ་སྤངས་ན་ཆགས་སྡང་རྒྱུན་མི་ཆད་པ་ཡིན་པས་སྐྱེས་པའི་ཕ་ཡུལ་སྤོངས་ཤིག
།
འཇིག་རྟེན་གྱི་བྱ་བ་མ་བཏང་ན་དགེ་སྦྱོར་གྱི་སོ་བསོད་མི་འབྱུང་བས།
བྱ་བ་ཐོང་ཞིག་
ནོར་རྫས་རླུང་ལ་མ་བསྐུར་ན་ཉེ་འབྲེལ་གྱི་ཁོ་ཐག་མི་ཆོད་པས།
ནོར་རྫས་རླུང་ལ་བསྐུར་ཅིག
།གསུངས།
རྒྱལ་སྲས་རིན་པོ་ཆེས།
གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ།
།
དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར།
།
བླང་དོར་བརྗེད་པའི་གཏི་མུག་མུན་ནག་ཅན།
།
ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།
གསུངས།
རྗེ་རེ་མདའ་བའི་
༼མཚན་གཞོན་ནུ་བློ་གྲོས།
ཐམས་ཅད་མཁྱེན་པ།
བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་བརྙེས།
ལོ་ཙཱ་བ་བྱང་རྩེ་སོགས་ཀྱི་བུ་ཆེན་ནོ།
།སློབ་མ་རྗེ་ཙོང་ཁ་པ་སོགས་ཀུན་མཁྱེན་བདུན་དུ་གྲགས་པ་སོགས་ཐོན་ནོ།།༽
ཞལ་ནས།
གང་དུ་གནས་ན་སྣང་ཤས་འཕེལ་འགྱུར་ཞིང༌།
རང་རྒྱུད་རྙེད་བཀུར་ཞགས་པས་འཆིང་བྱེད་ལ།
།
གཞན་རྒྱུད་ཕྲག་དོག་འགྲན་སེམས་ཀྱིས་གདུང་བའི།
།
གནས་དེར་སྐད་ཅིག་ཙམ་ཡང་མི་གནས་སོ།
།གསུངས།
འབའ་ར་བའི་ཞལ་ནས།
དུས་ངན་སེམས་ཅན་ཚོར་ངན་ཆེ།
།
ཁྱིམ་མཚེས་མདོ་གནོན་ཅི་གནོད་བསྐྱེལ།
།
འཛུར་མེད་ཧོར་ཁྲལ་ཆ་མ་མང༌།
།
སྣེ་མཁན་གོ་མཚམས་སྟོངས་དུས་མེད།
།
དུས་ངན་ཕ་ཡུལ་བཟུང་བ་དཀའ་བར་གདའ།
།
སེམས་སྐྱོ་བ་བསྐྱེད་ལ་རི་ཁྲོད་འགྲིམས།
།
རང་ཡུལ་ཆགས་སྡང་སྐྱེ་བར་ཤེས་ལགས་ཀྱང༌།
།
འཕྲལ་གང་མཐུན་རྐྱེན་འཛོམ་པའི་མི་གཉིས་ཆགས།
།
རང་འཐད་དབེན་པར་སྒོམ་པ་ནམ་ཡོད་ན།
།
སྐྱིད་ཆོས་མཁན་ལ་བླ་མའི་ཐུགས་རྗེས་ཟུངས།
གསུངས།
རྒྱལ་སྲས་རིན་པོ་ཆེའི་ཞལ་ནས།
རང་གི་ཉེ་དུའི་བཀུར་སྟི་རབ་སྤངས་ནས།
།
གཞན་གྱི་བཀུར་སྟི་འདོད་ན་བློས་བཏང་སྙོམས།
།
ཡུལ་དང་གཉེན་བཤེས་ལོངས་སྤྱོད་ཀུན་སྤངས་ནས།
།
སྙན་གྲགས་འདོད་པའི་བློ་ཡིས་བཅིངས་གྱུར་ན།
།
ལྕགས་སྒོག་ཆོད་ནས་སྲད་བུས་འཁྱིགས་པ་ཡིན།
གསུངས་པ་ལྟར་ཕ་ཡུལ་མིན་ཡང་རང་གཞན་ཉོན་མོངས་འཕེལ་ན་ཡུལ་གང་ཡིན་ཀྱང་སྤངས་ནས་གནས་ངེས་མེད་བྱ་དགོས་ཏེ།
པོ་ཏོ་བའི་ཞལ་ནས།
སྤྱོད་པ་བསོད་སྙོམས་སྐྱེ་བ་བསྐྱལ་བྱ།
།
འདོད་ཆུང་བསྟན་བྱ་སེམས་ཀྱིས་མི་གདུང༌།
།
ཉི་ཟླ་བཞིན་དུ་ཀུན་ཏུ་རྒྱུ་བྱ།
།
ཡུལ་གཅིག་མི་སྡོད་གནས་གཅིག་མ་བཟུང༌།
།
གྲོགས་དང་སྦྱིན་བདག་ཡུལ་རིང་ཆད་ཡིན།
།
གཉའ་ཤ་སུ་ལའང་སྦྱིན་པར་མི་བྱ།
ཞེས་དང༌།
བསྡད་ན་འཕོངས་རྗེས།
འགྲོན་རྐང་རྗེས་ལས་མེད་པ།
ལྷ་མ་སྣ་བསྒྱུར་ན་བན་གཞིས་རྫོགས་པར་དགོས།
འགྲོ་ན་དངོས་པོ་འདི་དང་འདིའི་འཆོལ་བ་སོད་བྱེད།
འདི་དང་འདི་ཁལ་ལ་འགལ་དགོས་ཟེར་བ་དེས་མི་ཡོང༌།
།ཆོས་དང་འགལ་འགལ་དུས་གཅིག་ཏུ་བསྡད་པས་མི་ཡོང༌།
སྡིག་གསོག་ན་འགྲོ་དགོས་པ་ཡིན།
ཆོས་ཤོར་ན་ཡུལ་མ་ཤོར་ཡང་ཕན་མེད།
ཟླ་བ་སྒྲོན་མེའི་
༼ཏིང་ངེ་འཛིན་རྒྱལ་པོ་དང་གཅིག༽
།མདོར་ཡང༌།
གང་ལ་རྟག་ཏུ་བདག་གིར་བྱེད་པ་མེད།
།
གང་ལ་ཡོངས་འཛིན་རྣམ་པ་ཀུན་ཏུ་མེད།
།
བསེ་རུ་ལྟ་བུར་འཇིག་རྟེན་འདིར་གནས་པ།
།
དེ་དག་ནམ་མཁའ་ལ་ནི་རླུང་ལྟར་འགྲོ།
།བྱ་བ་དང༌།
དྲན་པ་ཉེར་བཞག་ལས།
ཉི་མ་ཕྱེད་ནས་བསོད་ཉོམས་མཆོག
།
བསླངས་ནས་སང་གིར་མི་བྱེད་པར།
།
ལྟོ་འགྲངས་ཙམ་གྱིས་ཆོག་བྱེད་པ།
།
དེ་ལྟ་བུ་ནི་དགེ་སློང་ཡིན།
།གསུངས།
དེ་འདྲ་ཞིག་ཡིན་ན་ཆོས་ལ་གནོད་མ་ཐག་ནས་ལང་འགྲོ་ནུས་པ་ཞིག་ཡོད་གསུངས།
མཁས་བཙུན་གཞོན་ནུ་གྲུབ་
༼དཔལ་རྣམས་བསམས་སྡིང་ས་བཏབ།
ནཱ་རོ་དང་ནི་གུའི་ཆོས་དྲུག་ལ་གཙོ་བོར་མང་དང༌།
མཁས་ཤིང་གྲུབ་པ་བརྙེས་པའི་ཁྱད་པར་ཅན་ཞིག་བྱོན་ནོ།
།༽ ཀྱི་ཞལ་ནས།
གནས་གཅིག་ཡུན་རིང་ཆགས་སྡང་སྐྱེ་བའི་རྒྱུ།
།
འདྲིས་བཤེས་མང་ན་ཕྱོགས་རིས་ཞེན་པ་འཕེལ།
།
གསོག་རུམ་མང་པོས་ལུས་ངག་དགེ་སྦྱོར་ཅོག
།
འཁྲུངས་བ་ཡུབ་གདོང༌།
འདྲིས་མེད་ཡུལ་དུ་འཁྱམས་ན་མི་འཐད་དམ།
།
ཤ་ཚའི་གཏམས་ཡིན་རང་གི་སྙིང་ལ་དྲིས།
གསུངས།
ཡང༌།
འགྲོ་འདུག་མང་པོ་འགྱོད་རྒྱུ་ཡིན།
།
འདུག་ས་ནོན་པ་དགེ་སྦྱོར་འཕེལ།
བྱ་བ་དང༌།
འཕོ་སྐྱས་མང་པོ་དགེ་སྦྱོར་གྱི་སད།
ཅེས་ཀྱང་འབྱུང་བས།
འགྲོའམ་སྡོད་གང་འཐད་དགེ་སྦྱོར་འཕེལ་མི་འཕེལ་ལ་བརྟགས་ནས་བྱེད་པ་ཡིན་ཏེ།
པོ་ཏོ་བའི་གསུང་ལས།
མཐུན་པར་གྱུར་པའི་ཡུལ་དང་གྲོགས་ནི།
།
བྱང་ཆུབ་སེམས་ཀྱིས་འཕང་པའི་བསླབ་གསུམ།
།
གང་དུ་གནས་པས་འཕེལ་བ་དེ་ཡུལ།
།
གང་དང་འགྲོགས་པས་འཕེལ་བ་དེ་གྲོགས།
།
དེ་ལས་ལྡོག་པ་ཡུལ་དང་གྲོགས་མིན།
ཞེས་དང༌།
མེ་ལ་ཙྭ་ཤིང་གི་དམག་དྲངས་
མེ་དང་རྩ་ཤིང་མ་འཚམས་པས།
རྩྭ་ཤིང་གིས་དཔུང་བསགས།
དེར་མེ་ལ་ཁོ་དཔུང་གསོག་གིན་འདུག་བྱས་པས།
ཁོང་དཔུང་ཇི་ལྟར་ཆེ་བ་ཙམ་གྱིས་ངའི་གྲོགས་ཡིན་ཟེར་པ་བཞིན་དུ་སྡུག་བསྔལ་དང་གནོད་པ་ཅི་བྱུང་ཡང་ཆོས་ལ་མི་གནོད་ཀྱི་སྟེང་དུ་གྲོགས་སུ་འགྲོ་ན་ཡུལ་དེ་སྤངས་མི་དགོས་གསུངས།
༈
གཉིས་པ་ཉེ་དུ་སྤོངས་པ།
༈
གཉིས་པ་ཉེ་དུ་སྤོངས་པ་ནི།
གནས་གོང་དུ་ཡིན་ཡང་ཉེ་དུ་དང་འབྲེལ་ཐག་ཆད་པ་གལ་ཆེ་སྟེ།
གཙང་པ་རྒྱ་རས་ཀྱི་ཞལ་ནས།
མི་ཆོས་ལ་ཡི་མུག་སྒོམ་ན་འབྲེལ་ཐག་ཆོད་པའི་རྟགས་ཡིན།
མི་ཆོས་ལ་དྲིན་དུ་གཟོན་ཆགས་སྡང་གི་འདམ་དུ་བྱིང་བའི་རྟགས་ཡིན།
འཇིག་རྟེན་གྱི་བྱ་བྱེད་ཐམས་ཅད་འཁྲུལ་པར་གོ་ན་ཞེན་པ་ལོག་པའི་རྟགས་ཡིན།
ཐམས་ཅད་བདེན་མུག་སྒོམ་ན་འབྲེལ་ཐག་ཆོད་པའི་རྟགས་ཡིན།
མི་ཆོས་ལ་དྲིན་དུ་གཟོ་ན་ཆགས་སྡང་གི་འདམ་དུ་བྱིང་བའི་རྟགས་ཡིན།
འཇིག་རྟེན་གྱི་བྱ་བྱེད་ཐམས་ཅད་ལ་འཁྲུལ་པར་གོ་ན་ཞེན་པ་ལོག་པའི་རྟགས་ཡིན།
ཐམས་ཅད་བདེན་པར་གོ་ན་བདེ་སྦྱོར་དྲེད་པའི་རྟགས་ཡིན།
གསུངས།
ཉེ་འབྲེལ་སྤོང་བ་ཡང༌།
སེམས་ཅན་བློས་སྤོང་དུ་མ་སོང་བ་བྱས་ནས་སྙིང་རྗེ་ནི་བྱ་དགོས་ལ།
ལུས་ལོངས་སྤྱོད་ཀྱི་འབྲེལ་ཐག་གཅོད་དགོས་ཏེ།
དེ་ལྟར་མ་བྱས་ན་ཆོས་མི་འགྲུབ་པས་སོ།
།
འབྲེལ་ཐག་གཅོད་པ་ན་ཕ་མ་ལ་སོགས་པ་ལ་ཞུས་པས་ཁྲོལ་ན་ནི་ལེགས།
བསྡིགས་མོ་དང་ཡི་ཆད་འཁོང་ར་སོགས་ཅི་བྱེད་ཀྱང་དཔའ་ཞུམ་པ་མེད་པར་བྱ་སྟེ།
སྔོན་བཅོམ་ལྡན་འདས་ནས་བཟུང་སྟེ།
ཆོས་མཛད་ཐམས་ཅད་ཀྱང་ཉེ་དུ་རྣམས་མིག་མཆིམས་གང་བཞིན་དུ་བསྐྱུར་ནས་བྱོན་པ་འདི་རྟེན་འབྲེལ་གྱི་ཆེ་བ་ལྟ་བུར་འདུག་པས་སོ།
།
རྒྱལ་སྲས་རིན་པོ་ཆེའི་ཞལ་ནས།
ཉེ་དུ་ལ་སོགས་བརྩེ་བས་ཚེ་འདི་ཡི།
།
ཕུན་ཚོགས་སྒྲུབ་ལ་ནན་གྱིས་བསྐུལ་བྱེད་མ།
།
ཕན་པར་འདོད་ནས་གནོད་ལ་སྦྱོང་བྱེད་པའི།
།
བླུན་པོ་ཚེ་འདི་དོན་གཉེར་དེ་དག་ཉིང༌།
།
ཐར་བར་བྱ་ཕྱིར་ཚེ་འདི་བློས་གཏང་ནས།
།
ཟབ་མེའི་ལམ་ལ་འབད་པར་བྱ་དགོས་པས།
།
དེ་དག་དོན་དུ་དེ་དག་རབ་སྤངས་ནས།
།
དབེན་པར་སྒྲུབ་ལ་བརྩོན་པ་ཤིན་ཏུ་གཅེས།
།
འབྱོར་པའི་ཚེ་ན་བྲོས་ཀྱང་རྗེས་སུ་སྙེགས།
།
རྒུད་པའི་ཚེ་ན་དྲུང་དུ་བསྙེགས་ཀྱང་འབྲོས།
།
བུ་ཡིས་རང་གིས་ཕ་ཡང་གསོད་བྱེད་ན།
།
ཉེ་དུ་རྣམས་ལ་སུ་ཞིག་ཡིད་བརྟན་བྱེད།
།
མངོན་དུ་གྱུར་ན་དགའ་བའི་ཚུལ་སྟོན་ཅིང༌།
།
ལྐོག་ཏུ་གྱུར་ན་མི་སྙན་སྣ་ཚོགས་སྒྲོགས།
།
ཕན་བཏགས་ལན་དུ་གནོད་པ་སྐྱེལ་བྱེད་པའི།
།
བྱིས་པའི་གྲོགས་པོ་མཛའ་ཡང་ངེས་པར་བསླུ།
།
འབྱོར་ཚེ་བཞིན་འཛུམ་ཁ་གསག་སྣ་ཚོགས་ཀྱིས།
།
བདག་གི་འབྱོར་པ་ཐབས་ཀྱིས་འབྲལ་བྱེད་ཅིང༌།
།
རྒུད་ན་བཞིན་བསྡུས་འཐབ་ཅིང་ཅུང་ཟད་ཀྱང༌།
།
ཕན་མེད་གཉེན་བཤེས་སྐྱོང་བ་འཁྲུལ་པར་ཟད།
།
གཉེན་མང་དར་བ་སྡོང་ནས་ཕ་རོལ་འཛོམས།
།
སོ་སོར་གྱེས་ན་ནང་དུ་ཆགས་སྡང་བྱེད།
།
གལ་ལ་བབ་ན་ཕ་བུ་ཕན་ཚུན་གསོད།
།
གཉེན་གྱིས་ཕན་བདེ་འགྲུབ་པ་ཤིན་ཏུ་དཀོན།
།གསུངས།
ཁ་རག་པའི་ཞལ་ནས།
ཚེ་འདིའི་ཕ་མ་བུ་ཚ་དང༌།
།
གཉེན་གཞི་རྩ་ལག་ཐམས་ཅད་ཀུན།
།
མགྲོན་པོ་གནས་མཐུན་ཚོགས་པ་འདྲ།
།
འབྲེལ་མེད་ཡིད་ལ་གྱིས་ཤིག་ཨང༌།
།གསུངས།
རིགས་པའི་དབང་ཕྱུག་གིས།
འདོད་ཡོན་དགྲ་པོའི་དྭངས་མ་འདྲ།
།
ཉེ་འབྲེལ་འཆིང་བའི་ཞགས་པ་འདྲ།
།
ཆེ་འདོད་འགོང་པོ་ཕུགས་ཞུགས་འདྲ།
།
སྣང་ཤས་མ་ཆེ་རྒྱ་མ་པ།
།གསུངས།
སྐྱེས་མཆོག་པའི་
༼མཚན་བསམ་གཏན་དཔལ།
ཞི་བྱེད་པ་རྒྱ་གྲགས་ཆོས་རྗེའི་སློབ་མ་ཞི་བྱེད་ལ་གཙོ་བོར་མཛད།
སྒོ་མོ་དང་ཡ་བ་བཏབ།
ཏིང་ངེ་འཛིན་བརྙེས་པར་གྲགས།༽
ཞལ་ནས།
ཡུལ་ཕ་ཡུལ་གྱི་སྟེང་ནས་ཆགས་སྡང་འབྱུང༌།
།
ཕོ་སྐྱོ་ཤས་ཅན་ཡོད་ན་ཏུར་ཐོན་མཛོད།
།
གཉེན་ཉེ་འབྲེལ་གྱི་སྟེང་ནས་གདུང་སེམས་འབྱུང༌།
།
ཕོ་ཆོས་མཛད་པོ་ཡོང་ན་གདོང་ཆུང་མཛོད།
།
ནོར་དངོས་པོའི་སྟེང་ནས་གསོག་འཇོག་འབྱུང༌།
།
ཕོ་ཞེན་ལོགས་པོ་ཡོད་ན་ནང་ཡན་མཛོད།
།
ཟས་ཞིམ་མངར་གྱི་སྟེང་ནས་འདོད་སྲེད་འབྱུང༌།
ཕོ་ཞེ་བཅད་ཅན་ཡོད་ན་དཀའ་ཐུབ་མཛོད།
།
མགུ་བ་མེད་པའི་ཉེ་འབྲེལ་འདི།
།
བསྐྱངས་ཀྱིན་སྐྱོང་དགོས་ཇེ་མང་འགྲོ།
།
གདུང་སེམས་འབྲེལ་ཐག་བཅད་ན་ལེགས།
།
སྙིང་གཏམ་ཡིན་གྱི་སེམས་ལ་ཞོག
།གསུངས།
འབའ་ར་བའི་ཞལ་ནས།
གཉེན་ཉེ་འབྲེལ་ཉེ་རིང་མཉམ་ལགས་ཀྱང༌།
།
འབྱོར་ལྡན་ཁ་སོ་ངོ་ལག་བལྟ།
།
དབུལ་ཞིང་ཕོངས་པ་བྱུར་དུ་མཐོང༌།
།
འཁོས་མེད་མི་མཐོང་མཐོ་ཁ་འགྲིམ།
།
དུས་ངན་གཉེན་ཟླ་སྤོངས་པར་དཀའ།
། གསུངས།
༈
གསུམ་པ་གཡོག་འཁོར་སྤངས་པ།
༈
གསུམ་པ་གཡོག་འཁོར་སྤངས་པ་ནི།
དེ་བཞིན་དུ་གཡོག་འཁོར་དང་བུ་སློབ་ལ་སོགས་པའི་ཞེན་ཆགས་སྤོང་བར་བྱས་ཏེ།
སྤྱོད་འཇུག་ལས།
སེམས་ཅན་རྣམས་ལ་ཆགས་བྱས་ན།
།
ཡང་དག་ཉིད་ལ་ཀུན་ནས་སྒྲིབ།
།
སྐྱོ་བའི་སེམས་ཀྱང་འཇིག་པར་བྱེད།
།
ཐ་མར་མྱ་ངན་གདུང་བར་འགྱུར།
།
དེ་ལ་སེམས་པ་འབའ་ཞིག་གིས།
།
ཚེ་འདི་དོན་མེད་བདའ་བར་འགྱུར།
།
སྐད་ཅིག་གཅིག་གིས་མཛའ་འགྱུར་ལ།
།
ཡུད་ཙམ་ཞིག་གིས་དགྲར་ཡང་འགྱུར།
།
དགའ་བའི་གནས་ལ་ཁྲོ་བྱེད་པ།
།
སོ་སོ་སྐྱེ་བོ་མགུ་བ་དཀའ།
།
ཕན་པར་སྨྲས་ན་ཁྲོ་བར་བྱེད།
།
བདག་ཀྱང་ཕན་ལས་ལྡོག་པར་བྱེད།
།
དེ་དག་ངག་ནི་མི་མཉན་ན།
།
ཁྲོ་བས་ངན་འགྲོར་འགྲོ་བར་འགྱུར།
།
དེ་ལྟར་བདག་གིས་གཞན་བསྟེན་པ།
།
དེ་ནི་འཕུང་བར་འགྱུར་ཟད་ན།
།
དེས་ཀྱང་བདག་དོན་མ་བྱས་ལ།
།
བདག་ཀྱང་དེ་དོན་མི་འགྱུར་བས།
།
བྱིས་ལས་ཐག་རིང་འབྱོལ་བར་བྱ།
། ཞེས་གསུངས།
ཚོམས་སུ།
རྣམ་པ་ཀུན་ཏུ་དགྲ་འདྲ་བའི།
།
བྱིས་དང་འགྲོགས་པ་སྡུག་བསྔལ་ཞིང༌།
།
བྱིས་པ་མ་ཐོས་མ་མཐོང་ཞིང༌།
།
མ་བསྟེན་གྱུར་པ་ཉིད་རུང་ངོ༌།
།གསུངས། །
ཆོས་རྗེ་བུས།
།
འདས་པའི་སངས་རྒྱས་མང་པོས་མ་ཐུལ་ཞིང༌།
།
མཐུ་ཆེན་རྒྱལ་སྲས་ཀུན་གྱིས་མ་ཐུལ་པ།
།
སྨད་ན་ཁོང་ཁྲོ་བསྟོད་ན་དྲེགས་པ་སྐྱེ།
།
མཐོ་ལ་ཕྲག་དོག་མཉམ་ལ་འགྲན་སེམས་ཅན།
།
དམའ་ལ་ང་རྒྱལ་རྩུབ་པའི་སེམས་འཆང་བ།
།
ཆོས་མཐུན་ཚིག་གིས་སྨྲས་ཀྱང་ཆགས་སྡང་བྱེད།
།
བྱིས་པའི་སྐྱེ་བོ་འདི་འདྲ་བདག་གིས་ནི།
།
ད་ལྟ་འདུལ་བར་མི་ནུས་རང་སེམས་ཐུལ།
།
གཞན་དོན་ཆོས་ཀྱི་གཙོ་བོར་གསུང་པ་ཡང༌།
།
གདུལ་བྱའི་དབང་པོ་ཁམས་དང་བག་ལ་ཉལ།
།
ཚོང་དང་སྔོན་དང་ཕྱི་མའི་མཐའ་ཤེས་ཀྱང༌།
།
རང་དོན་མ་ཆགས་གདུལ་བྱ་གདུལ་ལ་དགོངས།
།
རང་ཉིད་རྙེད་གྲགས་བདེ་བསྟོད་དོན་གཉེར་བས།
།
མངོན་ཤེས་མེད་པར་གཞན་དོན་བྱེད་པ་ནི།
།
གཤོག་པ་མེད་པར་མཁའ་ལ་འཕུར་བ་བཞིན།
།
གཞན་དོན་མི་འགྲུབ་རང་དོན་ཉམས་པའི་རྒྱུ།
།
བཤད་ཉན་བསྟན་པ་འཛིན་པར་གསུངས་པ་ཡང༌།
།
ངེས་འབྱུང་རྣམ་དག་ཁྲིམས་ལ་བརྟེན་བྱས་ནས།
།
གཉེན་པོ་གཟུར་ནས་དོན་གཉེར་བློ་ལྡན་ལ།
།
མཁས་པས་སྡེ་སྣོད་འཆད་ལ་དགོངས་པ་ཡིན།
།
ཚེ་འདིའི་རྙེད་གྲགས་འདོད་པས་འཁོར་བསྡུས་ཏེ།
།
མ་དད་མི་འདོད་བཞིན་དུ་ཆོས་འཆད་ཅིང༌།
།
ཉམས་ལེན་མི་བྱེད་ཆགས་སྣང་སྐྱེད་པའི་རྒྱུ།
།
འཆད་ཉན་འདི་ཡང་འཁོར་བའི་ཞགས་པ་ཡིན།
ཞེས་གསུངས། །
གཙང་པ་རྒྱ་རས་ཀྱི་ཞལ་ནས།
།
སྐྱིད་འདོད་ན་གཅིག་པུར་སྡོད།
།བཟའ་ཆེ་ན་ཆེ་སྟེ་སུ་དང་ཡང་བགོད་མི་དགོས།
།མེད་ན་མེད་དེ་སུ་ཡང་སྐྱོང་དགོས་ཀྱི་སེམས་ཁྲལ་མེད་པས་སྐྱིད།
འཁྱགས་རུང་ལྟོགས་རུང་གཅིག་པུ་ཡིན་པས་སྐྱིད་གསུངས།
དེ་ཐུགས་མེད་དེ།
།ཐམས་ཅད་སྐྱིད་སྡུག་ནི་ནོར་དང་དངོས་པོའི་སྟེང་ནས་འཇོག་པར་སྣང་ལ།
གྲྭ་པ་མི་གཅིག་ལ་ནོར་བུན་ལེན་དགོས་པ་ནི་སྲིད་མཐའ་ཡིན།
མི་མང་པོ་ལ་བུན་ལེན་མི་དགོས་པ་ནི་སྲིད་མཐའ་ཙམ་དུ་སྣང་བ་དེ་ཡིན།
།
དགེ་བཤེས་ཁ་རག་བས།
དད་གུས་ཀྱི་འཁོར་ལས་དགོན་པ་མེད།
མི་ངན་གྱི་དཔོན་ལས་སྡུག་པ་མེད།
བཟང་པོའི་དཔོན་ལ་མ་འཛིན་པར།
།
ངན་པའི་དམན་ས་ཟུངས་ཤིག་ཨང༌།
།ཞེས་དང༌།
སྙིང་རིང་དཀའ་བློ་མི་བདེ་རང་འདོད་ཅན།
།
ཟག་པ་འཕེལ་བའི་འཁོར་གཡོག་མེད་ཀྱང་ལེགས།
།
ཁོ་བོའི་ཉེ་གནས་བརྩོན་འགྲུས་ཤེས་རབ་ཡིན།
།
དགོས་པའི་དོན་ཀུན་སྒྲུབ་ལ་སྐྱོ་ངལ་མེད།
གསུངས།
འབའ་ར་བས།
ནོར་དང་ཁ་དྲག་ཡོད་ཅེ་ན།
།
མགོ་དག་གི་མི་འདིས་གང་བཅོལ་ཉན།
།
ཕན་གནོད་ནུས་པ་མེད་ཙ་ན།
།
དྲིན་གྱིས་བསྐྱངས་པས་ཞོར་ལ་བརྙས།
།
དུས་ངན་འཁོར་གྱིས་ཕན་པ་དཀའ།
།
རང་གཅིག་པུའི་གཡོས་བསྐོལ་སུས་ཀྱང་ཤེས།
།
འབྲལ་མེད་ཀྱི་ཉེ་གནས་ལག་པ་བཟང༌།
།
ཚུལ་འཆོས་ཀྱི་བཟང་ཚུལ་མི་དགོས་ཕར།
།
རང་གཅིག་པུའི་སྤྱོད་པ་བག་རེ་ཡངས།
།
དཀའ་ཐུབ་ཀྱི་ཟས་ལ་ཟད་པ་མེད།
།
རང་གཅིག་པུའི་འཚོ་བ་གར་ཡང་རྙེད།
།
རང་གཅིག་པུའི་གོས་འདི་ཅིས་ཀྱང་དྲོ།
།
གཏུམ་མོའི་མེ་འདི་གཏིང་དྲོད་ཆེ།
།
རང་གཅིག་པུའི་སྡོད་པ་འདི་ཅིས་ཀྱང་མཆོག
།
བདག་མེད་ཀྱི་སྤྱིལ་བུ་སྣང་བ་བདེ།
གསུངས།
༈
བཞི་པ་བཤད་ཉན་དང་ལུང་ཁྲིད་ལ་སོགས་པའི་
གཞན་དོན་ལྟར་སྣང་རྣམས་སྤོང་བ།
༈
བཞི་པ་བཤད་ཉན་དང་ལུང་ཁྲིད་ལ་སོགས་པའི་གཞན་དོན་ལྟར་སྣང་རྣམས་སྤོང་བ་ནི།
འགྲོ་མགོན་གྱི་ཞལ་ནས།
འོ་ཅག་སྒོམ་ཆེན་པ་རྣམས་ཀྱི་དབང་དུ་བྱས་ན།
།དུག་པོ་བརྩེ་མས་བེར་རེ་གྱོན།
ཨ་རུ་རའི་ཕྲེང་བ་རེ་ཐོགས།
སྒོམ་ཁང་བྱེའུའི་རྗེས་བཀྲ་ལམ་མེ་སྒོམ་དུ་ཡོད་པའི་དུས་སུ་མི་ཕན་ངེས་པའི་བརྩོན་ཆུང་རྣམས་ལ་ཆོས་བཤད་བྱེད་པ་འདི་ཡང་དགེ་བཤེས་པ་དགྱེར་ཆེན་པོ་མི་གསུངས་ཏེ།
ང་ནི་དེ་ཡང་སྨྱོ་བ་ཡིན་ནམ་སྙམ་གསུངས།
གཙང་པ་རྒྱ་རས་ཀྱི་ཞལ་ནས།
ས་བོན་མ་བཏབ་པའི་སྟོན་ཐོག་རེ་བ་ལྟོགས་འགོང་ཡིན།
དུས་ལ་མ་བབ་པའི་འགྲོ་དོན་རེ་བའོ་བརྒྱལ་བ་ཡིན་གསུངས།
པོ་ཏོ་པའི་གསུངས་ནས།
།དེ་ལྟར་རང་རྒྱུད་ཡོངས་སུ་སྨིན་པ།
།ལས་དང་པོ་ཡིས་གཙོ་བོར་དེ་བྱ།
གཞན་དོན་གཙོ་བོར་བྱ་བ་མ་གནང་སེམས་ཀྱིས་སེམས་ཅན་དོན་ལས་གཞན་མེད།
།ལུས་དང་ངག་གིས་དངོས་སུ་མི་འཇུག
།གསུངས།
ཁྲོ་ལོས།
གཏན་གྱི་རང་འགྲོས་མ་ཤེས་ན།
།
ཇི་ཙམ་གཞན་གྱིས་དཔོན་བཅོལ་ཡང༌།
།
དོན་ལ་གླ་མིད་ཀྱི་ཁོལ་པོ་ཡིན།
།
མིང་སྟོང་སྙོམས་པོ་འདི་ཨ་ཙམ།
གསུངས།
རྗེ་རེ་མདའ་བས།
ཆོས་བརྒྱད་རྐྱེན་གྱིས་ནམ་ཡང་མི་གཡོ་བའི།
།
སེམས་ལ་བརྟེན་པ་ཇི་སྲིད་མ་ཐོབ་བར།
གཅིག་ཏུ་རང་རྒྱུད་འདུལ་བ་མ་གཏོགས་པར།
།
གཞན་དོན་ཐབས་ཀྱིས་རང་དོན་ཉམས་མི་བགྱིད།
གསུངས།
༈
ལྔ་པ་རྙེད་པ་དང་བཀུར་སྟི་སྤོང་བ།
༈
ལྔ་པ་རྙེད་པ་དང་བཀུར་སྟི་སྤོང་བ་ནི།
ཚེ་བློས་གཏོང་བ་ལ་རྙེད་བཀུར་སྤོང་བ་གལ་ཆེ་སྟེ།
ལྷག་བསམ་བསྐུལ་བ་ལས།
བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྙེད་པ་དང་བཀུར་སྟི་ནི་⁽1763⁾༼ཉེས་དམིགས།༽
འདོད་ཆགས་བསྐྱེད་པ་ཡིན་པར་བརྟག་པར་བྱའོ།
།
རྙེད་དང་བསྐུར་སྟི་ནི་དྲན་༼ཉེས་⁽1763⁾པ་དེ་ཚོལ་བས་སྔར་གྱི་ཐོས་པ་བརྗེད་པས།༽
པ་འཇོམས་པར་བྱེད་པ་བརྟག་པར་བྱའོ།
།
རྙེད་པ་དང་བཀུར་སྟི་ནི་་༼རྙེད་པ་དང་མ་རྙེད་པས་༽1763⁾ང་རྒྱལ་གྱིས་ཁེངས་པ་དང་འདུད་⁽1763⁾༼སེམས་ཞུམ་པས།༽
པར་བརྟག་པར་བྱའོ། །
དེ་བཞིན་དུ་སྦྱར་ཏེ་⁽1763⁾༼སྔར་གྱི་གསོལ་འདེབས་པས།༽
གཏི་མུག་བསྐྱེད་པ་དང༌།
བདག་⁽1763⁾༼ཚེ་འདིའི་༽གི་དོན་སྒྲུབ་པས་⁽1763⁾༼ཉེ་དུའམ་ཡོན་བདག་གི།༽
ཁྱིམ་ལ་སེར་སྣ་བྱེད་པ་དང༌།
འཆགས་པར་བྱེད་པ་དང༌།
གཡོ་⁽1763⁾༼གཞན་བསླུ་བའམ་ཚུལ་འཆོས།༽
སྒྱུ་བསྐྱེད་པ་དང༌།
འཕགས་པའི་རིགས་བཞི་⁽1763⁾༼འམ་དགེ་སློང་གི་ཆོས་བཞི།༽
ཡོངས་སུ་སྤོང་བས་⁽1763⁾༼རང་གི་༽
ངོ་ཚ་མི་ཤེས་པ་དང༌།
༼གཞན་གྱིས་༽⁽1763⁾
ཁྲེལ་མེད་པ་བསྐྱེད་པ་དང༌།
སངས་རྒྱས་ཐམས་ཅད་ཀྱིས་མ་⁽1763⁾༼གཞན་དོན་མ་བཏགས་པས་༽གནང་བ་དང༌།
ང་རྒྱལ་དང་⁽1763⁾༼སེམས་ཀྱིས་༽རྒྱགས་པ་དང་⁽1763⁾༼ལུས་ངག་གི་༽དྲེགས་པ་བསྐྱེད་པ་དང༌།
༼རང་ལ་ངེད་པ་བྱུང་ཙ་ན།༽⁽1763⁾བླ་མ་རྣམས་ལ་ཁྱད་དུ་གསོད་པ་དང༌།
ཉོན་མོངས་པའི་⁽1763⁾༼བདུད་ཀྱི་༽ཕྱོགས་ཡིན་པ་དང༌།
གཅིག་ཏུ་⁽1763⁾༼དགེ་བ་མི་སྒོམ་པ་དང་མི་དགེ་བ་མི་སྤོང་བ་བག་མེད་པའི་རྩ་བ་ཡིན་པ་དང༌།༽
དགེ་བའི་རྩ་བ་འཕྲོག་པ་དང༌།⁽1763⁾༼དེ་ལ་དངོས་པོར་ཞེན་པས་གཏི་མུག་བསྐྱེད་པས་དགེ་བ་གསུམ་འཕྲོག་གོ
།༽
གློག་⁽1763⁾༼མི་རྟག་པའི་དཔེ་གསུམ་དང་འཁོར་ལོ་དང༌།༽
ལྕེ་འབབ་ཐོག⁽1763⁾པ་ལྟ་བུ་དང༌།
སྦགས་ཉོན་མོངས་པའི་པ་མང་པོས་སྦགས་པ་དང༌།
མཛའ་བཤེས་ཀྱི་ཁྱིམ་དང༌།
རྙེད་བཀུར་བྱུང་ན་ཆགས།
མ་བྱུང་ན་ཞེ་སྡང༌།
།སློང་མོ་སྟེར་བའི་ཁྱིམ་⁽1763⁾ཡོན་བདག་གི་ལ་བལྟ་བ་དང་⁽1763⁾ཞེན་པས་ཡིད་མི་བདེ⁽1763⁾རྙེད་པ་ཡང་མ་རྙེད་པས་ཀྱང༌།
པ་བསྐྱེད་པ་དང༌།
བློ་རྣམ་⁽1763⁾མ་རབ་མཐོ་སར་སྟོན་མ་རྨི་ལམ་དང་འདྲ་བར་པར་འཁྲུལ་པར་བྱེད་པ་དང༌།
ཕྱི་ནང་གི་སྡུག་པའི་དངོས་པོ་རྣམས་འགྱུར་བར་⁽1763⁾མེད་པ།
བྱེད་པའི་ཕྱིར་⁽1763⁾སེམས་ལ།
མྱ་ངན་བསྐྱེད་པ་དང༌།
དྲན་⁽1763⁾ལུས་ཚོར་སེམས་ཆོས།
པ་ཉེ་བར་བཞག་པ་བཞི་བརྗེད་པར་བྱེད་པ་དང༌།
དཀར་པོའི་ཆོས་⁽1763⁾སྒྲུབ་པ།
ཉམས་ཆུང་བར་བྱེད་པ་དང༌།
ཡང་⁽1763⁾སྡིག་པ་སྐྱེས་པ་སྤོང་བ།
།དགེ་བ་མ་སྐྱེས་པ་སྐྱེད་པ་སོགས།
དག་པ་སྤོང་བ་བཞི་ཡོངས་སུ་ཉམས་པར་བྱེད་པ་དང༌།
རྫུ་⁽1763⁾གྱི་རྐང་པ་བཞི།
འཕྲུལ་དང་མངོན་པར་ཤེས་⁽1763⁾ལྔའམ་དྲུག
པ་ཡོངས་སུ་ཉམས་པར་བྱེད་པ་དང༌།
སྔར་བཀུར་སྟི་བྱེད་ལ་ཕྱིས་བཀུར་སྟི་མི་བྱེད་པར་བྱེད་པ་དང༌།
མི་མཛའ་བ་⁽1763⁾མཐུན་པར་དང་གནས་པར་བྱེད་པ་དང༌།
མཛའ་⁽1763⁾མ་སྟེར་ན།
བོ་སྤོང་བ་དང༌།
ཕ་རོལ་བྲིད་པའི་⁽1763⁾རོལ་མོའི་གཙོ་མོ།
སྨད་འཚོང་མ་དང་འདྲ་བ་དང༌།
བསམ་གཏན་དང་ཚད་མེད་པ་⁽1763⁾བཞི་སྤོང་བ་དང༌།
སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང༌།
གཤིན་རྗེའི་འཇིག་རྟེན་དུ་ལྷུང་བར་བྱེད་པར་དང༌།
རྙེད་པ་དང་བཀུར་སྟི་ནི་ལྷས་བྱིན་དང༌།
ལྷག་སྤྱོད་ཀྱི་⁽1763⁾སྟོན་པ་གཞན་དང་ལམ་གཞན།
ཆོ་ག་⁽1763⁾སྤྱོད་པ།
དང་མཐུན་པར་བརྟག་པར་⁽1763⁾ཤེས་པར་བྱའོ།
།
བྱམས་པ་བྱང་ཆུབ་སེམས་དཔས་རྙེད་པ་དང་བཀུར་སྟི་ལ་ཉེས་དམིགས་གང་བརྟག་པར་བྱ་བ་ནི་འདི་ལྟ་བུ་འདི་དག་གོ
།
བརྟགས་⁽1763⁾དེ་ལ་བརྟགས་པས་ཅི་ལ་ཕན་ཞེ་ན།
ནས་་འདོད་⁽1763⁾མ་ཐོབ་པ་ལ།
པ་ཆུང་བར་བྱའི་ཡོངས་⁽1763⁾སེམས་རྙེད་བཀུར་གྱིས།
སུ་གདུང་བ་ནི་མི་བྱའོ།
།དེ་ཅིའི་⁽1763⁾གདུང་བར་མི་བྱ་བ།
ཕྱིར་ཞེ་ན།
བྱམས་པ་འདོད་པ་ཆུང་བ་ལ་⁽1763⁾གོང་དུ་བཤད་པའི་སྐྱོན་འདི་ལྟ་བུ་འདི་དག་མེད་པའི་ཕྱིར་ཏེ།
དེའི་འདོད་པ་ཆུང་བ།
༡ སངས་རྒྱས་ཀྱི་ཆོས་⁽1763⁾རྒྱུ་དང་འབྲས་བུའི།
རྣམས་ལ་བར་ཆད་མེད་པ་ཡིན།
༢ ཁྱིམ་པ་དང་རབ་བྱུང་དག་གི་ཡིད་⁽1763⁾མ་དད་པ་མི་སྐྱེ་བས་འབྱུང་བར་མི་འགྱུར་བ་ཡིན།
༣ ལྷ་⁽1763⁾དགོས་པ་ཅིའི་ཕྱིར་ཞེ་ན།
དང་མི་རྣམས་⁽1763⁾བསམ་པ།
ཡོངས་སུ་དག་པར་བྱ་བའི་ཕྱིར།
གནས་པས་རྗེས་⁽1763⁾འགལ་རྐྱེན།
སུ་བསྲུང་བར་འོས་པ་ཡིན།
༤ ངན་འགྲོ་ལོགས་པར་ལྟུང་བ་ཐམས་ཅད་ཀྱིས་སྐྲག་པ་མེད་པ་ཡིན།
༥ བསྡིགས་⁽1763⁾རྙེད་པ་མི་སྟེར་བ་དང་འཕྲོགས་པས།
པ་དང་བྲལ་བས་⁽1763⁾གཞན་གྱིས།
ཟིལ་གྱིས་མི་གནོན་པ་ཡིན།
༦ བདུད་⁽1763⁾བར་དུ་གཅོད་པའི་ཀྱི་ཡུལ་ལས་ཡོངས་སུ་གྲོལ་བས་⁽1763⁾དགེ་བ་མི་འཕྲོག་པ་ཡིན།
༧ སྡུག་⁽1763⁾མ་རྙེད་པའི་བསྔལ་ཐམས་ཅད་ཀྱིས་མི་ཚུགས་པ་ཡིན།
༨ ལྷ་དང་མི་རྣམས་ཀྱི་⁽1763⁾ཡིད་དུ་འོང་བས་མངོན་པར་འདོད་པར་བྱ་བ་ཡིན།
༩ བསམ་⁽1763⁾འཇིག་རྟེན་དང་འདས་པའི་གཏན་ལ་གོམས་པར་བྱེད་པར་གནས་པས་གསལ་⁽1763⁾སེམས་དམིགས་པ་ལ་བ་ཡིན།
༡༠ གཡོ་⁽1763⁾བཅས་ལ་ཉེ་བར་སྒྲུབ་པ་སྤང་ན་སེམས་གྱ་གྱུ་མི་དྲང་བ།
དང་སྒྱུ་སྤངས་⁽1763⁾གཞན་བསླུ་བ་དང་གཞན་དུ་སྨ་ཞིང་གཞན་དུ་སེམས་པ།
པ་དང་འདོད་པའི་ཡོན་ཏན་ལྔ་ལ་སྐྱོན་དུ་བལྟ་བས་བག་ཡོད་པ་ཡིན།⁽1763⁾དགེ་བ་སྒོམ་པ་དང་མི་དགེ་བ་སྤོང་བར་རང་གི་སེམས་འདུལ་བ་བཞིན་གྱི་སེམས་བསླུ་བ་དབང་པོའི་སྒོ་སྡོམ་པར་བྱེད་པའོ།
༡༡ འཕགས་པའི་རིགས་ལ་གནས་⁽1763⁾དེ་བཙུན།
པས་ཇི་སྐད་སྨྲས་པ་དེ་བཞིན་དུ་⁽1763⁾དམ་བཅའ་བརྟན་པར་བྱེད་པ་ཡིན།
༡༢ གསུང་རབས་ལ་⁽1763⁾མཁས་པ་རྣམས་དང་ཚངས་པར་⁽1763⁾མྱ་ངན་ལས་འདས་པའི་ལམ་བསླབ་པ་གསུམ་ལ་མཚུངས་པར་སྤྱོད་པ་རྣམས་ཀྱིས་⁽1763⁾ཡིད་དུ་འོང་ཞིང་བསྟེན་འདོད་པ་ཡིན།
བྱམས་པ་ཕན་ཡོན་⁽1763⁾བཅུ་གཉིས་པོ་འདི་ལྟ་བུ་འདི་དག་ཤེས་པའི་བྱང་ཆུབ་སེམས་དཔའ་མཁས་པས་རྙེད་པ་དང་བཀུར་སྟི་ཐམས་ཅད་སྤང་བའི་ཕྱིར་ལྷག་པའི་བསམ་པས་འདོད་པ་ཆུང་བ་ལ་བསྟེན་པར་བྱའོ།
།ཞེས་གསུངས།
༈
དྲུག་པ་ཡོ་བྱད་གསོག་རུམ་སྤང་བ།
༈
དྲུག་པ་ཡོ་བྱད་གསོག་རུམ་སྤང་བ་ནི།
རྒྱལ་སྲས་རིན་པོ་ཆེས་
ཆོས་པའི་གོལ་ས་ཡིན་པས་ཚེ་འདིའི་ཆེ་ཐབས་སྤོངས།
རྙེད་བཀུར་འཆིང་བྱེད་ཡིན་པས་འདོད་ཡོན་འཁྲི་བ་ཆོད།
།
སྙན་གྲགས་སྙིང་པོ་མེད་པས་དེ་ལ་ཞན་པ་སྤོངས་
གང་བྱུང་ཙམ་གྱིས་ཆོག་ཤེས་བློ་མེད་ན།
།
ལོངས་སྤྱོད་བསགས་པ་སྡུག་སྡིག་འཕེལ་བའི་རྒྱུ།
།
བདེ་དང་དགེ་བ་ངང་གིས་འཕེལ་བྱེད་ན།
།
ཆོག་ཤེས་བློ་སྣ་བསྟེན་པ་མན་ངག་ཡིན།
།
དེས་ན་རྙེད་བཀུར་གྲགས་སོགས་ཚེ་འདི་ཡི།
།
ཕུན་ཚོགས་སྒྲུབ་པའི་བསམ་སྦྱོར་ཡོངས་སྤངས་ནས།
།
འཆི་ཚེ་ངེས་པར་ཕན་པ་དམ་ཆོས་ལ།
།
གཡེལ་བ་མེད་པར་རྟག་ཏུ་འབད་པར་བྱ།
གསུངས།
སྐྱེས་མཆོག་པས།
སྒྱུ་མའི་ནོར་ལ་ཆོག་ཤེས་མེད།
།
ཞེས་པས་བསགས་ཀྱང་ཤུལ་དུ་ལུས།
།
རང་གིས་བསགས་ཀྱང་གཞན་གྱིས་སྤྱོད།
།
སྙིང་གཏམ་ཡིན་གྱི་སེམས་ལ་ཞོག
།
ཕུགས་ཀྱི་འདོད་བློ་མི་གདའ་སྟེ།
།
འཕྲལ་དགོས་བློ་ཡིས་མ་ཐེངས་པས།
།
ཞེན་པ་ཟློག་པ་དཀའ་མོར་གདའ།
།
འཛིན་པ་ཐོངས་པར་བྱིན་གྱིས་རློབས།
།
གྲགས་པས་འཁོར་སློབ་མ་བསྡུས་ཀྱང༌།
།
དང་ལྡན་སྐྱུར་བ་མ་ཕོད་པས།
།
བྱ་བཏང་བྱེད་པ་དཀའ་མོར་གདའ།
།
གྲོགས་མེད་གཅིག་པུར་བྱིན་གྱིས་རློབས།
རྗེ་རེ་མདའ་བས།
།
ཆོས་གོས་གསུམ་དང་ལྷུང་བཟེད་ལ་སོགས་པ།
།
རང་ཉིད་འཚོ་བའི་ཡོ་བྱད་མ་གཏོགས་པ།
།
གསེར་དང་དབྱིག་སོགས་ལྡག་པའི་དངོས་པོ་ནི།
།
རང་གི་དོན་དུ་ཏིལ་ཙམ་མི་འཆང་ངོ༌།
།གསུངས།
འབའ་ར་བའི་ཞལ་ནས།
བསགས་པ་སུས་ཁྱེར་ཆ་མེད་མཐོང་ལགས་ཀྱང༌།
།
ད་དུང་སྦྱིན་པ་གཏོང་བའི་བློ་མེད་པས།
།
འདོད་ཡོན་འཁྲི་བ་ཆོད་པ་ནམ་ཡོང་ན།
།
གླིང་བཞིའི་ནོར་ལ་དབང་བསྒྱུར་ཀྱང༌།
།
མེད་ཀྱིན་ཆད་པ་མ་གཏོགས་པ།
།
ལྡང་ཞིང་ལྷག་པ་ཡོངས་དུས་མེད།
།
དབང་ཆེ་བས་འཕྲོག་ཅིང་ཆུང་བས་རྐུ།
།
དུས་ངན་ནོར་རྫས་ཐུབ་པ་དཀའ་བར་གདའ།
གསུངས།
༈
བདུན་པ་གཟའ་བཏུང་ལ་ཞེན་པ་སྤངས་པ།
༈
བདུན་པ་གཟའ་བཏུང་ལ་ཞེན་པ་སྤངས་པ་ནི།
སྤྱིར་ནོར་སོགས་རུམ་བྱེད་པ་ནི་བཟའ་བཏུང་ལ་སྲེད་པ་དང༌།
ལྟོགས་འཁྱགས་ནས་ཤི་དོགས་དང༌།
བླ་མ་མཆོད་པ་བྱེད་པ་སོགས་འདོད་པ་དང༌།
འདོད་ཡོན་གྱི་ཉེས་དམིགས་མ་གོ་བས་ལེན་ལ།
བཟའ་བཏུང་ལ་ཞེན་པ་ནི་མི་རིགས་ཏེ།
པོ་ཏོ་བའི་དྲུང་ན།
ལྟོ་གདུངས་ནན་ལྟར་ཆེ་བ་ལ་ཆོས་མ་བྱུང་བར་བྱེད།
ལྟོ་ཕྱིར་གནམ་རྡིབ་པ་ལ་ཆོས་ལར་མི་ཡོངས་གསུངས།
མཁས་བཙུན་གཞོན་ནུ་གྲུབ་ཀྱིས།
།
ལུས་ངག་ཚུལ་འཆོས་ལོག་འཚོ་འབྱུང་བའི་རྒྱུ།
།
དད་ཟས་མ་ངན་དགེ་སྦྱོར་འགྲིབ་པའི་རྐྱེན།
།
རོ་ཞིམ་ཟས་ཀྱི་འཁྲི་བ་རྩད་བཅད་ནས།
།
ལྟོ་གོས་གྱང་ལ་བསྐུར་ན་མི་འཐད་དམ།
གསུངས།
ཁྲོ་ཕུབ་བསོད་ནམས་སེང་གེས།
།
དད་ལྡན་མོས་པས་འཚོ་བ་སྦྱར་བྱས་ཏེ།
།
བཟང་པོར་བསྐུར་བའི་ཚུལ་འཆོས་སྤྱོད་པ་ཡང༌།
།
གཞན་སེམས་བསྲུང་ཕྱིར་བདག་ཉིད་འཆིང་བའི་རྒྱུ།
།
རོ་སྙོམས་སྤྱོད་པ་ཁོ་བོའི་སྙིང་གཏམ་ཡིན།
གསུངས།
སྔར་དགེ་བཤེས་སྟོན་པ་དང་རྣལ་འབྱོར་པ་རྣམས་པ་བཞི་སོགས་རྭ་སྒྲེང་དུ་ཕེབས་ལན།
ཚ་བ་གསོལ་ཟིན་ནས་དྲོ་ལ་གསོལ་རྒྱུ་ཡེ་མ་ལུས་པ་བྱུང༌།
ད་ཇི་ལྟར་བྱ་གླེངས་པས།
དགོན་པ་བས་ང་ནི་སུས་སྣ་གདོང་ན་ཡར་འོང་བ་འདི་ཟ་གསུངས།
མངོན་ཤེས་གསུང་མ་ཁད་ལ་ཡོན་བདག་གཅིག་གིས་ཞབས་ཏོག་གི་ཆས་ཁྱེར་སླེབས་བྱུང༌།
།དགེ་བཤེས་སྟོན་པ་ཡོན་ཏན་སྦེད་པ་ལ་ཐུགས་དགྱེས་པས་བཀའ་བཀྱོན།
དགོན་པ་བ་ཕྱིས་ཆེར་གསུངས།
སྔོན་གྱི་བཀའ་གདམས་པ་དམ་པ་ཀུན་ཡོན་ཏན་སྦེད་པ་ལ་གཙོ་བོར་མཛད།
ཡོན་ཏན་སྦས་པས་བདུད་མི་འཇུག་གསུངས།
ལར་ན་དམ་པ་ཉམས་འཚོ་བའི་རྩོལ་བ་མི་མཛད་དཀའ་ཐུབ་ལ་དགྱེས་གསུངས།
སྤྱན་སྔ་ཀུན་གྱིས་ཚེ་སྟོང་ཟ་ཚོད་རེ་ཙམ་ལ་བརྟེན་པ་སོགས་ལྟོགས་རྒུར་ལ་མི་ཚེ་བསྐྱལ།
ན་བཟའ་ལ་ལྷན་པ་མེད་པར་ཀོམ་པོ་རྒྱབ་པས་སྤྱན་སྔ་ཀོ་ཤམ་ཅན་དུ་གྲགས།
གང་གིའང་རྩོལ་བ་སྤངས་ཏེ་བསྒོམས་པས་འཇིག་རྟེན་ཐ་སྙད་རྣམས་ཀྱང་བརྗེད་སོང་འདུག
།གསུངས་སྐད། དེ་བཞིན་དུ་མི་ལས་ལོ་དགུ།
རྨོག་ཅོག་པས་ལོ་བཅུ་གཉིས་སུ་ཟ་ཚོད་ཙམ་ལ་བརྟེན་པ་སོགས་བཤེས་གཉེན་དམ་པ་ཐམས་ཅད་དེ་དང་འདྲའོ།
༈
བརྒྱད་པ་ལོངས་སྤྱོད་འབད་མེད་དུ་
འབྱུང་བའང་དྭང་དུ་མི་བླང་བ།
༈
།བརྒྱད་པ་ལོངས་སྤྱོད་འབད་མེད་དུ་འབྱུང་བའང་དྭང་དུ་མི་བླང་བ་ནི།
དེ་ལྟར་སྤོང་བར་བྱེད་པ་ལ་བྱུང་ན་མི་དགག
།མ་བྱུང་ན་མི་སྒྲུབ་ཟེར་བས་མི་འོང་སྟེ།
མདོར་གང་པོས་ཞུས་པའི་ཡང༌།
བདག་ནི་དབང་ཕྱུག་མི་འཚོལ་གྱི།
།
གལ་ཏེ་རྙེད་པར་སྤོང་པར་བྱེད།
།
དེང་འདིར་སངས་རྒྱས་ཆོས་ཟབ་དང༌།
།
ཚུལ་ཁྲིམས་རྣམས་དག་འབའ་ཞིག་འཆོལ།
ཞེས་དང༌།
གཉེན་པོ་བསྟེན་པ་བས་ཡུལ་ངན་སྤོང་བ་དགའ།
ཞེས་པ་ལྟར་ཉོན་མོངས་སྐྱེ་བའི་ཡུལ་ཚེ་འདིའི་ཕུན་ཚོགས་རྣམས་སོང་དགོས་ཞེས་སྔར་ཡང་མང་དུ་བཤད་ཅིང༌།
པོ་ཏོ་བའི་གསུང་ལས།
འཇིག་རྟེན་ཆོས་ཀྱི་མི་འདོད་བཞི་ལྡན།
།
རྣམ་སྲོལ་སྒྲུབ་པས་དེ་ནི་འདམ་བྱ།
།
མ་ཚོར་གཏེར་ལ་གནོད་པ་མེད་ཅིང༌།
།
ཚོར་
༼ཚོར་བ་དེ་ཉིད་༽
ན་གཞན་གྱིས་འཁྱེར་བ་དེ་ཉིད།
།
རྙེད་
༼བསྙེན་པ་དང༌། བསྟོད་པ་བདེ་བ་སྟེ།༽
སོགས་བཞི་པོ་གཞན་ལ་སྣང་ཡང༌།
།
དེ་ཉིད་ཤི་ཟིན་འདྲ་བར་ཤེས་བྱ།
།
མདོ་ཁམས་ཇོ་བོས་སྦྲང་མ་
༼ལག་པར་ཁྱེར་བ་ལ་སྦྲང་མ་གཅིག་འདུས་གཉིས་འདུས་མང་དུ་འདུས་ནས་དེ་ཟོས་པས་ཟད་སོ་སྐད།
དེ་བཞིན་དུ་རྙེད་པ་སོགས་ལ་དགྲ་འདྲེ་འདུ་བའོ།
།༽ བླངས་བཞིན།
དེ་བས་རྙེད་སོགས་བཞི་ལ་དགྲར་བཟུང༌།
།
མངའ་ཐང་མཐའ་རྒྱས་སྡུག་བསྔལ་མཚོ་རྡོལ།
།
མན་ངག་ལས་ཀྱང་འབྱུང་དེ་ལྟར་ཤེས་བྱ།
ཞེས་དང༌། །
སློབ་དཔོན་ཀླུ་སྒྲུབ་ཀྱིས།
།
དེས་པ་བདོག་མང་ཇི་ལྟར་སྡུག་བསྔལ་བ།
འདོད་པ་ཆུང་རྣམས་དེ་ལྟར་མ་ལགས་ཏེ།
།
ཀླུ་མཆོག་རྣམས་ལ་མགོ་བོ་ཇི་སྙེད་པ།
།
དེ་ལས་བྱུང་བའི་སྡུག་བསྔལ་དེ་སྐྱེད་དོ།
།གསུངས།
པོ་ཏོ་བའི་གསུང་ལས།
སྙོད་ན་བུ་ཆུང་ཡང་ཟ།
ཕུལ་ན་འཕགས་པ་ཡང་བཞེས་ཟེར་བས་མི་ཡོང༌།
འཕགས་པ་ཕུལ་ཡང་མི་བཞེས་པ་ཞིག་དགོས་གསུངས།
༈
དགུ་པ་མཐུན་འཇུག་དང་ངོ་བསྲུང་སྤོང་བ།
༈
དགུ་པ་མཐུན་འཇུག་དང་ངོ་བསྲུང་སྤོང་བ་ནི།
དགེ་བཤེས་ཕུ་ཆུང་བའི་
༼སྐུ་མཆེད་གསུམ་གྱི་གཅིག་ཡིན།
ཁོང་གིས་གདུལ་བྱ་མ་བསྐྱང་ཤ་གཟུགས་རང་གསོལ།
གྲུབ་ཐོབ་ཀྱི་རྣམ་པ་ཆེན་པོ་ཞིག་བྱོན་པར་སྣང༌།
ཆོས་འབྲེལ་རེ་ཙམ་ཡོད་པ་ནི་ཆེས་མང་བར་སྣང༌།
རུས་ཟུར་ཚང་པ་མཚན་གཞོན་ནུ་རྒྱལ་མཚན།
སྟོན་པ་ལོ་བཅུ་གཅིག་བསྟེན་གསུམ་པའམ་བསྟེན་ཡུན་རིང་ཤོས།
སྤྱ་སྔ་བས་ལོ་དགུ།
པོ་ཏོ་བས་བདུན་བསྟེན།
བདུན་བཅུ་རྩ་དྲུག་ལ་དོ་བོ་དགོན་པར་སྐུ་འདས།
ཁམས་ལུང་པ་དང་བཞི་ལ་བཀའ་གདམས་བཞི་པོ་ཞེས་ཟེར་བ་ལགས་སོ།༽
ཞལ་ནས། ཆོས་ནན་ཏར་ཉམས་སུ་ལེན་ན།
དཔེར་ན་ཁྲབ་ཀྱི་བྱང་བུ་སྣ་ཚེ་འོལ་བ་དེ་ཁྲབ་ཀྱི་གསེབ་ཏུ་སྡེབས་སུ་མི་གཏུབ་པ་ལྟར།
ཚེ་འདི་པའི་མི་དང་སྡེབ་ཏུ་མི་གཏུབ་པ་ཞིག་དགོས།
མཐུན་འཇུག་དང་མི་དགའ་ཆོས་ནི་བདུད་ཀྱིས་འཁྱེར།
མི་མ་མགུ་བ་འདོད་ཐོགས་ཡིན།
ཁོ་མ་མགུ་བས་ཁོ་རང་མི་འོང༌།
ཁོས་འཕྱར་ཁ་བཏང་བས་གཞན་མི་འོང༌།
དེ་ཙ་ན་རྒྱགས་ཕྱེ་ཞོ་རེ་ལས་མེད་ཀྱང་དེའི་བར་ལ་བློ་སེམས་བདེ་འབོལ་ལེ་དགེ་སྦྱོར་བྱར་ཡོད།
དགེ་སྦྱོར་འཕེལ་ན་གཞན་དོན་ཡར་ལྷུན་གྲུབ་ཏུ་འབྱུང་བ་ཡིན་གསུངས།
གཙང་པ་རྒྱ་རས་ཀྱི་ཞལ་ནས།
ཆགས་སྡང་རྩ་བ་ཕ་ཡུལ་སྤངས།
།
སྡུག་བསྔལ་རྩ་བ་ཁྱིམ་ཐབ་སྤངས།
།
འཛིན་ཆགས་རྩ་བ་ནོར་རྫས་སྤངས།
།
གཡེང་བའི་རྩ་བ་ངོ་བསྲུང་སྤངས།
གསུངས།
ཁྲོ་ཕུ་བ་བསོད་ནམས་སེང་གེས།
གྲོགས་དང་དགོན་པ་རི་ཁྲོད་ལ་སོགས་པ།
།
གང་དུ་སྡོད་ཀྱང་དགོས་མཛའ་མི་འཚོལ་ཞིང༌།
།
སུ་དང་འགྲོགས་ཀྱང་མི་མཛའ་མི་འཁོན་པར།
།
རང་ཚུགས་འཛིན་པ་ཁོ་བོའི་སྙིང་གཏམ་ཡིན།
།
ནང་དུ་སྡོད་ཚེ་ཁང་པའི་བཀོད་ལ་སོགས།
།
དབེན་པའི་ཁོང་ནས་ཕུད་ཆགས་སྒྲུབ་པ་ཡང༌།
།
དོན་ཆུང་ལས་ལ་མི་ཚེ་ཟད་པའི་རྒྱུ།
།
བྱ་བ་གཏོང་བ་ཁོ་བོའི་སྙིང་གཏམ་ཡིན།
།གསུངས།
མཁས་བཙུན་པས།
ཇ་ཆང་ཐབས་ཀའི་སེམས་འཛིན་ལ་སོགས་པ།
།
དཀར་པོ་དགེ་བའི་ཆོས་སྤྱོད་གཡེང་བའི་རྒྱུ།
།
ཚེ་འདིར་མཐོ་འགྲོགས་མི་རྗེས་མ་སྙེགས་བར།
།
མཐུན་འཇུག་རྩིག་པ་སྒྱེལ་ཞིག་གཞོན་ནུ་གྲུབ།
གསུངས།
འབར་ར་བས།
།
མངའ་ཐང་རྒྱས་ཀྱིན་སྡུག་བསྔལ་ཆེ།
།
གོང་མའི་སེམས་འཛིན་འོག་མའི་སྐྱོངས།
།
མཉམ་པའི་གཉའ་སྡོངས་ནོར་གྱི་གཏེར།
།
སྡུག་བསྔལ་སྐྱེལ་བསུ་སངས་དུས་མེད།
།
ཕུན་སུམ་ཚོགས་ཀྱང་བདེ་སྐྱིད་དཀའ།
།
སེམས་སྐྱོ་བ་བསྐྱེད་ལ་རི་ཁྲོད་འགྲིམས།
གསུངས།
སྐྱེས་མཆོག་བས།
ལར་མཐོ་དམན་གཅིག་ལ་མ་གཏད་ན།
།
ཚེ་འདི་བློ་ཡིས་མི་ཐོངས་གསུངས།
།
གང་བྱུང་ལམ་དུ་མ་བྱས་ན།
།
འཐད་འཐད་འགྲིག་པས་བསླུའོ་གསུངས།
།
སྒོམ་དང་རྟོགས་པ་བཟང་ངམ་ངན།
།
རྐྱེན་དང་འཕྲད་ན་གསལ་ལོ་གསུངས།
ཞེས་རྒྱ་གྲགས་ཆོས་རྗེའི་གསུང་བསྐྱོར་བ་ལགས་པར་གདའ།
བླ་མ་འོལ་སྣ་བས།
གྲོས་མི་གཏམ་ལ་ཉན་ན་ས་མི་ཟིན།
།
བློ་སྣ་མང་ཀྱི་མདུན་མ་སུན་པར་སླད།
།
ཆོས་བྱ་སྙམ་གྱི་ཕྱི་གཤོལ་མཐར་མི་ཕྱིན།
།
ཚེ་སྟོད་ཟད་བྱུང་ན་ཅི་ཙུག་བྱེད།
།
གནས་གང་དུ་འདུག་ཀྱང་གསོག་འཇོག་བཤོལ།
།
ཡུལ་གོང་དུ་འགྲོ་ཡང་ངོ་ཤེས་བསྐྱུངས།
།
མཐུན་འགྲོགས་བཤེས་མང་ཡང་དབང་མ་གཏོང༌།
།
འདི་བྱ་གཏོང་གི་རང་ཚུགས་འཛིན་ལུགས་ཡིན།
།
སུ་ཇི་སྐད་ཟེར་ཡང་དགོས་མེད་གྱིས།
།
གང་འཐད་པ་སྒྲོན་ལ་ངན་མེད་གྱིས།
།
ཕུགས་ཇི་ལྟར་སོང་ཡང་སྡུག་སྲན་བསྐྱེད།
།
འདི་བྱ་གཏོང་གི་བློ་གཅོད་བྱེད་ལུགས་ཡིན།
གསུངས།
རྒྱལ་བ་ཡང་དགོན་པས།
ཚེ་འདི་རླུང་ལ་བསྐུར་བའི་སྙིང་ཁམས་དང་གཅིག
།
བློ་སྣ་མི་དང་མི་བསྟུན་པའི་ལོང་མེད་དང་གཉིས།
དགོས་མེད་ཕྱི་ཚིས་བོར་བའི་འཕྲལ་ཕྱིད་དང་གསུམ།
འདོད་ཡོན་འཁྲི་བ་ཆོད་པའི་ཞེན་ལོག་དང་བཞི།
ཚེ་འདི་བློ་ཡིས་གཏོང་ན་དགོས་པ་ལགས།
གསུངས།
ཡང་འབའ་ར་བས་
མཐུན་རྐྱེན་འཛོམ་པའི་དུས་སུ་དགེ་སྦྱོར་བྱེད།
མ་འཛོམ་དུས་སུ་ལྟོས་མེད་མི་ལ་སྤྲང༌།
འཕྲལ་སྣང་གང་བདེ་བྱེད་པ་ནམ་ཡོད་ན།
།
ངོ་བསྲུང་མཁན་ལ་བླ་མའི་ཐུགས་རྗེས་ཟུངས།
གསུངས།
༈
བཅུ་པ་ཚེ་འདིའི་བསོད་ནམས་དང་
འདུ་ལོང་སྤོང་བ།
༈
བཅུ་པ་ཚེ་འདིའི་བསོད་ནམས་དང་འདུ་ལོང་སྤོང་བ་ནི།
ཁོང་བསོད་ནམས་རྒྱས་སོ་ཟེར་ནས་འདུ་ལོང་མང་དུ་བྱུང་བ་ལ་ཡང་དགའ་བར་མི་བྱ་ཞིང༌།
དུག་ལྟར་སྤང་དགོས་ཏེ།
དགེ་བཤེས་ཁ་རག་པས།
སྙན་གྲགས་བདུད་ཀྱི་ཕྱེ་གཏོར་ཡིན།
།
རྙེད་བཀུར་འཆིང་བའི་ཞགས་པ་ཡིན།
།
བསོད་ནམས་དགེ་སྦྱོར་བར་ཆད་ཡིན།
།
དུག་ལ་སྨན་དུ་མ་བ་ལྟ་ཨང༌།
གསུངས།
རིགས་པའི་དབང་ཕྱུག་གིས།
སྐུ་བསོད་རྒད་པོ་གཡོ་ཅན་འདྲ།
རང་སེམས་བྱིས་པ་མགོ་སྟོང་འདྲ།
།
བྱ་བཞག་རྩེད་མོའི་དགག་སྒྲུབ་འདྲ།
།
མངོན་ཞེན་མ་ཆི་རྒྱ་མ་པ།
གསུངས།
དམ་པ་རྒྱ་གར་གྱི་སློབ་མའི་ཁྱུ་རྒྱན།
དམ་པ་ཀུན་དགའ་བྱ་བ་དེས།
ཕ་དམ་པ་ལས་དངོས་གྲུབ་རྣམ་པ་ལྔ་བླངས་སོ།
།
བདག་ཡུལ་མེད་ཐབ་མེད་དུ་བྱིན་གྱིས་བརླབ་ཏུ་གསོལ།
།
བཟར་མེད་བཅའ་མེད་དུ་བྱིན་གྱིས་བརླབ་ཏུ་གསོལ།
འདྲིས་མེད་བཤེས་མེད་དུ་བྱིན་གྱིས་བརླབ་ཏུ་གསོལ།
མིས་ཅིར་ཡང་མི་མཐོང་བར་བྱིན་གྱིས་བརླབ་ཏུ་གསོལ།
བསོད་ནམས་ཏིལ་གྱི་འབྲུ་ཙམ་ཞིག་མི་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ།
ཞེས་ཞུམ་ནས་དཀའ་ཐུབ་བྱས་ཏེ་བསྒོམས་པས་ཏིང་ངེ་འཛིན་བཟང་པོ་བརྙེས་པ་ཞིག་བྱུང་བ་ལགས་པར་གདའ།
།
ལྷག་བསམ་བསྐུལ་བར་ཡང༌།
།
རྒོད་དང་འགྱོད་དང་དེ་བཞིན་རྣམ་རྟག་པ།
།
འདི་དག་ཐམས་ཅད་འདུ་འཛི་རྣམས་ལས་འབྱུང༌།
།
སྙིང་པོ་མེད་པའི་འདུ་འཛི་སུ་གྱེད་པ།
།
དེ་ནི་ལང་ལོང་སྤྱོད་ཅིང་མ་བསྡམས་ཡིན།
།
བྱིས་པ་དག་ནི་འཇིག་རྟེན་སྨྲ་ལ་དགའོ།
།
བྱིས་པ་དེ་དག་མཆོག་གི་གཏམ་ལས་ཉམས།
།
ཞེས་སྡང་འཕེལ་ཞིང་རྣམ་རྟོག་ཤས་ཀྱང་ཆེ།
།
ཉེས་པ་དེས་ནད་ལ་མི་ཆགས་སོ།
།གསུངས།
རྒྱལ་སྲས་པས།
ན་ནིང་ན་སྔ་དུས་སུ་རྨི་ལམ་གྱི་དགེ་སྦྱོར་ཟིན་པོ་ཡོང་གིན་ཡོད་པ་ཡིན་ཏེ།
བར་སྐབས་སུ་འདུ་ལོང་རྣམས་ཀྱིས་འགྲིབས་སོང༌།
།དོ་ཞག་ན་བ་འདིས་ལེགས་པར་སོར་ཆུད་བྱུང༌།
བསོད་ནམས་སྐྱེས་པ་སྐད་ཟེར་བ་འདི་ཀུན་ཡང་མ་བྱུང་ན་རང་ཡོང་བ་འདུག་གསུང་སྐད།
དེ་བཞིན་དུ་ཚེ་བློས་གཏོང་བ་ལ་ཁྱི་སྔགས་བྱེད་པ་ལ་སོགས་པའི་དོན་དང་བྱ་བ་དང༌།
ལས་ཐམས་ཅད་སྤངས་པར་བྱ་སྟེ།
སྐྱེས་མཆོག་པས།
ཕན་བྱ་མང་པོ་སྒྲིབ་ཤིང་ཡིན།
།
རང་མགོ་འདོད་ན་གཅིག་ལ་སྒྲིལ།
།
བསླབ་ཤེས་མང་པོ་ཟ་ཆོག་ཡིན།
།
ཤེས་ན་མི་བྱེད་མདོ་མེད་ཡིན།
ལྷག་བསམ་བསྐུལ་བར།
དེ་ཡི་འདོད་ཆགས་ཤས་ནི་ཆེ་བར་སྐྱེ།
།
དེ་ནི་རོ་བྲོ་རྣམས་ལ་ཆགས་ཤིང་ཞེན།
།
དེ་ནི་ངན་ངོན་ཙམ་གྱིས་དགར་མི་འགྱུར།
།
ཉེས་པ་འདི་དག་ལས་ལ་དགའ་བ་ཡིན།
གསུངས།
ནམ་མཁའ་མཛོད་ཀྱི་མདོར་ཡང༌།
།
ཁྱིམ་དང་བརྟེན་པ་ཀུན་སྤངས་ཏེ།
།
དོན་ཉུང་བ་དང་བགྱིད་ཉུང་བ།
།
བས་མཐའ་དགོན་པའི་སྤྱོད་ཡུལ་བ།
།
རི་དྭགས་བཞིན་དུ་འགྱུར་བར་གྱིས།
།ཞེས་གསུངས།
༈
བཅུ་གཅིག་པ་འདོད་ཡོན་གྱི་
ཉེས་དམིགས་དྲན་པར་བྱ་བ།
༈
བཅུ་གཅིག་པ་འདོད་ཡོན་གྱི་ཉེས་དམིགས་དྲན་པར་བྱ་བ་ནི།
དེ་རྣམས་འོང་བ་ཡང་འདོད་ཡོན་གྱི་ཉེས་དམིགས་ཤེས་སམ་མི་ཤེས་ལ་རག་ལས་ཏེ།
འཕགས་པ་ཐོགས་མེད་ཀྱིས།
སེམས་ཅན་བརྗེད་བྱའི་འདུ་ཤེས་ཅན།
།
བརྗོད་བྱ་ལ་ནི་གནས་པ་རྣམས།
།
བརྗོད་བྱ་ཡོངས་སུ་མི་ཤེས་པས།
།
འཆི་བ་དང་ནི་འཕྲད་པར་འགྱུར།
།
བརྗོད་བྱ་ཡོངས་སུ་ཤེས་ན་ནི།
།
གང་གིས་དེ་ལ་གཞན་དག་གིས།
།
བརྗོད་བྱ་དེ་ནི་དེ་ལ་མེད།
།
བརྗོད་པ་པོར་ནི་སེམས་པར་མེད།
།
ཅེས་པའི་མདོ་འདི་ལ་སའི་དངོས་གཞིར་འགྲེལ་པ་མཛད་དོ།
།དེའི་དོན་ནི་འདི་ཡིན་ཏེ།
དགེ་སློང་དང༌།
བྲམ་ཟེ་དང་ཁྱིམ་པ་རྣམས་ཀྱིས་ཚིག་གིས་བསྒོ་ཞིང་བརྗོད་པས་འཚོལ་དགོས།
ལོངས་སྤྱོད་དགོས་པས་ན་འདོད་ཡོན་རྣམས་ལ་བརྗོད་བྱ་ཞེས་ཟེར་རོ།
།ཡང་བྱིས་པ་དག་གིས་རང་དགར་འདོད་པའི་ཉེས་དམིགས་མི་ཤེས་པ་ལ་སངས་རྒྱས་བྱང་སེམས་རྣམས་ཀྱིས་ཉེས་དམིགས་བརྗོད་པར་མཛད་པས་ན་ཡང་བརྗོད་བྱ་ཞེར་ཟེར་རོ།
།དེ་ལྟ་བུའི་བརྗོད་བྱའམ་འདོད་པ་ལ་ཉེས་དམིགས་ཚད་མེད་པ་ཡོད་བཞིན་དུ་སེམས་ཅན་དག་གིས་མི་ཤེས་ཏེ།
འདོད་པ་ལ་ལོངས་སྤྱོད་པས་ལས་བསགས་ནས་སྐྱེ་ཞིང་འཆིའོ།
།མཁས་པ་དག་གིས་ནི་འདོད་པའི་ཉེས་དམིགས་ལེགས་པར་རྟོགས་ནས་ཉེ་དུ་དང་ལོངས་སྤྱོད་མང་ཉུང་གང་ཡོད་ཐམས་ཅད་སྤངས་ནས་རབ་ཏུ་བྱུང་སྟེ།
མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་བརྩོན་པར་བྱེད་དོ།
།
གཞན་དག་གིས་སྐྱེས་བུ་ཁྱོད་ཀྱིས་ཉེ་དུ་རྣམས་མི་དགའ་བཞིན་དུ་ཚེ་འདིའི་འདོད་པ་རྣམས་སྤངས་ནས་ཚེ་ཕྱི་མར་འདོད་པའི་དོན་དུ་བརྩོན་པར་བྱེད་དམ།
ཞེས་བརྗོད་དུ་བྱུང་ཡང་སྐྱོན་དེ་མེད་ལ།
དེ་ལྟ་བུའི་སྐྱོན་ཡོད་དམ་སྙམ་དུ་སེམས་པའི་དགོས་པའང་མེ་དང༌།
ཚེ་འདི་དང་ཕྱི་མའི་འདོད་པ་གང་ཡང་དོན་དུ་མི་གཉེར་བས་སོ།
།
འདིར་ནི་མིང་དང་གཟུགས་ལ་སྲེད་བཅད་ཅིང༌།
།
ང་རྒྱལ་སྤངས་ནས་ཆགས་པ་མེད་པ་དེ།
།
དུ་བ་སངས་ཤིང་འཇོམས་མེད་རེ་བ་མེད།
ལྷ་མིའི་འཇིག་རྟེན་དག་ན་དེ་མི་སྣང༌།
ཞེས་པའི་དོན་ནི་མིང་དང་གཟུགས་ཞེས་པ་ཉེ་བར་ལེན་པའི་བྱང་པོ་ལྔ་པོ་སྡུག་བསྔལ་བར་མངོན་པར་མཐོང་བ་ན་བསམས་པ་ཐག་པ་ནས་སྲེད་པ་ཆད་པར་འགྱུར་ལ།
དེ་གོང་དུ་འཕེལ་བའི་དགྲ་བཅོམ་པར་གྱུར་པ་ན་སྲེད་པའི་བག་ལ་ཉལ་ཡང་མེད་པར་འགྱུར་རོ།
།
དུད་པ་ནི་སྲེད་པ་སྟེ།
དུག་གསུམ་གྱི་མེའི་སྔོན་དུ་འགྲོ།
ཤེས་རབ་ཀྱི་མིག་ལ་གནོད།
རྟོག་པ་ངན་པས་ཐ་མལ་པར་འདུག་ཏུ་མི་སྟེར་བས་རྣམ་པར་འཁྱུག་པར་བྱེད་པས་སོ།
།དེ་ལྟ་བུའི་སྲེད་པ་དེ་སྤངས་པའམ།
སངས་པས་འཚོ་བ་འཚལ་བ་ན།
བཟང་པོ་དང་མང་པོར་མྱུར་བར་བྱིན་ན་ཡང་སྦྱིན་བདག་དང་རྙེད་པ་དེ་དག་ལ་ཆགས་པ་མེད་པས་འདོད་ཆགས་ཀྱིས་མི་འཛམས་སོ།
།དེ་དེ་ལས་ལོག་སྟེ་བྱུང་ཡང་ཡིད་ཆད་པ་དང་ཞེ་སྡང་བ་སོགས་མེད་པས་ཞེ་སྡང་གིས་མི་འཇོམས་སོ།
།དེས་རྙེད་པའི་ཉེས་དམིགས་མཐོང་བས་དྲན་བཞིན་དུ་ལོངས་སྤྱད་པས་གཏི་མུག་གིས་མི་འཇོམས་སོ།
།སྦྱིན་པ་དག་འདིས་རྙེད་པ་ཅི་འདོད་པ་སྟེར་རོ་སྙམ་དུ་རེ་བ་བཅས་ཤིང་འགྲོ་བ་མེད་དེ།
དེ་ཉིན་མཚན་དུས་རྟག་ཏུ་འཆི་བའི་རྐྱེན་ནི་ཤིན་ཏུ་མང་བ་སྟེ།
མྱུར་དུ་འཆིའོ་སྙམ་ནས་འཆི་བའི་འདུ་ཤེས་ཀྱིས་གནས་ཏེ།
དེ་ལྟ་བུའི་དགྲ་བཅོམ་པ་དེ་ནི།
ཕྱིས་སྐྱེ་བ་མི་ལེན་པས་ལྷ་མིའི་འཇིག་རྟེན་ན་མི་སྣང་ངོ་ཞེས་པའོ།
།
དེ་ལྟར་ན་འདོད་ཡོན་གྱི་ཉེས་དམིགས་ཤེས་པ་གལ་ཆེ་སྟེ།
།དེ་ནི་མདོ་དང་གཏན་བཅོས་རྣམས་ལས་ཤིན་ཏུ་མང་ཞིང༌།
བདག་གིས་ལེགས་བསྡམས་ལ་སོགས་པར་རྒྱས་པར་བསྟན་ཟིན་ཏོ།
༈
བཅུ་གཉིས་པ་འཇིག་རྟེན་ཆོས་བརྒྱད་
སྤོང་བར་བསྟན་པ།
༈
བཅུ་གཉིས་པ་འཇིག་རྟེན་ཆོས་བརྒྱད་སྤོང་བར་བསྟན་པ་ནི།
ལར་ན་འཇིག་རྟེན་ཆོས་བརྒྱད་ཀྱིས་མ་གོས་པ་ཞིག་གལ་ཆེ་སྟེ།
འབྲི་ཁུང་ཆོས་རྗེའི་
༼སྐྱུ་ར་འཇིག་རྟེན་མགོན་པོ།
མཚན་རིན་ཆེན་དཔལ།
པཎ་ཆེན་ཤཱ་ཀྱ་ཤྲཱིའི་གསུང་ལས་ཀླུ་སྒྲུབ་ཀྱི་སྤྲུལ་པར་གྲགས།
རྗེ་ཕག་མོ་གྲུ་པའི་དངོས་སློབ།
མངོན་ཤེས་རྫུ་འཕྲུལ་སོགས་མཐའ་ཡས།
གཉོས་རྒྱལ་བ་ལྷ་ནང་པའམ་གྱེ་རེ་སོགས་གྲུབ་ཐོབ་མང་པོ་བྱོན།
འབྲི་ཁུང་ཐེལ་བཏབ།
སྡེ་ཆེན་པོ་བཅོ་བརྒྱད་ཙམ་ཆགས་པར་གདའ།༽
ཞལ་ནས།
ཀ་ཅིས་ཀྱང་མི་ཕན་འཆི་བ་ལ།
།
འཇིག་རྟེན་བྱ་བཞག་ཀྱང་མི་བདེན་རྫུན་པོར་གདའ།
།
ཆོས་བརྒྱད་འཇའ་ཚོན་གྱི་རི་མོ་ལ།
།
ཀ་བློ་གཏད་འདུག་གམ་མི་འདུག་ལྟོས།
།གསུངས།
རིགས་པའི་དབང་ཕྱུག་གི་ཞལ་ནས།
།
འཇིག་རྟེན་ཆོས་བརྒྱད་དོན་དུ་གཉེར།
།
བསྟོད་དང་སྨད་དང་གྲགས་མ་གྲགས།
༈ །
རྙེད་དང་མི་རྙེད་བདེ་དང་སྡུག
།
དེ་རྣམས་ལ་ནི་དགའ་མི་དགའི།
།
རྣམ་པར་རྟོག་པ་ཡོད་རིགས་ལ།
།
ཆོས་པ་ཡིན་སྙམ་མ་སེམས་ཤིག
།
སྔར་བྱས་ཕྱིས་བྱེད་ད་ལྟའི་ལམ།
།
ཆོས་བརྒྱད་ཀུན་སློང་ཡོད་དམ་མེད།
།
རང་གི་སེམས་ལ་དྲི་བར་གྱིས།
།གསུངས།
༈
བཅུ་གསུམ་པ་བདེ་བ་སྒྲུབ་འདོད་སྤོང་བ།
༈
བཅུ་གསུམ་པ་བདེ་བ་སྒྲུབ་འདོད་སྤོང་བ་ནི།
བཤེས་གཉེན་བཟང་མོ་བའི་
༼བཟང་མོ་བ་དྭགས་པོ་ལྷ་རྗེའི་དཔོན་རྒྱུད།
སྡེ་བཅུ་ལྷག་གི་བདག་བྱེད།
གྲུབ་ཐོབ་ཆེན་པོའི་བརྒྱུད་པ་སྡེ་སྣོད་མང་དུ་མཁྱེན།
རྒྱུད་སྡེ་བཞི་ལ་སྦྱངས།
ནཱ་རོ་ཆོས་དྲུག་སྦྱངས་པས་གཏུམ་མོ་ལ་རྩལ་ཐོན།
ཕྱིས་རྒྱ་མ་འགྲོ་མགོན་ལོབ་ཏུ་གཉིས་བསྟེན།
སངས་རྒྱས་དངོས་སུ་གཟིགས།
མྱ་ངན་ལས་འདས་ནས་ཀྱང་ནམ་འདོད་མཇལ།
གདུལ་བྱའི་དོན་མཛད་པ་སོགས་ཐམས་ཅད་གཟིགས།
འགྲོ་མགོན་ལ་དབང་དང་སེམས་བསྐྱེད་ཞུས་དུས་མཐར་ནོར་བཟང་གི་བླ་མ་བརྒྱ་རྩའི་མཛད་པ་མངོན་སུམ་དུ་བསྟན།
དང་པོ་དགྱེར་ཆེན་པོས་འགྲོ་མགོན་པ་བསྟན།
འགྲོ་མགོན་གྱིས་ཁོང་ལ་བསྟན་པར་གསུངས།
དཔོན་སློབ་གསུམ་པོ་ལ་དེ་ལྟ་བུའི་རྣམ་ཐར་མཐའ་ཡས།
བཟང་མོ་བས་ཕྱིས་བསམ་ཡས་ཕུར་བཟང་མེ་དགོན་པར་འགྲོ་མགོན་གྱི་གདན་ས་མཛད།
དོན་བརྒྱད་བཞུགས།
རྫུ་འཕྲུལ་དང་མངོན་ཤེས་མང་དུ་བྱུང༌།
བུ་ཆེན་ལྷ་དགེ་འདུན་སྒང་པ་ལྷ་བསམ་ཁབ།
ལྷ་ཕུ་དགོན་གསར་བ།
ལྷ་བླ་སོ་བབ་ལམ་དུ་གད་དམར་བ་ཐམས་ཅད་ཀྱིས་དགོན་པ་བཏབ།
གཞན་ཡང་བུ་ཆེན་མང་བར་སྣང༌།༽
ཞལ་ནས།
།འཇིག་རྟེན་ཆོས་བརྒྱད་བྱ་བ་འདིའོ་ཅག་སེམས་ཅན་ཐམས་ཅད་ལ་ཁྱབ་པ་ཡིན།
དེའི་ནང་ནས་བདེ་ན་དགའ་བྱ་བ་འདི་ཁྱབ་ཆེ་སྟེ།
ས་ཆེན་པོ་འདིའི་སྟེང་ན་ཡོད་པའི་སེམས་ཅན་ཀྱམ་ཀྱམ་བྱེད་པ་འདི་ཐམས་ཅད་བདེ་བདེ་མོ་རེ་འདོད་ནས་འཁྱམས་པ་ཡིན།
བདེ་བའི་རྩ་ན་སྡུག་བསྔལ་རེ་ཡོད་པས།
བདེ་བ་ལ་དགའ་བར་མི་བྱ་སྡུག་བསྔལ་ལ་ཡིད་ཤི་བར་མི་བྱ།
ཚེ་འདིར་བདེ་བ་ཆེ་ཆེར་བྱེད་ན།
ཚེ་ཕྱི་མ་ཞོར་ལ་ཤི་འགྲོ།
འདི་འདྲ་ཞིག་བྱས་ན་བདེ་བའམ་སྐྱིད་པ་ཡོང་སྙམ་ནས་ཆོས་སམ་འཇིག་རྟེན་གང་རུང་ཞིག་བྱས་ན་བདག་ཚེ་འདི་པར་སོང༌།
འཇིག་རྟེན་ཆོས་བརྒྱད་པར་སོང་ཨང་སྙམ་དུ་བསམ།
འོག་མ་རྣམས་ལའང་དེ་བཞིན་དུ་བསམ་གསུངས།
བདེ་བ་གང་འདོད་པ་དེ་མ་བྱུང་ན།
དེ་བྱུང་ན་དགའ་བ་ལ་སྙམ་ནས་འཕྲད་པར་འདོད་པའི་སྲེད་པ་སྐྱེ།
དེ་ཡང་ངེས་པ་ཡོད་ན་ནི་རེས་དགའ་སྙམ་ནས་མངོན་པར་དགའ་བའི་སྲེད་པ་སྐྱེ།
དེ་བྱུང་བ་ན་འདི་དང་མ་བྲལ་ན་ཨང་སྙམ་ནས་མི་འབྲལ་བར་འདོད་པའི་སྲེད་པ་སྟེ།
ད་ལྟ་མེད་ཀྱང་སྔར་བདེ་སྐྱིད་ཡོད་མྱོང་བ་ལ།
དེའི་དུས་སུ་དགའ་བ་དང་སྐྱིད་པ་ཨང་སྙམ་པ་བྱེད་པ་འདས་པའི་འདོད་པའི་རོ་མྱང་བ་འདས་པའི་སྲེད་པ་ཞེས་པ་འབྱུང་སྡུག་བསྔལ་དང་མི་འདོད་པ་བྱུང་ན་འདི་མེད་ན་དགའ་བ་སྙམ་ནས་འབྲལ་བར་འདོད་པའི་སྲེད་པ་སྐྱེ།
མ་བྱུང་ན།
དེ་མ་བྱུང་ན་བཟང་ངམ་སྙམ་ནས་མི་འཕྲད་བར་འདོད་པའི་སྲེད་པ་སྐྱེ།
བདེ་སྡུག་གང་ཡང་མིན་པ་བྱུང་ན་དེ་མི་ཉམས་པར་འདོད་པའི་སྲེད་པ་བྱུང༌།
དེ་རྣམས་གང་བྱུང་ན་ཡང་སྲེད་པ་དང་ཆགས་པའི་དབང་དུ་སོང་བ།
འཇིག་རྟེན་ཆོས་བརྒྱད་པ་ཚོ་འདི་པ་ཡིན་ནོ།
།
འོ་ན་དེ་རྣམས་མི་འབྱུང་བར་ཇི་ལྟར་བྱེད་སྙམ་ན།
རིགས་པའི་དབང་ཕྱུག་གིས།
ཙནྡན་སྟེ་བུར་མཚུངས་པ་ལ།
།ཆགས་བྲལ་ཞེས་ནི་བརྗོད་པ་ཡིན།
ཞེས་པ་ལྟར་ཕྱོགས་གཅིག་ནས་གཅིག་གིས་གུས་པ་ཆེན་པོས་ཙན་དན་གྱི་བྱུག་པས་བྱུགས་ཀྱང་དགའ་བར་མི་བྱ།
ཕྱོགས་གཅིག་ནས་སྟེ་འུས་པ་ཞོགས་ཀྱང་མི་དགའ་བ་མེད་པར་བྱས་ནས།
དེ་བཞིན་དུ་ཚེ་འདིའི་འདོད་མི་འདོད་ཐམས་ཅད་ལ་བྱུང་ན་ཆོས་བརྒྱད་འགོ་སྙོམས་པ་ཡིན་ནོ།
།
དེ་འདྲ་རང་རེ་ལས་དང་པོ་པ་ལ་བསམ་པ་ཐག་པ་ནས་བཅོས་མིན་མི་ཡོང་ཡང༌།
བློས་བཅོས་ཀྱི་ན་དགའ་མི་དགའི་རྣམ་རྟོག་སྤང་བ་ལ་གོམས་སུ་བཞུག་པ་གལ་ཆེའོ།
།ཆོས་ཀྱི་ཕྱིར་དུ་ནི་འདོད་པ་འཚོལ་བ་དང་ལོངས་སྤྱོད་པ་དང༌།
དེ་མ་གྲུབ་པ་སོགས་བྱུང་ན་དགའ་མི་དགའ་མེད་པར་ཉེས་དམིགས་རིག་བཞིན་དུ་ལོངས་སྤྱོད་པ་སོགས་དང༌།
གོང་འོག་ཏུ་བཤད་པ་ལྟར་ཉེས་དམིགས་དུས་རྒྱུན་དུ་སེམས།
ཞེན་ལོག་དྲག་པོ་བསྐྱེད།
སྤོང་ཅི་ཐུབ་ལ་འབད།
མ་ཐུབ་པ་རྣམས་ལ་ཆོས་ཀྱི་དོན་དུ་འདི་མི་བསྟེན་ཀ་མེད་བྱུང༌།
སྟོན་པས་ཀྱང་གནང་བས་སེམས་ཅན་གྱི་དོན་དུ་ལོངས་སྤྱོད་དགོས་སྙམ་པའི་དུས་དྲན་དང༌།
སེམས་བསྐྱེད་ཀྱིས་ཟིན་པ་སོགས་བྱས་པས་སྐྱོན་མེད་པར་འགྱུར་རོ།
།
དགྱེར་ཆེན་པོའི་
༼དགྱེར་ཆེན་པོའི་མཚན་གཞོན་ནུ་གྲགས།
གཙོ་བོར་སྣེའུ་ཟུར་པ་ལ་བསྟེན་ལུང་རྟོགས་མཐའ་ཡས་པ་བརྙེས།
མངོན་ཤེས་རྫུ་འཕྲུལ་ཡི་དམ་མང་དུ་གཟིགས་པ་སོགས་མཐའ་ཡས།
རིན་ཆེན་སྒང་བཏབ།
གཙུག་ལག་ཁང་རི་རྙེད་བཞེངས།
གྲྭ་པ་བརྒྱད་བརྒྱ་འདུས།
དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞུགས།
བུ་ཆེན་བརྒྱད་དེ་ཐུགས་སྲས་འགྲོ་མགོན་དང༌།
སྒོམ་ཤེས་གྲགས་གཉིས།
གཞན་ཡང་ལྟོ་པ་བྱང་སྒོམ།
དཀྲི་ཟོང་བ་དགེ་བཤེས་དག
།སྡིང་ས་པོ་བ། རྦས་བྱ་ཟུག་གསུམ།
རྦས་ཡར་འབྲོག་ཏུ་གདུལ་བྱ་བསྐྱངས་དགོན་པ་བཏབ།
བྱ་དེ་བྱ་བ་ཁྲི་དཔོན་ཚང་གི་དང་པོའི་བྱ་བ་ཨ་ནག་ཆེན་པོ་དེ་ཡིན།
ཟུག་གིས་ལྷོ་བྲག་དང་རོར་དགོན་པ་བཏབ།
གཞན་ཡང་བུ་ཆེན་མང་དུ་བྱོན།
ཐམས་ཅད་ཀྱིས་བསྟན་པ་བསྐྱངས་སོ།
།༽ ཞལ་ནས།
སྔར་དགེ་བཤེས་སྟོན་པས་མཛད་པ་བཞིན་དུ་འོ་ཅག་ཀྱང་ཚིགས་བཅད་དེ་འདོན་གྱིན་མ་མཐའ་ཚིག་ཙམ་གྱི་སྒོ་ནས་ཀྱང༌།
གཉེན་པོ་བསྟེན་ལ་འཇིག་རྟེན་ཆོས་བརྒྱད་སྤངས།
གསུངས།
རྗེ་རིན་པོ་ཆེའི་ཞལ་ནས།
དགེ་འདིས་མཚོན་ནས་དུས་གསུམ་དང་འབྲེལ་བའི།
།
རང་གཞན་དགེ་བའི་རྩ་བ་ཇི་སྙེད་པ།
།
དེ་དག་ཐམས་ཅད་སྐྱེ་ཞིང་སྐྱེ་བ་རུ།
།
བྱང་ཆུབ་མཆོག་གི་རྗེས་སུ་མི་མཐུན་པའི།
།
ཤེས་ཀྱིས་ཁེ་འདོད་པ་དང་གྲགས་པ་དང༌།
།
འཁོར་དང་རྙེད་བཀུར་གྲགས་སོགས་བདེ་བའི་རྒྱུར།
།
སྐད་ཅིག་ཙམ་ཡང་སྨིན་པར་མི་འགྱུར་ཞིང༌།
།
བླ་མེད་བྱང་ཆུབ་ཁོ་ནའི་རྒྱུར་གྱུར་ཅིག
།
བདེ་མེད་སྡུག་བསྔལ་བརྒྱ་ཡིས་གཅོས་པ་ཡིས།
།
འཁོར་བའི་ཕུན་ཚོགས་ཡིད་ལ་དྲན་ཙམ་གྱིས།
།
ལྕགས་ཁང་འབར་བའི་ནང་དུ་ཚུད་པ་ལྟར།
།
ཡིད་ལ་འདོད་པ་ཏིལ་ཙམ་མེད་པར་ཤོག
།
ཅེས་བདེ་བ་ལ་མ་ཆགས་པ་དང་སྡུག་བསྔལ་དང་དུ་བླངས་ནས་ཆོས་སྒྲུབ་པ་ཞིག་གིས་སྨོན་ལམ་གདབ་དགོས་གསུངས།
ཆེད་དུ་བརྗོད་པའི་ཚོམས་སུ།
མི་གང་རྟག་ཏུ་བདེ་བ་འདོད་བྱེད་པ།
།
སྐྱེ་དགུ་དགའ་བར་ཉེ་བར་འགྲོ་འགྱུར་ཞིང༌།
།
སྐྱེ་དགུ་སྲེད་པ་རྣམས་ཀྱི་མདུན་དུ་གདར།
།
རི་བོང་རྒྱ་ནང་ཡོངས་སུ་རྒྱུག་པ་བཞིན།
གསུངས།
མཁས་བཙུན་པས།
ཕུགས་ཀྱི་འདོད་བློ་ཞིག་དང་མ་བྲལ་ན།
།
ཚེ་འདིའི་བྱ་དགོས་ཆུ་བོའི་གཉེར་མ་འདྲ།
།
གཅིག་ཟིན་དེ་བས་མང་བ་སླར་ཡང་སྐྱེ།
།
ལུས་ངག་བྱ་བྱེད་ཉུང་ན་མི་འཐད་དམ།
གསུངས།
ས་པཎ་གྱིས།
ཧ་ཅང་བློ་རྒྱ་ཆེས་པས་འདུ་འཛིས་གཡེངས།
གཅིག་ལ་གཅིག་འཕྲོས་ཟིན་མེད་བྱ་བས་བྲེལ།
།
འདི་དང་འདི་དགོས་འདོད་པས་རིམ་གྱིས་འབྲིད།
།
དེ་འདྲས་མི་ཚེ་ཟད་པ་མ་ཚོར་རམ།
གསུངས།
སྐྱེས་མཆོག་པས།
ཚེ་འདིའི་བདེ་སྐྱིད་རླུང་ལ་བསྐུར།
།
ཉམས་ལེན་ཕྱོགས་སུ་སྡུག་བསྔལ་ཁུར།
།
དཀའ་ཐུབ་ཕྱོགས་སུ་ལུས་སྲོག་བཏང༌།
།གསུངས།
རྗེ་རིན་པོ་ཆེ་ཙོང་ཁ་པའི་ཞལ་ནས།
འཁོར་བ་ན་བདེ་བ་ཡེ་མེད།
ད་ལྟར་བདེ་བར་རློམ་པའི་ཟས་ཟོས་པའི་བདེ་བ་ལ་སོགས་ཀྱང་བཀྲེས་སྐོམ་གྱི་སྡུག་བསྔལ་ཞི་བ་ལ་བདེ་བའི་མིང་བཏགས་པ་ཙམ་ཡིན།
དེ་ཅི་ཡིན་ན།
བཀྲེས་པའི་སྡུག་བསྔལ་དེ་བསྟེན་ན་སྡུག་བསྔལ་ཇེ་ཆེར་འགྱུར་བ་ལྟར་ཟས་ཀྱང་ནན་ཏན་བསྐྱེད་ཟོས་ན་བདེ་བ་མི་ཡོང་བར་སྡུག་བསྔལ་ཇེ་ཆེར་འགྲོ་བ་དེ་དང་པོ་ནས་བདེ་བ་མེད་པར་སྡུག་བསྔལ་དུ་ཡོད་པའི་རྟགས་རང་ཡིན།
དེ་ཡང་ཟོས་ཙམ་ན་བཀྲེས་པའི་སྡུག་བསྔལ་དེ་འགགས།
ཟོས་པའི་སྡུག་བསྔལ་གྱི་འགོ་བཙུགས་པ་ལ་བདེ་བར་ངེད་རང་གིས་རློམ་པ་ཡིན།
དེ་བཞིན་དུ་འཁོར་བའི་བདེ་བ་ཐམས་ཅད་སྡུག་བསྔལ་མཚན་ཉིད་པ་བདེ་བ་བཏགས་པ་བ་ཡིན།
དེ་ལྟར་ཡིན་ཀྱང་ངེད་རང་གིས་བདེ་བར་རློམ་ཞིང་དེ་ལ་ཆགས་དེའི་ལྡོག་ཕྱོགས་ལ་ཞེ་སྡང༌།
དེའི་མཚང་འདི་མི་ཤེས་པར་གཏི་མུག་གི་ལས་བསགས་པར་འཁོར་བར་འཁྱམས་པ་ཡིན་པས།
ད་འཁོར་བའི་བདེ་བ་ལ་སུ་ཞིག་ཆགས་སྙམ་དུ་བསམ་གསུངས།
༈
བཅུ་བཞི་པ་སྡུག་བསྔལ་ལ་རྒྱན་དུ་
བལྟ་བ་ལ་བསླབ་པ།
༈
བཅུ་བཞི་པ་སྡུག་བསྔལ་ལ་རྒྱན་དུ་བལྟ་བ་ལ་བསླབ་པ་ནི།
བདེ་བ་ལ་མ་ཆགས་པར་མ་ཟད་སྡུག་བསྔལ་ལ་རྒྱན་དུ་མཐོང་ནས་སྡུག་བསྔལ་སྨན་ལྟར་བསྟེན་པ་ཞིག་དགོས་ཏེ།
པོ་ཏོ་བའི་ཞལ་ནས།
འབྲོམ་ལོ་སྡེངས་པ་ལ་སྔ་ཕྱོགས་པ་དང༌།
གཡུ་ཕྱོགས་པ་དང༌།
སྟོང་ར་བ་གསུམ་ཡོད་པའི།
སྔ་ཕྱོགས་མང་བཙན་ཟེར་པ་ལ་ཆུང་མ་ཤེད།
ཁྱོད་ལོ་གསུམ་ཚ་བ་འཐུངས་ནས་གཏན་དུ་ཟན་ཟ་བའམ།
ལོ་གསུམ་ཟན་ཟོས་ནས་གཏན་དུ།
ཚ་བ་འཐུངས་ཟེར། དེ་ཁོ་ཤེད།
ངས་ལོ་གསུམ་ཚ་བ་འཐུངས་པས།
གཡུ་རང་ཡང་སྣང་བ་མཐའ་ཡས།
སྐར་ཆེན་དང་སེང་གེ་དཔུང་པ་སོགས་སྒྲིགས་པ་མདུང་གང་ཡོང་ཟེར།
དེ་བཞིན་དུ་ཆོས་བྱེད་པ་ལ་སྡུག་གཅིག་དང་དཀའ་བ་ཞིག་དང་དུ་ལེན་དགོས།
སྡུག་ཐོག་ནས་ཆོས་ཤིག་མ་བྱས་པར་སེམས་རྩ་མི་ནོམ།
བློ་མི་ཁེངས།
།སྣམ་བུ་བཀྲུ་བཅག་བྱེད་པ་རྣམས་སོ་ཐུབ་པ་ཞིག་བྱ་སྙམ་ནས་འཐེན་པས་སོ་མི་ཐུབ།
ཕར་ངོས་མ་ཡང་འགྲོངས་པ་ཞིག་བྱ་སྙམ་ནས་འཐེན་ན་སོ་ཐུབ།
དེ་བཞིན་དུ་ཆོས་བྱེད་པ་ལའང་ཚམ་ཚོམ་མེད་པ་ཞིག་བྱས་ན་འོང་སྟེ།
མདུང་ཁར་ལ་ཁ་ཡོས་ཡོང་བ་དེས་དཔའ་བོ་མི་འོང༌།
ཡོས་མི་ཡོང་བ་ཞིག་བྱུང་ན་དཔའ་བོ་འོང་བ་ཡིན།
དེ་བཞིན་དུ་ཡོས་མ་བྱུང་བ་དེ་ངས་བྱས་ཟེར་བ་ཞིག་དགོས།
ཞེ་ཕུགས་སྤྲང་ལ་གཏད།
སྤྲང་གི་ཐ་མ་ཤིར་བཅུག
།སང་གནང་ན་རྐང་མགོ་ཁྱིས་འདྲད་བྱིས་པ་རྣམས་ཀྱིས་མགོར་འཆང་བསྟུན་རྒྱག་བ་ཞིག་བྱ་དགོས་སྙམ་པ་བྱ།
སྤྱིར་འཁོར་བ། ཁྱད་པར་ངན་སོང༌།
ཡང་དགོས་མནར་མེད་དུ་སྐྱེ་མ་དགོས་ན།
ལྟོར་འཁྲུད་མ་འཐུང་ན་ཡང་འཐུང༌།
གོས་སུ་སྟན་གོན་ན་ཡང་གོན་སེམས་པ་ཞིག་དགོས་གསུངས།
རྗེ་ཙོང་ཁ་པའི་ཞལ་ནས།
སྲིད་པའི་འབྱོར་པས་མི་བསླུ་མེད།
།
གཅིག་ཏུ་ཕན་པ་དམ་པའི་ཆོས།
།
བསྟན་དང་མཇལ་བ་ལན་རེ་ཙམ།
།
དེ་ཕྱིར་དེ་ཡི་དོན་ལ་དགོངས།
གསུངས།
དགེ་བཤེས་ཤྭ་བོ་པའི་ཞལ་ནས།
སྔ་དྲོ་ཞིག་མལ་དུ་མ་བསྡད་ན་ཕྱི་དྲོ་ཁྲམ་ནག་རེར་འཆའ་བ་འདུག།
དེ་བས་ན་གཞོན་པ་ཀུན་ལུས་སེམས་ལ་ནུས་པ་ཡོད་པའི་དུས་དུ་གཉེན་པོ་ཡང་ནུས་པ་ཆེ་བ་ཡིན་པས་ཉོན་མོངས་པ་དང་འཐོབས་དང༌།
།རྒས་ནས་བྲང་ཁོག་གཉེར་མས་འུབས་ཏི་སོང་རྩ་ན།
རྒས་རྒྱུའི་ཉོན་མོངས་པ་མ་རྒས་པར།
མི་རྒས་རྒྱུའི་གཉེན་པོ་རྒས་བྱ་བར་མི་འོས་པ་ཐམས་ཅད་བྱེད་གཞན་གྱི་མིག་རྐྱེན་ངན་པ་ཡོ་བྱེད་པ་རེ་ཡོང་པར་འདུག་གསུངས།
བཅོམ་ལྡན་འདས་ཀྱིས་བཟོད་པ་རྣམ་པ་གསུམ།
སྡུག་བསྔལ་དང་ལེན་གྱི་བཟོད་པ་དང༌།
གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ།
ཆོས་ལ་ངེས་པར་སེམས་པའི་བཟོད་པ་གསུམ་མདོ་བསྟན་བཅོས་དུ་མ་ལས་རྒྱས་པར་གསུངས།
།
བླ་མ་གོང་མས་བཟོད་པ་གསུམ་སོགས་སྡུག་བསྔལ་དང་ལེན་ནམ་སྡུག་བསྔལ་ལ་རྒྱན་ཏུ་ལྟ་བའི་ཉམས་ལེན་ལ་གོང་གི་གཏད་ས་བཞི་སོགས་ཕུགས་ནོར་བཅུའི་ཉམས་ལེན་གསུངས།
ཆོས་ལ་ངེས་སེམས་ཀྱི་བཟོད་པ་དང༌།
ཡེ་ཤེས་རྡོ་རྗེ་རང་དང་འགྲོགས་ཞེས་པ་དོན་གཅིག
།དེ་རྣམས་ལ་དཔྱད་བསྒོམ་གྱིས་བློ་སྦྱོང་བའི་དོན་ནོ།
།
དགེ་བཤེས་ཡོན་ལུང་བ་མཚམས་མཛད་པ་ལ།
གཅིག་གིས་ཐུ་བ་ནས་བཟུང་ནས་གདམས་ངག་ཚིག་གཅིག་ཞུ་བྱས་པས།
ཁྱོད་གཞོན་ནུ་ལ་རབ་ཏུ་བྱུང་བ་ཡིན་གྱི་འཆི་ཁར་མི་འགྱོད་པ་ཞིག་གྱིས་ཤིག
།དེ་ལ་ཙམ་པ་སྲོག་ཐུབ་དུག་པོ་རྒྱབ་གྲོས་ལ་བསྟེན།
ཁྱིམ་མཚེས་ཀྱིས་ཀྱང་ངོ་མི་ཤེས་པ་བྱས།
དམའ་བའི་ས་བཟུང༌། ཧྲུལ་པོའི་གོས་གྱོན།
ཕ་ཡུལ་སྤངས། བཤེས་གཉེན་གྱི་རྒྱ་གད་ཆུ་བཞིན་འཐུངས།
ཚེ་འདི་ལ་འཕྱ་བ་ཐོ་རེ་བ་ཞིག་དགོས།
ཕུར་ཤིང་ཆག་མདར་ཆུ་ཤོར་ཡང་འདི་ལ་སྒྲིལ་ནུས་ན་མི་འགྱོད་པ་ཞིག་འོང་གསུངས།
པོ་ཏོ་བའི་གསུངས།
གཞན་གྱི་བདག་ལ་སྙིང་རྗེའི་གནས་བྱེད།
།
བདག་ནི་རྟག་ཏུ་དགའ་བས་གནས་ན།
།
དེ་ལ་ཆོས་ཡོད་གཞན་དུ་ན་མིན།
གསུངས།
ཡང༌།
སངས་རྒྱས་བསྟན་པ་མར་འགྲིབས་དུས་ན།
།
ནག་པོའི་ཕྱོགས་ལ་དགའ་བ་མཐུ་ཆེ།
།
དཀར་པོའི་ཕྱོགས་ལ་དགའ་བ་མཐུ་ཆུང་།
དེ་ཕྱིར་ཆོས་མིན་ཞུགས་པ་རྣམས་ལ།
།
ཕན་འདོགས་མང་ཞིང་ཚེ་རིང་ནད་མེད།
།
ཆོས་ལས་ཞུགས་པ་དེ་ལས་ལྡོག་པ།
།
རང་བཞིན་ཡིན་པས་ཆོས་ཞུགས་མ་ཞུམ།
།
དགེ་བཤེས་སྟོན་པས་ངེད་ལ་དེ་གསུངས།
།
དེ་ལྟ་བས་ན་གཉེན་པོར་དེ་བསམ།
གསུངས།
དེས་ནས་སྙིགས་མའི་དུས་སུ་སྡུག་བསྔལ་མེད་པ་མི་སྲིད་པ་ལྟ་བུ་ཡིན་པས།
སྡུག་བསྔལ་གྱིས་མ་འཇིགས་པར་བྱ་དགོས་ཏེ།
ས་པཎ་གྱིས།
རྩོན་དུས་བསོད་ནམས་ཕུན་ཚོགས་པ།
།
སྐྱེ་བོ་བརྒྱ་ཡི་ནང་ན་དཀོན།
།
རྫིང་ངན་ཆུ་ཡིས་ཁེངས་པ་ན།
།
ཕྱོགས་གཅིག་ཅི་ནས་འཇིག་པ་ལྟར།
།
གང་ལ་ནོར་དང་ལྡན་གྱུར་པ།
།
དེ་ལ་རིགས་བརྒྱུད་ཤིན་ཏུ་དཀོན།
།
བུ་དང་ལྡན་ན་ནོར་ཆེས་དཀོན།
།
དེ་དང་ལྡན་ན་དགྲ་བོ་འོང༌།
།
ཐམས་ཅད་ཕུན་སུམ་ཚོགས་གྱུར་ན།
།
མི་དེ་མྱུར་དུ་འཆི་བ་མང༌།
གསུངས།
དགེ་བཤེས་ཁ་རག་པས།
།
རྐྱེན་ངན་དགེ་བའི་བཤེས་གཉེན་ཡིན།
།
བར་ཆད་དགེ་སྦྱོར་བསྐུལ་མ་ཡིན།
།
སྡུག་བསྔལ་སྡིག་པའི་ཕྱགས་མ་ཡིན།
།
སེམས་མི་དགའ་བྱུར་དུ་མ་བལྟ་ཨང༌།
གསུངས།
སྤྱོད་འཇུག་ལས།
ཡིད་མི་བདེ་བའི་ཟས་རྙེད་ན།
།
ཞེས་སྡང་བརྟས་ཏེ་བདག་འཇོམས་སོ།
།
ཅི་ལ་བབ་ཀྱང་བདག་གིས་ནི།
།
དགའ་བའི་ཡིད་ནི་དཀྲུག་མི་བྱ།
།
གལ་ཏེ་བཅོས་སུ་ཡོད་ན་ནི།
།
དེ་ལ་མི་དགའ་ཅི་ཞིག་ཡོད།
།
གལ་ཏེ་བཅོས་སུ་མེད་ན་ནི།
།
དེ་ལ་མི་དགར་ཅི་བྱས་ཕན།
།
གཞན་ཡང་སྡུག་བསྔལ་ཡོན་ཏན་ནི།
།
སྐྱོ་བས་དྲེགས་པ་སེལ་བར་བྱེད།
།
འཁོར་བ་པ་ལ་སྙིང་རྗེ་སྐྱེ།
།
སྡིག་ལ་འཛེམ་ཞིང་དགེ་ལ་དགའ།
གསུངས།
དེ་ལྟར་སེམས་ཤེས་པ་ཞིག་བྱུང་ན།
སྐྱོན་ཡོན་ཏན་དུ་སློངས།
སྡུག་བསྔལ་བདེ་བར་ཤར།
ཆོས་ལ་བགེགས་དང་བར་ཆད་གང་གིས་ཀྱང་མི་ཚུགས་པ་ཞིག་ཡོང་བ་ཡིན་ཏེ།
པོ་ཏོ་བའི་ཞལ་ནས།
ཚོགས་པ་རྣམས་ཀྱང་ལ་ལ་ཁབ་བབས་ཀྱང་རྟ་མིག་ལ་ཕན་ཟེར།
ནུབ་མོ་ཆར་བབས་པ་ལ་དགྲ་མི་ཡོང་ཟེར།
དེ་བཞིན་དུ་ནད་དང་དབུལ་ཕོངས་དང༌།
གཤེ་སྐུར་དང༌།
ཐ་ན་རྨི་ལམ་གྱི་སྡུག་བསྔལ་ཚུན་ཆད་ལམ་དུ་སློངས་པས་སྡིག་པ་བྱང་བ་སོགས་ཡོན་ཏན་དུ་མ་ཡོང༌།
དེ་ཙ་ན་འཕྲང་དང་གེགས་བྱུང་བ་ལེགས་པ་ཡིན།
དེ་འདྲ་ཞིག་གིས་ཡོ་ཁོའི་ཆོས་ཀྱི་གྲོགས་སུ་འགྲོ་གསུངས།
འོ་ན་སྡུག་བསྔལ་ལམ་དུ་སློང་ཚུལ་ཇི་ལྟར་བྱ་སྙམ་ན།
དེ་ལ་སྤྱོད་འཇུག་དང་བླ་མ་གོང་མའི་ལུང་སྔར་དྲངས་པ་ལྟར་མི་འདོད་པ་ཅི་བྱུང་ཡང་དེ་ལ་མི་དགའ་བ་བྱེད་མི་རིགས་པ་དང༌།
དགའ་བ་བྱེད་རིགས་པའི་རྒྱུ་མཚན་རྣམས་བསམས་ནས་སེམས་དགའ་ཡལ་ལེ་བྱེད་ཅིང་སེམས་བསྐྱེད་ཀྱིས་ཟིན་པ་མཛའ་བོའི་བུ་མོའི་གཏམ་རྒྱུད་ལྟར་སེམས་ཅན་གྱི་དོན་དུ་བསྔོ་བ་དང་གཏོང་ལེན་བྱེད་པ་སོགས་མན་ངག་གི་གནད་ཡིན་ནོ།
།དེ་ལྟ་ཡིན་ཡང་ན་བ་ཡིན་ན་བཅོས་སུ་ཡོད་པ་ལ་སྨན་བཅོས་སོགས་བྱེད་པར་མཁས་པ་རྣམས་བཞེད་པས་དེ་བྱེད་པ་ལ་མི་རིགས་པ་མེད་དོ།
།
བྱང་སེམས་འཆད་ཁ་བས།
༼མཚན་ཡེ་ཤེས་རྡོ་རྗེ།
རུས་བྱ། འཁྲུངས་ཡུལ་ལོ་རོ།
།དང་པོ་སྡེ་སྣོད་སྦྱངས།
ཕྱིས་ཤ་ར་བ་བསྟེན་ནས་བྱང་ཆུབ་ཀྱི་སེམས་འབྱོངས།
ཤར་ཞེས་སྤྲས་ན་ཡོད།
ཤར་འབུམ་པ་དར་ཡུལ་གྱི་མདའ་ན་ཡོད།
བྱང་སེམས་འཆད་ཁབས་འཆད་ཁ་དགོན་བཏབ།
གྲྭ་པ་དགུ་བརྒྱ་ཙམ་འདུས།
དགུང་ལོ་དོན་ལྔ་ལ་མཐའ་ཕུར་གཤེགས།
ཡོན་ཏན་མཐའ་ཡས།
བུ་ཆེན་སེ་སྐྱེལ་བུ་བས་སྤྱིལ་བུའི་དགོན་པ་བཏབ།
གནངས་པ་ད་རེས་ཁ་རུའི་དགོན་པ་བཏབ།
རྣལ་འབྱོར་པ་བྱང་སེམས་ཡང་འཆད་ཁ་བ་དང༌།
འགྲོ་མགོན་སངས་རྒྱས་དཔོན་གཉིས་ཀའི་སློབ་མར་བཤད།
ཁོང་གིས་གྲོ་པ་དགོན་པ་བཏབ།
འདུལ་བའི་བཤད་ཉན་དར།
དགུང་ལོ་དོན་དྲུག་བཞུགས།
ཡོན་ཏན་མཐའ་ལས་པར་སྣང་ངོ༌།
།༽
ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན།
།
འཕྲལ་ལ་གང་ཐུག་སྒོམ་དུ་སྦྱར།
།
ལེ་ལན་ཐམས་ཅད་གཅིག་ལ་བདའ།
།
ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ།
།
སྦྱོར་བ་བཞི་ལྡན་ཐབས་ཀྱི་མཆོག
།ཅེས་གསུངས།
ཡང་བླ་མ་དག་མི་འདོད་པ་ཅི་བྱུང་ཡང་དེའི་རྣམ་རྟོག་གི་རྗེས་སུ་མི་འབྲང་བར་ལྷོད་ནས་འཇོག་པ་རྐྱེན་ངན་ལམ་དུ་སློང་བའི་ཐབས་སུ་གསུངས།
གཙང་པ་རྒྱ་རས་ཀྱི་ཞལ་ནས།
འཇུར་བུས་བཅིངས་པའི་མི་ལ་སྡུག་བསྔལ་དང་ཆགས་སྡང་རང་བཞིན་གྱིས་འཁོར།
སེམས་ཀློད་ཤེས་པའི་མི་དེ་བདེ་བ་ཆེན་པོ་དང་མི་འབྲལ་གསུངས།
དེ་བཞིན་དུ་རྒྱལ་བ་ཡང་དགོན་པས་ཀྱང་མང་དུ་གསུངས།
དེ་ལྟར་རྐྱེན་ངན་ལམ་དུ་སློང་ཤེས་ན་བདེ་སྐྱིད་རྒྱུན་མི་ཆད་དེ།
དགེ་བའི་བཤེས་གཉེན་པ་རྣམས་ཀྱི་ཞལ་ནས།
སྐྱིད་གདུག་འདི་རྫུན་ཡིན།
རང་གི་བློ་འཆོས་ཤེས་མ་ཤེས་ཡིན།
ཉོན་མོངས་པ་ཆེ་ཆུང་འདི་རྫུན་ཡིན།
གཉེན་པོ་ཆེ་ཆུང་ཡིན་གསུངས།
དགེ་བཤེས་ཁ་རག་པས།
བློ་སྣའི་འགྲོ་ལྡོག་མ་ཤེས་ན།
།
ཅི་བྱས་སེམས་ལ་བདེ་དུས་མེད།
།
འགྲོ་ལྡོག་ཤེས་པའི་མཁས་པ་ལ།
རྐྱེན་ངན་གྲོགས་སུ་འཆར་རོ་ཨང༌།
གསུངས།
གཙང་པ་རྒྱ་རས་ཀྱིས།
སྡུག་བསྔལ་ལ་རྒྱན་དུ་མཐོང་ན།
སྤྱོད་པའི་ཚད་ཡིན།
གཅེས་དགུ་རྒྱབ་ཏུ་བསྐྱུར་ན་གྲུང་པོའི་ཚད་ཡིན།
།
རྐྱེན་དང་བར་ཆད་ཅི་བྱུང་ཡང་གཡོ་འགུལ་མེད་ན་བརྟན་པའི་ཚད་ཡིན།
མོས་གུས་ཅན་གྱི་སྒོ་ཁང་ན།
བླ་མ་སྒོ་ཉལ་བྱེད་ཀྱིན་ཡོད་དེ།
ལོག་ལྟ་ཅན་གྱིས་མ་ཚོར།
དད་པ་ཅན་གྱི་སྒོ་ཁང་ན།
དམ་ཆོས་སྒོ་ཉལ་བྱེད་ཀྱིན་ཡོད་དེ།
སྡུག་བསྔལ་རྒྱན་དུ་མ་མཐོང་བས་མ་ཚོར་གསུངས།
སྐྱེས་མཆོག་པས།
ཞེན་པ་གཏིང་ནས་མ་ལོག་ན།
དཀའ་ཐུབ་ཆུ་འཐུངས་གིས་མཐར་མི་འཁྱོལ་བར་གདའ།
འཁོར་བ་སྡུག་བསྔལ་དུ་མ་ཤེས་ན།
ངེས་འབྱུང་གི་སྐྱོབ་མི་སྐྱེ་བར་གདའ།
བློ་སྣའི་འགྲོ་ལྡོག་མ་ཤེས་ན།
ཅོལ་ཆུང་གི་རིགས་པ་ལ་བདེ་དུས་མི་འོངས་པར་གདའ།
གསུངས།
ད་ལྟར་ན་བདེ་སྡུག་དངོས་པོའི་སྟེང་ན་མེད་ཀྱི་བློ་སྣ་སྦྱང་ལུགས་ཀྱི་ཁྱད་པར་ཡིན་པར་ཤེས་པར་བྱས་ལ་འཇིག་རྟེན་གྱི་བྱ་བ་ཐམས་ཅད་བློས་གཏང་པར་བྱ་སྟེ།
ཁྲོ་ལོས།
ཚེ་འདིའི་ཆེ་ཐབས་བྱས་གྱུར་ཀྱང༌།
།
འགྲུབ་རྒྱུ་མེད་པར་དེ་བས་སྡུག
།
གཟབས་ནས་བསྒྲིབས་ཀྱང་འཁྱོགས་ནས་འཛོལ།
།
ད་ནི་ཞེ་འདོད་ཐམས་ཅད་ཐོངས།
གསུངས།
རྗེ་རིན་པོ་ཆེས།
དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག
།
འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན།
།
རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ།
།
ཚུལ་འདི་བསམས་ནས་འཇིག་རྟེན་བྱ་བ་ཀུན།
།
སྤུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས།
།
ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པ་དགོས།
།
རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བྱས།
།
ཐར་འདོད་ཁྱེད་ཀྱང་དེ་ལྟར་བསྐྱངས་འཚལ་ལོ།
།གསུངས།
༈
བཅོ་ལྔ་པ་བླ་མ་ལ་སོགས་པའི་ཕྱིར་དུ་ཡང་
ལོངས་སྤྱོད་སྒྲུབ་འདོད་སྤང་བ།
༈
བཅོ་ལྔ་པ་བླ་མ་ལ་སོགས་པའི་ཕྱིར་དུ་ཡང་ལོངས་སྤྱོད་སྒྲུབ་འདོད་སྤང་བ་ནི།
གླང་རི་ཐང་པའི་
༼གླང་པའི་ཐང་པའི་མཚན་རྡོ་རྗེ་སེང་གེ།
རུས་བཞུགས་འཆམས། པོ་ཏོ་བའི་བུ་ཆེན།
གླང་ཐང་བཏབ། གྲ་ཉིས་སྟོང་འདུས།
དགུང་ལོ་བདུན་བཅུ་བཞུགས།
ཡོན་ཏན་མཐའ་ཡས། སྤྲུལ་ས་རྣམ་སྣང་དུ་གསུངས།
འོད་དཔག་མེད་ཀྱི་སྤྲུལ་པར་ཡང་གྲགས།༽
ཞལ་ནས།
ལྟོ་རྒྱབ་དབེན་པར་སྡད་པས་ཆོག་གི།
ཚོགས་སོགས་བྱེད་པའི་གདུང་བ་ཆོད།
ཉིན་མཚན་དགེ་སོར་བྱས་པས་འདའ་ཡི།
གྲོགས་པོ་འཚོལ་བའི་གདུང་བ་ཆོད།
མི་སེམས་མལ་དུ་སྡད་པས་ཟིན་གྱི།
མཐུན་འཇུག་བྱེད་པའི་གདུང་བ་ཆོད།
བླ་མ་སྒྲུབ་པས་མཉེས་ཀྱི།
རྙེད་བཀུར་བྱེད་པའི་གདུང་བ་ཚོད།
བསྲུང་བ་འདྲེ་ལ་བཅོལ་པས་ཆོག་གི།
དྲག་སྔགས་ཟློས་པའི་གདུང་བ་ཆོད།
གསུངས།
སློབ་དཔོན་རྗེ་བཙུན་བྱ་བའི་དགེ་བཤེས་བཟང་པོ་ཞིག་གིས་བླ་མའི་དུས་མཆོད་བཅད་པས།
འཚལ་པའི་དཔོན་དགའ་བདེས་ཁོང་གི་སློབ་མ་ཞིག་ལ།
ད་ལྟ་དབུས་ཀྱི་དགེ་བཤེས་ཙམ་ལ་ཁང་བཟང་བར་འདུག་པ།
བླ་མའི་དུས་མཆོད་བཅད་པ་རང་མི་འཐད་དམ་བྱས་པས།
ཁོས་སློབ་དཔོན་གྱི་དྲུང་དུ་ཕྱིན་ཏེ་མི་ཀུན་འདི་སྐད་ཟེར་བྱས་པས།
ང་བླ་མ་ལ་མོས་གུས་མེད་པའམ།
ཆ་རྐྱེན་ཕོངས་པ་མིན།
དེ་ལ་དམིགས་ནས་ཚོགས་པ་མང་པོ་ཡོད་བར་གདའ་བ་དང༌།
དགེ་འདུན་རྣམས་གཡེང་ནས་དགེ་སྦྱོར་ཆགས་པ་དང༌།
།བཙུན་པ་གཉེན་པོ་ཆུང་ཆུང་རྣམས་ཆུད་ཟ་བར་འདུག་པས་བཅག་པ་ཡིན།
སྡོམ་གསུམ་ལ་ཉེས་ལྟུང་གིས་མ་གོས་པ་ཞིག་བྱེད་ཀྱིན་ཡོད།
འདིས་ཐུགས་དགོངས་རྫོགས་མཆི་གསུངས་ལ།
རྒྱལ་སྲས་རིན་པོ་ཆེའི་ཞལ་ནས།
དུས་མཆོད་རང་དེ་ངོས་བཟང་བར་འདུག
།ཤིན་ཏུ་ངོ་མཚར་ཆེ་གསུངས།
རྗེ་རེ་མདའ་བའི་ཞལ་ནས།
ཐོས་པའི་གཏིང་དཔོགས་ནས་ཚེ་འདི་བློས་བཏང་གི་སྒྲུབ་པ་སྙིང་པོར་བྱེད་པ་ལས་ལྷག་པའི་རྒྱལ་བ་སྲས་བཅས་མཉེས་པར་བྱེད་པའི་མཆོད་པ་གཞན་མེད།
དེའི་ཐད་ནས་དེང་སང་གི་འཆད་ཉན་འདྲ་བ་གཞན་དོན་ལྟར་སྣང་ཡིན།
རྙེད་བཀུར་ལྷུར་བྱེད་ཀྱི་ཐབས་དབང་བསྐུར་ལུང་ཁྲིད་སོགས་འཁོར་སྡུད་པའི་ཐབས་གཞན་དོན་ལྟར་སྣང་བྱེད་པ་རྣམས་སྙིང་པོ་མེད་གསུངས།
དེ་བས་ན་གང་ལ་བསམ་ཀྱང་སྙིང་པོ་མེད་པས་ཚེ་ཐུང་འདི་ལ་མ་ཆགས་པར་བློས་ཅི་ཐོངས་བྱེད་པ་ཞིག་གལ་ཆེ།
།
༈
བཅུ་དྲུག་པ་ཚེ་བློས་ཐོངས་པའི་དངོས་རྒྱུ་
ཐུན་མོང་མ་ཡིན་པ་ཉམས་སུ་བླང་བ།
བཅུ་དྲུག་པ་ཚེ་བློས་ཐོངས་པའི་དངོས་རྒྱུ་ཐུན་མོང་མ་ཡིན་པ་ཉམས་སུ་བླང་བ་ནི།
དེ་ལྟར་ཚེ་བློས་ཐོངས་པ་ཞིག་མེད་མི་རུང་ཡིན་ཡང་དེའི་རྒྱུའི་གཙོ་བོ་ཉམས་སུ་ལེན་པ་མེད་ན།
ཚེ་བློས་ཐོངས་པ་ཡོང་ཐབས་མེད་པས་ཉམས་ལེན་གཙོ་བོ་ཤེས་དགོས།
དེ་གང་ཡིན་སྙམ་ན་འཆི་བ་མི་རྟག་པ་ལེགས་པར་སེམས་པ་ཡིན་ཏེ།
རྗེ་རིན་པོ་ཆེའི་ཞལ་ནས།
འཆི་བ་དྲན་པ་མ་བསྒོམ་པའི་ཉེས་དམིགས་ནི།
ད་གཟོད་མཐར་འཆེ་བ་ཞིག་འོང་སྙམ་པ་ཀུན་ལ་ཡོད་ཀྱང༌།
ཉི་མ་རེ་རེ་ཞིང་དེ་རིང་མི་འཆི།
དེ་རིང་ཡང་མི་འཆི་སྙམ་དུ་བློས་མི་འཆི་བའི་ཕྱོགས་འཛིན་པ་འཆི་ཀ་ཚུན་ཆད་ལ་འབྱུང་ངོ༌།
།དེའི་གཉེན་པོ་ཡིད་ལ་མ་བྱས་ན་དེ་ལྟ་བུའི་བློ་དེས་བསྒྲིབས་ནས་ཚེ་འདིར་སྡོད་པའི་བློ་སྐྱེས་ནས་འདི་དང་འདི་དགོས་སོ་ཞེས་ཚེ་འདི་ཙམ་གྱི་བདེ་བ་སྒྲུབ་པ་དང༌།
སྡུག་བསྔལ་སེལ་ཐབས་འབའ་ཞིག་སེམས་སེམས་ནས།
ཚེ་ཕྱི་མ་དང༌།
ཐར་པ་དང་ཐམས་ཅད་མཁྱེན་པ་སོགས་དོན་ཆེན་པོ་ལ་སྤྱོད་པའི་བློ་མི་སྐྱེ་བས་ཆོས་ལ་འཇུག་ཏུ་མི་སྟེར་ལ།
བརྒྱ་ལ་ཐོས་བསམས་སྒོམ་པ་སོགས་ལ་ཞུགས་ཀྱང་ཚེ་འདི་པ་ཙམ་གྱི་ཆེད་དུ་སོང་ནས་དགེ་བ་ཅི་བྱས་པ་མཐུ་ཆུང་ཞིང་ཉེས་སྤྱོད་སྡིག་ལྟུང་དང་འབྲེལ་བར་འཇུག་པས་ངན་འགྲོའི་རྒྱུ་དང་མ་འདྲེས་པ་དཀོན་ནོ།
།གལ་ཏེ་འཇིག་རྟེན་ཕྱི་མ་ལ་དམིགས་ནས་སྒྲུབ་ཏུ་ཆུག་ཀྱང་ཕྱི་ནས་སྒྲུབ་བོ་སྙམ་པའི་ཕྱི་བཤོལ་གྱི་ལེ་ལོ་འགོག་མི་ནུས་ཤིང་གཉིད་རྨུགས་དང་བྲེ་མོའི་གཏམ་དང་བཟའ་བཏུང་སོགས་ཀྱི་རྣམ་གཡེང་གིས་དུས་འདའ་བས་བརྩོན་པ་ཆེན་པོས་ཚུལ་བཞིན་དུ་སྒྲུབ་པ་མི་འོང༌།
ཚུལ་བཞིན་དུ་སྒྲུབ་པ་མི་འོང་བ་དེ་ཙམ་དུ་མ་ཟད་ཚེ་འདིའི་ཕུན་ཚོགས་ལྷུར་བླངས་པས་ཉོན་མོངས་དང་དེས་དྲངས་པའི་ཉེས་སྤྱོད་རྣམས་ཇེ་རྒྱས་སུ་སོང་ནས་ཆོས་ཀྱི་བདུད་རྩི་ལས་རྒྱབ་ཀྱིས་ཕྱོགས་ཏེ་ངན་སོང་དུ་ཁྲིད་པར་བྱེད་པ་དེ་ལས་མ་རུངས་པ་ཅི་ཞིག་ཡོད།
བཞི་བརྒྱ་པ་ལས།
གང་ལ་འཇིག་རྟེན་གསུམ་མངའ་བདག
།
རང་ཉིད་འཆི་བདག་བྱེད་པོ་མེད།
།
ཡོད་དེས་རྣལ་ཞིང་གཉིད་ལག་ན།
།
དེ་ལས་མ་རུངས་གཞན་ཅི་ཡོད།
ཅེས་བྱ་བ་དང་
སྤྱོད་འཇུག་ལས།
ཐམས་ཅད་བོར་ཏེ་ཆ་དགོས་པར།
།
བདག་གིས་དེ་ལྟར་མ་ཤེས་ནས།
།
མཛའ་དང་མི་མཛའི་དོན་གྱི་ཕྱིར།
།
སྡིག་པ་རྣམ་པ་སྣ་ཚོགས་བྱས།
ཞེས་སོ། །
༡༽
ཆི་བ་མི་རྟག་པ་བསྒོམས་པའི་ཕན་ཡོན།
འཆི་བ་དྲན་པ་སྒོམ་པ་བསྒོམས་པའི་ཕན་ཡོན་ནི།
འཆི་བ་དྲན་པ་སྒོམ་པའི་བློ་རྣལ་མ་ཞིག་སྐྱེས་ན།
དཔེར་ན་དེ་རིང་སང་རང་འཆི་བར་ཐག་ཆོད་པ་ན་ཆོས་ཀྱི་གོ་བ་ཐན་ཐུན་ཡོད་པ་ཡིན་ཆད་ལ་གཉེན་ལ་སོགས་པ་དང་འགྲོགས་སུ་མེད་པར་མཐོང་ནས་དེ་ལ་སྲེད་པ་ལྡོག་ཅིང༌།
གཏོང་བ་ལ་སོགས་པའི་སྒོ་ནས་སྙིང་པོ་ལེན་འདོད་ཕལ་ཆེར་ལ་ངང་གིས་འབྱུང་བ་ལྟར།
རྙེད་བཀུར་སོགས་འཇིག་རྟེན་གྱི་ཆོས་ཀྱི་ཕྱིར་འབད་པ་ཐམས་ཅད་སྙིང་པོ་མེད་པར་མཐོང་ནས་ཉེས་སྤྱོད་ལས་ལྡོག་ཅིང༌།
སྐྱབས་འགྲོ་དང་ཚུལ་ཁྲིམས་ལ་སོགས་པའི་ལས་བཟང་པོ་གསོག་པས་གོ་འཕང་དམ་པར་རང་ཉིད་འཛེགས་ཏེ་འགྲོ་བ་རྣམས་ཀྱང་དེར་ཁྲིད་པས་དེ་ལས་དོན་ཆེ་བ་ཅི་ཞིག་ཡོད།
དེའི་ཕྱིར་དཔེ་དུ་མས་ཀྱང་བསྔགས་ཏེ་མྱ་ངན་འདས་ཆེན་ལས་
ཞིང་རྨོ་བ་རྣམས་ཀྱི་ནང་ན་སྟོན་གྱི་ལོ་ཐོག་མཆོག་གོ
།
རྗེས་ཐམས་ཅད་ཀྱི་ནང་ན་བ་གླང་གི་རྗེས་མཆོག་གོ
།
འདུ་ཤེས་ཐམས་ཅད་ཀྱི་ནང་ན་མི་རྟག་པ་དང་འཆི་བའི་འདུ་ཤེས་མཆོག་ཡིན་ཏེ།
འདི་དག་གིས་ནི་ཁམས་གསུམ་གྱི་འདོད་པ་དང༌།
མ་རིག་པ་དང་ང་རྒྱལ་ཐམས་ཅད་སེལ་ཏོ།
།ཞེས་དང༌།
དེ་བཞིན་དུ་ཉོན་མོངས་པ་ཐམས་ཅད་ཅིག་ཅར་འཇོམས་པའི་ཐོབ་བ་དང༌།
དགེ་ལེགས་ཐམས་ཅད་ཅིག་ཅར་སྒྲུབ་པའི་སྒོར་གྱུར་པ་ལ་སོགས་པས་བསྔགས་པའོ།
།
མདོར་ན་སྐྱེས་བུའི་དོན་སྒྲུབ་པའི་དུས་ནི་རྟེན་ཁྱད་པར་ཅན་ཐོབ་པའི་དུས་འདི་ཁོ་ན་ཡིན་ལ།
འོ་སྐོལ་ཕལ་ཆེར་ངན་འགྲོར་བསྡད་ཅིང་བདེ་འགྲོར་ལན་རེ་ཙམ་འོངས་ཀྱང་མི་ཁོམས་པའི་གནས་སུ་ཤས་ཆེ་བས་དེར་ཆོས་སྒྲུབ་པའི་སྐབས་མ་རྙེད་ལ།
བསྒྲུབ་པས་ཆོག་པའི་རྟེན་རེ་རྙེད་པ་ན་ཡང་ཆོས་ཚུལ་བཞིན་དུ་མི་སྒྲུབ་པ་ནི།
ད་དུང་མི་འཆི་སྙམ་པ་འདི་ལ་ཐུག་འདུག་པས་ན་བློས་མི་འཆི་བའི་ཕྱོགས་འཛིན་པ་ནི་རྒུད་པ་ཀུན་གྱི་སྒོ་དང༌།
འཆི་བ་དྲན་པ་ནི་ཕུན་ཚོགས་ཐམས་ཅད་ཀྱི་སྒོའོ།
།
དེའི་ཕྱིར་འདི་ལ་ཆོས་ཟབ་མོ་གཞན་སྒོམ་རྒྱུ་མེད་པ་རྣམས་ཀྱི་ཉམས་ལེན་ནོ་སྙམ་པ་དང༌།
བསྒོམ་བྱ་ཡིན་ཀྱང་དང་པོར་ཅུང་ཟད་སྒོམ་གྱི་རྒྱུན་དུ་ཉམས་ལེན་དུ་མི་འོས་སོ་སྙམ་དུ་མི་བཟུང་བར་ཐོག་མཐའ་བར་གསུམ་དུ་དགོས་ལུགས་ལ་ངེས་པ་སྙིང་ཐག་པ་ནས་བསྐྱེད་དེ་བསྒོམ་པར་བྱའོ།
།གསུངས།
ཆོས་རྗེ་བུས།
ཚེ་འདི་ལོང་མེད་དུ་འཆི་འགྱུར་ཞིང༌།
།
གསོད་སར་ཁྲིད་པའི་དུད་འགྲོ་ཇི་བཞིན་དུ།
།
སྐད་ཅིག་རེ་རེ་ཞིང་ཡང་འཆི་ལ་ཉེ།
།
ངེས་པར་འཆི་བ་སེམས་དང་རིན་ཆེན་གྲུབ།
།
དེང་བྱ་སང་བྱའི་བསམ་པ་མ་རྫོགས་པར།
།
བསམ་པ་བརྒྱ་ཕྲག་མ་བསམ་གཅིག་འོག་ཚུད།
།
གཤིན་རྗེ་འཇིགས་རུངས་ཉམ་ངས་མདུན་བསུ་ནས།
།
མལ་གྱི་ཐ་མལ་དབུགས་སྡུད་སྲོག་ཆད་ཚེ།
།
ཆོས་ལས་གཞན་གྱིས་མི་ཕན་རིན་ཆེན་གྲུབ།
ཅེས་གསུངས།
བླ་མ་རིན་པོ་ཆེའི་ཞལ་ནས།
འཆི་བ་མི་རྟག་པའི་བློ་ཤུགས་དྲག་ཅིག་མ་སྐྱེས་ནས་མི་མངོན་དུ་གྲུབ་གྲུབ་མཛེས་མཛེས་ལོ་འདོད་གྲགས་འདོད་ཅིག་གིས་ཁྱེར་ནས།
ཐོས་བསམ་སྒོམ་གསུམ་དགེ་བ་གང་བྱེད་ཐམས་ཅད་ཀྱང་དགེ་བ་ལྟར་སྣང་དུ་སོང་ནས།
ཚེ་ཕྱི་མ་ལ་ཕན་པ་ཡེ་མི་ཡོང༌།
གཉིད་རྨུགས་དང་བྲེ་མོའི་གཏམ་དང་བཟའ་བཏུང་རྣམས་ཀྱང་བཤོལ་ཐབས་མེད་པ་བཞིན་སོང་ནས་དེའི་དབང་དུ་འཆོར།
མི་རྟག་པའི་བློ་ཤུགས་དྲག་གཅིག་སྐྱེས་ན་འཆི་ཁར་མི་འགྱོད་པའི་སྟེང་དུ་འཆི་བ་ལ་དགའ་བྲོད་སྐྱེ་བ་ཞིག་ཡོང་བས་འཆི་བ་སེམས་པ་གལ་ཆེ་གསུངས།
པོ་ཏོ་བའི་གསུང་ལས།
སྟོན་པ་རྣམས་ནི་སྟོན་པའི་ཆོས་ཤིག་འདོད།
།རྒན་པོ་རྣམས་ནི་རྒན་པོའི་ཆོས་ཤིག་འདོད།
མས་མ་ལྡོག་པ་
༼རེ་ལུག་མས་བསྒྱུར་བ་ལ་མས་མ་ལྡོགས་པ་ཟེར་བ་ལྟར།
རབ་བྱུང་མཁན་སློབ་ཀྱིས་བསྐྱུར་བ་ལ་མས་མ་ལྡོག་ཅེས་པའོ།༽
རྣམས་ནི་མས་མ་ལྡོགས་པའི་ཆོས་ཤིག་འདོད་དེ་ང་ལ་ནི་མི་རྟག་པ་ལས་ཟླ་རྒྱུ་མེད་གསུངས།
མི་རྟག་པ་ལ་བྱིས་པ་བུད་མེད་ཀྱི་ཆོས་ཙམ་དུ་མཐོང་ནས་འདུག་སྟེ།
ཆོས་འདི་ཆུང་བར་བརྩི་བ་ལ་ཆོས་ལར་མི་འོང་གསུངས།
སྔོན་གྱི་དུས་བོད་སྟོན་རྣམ་སྣང་བ་སེལ་ལམ་མི་སེལ།
སངས་རྒྱས་ལ་ཡེ་ཤེས་མངའ་འམ་མི་མངའ་ཞེས་རྩད་གཅོད་པ་ལ།
པོ་ཏོ་བའི་ཞལ་ནས།
སྣང་སེམས་མི་རྟག་པ་འདི་ཡིན་ཏེ།
ཚེ་འདིས་སྣང་བ་ཐམས་ཅད་འདིས་སེལ་གསུངས།
བྱང་དུ་ནད་པ་ཞིག་གི་རིམ་གྲོར་ཟན་གྱི་བཤོས་བུ་བཏང་བ་མི་གཅིག་གི་བླངས་པ་ལ་འཕྱས་པས།
ངན་ན་ཡང་ངན།
བྱང་གསེར་ཁའི་བཤོས་བུ་དེ་རང་རྙེད་པར་གྱིས་དང་ཟེར།
དེ་བཞིན་དུ་མི་རྟག་པ་སྒོམ་པ་ལའང་ངན་ངན་པོ་བྱེད་ཀྱིན་འདུག་སྟེ།
འདི་རྒྱུད་ལ་སྐྱེས་པ་མཛོད་དང༌།
དེས་ཆོག་གི་གསུངས།
པོ་ཏོ་བ་ལ་དམིགས་པ་སྦོ་བར་ཞུས་ཙ་ན།
སྦོ་རྒྱུ་མེད་འདི་ཁོ་ན་བསྒོམ།
འདི་ལས་ཟབ་པ་མེད་གསུངས།
ཡང་ཁྱོད་ང་བས་རྒྱུད་ཚོད་མཐོ་ན་འདིར་བསྡད་པས་མི་ཕན།
ང་དང་མཉམ་ན་ང་ལ་སྣང་སེལ་ཆེན་པོ་འདིས་ཕན་པར་བྱུང་བས་ཁྱེད་ལའང་ཕན་མཆེ་གསུངས།
སྔགས་པ་ཞིག་གི་བུ་མོ་ཤེད་ངའི་མེ་ལོང་འདི་ཆུང་ཟེར།
ཕ་ཤོད་སྔོན་ལ་བྱད་བལྟ་བ་འདི་ལ་གྱིས་དང་དེང་ཆུང་འདུག་ན་ངའི་མཁར་རྔ་ཚུགས་ལ་སོང་ཟེར་ལོ།
།དེ་བཞིན་དུ་མི་རྟག་པ་ལ་ཆོས་ཆུང་ཟེར་བ་ལ།
སྔོན་ལ་འདི་རྒྱུད་ལ་སྐྱེས་པ་མཛོད་དང༌།
དེ་ནས་གཞན་རྩད་ཆོད་གསུངས།
པོ་ཏོ་བའི་ཞལ་ནས།
ཡང་མི་རྟག་པ་མ་དྲན་པའི་ཆོས་ཐམས་ཅད་འཁྱགས་ཐོག་ཏུ་མཁར་རྩིག་པ་འདྲ།
དལ་དུས་སུ་སྟོང་ཉིད་སོགས་ཡོང་ཡོང་འདྲ་འདུག་ཀྱང་གལ་ལ་ཐུག་དུས་རྨང་ནས་ཞིག་འགྲོ་བར་སྣང༌།
འདི་སྐྱེས་ན་སྒོམ་ལ་ལྡོག་མེད།
།འདི་མ་སྐྱེས་ན་ཐམས་ཅད་ལྡོག
།འདི་སྐྱེས་ན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ལ་སོགས་པ་ཐམས་ཅད་སྤུངས་པ་བཞིན་དུ་ཡོང་གསུངས།
ཤ་བོ་པའི་ཞལ་ནས་ཀྱང་ངའི་འདིར་མི་རྟག་པའི་སྒོམ་ཉམས་སུ་འབུལ་ཀུན་ཆོས་ཀྱི་གཏིང་དུ་སོང་ནས་འདུག
།སྟོང་པའི་སྒོམ་ཉམས་དེ་ཁ་ན་ཕར་ཡམ་མེ་བ་ལས་མི་འདུག་གསུངས།
ཁོང་གི་བཙུན་ཆུང་ཤེད།
མི་རྟག་པ་མ་གོ་བའི་སྐོར་བ་རྐང་པ་ན་ཟེར།
ཁོའི་དེ་བདེན་གསུང་པར་གདའ།
དགོན་པ་བའི་ཞལ་ནས།
མི་རྟག་པ་དང་ལས་འབྲས་འདི་ཉན་པ་པོས་ཉན་རིན་མེད།
འཆད་པ་པོས་འཆད་རིན་མེད།
ཉ་མའི་ཆོས་སུ་བྱེད་མཁས་པ་ཡང་དེར་མ་རེད།
བཙུན་པ་དང་བཟང་པོ་ཡང་དེར་མ་རེད་གསུངས།
ཞང་བཙུན་ཡེར་པའི་ཞལ་ནས།
སྔ་དྲོ་མི་རྟག་པ་མ་སྐྱེས་ན།
ཉི་མ་ཕྱེད་ན་ཕ་ཚེ་འདི་བར་འཆའ།
ཉིན་ཕྱེད་ལམ་སྐྱེས་ན་དགོངས་མོ་འདི་པར་འཆའ།
ཚེ་འདི་པར་སོང་ན་ཅི་བྱས་ཆོས་སུ་མི་འགྲོ་གསུངས།
སྤྱན་སྔ་རིན་པོ་ཆེའི་ཞལ་ནས།
ད་ནང་མི་རྟག་པ་ཐུན་རེ་མ་བསྒོམས་ན་དེའི་ཉིན་མོ་ཚེ་འདི་པར་འགྲོ་བར་སྣང༌།
གསུངས།
སྟོན་པ་རིན་པོ་ཆེ་ལ་ལོ་ཏིག་ཡེ་ཤེས་འབྱུང་བྱ་བས་གདམས་ངག་ཞུས་པས།
ཇོ་བོ་ཞིག་གིས་མི་ཆོས་ཀྱི་ཁ་བཟུང་བ་ལ་མ་མཉེས་པ་བཞིན་མཛད་ནས།
ཇོ་བོ་པ་ཆོས་བྱ་བ་གཏུག་གིས་ཐུགས་ཙ་ན་དགོས་པ་ལ།
ཐུག་དུས་མེད་ན་དལ་བའི་དད་པ་ནེ་ཙོའི་ཁ་ཏོན་ཡིན།
ཏུག་ཐུག་དུས་ཡོང་བ་དེ།
འཆི་བ་དང་ལས་འབྲས་མང་དུ་སོམ་པ་ཞིག་ལ་ཡོད་པ་ཡིན།
དེ་བས་ན། མི་དགེ་བ་ལས་སྡུག་བསྔལ་འབྱུང༌།
།འདི་ལས་ཇི་ལྟར་ངེས་ཐར་ཞེས།
།ཉིན་མཚན་རྟག་ཏུ་བདག་གིས་ནི།
།འདི་ཉིད་འབའ་ཞིག་བསམ་པ་རིགས།
བྱ་བ་ཡིན། གོ་ཡེ་གསུངས་སྐད།
སྤྱན་སྔ་བས་པོ་ཏོ་བ་ལ་བསྐྱར་བས།
པོ་ཏོ་བ་ཤེད།
འོ་དགེ་བཤེས་ལ་གདམས་ངག་སུ་ལ་ཡང་མེད་པའི་ལྐོག་ན་མོ་འདྲ་བ་ཞིག་ཡོད་པ་དེ་གསུངས་པ་ཡིན་གསུངས།
མངར་སྒོམ་པའི་
༼འདི་ལ་སྨྱུག་རུམ་པ་ཡང་ཟེར།
མཚན་བརྩོན་འགྲུས་འབར།
ཡོན་ཏན་མཐའ་ཡས།
སྙུག་རུམ་དང་དགོན་པ་ང་སྐྱ་གཉིས་བཏབ།
གྲྭ་པ་བརྒྱད་བརྒྱ་འདུས།
སྐུ་མཆེད་གསུམ་ལ་ཐུག་གཙོ་བོ་སྤྱན་སྔ་བའི་ཕུ་ཆེན་ཡིན།
རེ་བརྒྱད་ལ་ཐང་སྐྱར་གཤེགས་སོ།
།༽ ཞལ་ནས།
ངས་མི་རྟག་པ་ཐུན་རེ་སྔོན་དུ་མ་བསྒོམས་པར་ཆོས་འཆད་མ་མྱོང་གསུངས།
ཁོང་ཆོས་དེ་ཀུན་ལ་མན་ངག་ཏུ་མཛད།
འོ་ཅག་ལ་ཆོས་དེ་ཀུན་ཆང་ནས་འདུག་གསུངས།
རྒྱལ་གྱི་སྐྱང་ཚ་རྡོལ་ཚུལ་གྱིས།
ཡ་གི་ན་ཇ་ཆུ་ཁོལ་གྱིན་ཡོད།
ལ་འུར་ཚོས་ཤིག་ཞུ་ཟེར་བ་ལ།
པོ་ཏོ་བའི་ཞལ་ནས།
མི་རྟག་པ་མང་པོ་སྒོམ་དང༌།
ཚེ་འདི་གཏོང་བ་དང་ཕྱི་མའི་དོན་མི་དཀའ་སླ་བ་ཞིག་ཡོད།
ད་ལྟ་ཁྱོད་ཇ་འཐུང་བསླ།
མི་འཐུང་བ་དཀའ།
དེ་བཞིན་དུ་ལས་འབྲས་དང་འཁོར་བའི་ཉེས་དམིགས་དང༌།
བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་མདོར་བསྡུས་ཙམ་རེ་གསུངས་པ་ལ།
དེ་ཤྭ་བོ་སྒང་པས་ཕུ་ཆུང་བ་ལ་བསྐྱར་བས།
ཕུ་ཆུང་བ་དབུ་ཞྭ་ཡུད་ཀྱིས་ཕུད་ནས་ཨ་ཙམ་ངེད་ཀྱི་ཇོ་བོའི་ཆོས་དེ་ཁོ་ན་ཨང་གེ་ཅེས་བསྐྱར་གྱིན་གསུང་སྐད།
ཁམས་པ་ལུང་པའི་
༼ཁམས་ལུང་པ་འཕན་ཡུལ་ཡུང་བ་བརྟེན་དགེ་བསྙེན།
དགེ་བཤེས་སྟོན་པའི་བུ་ཆེན།
ཡོན་ཏན་མཐའ་ཡས། ཚོགས་པ་བརྒྱད་བརྒྱད་དུས།
མཚན་ཤཱ་ཀྱ་ཡོན་ཏན།
དགུང་ལོ་གོ་གཅིག་བཞུགས།༽
ཞལ་ནས། མི་རྟག་པ་སྒོམས་ནས་ཆོས་བྱེད་དུ་རེ་བ་ཡིན།
གཞན་དུ་ན་སེམས་མི་དགའ་བ་ལས་ཅི་ཡོང༌།
མི་རྟག་པ་དྲན་ན་ཆོས་མིན་པ་དགོས་པ་མེད་པ་ཡོང་སྟེ།
རང་རེ་གནང་ཁོ་ན་འཆི་ན་ཆུ་ཐམས་ཅད་མར་ཁུར་སོང༌།
རི་ཐམས་ཅད་གསེར་དུ་སོང༌།
མི་ཐམས་ཅད་ངེད་རང་གི་བུ་དང་བུ་མོར་སོང་ཀྱང་དེས་ཅི་བགྱིད་གསུངས།
ཕུ་ཆུང་པའི་ཞལ་ནས།
མི་རྟག་པ་དང་ལས་འབྲས་འདི་སྒོམས་ཤིག
།འདི་ལ་ང་མངོན་སུམ་དུ་མཐོང་བ་འདྲ་བ་ཞིག་ཡོང་བ་ཡིན་གྱི་སྒྲ་བྱི་སོ་ཕྱུང༌།
མི་རྒན་པོ་བྱ་བ་ཡིན།
དེ་སྒོམ་ན་ཕམ་པ་བཞི་བྱུང་ཡང་སྡིག་པ་སྦྱོང་བ་ཞིག་ཡོང༌།
དེ་ངའི་ཁ་ཆེམས་ཡིན་གསུངས།
སྣེའུ་ཟུར་པའི་
༼སྣེའུ་འཕན་ཡུལ་སྤྲས།
མཚན་ཡེ་ཤེས་འབར།
བྱིས་པའི་དུས་ན་ཏིང་ངེ་འཛིན་བརྟན་པོ་ཡོད།
དགེ་བཤེས་དགོན་པ་བ་བསྟེན།
མཁས་གྲུབ་ཆེན་པོ་མངོན་ཤེས་རྫུ་འཕྲུལ།
ཡི་དམ་གཟིགས་ཤིང་ཆོས་གསན་པ་སོགས་མཐའ་ཡས།
སྣེའུ་ཟུར་དུ་ཚོགས་པ་སྟོང་འདུས།
ལོ་དོན་དྲུག་བཞུགས།
དགོན་པ་བ་དང་པོར་མཇལ་ཕྱག་དབང་མཛད་པས་དབུ་ཐོད་ལ་ཕྱག་རྗེས་བྱོན།
འདས་དུས་དབུ་ཐོད་བུ་ཆེན་དོན་སྟེང་པས་བསྣམས་ནས།
ངམ་ཤོད་དོན་སྟེང་དགོན་པ་བཏབ།
གཙུག་ལག་ཁང་གི་རྟེན་གྱི་གཙོ་བོར།
གདུང་རྟེན་ཆེན་པོར་དབུ་ཐོད་ཡོད་པ་དེ་བཞུགས།
སྣེའུ་ཟུར་པའི་ཕྱག་གཅིག་གཉལ་གྱི་གསེར་ཕྱེ་འབུམ་པར་བཞུགས།
ད་ལྟའང་ཞབས་ཏོག་གདུལ་བྱ་མཐའ་ཡས་པར་འདུག་ཟེར།
འོན་གྱི་ལྷ་འབྲི་སྒང་པ་དོན་སྟེངས་པ་དང་མཇལ་བས།
དོན་སྟེངས་པས་འབྲི་སྒོམ་པའི་རྣམ་སྦྱར་ལ་སངས་རྒྱས་སོ་ལྔ་བཞུགས་པ་གཟིགས།
དེར་ཕྱག་འཚལ་དཔོན་སློབ་རྟེན་འབྲེལ་འགྲིག
།འབྲི་སྒང་བཏབ། དར་རྒྱས་ཆེ།
དོར་བ་རོག་དམར་ཞུར་བ།
པོ་ཏོ་བའི་བུ་ཆེན་དེ་ལ་ཡང་གད་པ་ཡང་ཟེར།
སྐྱེ་བ་བདུན་པའི་བྱང་སེམས་ཡོན་ཏན་མཐའ་ཡས་མངའ།
དེས་བེ་བུམ་སྔོན་པོ་སྡེབས།
ཁོང་གི་བུ་ཆེན་འབྲི་སྒང་པས་དེ་ལ་འགྲེལ་པ་རྒྱས་པར་མཛད།
སྣེའུ་ཟུར་པའི་བུ་ཆེན།
གཙང་ན་སྤྱི་པ་ལྷས་པ་དང་གཙང་པ་རིན་པོ་ཆེ་གཉིས།
དབུས་ན་རྒྱལ་བའི་དགྱེར་ཆེན་པོ།
དོན་སྟེངས་པས།
བསམ་ཡས་ན་དགེ་བཤེས་བྲག་ཐོག་པ་སོགས་གཞན་ཡང་མང་དུ་བྱོན་པར་གདའ་ལགས་སོ།
།༽ ཞལ་ནས། འཆི་བ་རྗེས་དྲན་རྒྱུད་ལ་སྐྱེ་བ་དང་གཅིག
།ཚེ་བློས་ཐོངས་པ་དང་གཉིས།
ཆོས་བྱེད་པ་དང་གསུམ་འགོ་མཉམ།
མི་འཆི་སྙམ་པ་དང༌།
ཚེ་འདི་ལ་ཤི་སྤར་འཐམས་པ་དང༌།
སྡིག་པ་བྱེད་པ་གསུམ་འགོ་མཉམ་དུ་འོང་གསུངས།
ཡང་ཚེ་འདིའི་ཞེན་པ་ལས་མི་རྟག་པ་སྒོམ་པས་སྐྱོབ།
མི་ཁོམས་པ་བརྒྱད་ལ་ལས་འབྲས་ཀྱིས་སྐྱོབ།
ཁམས་གསུམ་ཐམས་ཅད་ལས་འཁོར་བའི་ཉེས་དམིགས་ཀྱིས་སྐྱོབ།
ཐེག་དམན་ལས་བྱམས་སྙིང་རྗེས་སྐྱོབ།
མཚན་མར་འཛིན་པ་ལས་སྟོང་ཉིད་བསྒོམས་པས་སྐྱོབ་པ་ཡིན་བྱ་བ་ལ་སོགས་པ་རྒྱས་པར་གསུངས།
སྔོན་གྱི་དུས་སུ་ཡང་མི་རྟག་པ་སེམས་པ་ལ་མན་ངག་དམ་པར་མཛད་དེ།
རྒྱལ་པོ་ཨུ་ཏྲ་མཐའ་ཡས་ཀྱི་བཙུན་མོ་འོད་བྱ་བ་ཞག་བདུན་ནས་འཆི་བར་ངེས།
དེར་དགེ་སློང་མ་རིམ་ཞེས་པ་དགྲ་བཅོམ་མ་ཞིག་ལ་གཏད།
རབ་ཏུ་བྱུང་ནས་མི་རྟག་པ་སྒོམ་དུ་བཅུག་པས།
ཞག་བདུན་ནས་ཤི་ནས་ལྷར་སྐྱེས།
བཅོམ་ལྡན་འདས་ལ་ཆོས་ཉན་པས་བདེན་པ་མཐོང་ཞེས་འདུལ་བ་ལུང་ལས་གསུངས།
དེས་ན་མི་རྟག་པ་སེམས་པ་འདི་དངོས་གཞི་ཡིན།
དངོས་གཞི་འདི་མིན་གཞན་ཞིག་ཡོད།
།འདི་ཆོས་ཀྱི་སྔོན་འགྲོ་ཆོས་ལ་འཇུག་པའི་ཐབས་ཙམ་ཞིག་ཡིན་སྙམ་ན་མ་གོ་བ་ཆེན་པོ་ཡིན།
འོ་ན་བྱང་སེམས་དང་སྟོང་ཉིད་ལ་སོགས་པ་ཡང་ཆོས་དངོས་རང་མིན་བྱས་པས་ཆོག་སྟེ།
དེ་གཉིས་ལ་ཁྱད་ཡེ་མི་རྙེད།
འཕོ་བའམ་འཆི་ཀ་མའི་ཆོས་ཟབ་པ་ཡང་མི་རྟག་པ་སྒོམ་པ་ཡིན་པར་གཏམ་རྒྱུད་དེས་ཤེས།
དེ་ཡིན་པ་ཡང་རིགས་ཏེ།
བཅོམ་ལྡན་འདས་ཀྱིས་རྣམ་ཐར་སྒོ་གསུམ་གསུངས་པའི་སྒོ་སྨོན་པ་མེད་པ་བྱ་བ་ཡང་འཇིག་རྟེན་མཐའ་དག་མི་རྟག་པ་དང༌།
སྡུག་བསྔལ་བ་བསྒོམས་པས་འཇིག་རྟེན་མཐའ་དག་ལ་སྨོན་པ་མེད་པ་ལ་ཟེར་བ་ལགས་མོད།
འདིར་འདུས་བྱས་ཐམས་ཅད་སྐད་ཅིག་གིས་འཇིག་པ་དང༌།
རྒྱུན་འཇིག་ཅིང་མི་རྟག་པའི་ཚུལ་ལེགས་པར་ཤེས་ནས་བསྒོམ་ན།
བཅོམ་ལྡན་འདས་ཀྱིས་སྔོན་ཞི་གནས་དང་ལྷག་མཐོང་གི་ཏིང་ངེ་འཛིན་མཐའ་ཡས་པ་ཞིག་ཐོབ་ཀྱང་ད་དུང་ཐར་པའི་གོ་འཕང་མ་བརྙེས་པ་ལ།
གཟོད་རང་ཉིད་འཇིག་རྟེན་པའི་ལམ་ཐམས་ཅད་ལ་མེད་པ།
འཇིག་རྟེན་ལས་འདས་པའི་ལམ་བདེན་བཞི་མི་རྟག་སོགས་བཅུ་དྲུག་ཁོང་དུ་ཆུད་དེ་བསྒོམས་པས།
བདུད་རྩིའི་གོ་འཕང་བརྙེས་ཟེར་བའི་མི་རྟག་པ་སྒོམ་པའང་འདི་ཉིད་ཡིན་པས།
བསོད་ནམས་ཅན་ཤེས་རབ་དང་ལྡན་པས་མི་རྟག་པ་བསྒོམ་པ་འདི།
སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་རྣམས་ཀྱི་མཐིལ་ཡིན་ནོ་སྙམ་དུ་ཤེས་པར་བྱས་ནས་འདི་བསྒོམ་པར་བྱ་སྟེ།
དྲན་པ་ཉེ་བར་བཞག་པ་ལས།
གང་འདི་འཆི་བ་འབྱུང་བ་ནི།
།
དྲན་པའི་མཆོག་ཏུ་རབ་ཏུ་བསྔགས།
།
དེ་བསྟེན་པ་ནི་ཞི་བའི་མཆོག
།
རྙོགས་དང་བྲལ་བར་འགྲོ་བ་ཡིན།
།
འཆི་བདག་འཇིགས་པ་དྲན་པ་ནི།
།
སྐྱོན་ལ་ཇི་ལྟར་ཡིད་རྒྱུག་འགྱུར།
།
སྐྱོན་མེད་པས་ཀྱང་དྲི་མ་རྣམས།
།
ཐམས་ཅད་རྟག་ཏུ་ཞི་བར་འགྱུར།
།
བག་ཡོད་གོ་འཕང་བདེ་མཆོག་ཏུ།
།
དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས།
།
གང་ཡང་འཆི་བདག་རྟག་དྲན་དང༌།
།
མི་དགེ་རྣམས་ཀྱང་སྤང་བར་གྱིས།
གསུངས།
རྒྱལ་སྲས་རིན་པོ་ཆེས།
མདོ་ལས་མི་རྟག་པ་མང་དུ་བསྒོམས་ན་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱས་པ་ཡིན་ནོ།
།སངས་རྒྱས་ཐམས་ཅད་ཀྱིས་དབུགས་ཕྱུང་བ་ཡིན་ནོ།
།སངས་རྒྱས་ཐམས་ཅད་ཀྱིས་ལུང་བསྟན་པ་ཡིན་ནོ།
།སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ།
།ཞེས་གསུངས་པ་ཡིན་གསུངས།
མདོ་དང་བསྟན་བཅོས་དང་མན་ངག་ཐམས་ཅད་ནས།
མི་རྟག་པ་སྒོམ་པ་འདི་ལམ་གྱི་མཆོག
།འཇིག་རྟེན་གྱི་མངོན་ཞེན་ཐམས་ཅད་སྤོང་བ།
ལྷག་པར་ཡང་ད་ལྟའི་དུས།
མི་རྟག་བསྒོམ་པ་ལས་དོན་ཆེ་བ་དང་ཁྱད་པར་འཕགས་པ་གང་ན་ཡང་མེད་དོ་ཞེས་ལན་བརྒྱར་གསུངས་ཀྱང་སྐྱེ་བོ་བསོད་ནམས་དམན་པ་རྣམས་ཡིད་མ་ཆེས་པར་གདའ།
འགྲོ་མགོན་གྱི་ཞལ་ནས།
མི་རྟག་པ་རྗེས་དྲན་འདི་ཟབ་པས་རྒྱུད་ལ་སྐྱེ་བ་ཡང་ཤིན་ཏུ་དཀའ།
སྟོན་པ་དང་སྒོམ་ཆེན་རྣམས་ཀྱང་འདི་ལ་རྡུགས་གསུངས།
རྒྱལ་སྲས་རིན་པོ་ཆེའི་ཞལ་ནས།
མི་རྟག་པ་བཅོས་མིན་ཞིག་སྐྱེས་ན་ཆོས་མིན་པ་ཅི་ཡང་ཡིད་ལ་མི་བྱེད་པ་ཞིག་ཡོང་བར་འདུག་སྟེ།
འདིའི་མྱོང་བ་རྣམ་དག་སྐྱེས་པའི་ཆོས་པའང་རེ་རེ་ཙམ་དུ་འདུག་གསུངས།
ཕུ་ཆུང་བའི་ཞལ་ནས་ཤྭ་བོ་སྒང་པ་ལ་དད་རིང་ཡས་ལ་ཆས་དོན་ཉར་དགོས།
སླེ་མོ་ཐང་དུ་རོ་བསྲེགས་པ་རྣམས་སྟོན་ཅིག་གསུངས།
ཁོང་གིས་འདི་དང་འདིར་འདི་སྐད་བྱ་བ་བསྲེགས་པ་ལགས་ཞུས་པས།
པདྨ་བྱང་ཆུབ་ཇོ་བོ་ཀུན་མི་རོ་ལུང་སྐྱེལ་སྐྱེལ་མངོན་སུམ་དུ་བྱེད་པ་འདིས་མི་གོ་བར་སྟོང་པ་ཉིད་ལ་བློ་འགྲོ་བ་སྐད་ཟེར་བ་ལ་ཡིད་མི་ཆེས་པར་གདའ།
ཉོན་མོངས་པ་རྭ་རོང་ངེ་ལྡེ་མེ་རྨིག་པ་ཤ་རེ་བཞག་པའི་ཆོས་བྱེད་ཤེས་པ་གསུངས།
ཤྭ་པོ་པའི་ཞལ་ནས།
ཤེས་པ་བས་མཁས་པ་ཡང་མང་གསུངས།
སྔོན་གྱི་དུས་བཅོམ་ལྡན་འདས་བཞུགས་པ་ན།
དགེ་སློང་མའི་དགེ་འདུན་ལ་སྲུ་སྐྱེ་དགུའི་བདག་མོ་དགྲ་བཅོམ་མ་འཁོར་དང་བཅས་པ་ནི་བསམ་གཏན་གཙོ་བོར་བསྒོམ་ལ།
དགྲ་བཅོམ་མ་མཆོད་སྦྱིན་འཁོར་དང་བཅས་པ་ནི་བཤད་ཉན་གཙོ་བོར་མཛད་དེ།
སྤྱོད་ལམ་མཐུན་པས་སེམས་བསྲུང་བའི་ཕྱིར་བསམ་གཏན་མ་རྣམས་ནི་མི་རྟག་པ་སྒོམ་པ་ལས་དེའི་ཚེ་མི་རྟག་དང་ལྡན་པའི་མདོ་ཁ་ཏོན་བྱེད།
མཆོད་སྦྱིན་གྱི་འཁོར་རྣམས་མི་རྟག་པ་སྒོམ་ཞེས་འདུལ་བ་ལུང་ལས་གསུངས།
སྔར་འཕགས་པ་ཐོགས་མེད་ཀྱིས་མདོའི་ཚིགས་བཅད་གྲོལ་བའི་སྐབས་སུ་བྱུང་བ་ལྟར་དགྲ་བཅོམ་པས་ཀྱང་དུས་ཐམས་ཅད་དུ་འཆི་བ་མི་རྟག་པ་སྒོམ་པར་གསུངས།
པོ་ཏོ་བའི་ཞལ་ནས།
ངའི་སྣང་སེལ་ཆེན་མོ་འདི་ས་གཉིས་པའི་བྱང་ཆུབ་སེམས་དཔས་ཀྱང་སྒོམ་ན་མགུ་སྟོན་ལ་སོགས་པ་ལ་ཡང་གདམས་ངག་མི་ཆུང་ངམ་སྙམ་གསུངས།
འགྲོ་མགོན་གྱི་ཞལ་ནས།
མི་རྟག་པ་སྒོམ་པ་འདི་གལ་ཆེ་བས་བཀའ་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་ཀྱང་གསུངས།
འདུལ་བ་ནས་འཆག་ཁང་དུ་ཀེང་རུས་བྲིས་པ་ཚུན་ཆད་ཀྱིས་དྲན་པར་བྱེད་ཚུལ་གསུངས་ཏེ།
ཇོ་བོ་རྗེ་མ་བྱིན་རིང་ལ་མན་ངག་ཏུ་མ་ཤེས་གསུངས།
ཡང་འདི་སྐད་གསུངས།
ནམ་འཆི་ཆ་མེད་མ་བསམ་པས།
།ཚེ་འདིར་གཉེན་ལ་ཕན་གང་གིས་དང༌།
།དགྲ་ལ་གནོད་པ་སྐྱེལ་བའི་ཕྱིར།
།སྡིག་པ་རྣམ་པ་སྣ་ཚོགས་བྱས།
།བཤེས་དང་དགྲ་རུ་སྣང་བ་རྣམས།
།ཐམས་ཅད་ཤུལ་དུ་བཞག་ནས་སུ།
།ངན་སོང་མུ་མཐའ་མེད་པར་འགྲོ།
།འདི་ལས་ཕམ་པ་གཞན་ཅི་ཡོད།
།ནམ་འཆི་ཆ་མེད་ཤི་དུས་ན།
།ཆོས་མིན་གཞན་གྱིས་དགོས་པ་མེད།
།སྙམ་དུ་བློ་སྣ་ཐུང་སྦུད་པ།
།འབྲུ་སྣར་ཤིང་བུ་གསུར་བ་འདྲ།
།ཚེ་འདིའི་བྱེད་བྱེད་ཐམས་ཅད་ལ།
།ཞེན་ལོག་བློ་སྣ་སྐྱོ་སིང་བ།
།ཅི་ལའང་མ་ཆགས་ངེས་པར་དགོས།
དེ་ལྟར་འཆི་བ་མི་རྟག་པ།
།བསྒོམས་པས་ཚེ་འདིའི་རྣམ་རྟོག་ལ།
།མདུང་ཞིག་ཐེབས་ན་ཅི་བྱས་པ།
།ཐམས་ཅད་ཆོས་སུ་འགྲོ་བ་ཡིན།
།འཁོར་བའི་ཉེས་དམིགས་ལས་འབྲས་དང༌།
བྱང་ཆུབ་སེམས་དང་རང་བཞིན་མེད།
།ཐམས་ཅད་འདི་ཡི་སྟེང་ནས་འབྱུང༌།
།འདི་བསྒོམས་བློ་སྐྱེད་རེ་ཡང་ཡོང༌།
གསུངས།
རྗེ་མི་ལའི་ཞལ་ནས་ཀྱང༌།
ད་མི་ཁོམས་བརྒྱད་ལ་འཇིགས་འཇིགས་ནས།
།
མི་རྟག་འཁོར་བའི་ཉེས་དམིགས་བསྒོམ།
།
སྐྱབས་དཀོན་མཆོག་གསུམ་ལ་བློ་ཕུགས་གཏད།
།
ལས་རྒྱུ་འབྲས་ཆོས་ལ་ནན་ཏན་བསྐྱེད།
།
ཐབས་བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱངས་ནས།
བག་ཆགས་སྒྲིབ་པའི་རྒྱུན་ལམ་བཅད།
།
སྣང་བ་ཅི་སྣང་སྒྱུ་མར་རྟོགས།
།
ད་ངན་སོང་གསུམ་ལ་ཉམས་ང་མེད།
།
ད་བློ་བུར་ཚེ་ལ་འཇིགས་འཇིགས་ནས།
།
ལམ་རྩ་དང་རླུང་ལ་རྟེན་འབྲེལ་བསྒྲིགས།
། ཞེས་ཇོ་བོ་ཨ་ཏི་ཤའི་ལམ་གྱི་རིམ་པ་དང་གསུངས་ལུགས་གཅིག་ཁོ་ནར་གསུངས།
ཕ་དམ་པའི་
༼ཕ་དམ་པ་ཡང་རྣམ་ཐར་ལས་སྤྲུལ་སྐུ་ཆེན་པོར་བཤད།
མངོན་ཤེས་རྫུ་འཕྲུལ་མཐའ་ཡས།
ས་པཎ་གྱིས་འཇམ་དབྱངས་གཟིགས་དུས་ཀྱང༌།
འཇམ་དབྱངས་ཀྱིས་སེང་གེ་ཆིབས་པའི་ཆིབས་ཁ་ཕ་དམ་པས་བཟུང་ནས་བྱོན་པ་སོགས་གསུངས།
དེང་རི་གླང་འཁོར་གྱི་དགོན་པ་བཏབ།
བུ་ཆེན་དམ་པ་ཀུན་དགའ་སོགས་ཆེས་མང་བར་རྣམ་ཐར་ལས་གསུངས།
པོ་ཆུང་བ་པ་ཆན་སྒོམ་ཆེན།
སྐམ་ཤིལ་ལ་སོགས་པ་རྣལ་འབྱོར་དང་རྣལ་འབྱོར་མ་མེད་པར་བྱུང་གསུངས།༽
ཞལ་ནས།
འཆི་བ་བསམ་ན་ཅིས་ཀྱང་དགོས་པ་མེད།
།
ཡིད་ལ་དྲན་པར་གྱིས་ཤིག་དིང་རི་བ།
ཞེས་དང༌།
གཞན་ཡང་ཆོས་བྱེད་ལུགས་ལ་ཁ་ཅིག་བདེན་པ་བཞི་ནས་འཇུག
།ཁ་ཅིག་རྟེན་འབྲེལ་ནས་འཇུག་པ་སོགས་མི་འདྲ་བ་མང་ཡང༌།
འཆི་བ་སེམས་པ་ནས་འཇུག་པ་འདི་གནད་ཟབ།
འཆི་བ་མི་རྟག་པ་སྒོམ་པ་འདི་གལ་ཆེ་སྟེ།
ཆོས་ཀྱི་ཐོག་མཐའ་བར་གསུམ་ཐམས་ཅད་དུ་མེད་མི་རུང༌།
མི་རྟག་པ་སྐྱེས་ན་དང་པོར་ཆོས་ལ་འཇུག་པའི་རྒྱུ་བྱེད།
བར་དུ་བརྩོན་འགྲུས་ཀྱི་ལྕག་བྱེད་ཐ་མར་འོད་གསལ་ཆོས་སྐུ་ཐོབ་པར་བྱེད་དོ།
།
རྒོད་ཚང་པའི་
༼རྒོད་ཚང་པ་མི་ལའི་སྐུ་སྐྱེར་གྲགས།
དེ་ཡིན་པ་རྣམ་ཐར་བཀའ་རྒྱ་མར་བཤད།
མངོན་ཤེས་དང་རྫུ་འཕྲུལ་མཐའ་ཡས།
དེ་བཞིན་གཤེགས་པ་སྡུག་བསྔལ་སེལ་བ་ཞེས་པར་སངས་རྒྱས་ཀྱི་མཛད་པ་སྟོན་གསུངས།
གྲུབ་ཆེན་ཨོ་རྒྱན་པ།
ནེ་དིངས་པ་ཡང་དགོན་པ་སོགས་མང་བ་ལས།
བྱང་གླིང་པ།
པ་རི་བ་སོགས་མཐར་ཐོན་བཅུ་གསུམ་སོགས་སློབ་མ་འཛམ་གླིང་ཁྱབ་པར་ཡོད་པར་གསུངས།
།གཙང་པ་རྒྱ་རས་ཀྱི་སློབ་མ།
ཡུལ་ལྷོ་བྲག་པ། མཚན་མགོན་པོ་རྡོ་རྗེ།༽
ཞལ་ནས།
ཕ་ཡུལ་འབྲེལ་ཐག་ཆོད་པ་དང༌།
།
ཉེ་འབྲེལ་འབྱར་རྩི་གོག་པ་དང༌།
།
ཟས་ནོར་འཁྲི་བ་ཆོད་པ་དང་གསུམ།
།
འཆི་བ་མི་རྟག་པ་བསྒོམ་ན་འོང༌།
།
དོན་མེད་བྱ་བ་མི་བྱེད་ཅིང༌།
།
ཉིན་མཚན་ཆོས་ཀྱི་ལས་ལ་བརྩོན།
།
སྡིག་པའི་གྲོགས་པོ་སྤང་བ་གསུམ།
།
དལ་འབྱོར་རྙེད་དཀའ་བསྒོམ་ན་འོང༌།
།
འདོད་པའི་ཡོན་ཏན་བྱུང་དུ་མཐོང༌།
།
དཀོན་མཆོག་གསུམ་ལ་བློ་གཏད་སྐྱུར།
།
འཇིག་རྟེན་ཆོས་ལ་ཞེན་པ་ལོག
།
འཁོར་བའི་ཉེས་དམིགས་བསྒོམ་ན་འོང༌།
གསུངས།
སྐྱེས་མཆོག་པའི་ཞལ་ནས་ཀྱང༌།
འདིར་དགོས་ཀྱི་དགོས་ཆེད་མི་བསམ་པར།
།
རྟག་ཏུ་ལོང་མེད་འཆི་བ་བསམ།
།
ཚེ་འདི་དར་ཙམ་ཡུད་ཙམ་ལ།
།
སྡོད་པ་ལོང་ཡོད་མི་འདུག་ན།
མྱུར་དུ་འཆི་བ་སེམས་པ་འདི།
།
སྙིང་གཏམ་ཡིན་གྱིས་སེམས་ལ་ཞོག
།
ཡེང་མ་ལམ་ལ་མི་ཚེ་ཟད།
།
འཆི་བ་མ་དྲན་གཡེང་བས་ཁྱེར།
།
ནམ་འཆི་ཆ་མེད་བསམ་བློ་ཐོང༌།
གསུངས།
ཡང་དགོན་པའི་ཞལ་ནས།
འཆི་བ་མི་རྟག་པ་དང༌།
ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་བསམ་ལ་དད་པ་ལ་སྐྱེད་འདོན་དགོས།
འདོད་ཡོན་ལ་སྐྱོན་དུ་མཐོང་ཞིང༌།
ཆོག་ཤེས་ཀྱིས་བློ་སྣ་བསྟུངས་ལ་ཞེན་ལོག་ལ་བོགས་འདོན་དགོས།
།བླ་མས་ཅི་མཛད་ཡོན་ཏན་དུ་བལྟ་བས་ལོག་རྟོག་གི་སྐྱོན་སྣང་དག་ཅིང་གསོལ་བ་ཕུར་ཚུགས་སུ་བཏབ་ལ་མོས་གུས་ལ་བོགས་འདོན་དགོས་གསུངས།
ཕག་མོ་གྲུབ་པས།
རྟག་ཏུ་འཆི་བསམ་ལས་སུ་བསགས་པ་བགྲང༌།
ཞེས་དང༌།
ཀརྨ་རོལ་པའི་རྡོ་རྗེའི་
༼ཀརྨ་པ་ཐུགས་རྗེ་ཆེན་པོའི་སྤྲུལ་པ།
བརྒྱུད་པ་བཅུ་གཅིག་ཡོད་པར་བཞེད།
དྭགས་པོའི་བུ་ཆེན། དབུ་སེ།
ཕག་གྲུ། གསལ་སྟོང་ཤོ་རེ་སྟེ་ཁམས་པ་མི་གསུམ་གྱི་དབུ་སེས།
ཆབ་ཆོས་སེང་བ་སྟེན་སྡེ་སྣོད་ལ་སྦྱངས།
དྭགས་པོ་བསྟེན་གྲུབ་ཐོབ་ཆེན་པོར་གྲགས།
འབྲི་སྟག་གཉིས། གཡམ་སྐལ་ལྡན།
ཁྲོ་ཕུ་བ། གཙང་པ་ཀུན་ལྡན།
རྗེ་སྤྱན་སྔ་བ་སོགས་བུ་ཆེན་མང༌།
ཚུར་ཕུ་བཏབ།
འདིའི་སྐུ་སྐྱེ་ཀརྨ་པཀྴི་ཁམས་སུ་འཁྲུངས།
དེའི་སྐུ་སྐྱེ་རང་བྱུང་རྡོ་རྗེ་ག་བཞུར་མོར་འཁྲུངས།
དེའི་སྐུ་སྐྱེ་རོལ་པའི་རྡོ་རྗེ།
ད་ནས་རིམ་བཞིན། དེ་བཞིན་གཤེགས་པ།
མཐོང་བ་དོན་ལྡན། ཆོས་གྲགས་རྒྱ་མཚོ།
མི་བསྐྱོད་རྡོ་རྗེ་སོགས་ཡིན་ནོ།
།༽ ཞལ་ནས། དུས་འཆི་བདག་གི་རྒྱལ་པོ་བྱུང་ཙ་ན།
སེམས་བདེ་མོ་ཞིག་ཡོང་བ་དཀའ་མོར་གདའ།
ཚེ་ཕྱི་མ་གར་འགྲོའི་གཏོལ་མེད་པས།
དུས་ད་ལྟ་བསམ་བློ་ཞིབ་ཏུ་ཐོངས།
།
ལར་ཡང་བསམ་བློ་ལེགས་ཐོངས་དང༌།
།
བློ་ཡིད་ཆེས་བདོག་ན་ངོ་མཚར་ཆེ།
དེ་མིན་ན་ད་རེས་སྙིང་རུས་བསྐྱེད།
ཅེས་གསུངས།
ཁྲོ་ཕུ་ལོ་ཙཱ་བའི་ཞལ་ནས།
ཅི་བྱས་ཆོས་སུ་འགྲོ་བ་ལ།
།
མི་རྟག་སྡུག་བསྔལ་དྲན་པ་གཅེས།
།
རྟ་བཟང་ལྕག་གིས་བཞུས་པ་འདྲ།
།
ཆགས་སྡང་རང་ལོག་ངོ་མཚར་ཆེ།
གསུངས།
རྒྱལ་སྲས་རིན་པོ་ཆེའི་ཞལ་ནས།
འདུལ་རྒྱུའི་དགྲ་མེད་སྐྱོང་རྒྱུའི་གཉེན་མེད་ཅིང༌།
།
ཕར་ལྟོས་དཔོན་མེད་ཚུལ་ལྟོས་གཡོག་མེད་པའི།
།
དབེན་པའི་གནས་སུ་རང་སེམས་མི་འདུལ་ན།
།
ཁྱེད་ལ་བྱ་བ་ཅི་འདུག་མ་ཎི་པ།
།
སྟོན་བསང་དཔྱིད་ཀ་སྤྱོད་པའི་ངེས་མེད་ཀྱང༌།
།
དཔྱིད་རྒྱགས་སྟོན་ནས་མི་གསོག་བླུན་ཟེར་ན།
།
འཆི་བར་ངེས་བཞིན་འཆི་ཚེ་ཕན་ངེས་ཆོས།
ད་ལྟ་ཉིད་དུ་མི་སྒྲུབ་ཤིན་ཏུ་བླུན།
།
ཚེ་འདི་ཕུན་སུམ་ཚོགས་པ་དོན་གཉེར་བློས།
།
ལྷ་མིའང་ཐོབ་དཀའ་བྱང་ཆུབ་ལྟ་ཅི་སྨོས།
།
དེ་ཕྱིར་ཚེ་འདི་ཞེན་པ་སྤང་བའི་བློས།
།
འཆི་བ་དྲན་པ་འབད་པས་བསྒོམ་པར་བྱ།
ནམ་འཆི་ངེས་པ་མེད་པ་མ་དྲན་ན།
།
ཐོས་བསམ་སྒོམ་ལ་འབད་ཀྱང་ཚེ་འདི་ཡི།
།
ཕུན་ཚོགས་སྒྲུབ་འདོད་བློ་ཡི་རེ་བརྒྱའི་ཟས།
།
ངན་སྐྱུགས་དུག་དང་འདྲེས་པ་བཞིན་དུ་འགྱུར།
ཞེས་དང༌།
དེ་རིང་ཙམ་ཡང་མི་འཆིའི་གདིང་མེད་ཀྱང༌།
།
གཏན་དུ་སྡོད་གྲབས་བྱེད་པའི་ངང་རིང་པོ།
།
འཆི་ཁར་བྲང་ལག་འཐབ་མོ་འཆོལ་ཉན་གདའ་འོ།
།
འཆི་བ་རྗེས་སུ་དྲན་པར་བྱིན་གྱིས་རློབས།
ཞེས་གསུངས།
རྗེ་དྭགས་པོའི་སློབ་མའི་ཁྱུ་རྒྱན་གྲུབ་ཐོབ་རྣལ་འབྱོར་པ་ཆོས་གཡུང་བྱ་བ་ལ།
ཁམས་པ་ཞིག་གིས་གོས་ཡུག་ཅིག་ཕུལ་ནས་ཆོས་ཞུས་པས་མ་གནང༌།
ཡང་ནན་གྱིས་ཞུས་པས།
ཁོའི་ལག་པ་ནས་བཟུང་སྟེ།
ང་ཡང་འཆི་ཁྱོད་ཀྱང་འཆི་བྱ་བ་དེ་ལན་གསུམ་བསྐྱར་ནས།
བླ་མས་ཀྱང་དེ་ལས་གསུངས་པ་མེད།
ང་ལ་ཡང་ཉམས་སུ་ལེན་རྒྱུ་དེ་ལས་མེད།
ཁྱོད་རང་ཡང་དེ་སྒོམས།
དེ་ལས་ལྷག་པ་ཡོད་རེ་གསུང་ནས་དབུ་སྙུང་བཞེས།
དེར་ཁམས་པས་ཀྱང་སྒོམས་པས་གྲུབ་ཐོབ་ཅིག་བྱུང་སྐད།
སྤྱོད་འཇུག་ལས།
དུར་ཁྲོད་སོང་ནས་གཞན་དག་གི།
།
རུས་གོང་དག་དང་བདག་གི་ལུས།
།
འཇིག་པའི་ཆོས་ཅན་དག་ཏུ་ནི།
།
ནམ་ཞིག་འགོ་སྙོམས་བྱེད་པར་འགྱུར།
གསུངས།
དེ་བས་ན་མདོ་བསྟན་བཅོས་ཐམས་ཅད་དང༌།
བོད་ཀྱི་ཆོས་རྒྱུད་སོ་སོ་བ་ཐམས་ཅད་གྲུབ་མཐའ་གང་ལ་མི་མཐུན་ཡང༌།
འཆི་བ་མི་རྟག་པ་སྒོམ་དགོས་པ་དང༌།
འདི་རྒྱུད་ལ་སྐྱེ་བའི་སྨོན་ལམ་དང་གསལ་འདེབས་བྱེད།
འདི་བསྒོམས་པས་རྒྱུད་ལ་སྐྱེ་བའི་དུས་ཤིག་ནམ་ཡོང་ཞེས་སྨོན་པ་མཛད་པ་ལ་མཐུན་པར་སྣང་ན།
སུ་ཞིག་ཐེ་ཚོམ་ཐམས་ཅད་དང་བྲལ་བའི་ལམ་མཆོག་འཆི་བ་རྗེས་སུ་དྲན་པ་སྒོམ་པ་ལ་བརྩོན་པར་མི་བྱེད།
དེ་བས་ན་འདི་ཉིད་ཐོག་མར་སྒོམ་དགོས་པ་ཡིན་ཏེ།
སྔར་ཚེ་བློས་གཏོང་བ་ཆོས་ཀྱི་ཐོག་མ་མེད་མི་རུང་ཡིན་པར་བཤད་པས་ཀྱང་ཤེས་ལ།
པོ་ཏོ་བའི་ཞལ་ནས།
མི་རྟག་པ་བསྒོམ་པ་འདི་ཆོས་ཀྱི་དབུ་ཡིན།
རྒྱ་གར་སྐད་དང་ཕྱག་འཚལ་ལ་སོགས་པ་དབུ་མིན་གསུངས།
ཡང་མི་རྟག་པ་དྲན་པ།
ཞང་བཙུན་ཡེར་པ་དང་གཉེན་སྟོན་ཤཱཀ་འབྱུང་དང༌།
འབན་གུང་རྒྱལ་ལྟ་བུ་ཡིན་གསུངས།
ཡེར་པ་བ་དུས་རྒྱུན་དུ་གཤེགས་དགོས་འབའ་ཞིག་བྱས།
བསྙུན་ནང་ཅུང་ཟད་རེ་ལའང་སྙད་འདོགས་ཅིང༌།
ད་ཆ་ཆ་གསུང་ནས་ཡོ་བྱད་ཅི་ཡོད་ཐམས་ཅད་གཞན་ལ་བསྔོས་ནས།
མེད་མི་རུང་ཅི་རིགས་ལ།
མ་ཤིའི་བར་ལ་གཡར་ཆུག་གསུངས།
གཤེགས་པ་ན་ལྷའི་རོལ་མོ་དི་རི་བ་ཐམས་ཅད་ཀྱིས་ཚོར་བ་བྱུང༌།
རྒྱགས་ལྷག་ནས་ཁལ་དྲུག་མིན་པ་ཅི་ཡང་མི་འདུག་པ་ལ།
ཕུ་ཆུང་བ་ནི་དཀོན་མཆོག་མཆོད་པ་བྱ་གསུངས།
པོ་ཏོ་བ་དགེ་འདུན་གྱི་ཆོས་སྟོན་བྱ་གསུང་སྐད།
གཉན་སྟོན་ནི་དང་པོ་མཁས་པའི་ང་རྒྱལ་ཆེ།
དཔེ་མཁྱུད་ཀྱང་ཆེ་བ་ལ་ཕྱིས་གཅུང་པོ་ཞིག་ཤི་བས་རྐྱེན་བྱས་ཚེ་བློས་གཏང་གི་བྱ་བ་མཛད།
ཡིད་འབྱུང་ནས་མི་རྟག་པ་ཁོ་ན་སྒོམ།
སྐྱོ་སངས་མཛད་དུས་ཀྱང་མཛའ་བ་ཡུན་རིང་འཁོད་འཁོད་ནས།
།འཆི་བ་སོ་སོར་བྲལ་གྱུར་ཞིང༌།
།མྱ་ངན་ཆེན་པོ་ལྡང་གྱུར་པ།
།དེ་ནི་འཇིག་རྟེན་འདི་ན་ངེས།
ཞེས་སོགས་ཁོ་ན་གསུངས།
ཁྲོ་ཕུའི་སྟོན་པ་གཞོན་ནུ་ཚུལ་ཤེད།
གཉེན་སྟོན་སྟོན་པ་ཆེན་པོ་ཞིག་མི་རྟག་པ་སྒོམ་ཟེར་བ་ཅང་བདེན་ནམ་ཞེས་འཕྱ་བ་ལ།
རྣལ་འབྱོར་པ་ཆེན་པོའི་ཞལ་ནས།
ཡོད་ན་ཁོའི་དེ་ལ་གཅིག་ཡོད་གསུངས།
གཉེན་སྟོན་ལ་ཉེ་གནས་ཀྱིས་དབྱར་ཤིང་གྲབས་བྱེད་པར་ཞུས་པས།
དབྱར་སྡོད་མི་སྡོད་ཆ་མེད།
ཤིང་བུའི་གྲབས་ཀྱིས་ཅི་བྱེད།
སྡོད་ན་ཚུར་སྟོན་ཅིག་ཡང་གསུངས་ནས་བཞུགས་རྩིས་ཡེ་མི་མཛད།
པོ་ཏོ་བའི་ཞལ་ནས།
གཉན་སྟོན་ནི་བདེན་པ་གཟིགས་པའི་ཚོད་ཙམ་དུ་འདུག་ན་གསུངས།
པོ་ཏོ་བ་རང་ལ་ཡང་མི་རྟག་པ་འཁྲུངས་པས་རྙེད་བཀུར་སོགས་ཇི་ལྟར་མང་བ་ཞལ་རས་ནག་ཏུ་འགྲོ་བ་ཞིག་ཡོད་སྐད།
ཆིག་ལབ་རིང་མོ་ན་མར་ཡང༌།
ད་ལ་ནི་དོ་ནུབ་ཤི་ན་ཇི་ཙུག་བྱེད་སྙམ་ནས་སང་ཕན་ཆད་ཀྱི་མདུན་མ་མི་དྲན་པ་ཡང་ཡང་བྱུང་གསུངས།
ལན་ཅིག་སྟོན་པ་རྡོ་རྗེས་ཕུལ་བའི་རྒྱས་པས་དབུ་མཛད་ཆོས་པོ་ཏི་བརྒྱ་བདུན་བཅུ་ཙམ་གྱི་ན་བཟའ་གྲུབ་པ་ནས།
ཡང་
འབེ་སྟོན་གྱིས་ཕུལ་བའི་ན་བཟའ་གྱིས་གསུངས།
དེར་དགེ་བཤེས་བྲག་དཀར་བས།
དར་དང་ཕྱིང་པ་ལ་སོགས་པས་ཀྱང་མི་ལྡང༌།
ཁད་ཀྱིས་བྱ་བར་ཞུ་ཞུས་པས།
ང་ལ་ལོང་མེད་གཅིག་གིས་ལྡང་ན་གཅིག་གྱིས།
གཉིས་ཀྱིས་ལྡང་ན་གཉིས་གྱིས་གསུངས།
དེ་ནས་པོ་ཏོར་པོ་ཏི་སུམ་བརྒྱ་ཙམ་གྱི་ན་བཟའ་བྱས།
དེ་ནས་ཞག་གསུམ་སོང་བ་ན་སྙུང་ནས་ཞག་བདུན་ན་གཤེགས།
ཁོ་རང་འདའ་བའི་མངོན་མཁྱེན་ཡོད་པར་འདུག་གསུངས།
རྟག་ཏུ་གནས་ངེས་མེད་མཛད་ཅིང་འབྱོན་པ་ལ།
གྲྭ་པ་ཉིས་སྟོང་ལྷག་ཙམ་འདུ།
ཚེ་བློས་ཐོངས་པ།
མི་རྟག་པ་དྲན་ངོ་ཤེས་པ་ལྔ་བརྒྱ་ཙམ་ཡོད་པ་ལ།
རྒྱལ་སྲས་རིན་པོ་ཆེའི་ཞལ་ནས།
ངོ་མཚར་ཆེ། ད་ནི་རེ་རེ་ཙམ་ཡང་རྙེད་པར་དཀའ་གསུངས།
ཡང་མི་རྟག་པ་དྲན་པ་ཁ་རག
༼འཕན་ཡུལ་སྤྲས་ཀྱི་ཟག་རྒྱབ་ན་ཡོད།
སྒོམ་ཆུང་ལྟ་བུ་ཡིན་གསུངས།༽
ཁང་ཁ་རག་ཕུག་ནག་གི་བྲག་ཁུང་ན་བཞུགས་པའི་སྒོ་ན་སེ་ཕུང་ཞིག་ཡོད་པ་ལ།
ན་བཟའ་རལ་བས་གཅོད་དགོས་དགོངས་པ་རེ་བྱུང༌།
ཡང་དེ་མ་ཐག་བཅད་ནས་ཅི་བྱེད་འགྲོ་འོང་བྱེད་ཀྱིན་སྡོད་རྒྱུ་རང་ཡོད་དེ་དགོངས་ནས་ཕྱིས་གཤེགས་གཤེགས་བར་དུ་གཅོད་པ་མ་བྱུང་སྐད།
གཞན་ཡང་དགེ་བཤེས་གསང་ཕུ་བ་དང༌།
༼རྔོག་ལེགས་ཤེས་མི་ཤི་བ་གསན་ཙ་ན་ཇོ་བོར་བྱ་གཏོང་གདའ་ཨང་གསུངས།
གསང་ཕུའི་ཤིང་ནགས་བསྲུང་བར་ཞུས་པ།
བུ་ནང་གི་བདག་ཏུ་འཛིན་པ་མི་སྤོང་ནའང༌།
ཕྱི་རོལ་གྱི་དངོས་པོ་བདག་ཏུ་བཟུང་ངམ་གསུངས།༽
བཤེས་སྟོན་གཡུང་དྲུང་རྒྱ་མཚོ་
༼བཤེན་སྟོན་མི་ཤི་བ་གསན་དུས་ཡེ་ཆོས་ཟབ་མོ་གདའོ་གསུངས་དམར་ཁྲིད་ཟབ་ཤོས་རང་དེ་ཤི་བ་མཐོང་བ་དང་ཐོས་པ་ཀུན་ཡིན་གསུངས།
གཤེན་སྟོན་ལ་མིས་ལྐོག་སྨྲས་བྱས་པས།
ང་ནི་འདི་ན་འདུག་གོ་གསུངས་ལོ།
།དེ་ལྟ་བུ་འཆི་བ་དྲན་པས་འབྱུང་བ་ཡིན་གསུངས།༽
ལ་སོགས་ ༼འདི་གཉིས་ཀ་ཇོ་བོའི་སློབ་མ།
རྔོག་ལེགས་ཤེས་གསང་ཕུ་བཏབ།
མཁས་གྲུབ་ཆེན་པོ་ཞིག་བྱོན།
གཤེན་སྟོན་གྱིས་བསམ་ཡས་སུ་གདུལ་བྱ་བསྐྱངས།
བུ་ཆེན་མང་ངོ༌།༽ པའི་གཏམ་རྒྱུད་གསུངས།
༢༽
འཆི་བ་མི་རྟག་པ་སྒོམ་པའི་དམིགས་རྣམ།
འོ་ན་མི་རྟག་པ་སྒོམ་པ་དེ་ལྟར་གལ་ཆེ་ཕན་ཡོན་ཆེ་ན།
འོ་ན་དོན་ཚན་རྣམ་པ་དུ་མ་ཞིག་བྱས་བྱས་ནས་སྒོམ་སྙམ་ན།
སྤྱིར་བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་རྣམས་དོན་ཚན་ཞིབ་ཏུ་སོ་སོར་འབྱེད་པའི་ས་བཅད་མི་མཛད།
འོན་ཀྱང་སྔོན་མཁས་པ་རེ་རེ་གཉིས་གཉིས་ཀྱིས་མཛད་པའི་རྗེས་སུ་འབྲངས་ནས་བྱེད་པའང་མང་དུ་ཡོད།
བསམ་རྒྱུའམ་སྒོམ་རྒྱུའི་དོན་ལ་ནི་ཐམས་ཅད་ཁྱད་མི་གདའ།
སྔོན་གྱི་གྲོ་ལུང་པ་ཆེན་པོའི་ལམ་རིམ་ན་ཡོད་ཚོད་དུ་འདུག
།ད་ལྟ་རྗེ་རིན་པོ་ཆེ་ཡབ་སྲས་ནི།
རྩ་བ་གསུམ། རྒྱུ་མཚན་དགུ་ཞེས་པའི་ས་བཅད་མཛད་དོ།
།
ད་ལྟར་གྲགས་ཆེ།
སྔོན་གྱི་ཕྱག་སོར་པ་
༼ཕྱག་ཚོར་པས་ནག་ཚོ་ལོ་ཙཱ་བ་སོགས་ཇོ་བོའི་དངོས་སློབ་དང་ཉིང་སློབ་དུ་མ་ལ་ཐུག
།གྲུབ་པ་བརྙེས།
བྱ་འདུལ་འཛིན་སོགས་བུ་ཆེན་མང་དུ་བྱོན།༽
ནས་བརྒྱུད་པའི་མཁས་པ་དག་ནི།
མི་རྟག་པ་སེམས་པ་ལ་གསུམ།
རགས་པའི་མི་རྟག་པ་དང༌།
ཕྲ་བའི་མི་རྟག་པ་དང༌།
གློ་བུར་གྱི་མི་རྟག་པའོ།
།དང་པོ་ལ་སྤྱིར་འདུས་བྱས་ཡིན་པས་འཇིག་པར་ངེས་པར་དང༌།
རང་དབང་མེད་པས་འཆི་བ་བསམ་པ་གཉིས།
ཕྲ་བའི་མི་རྟག་པ་སྐད་ཅིག་རེ་རེ་བཞིན་མི་རྟག་པར་འགྲོ་བའི་གཟར་ལས་ཆུ་འགྲོ་བ་དང༌།
ཕྱུགས་རྫིས་ཕྱུགས་འདེད་པ་ལ་སོགས་པའི་དཔེས་སེམས།
གློ་བུར་གྱི་མི་རྟག་པ་ལ་བཞི།
འབྱུང་བ་འཁྲུགས་པ་དང༌།
ལྷ་འཁྲུགས་པ་དང༌། གཉིས་ཀ་འཁྲུགས་པ་དང༌།
ཟས་གོས་གནས་མལ་ལ་སོགས་པའི་རྐྱེན་གྱིས་བློ་བུར་འཆིང་སེམས་པ་སྟེ།
དེ་ལྟར་མཛད་དོ། །
བཤེས་གཉེན་གཞན་དག་མང་པོ་ནི།
ཕྱི་མི་རྟག་པ་དང་ནང་མི་རྟག་པ་གཉིས།
དང་པོ་ལ་སྣོད་མི་རྟག་པ་དང༌།
བཅུད་མི་རྟག་པའོ། །ནང་མི་རྟག་པ་ལ་གསུམ།
སྐད་ཅིག་རེ་རེ་ཞིང་འཇིག་པ་དང༌།
རྒྱུན་གྱི་མི་རྟག་པ་ཚེ་ཚད་ཡོད་ཅིང༌།
དེའང་མདའ་འཕངས་པའམ་ཆུ་ཀླུང་དྲག་པོ་འབབ་པ་ལས་ཀྱང་མགྱོགས་པར་འགྲོ་བ་དང༌།
གློ་བུར་གྱི་མི་རྟག་པ་ལ་ཚེ་ཟད་པ་དང༌།
ལས་ཟད་པ་དང་བསོད་ནམས་ཟད་པ་དང༌།
བག་མེད་པས་གློ་བུར་དུ་འཆི་བ་སྟེ་བཞིའོ།
།
བདག་གི་བླ་མའི་
༼བདག་གི་བླ་མ་རྗེ་མཁས་གྲུབ་པའི་མཚན་དགེ་ལེགས་དཔལ་བཟང་པོ།
ལ་སྟོད་བྱང་གི་སྡེ་བདག
།བཀའ་རབ་འབྱམས་ཐུགས་སུ་ཆུད།
།རྗེ་ཙོང་ཁ་པའི་རྒྱལ་ཚབ་འགྲན་ཟླ་དང་བྲལ་བར་གྱུར།
རི་བོ་མདངས་ཅན་གྱི་དགོན་པ་བཏབ།
ཉང་སྟོད་ལྕང་ར་དཔལ་འཁོར་ཆོས་སྡེ་དགེ་ལྡན་རྣམས་ཀྱི་གདན་ས་མཛད།
བུ་སློབ་མང་དུ་བྱོན།
དགུང་ལོ་ལྔ་བཅུ་ང་བདུན་ལ་དགེ་ལྡན་དུ་གཤེགས།༽
ཞལ་ནས། མི་རྟག་པ་ལ་སོགས་པའི་དམིགས་རྣམ་སྐྱོང་བ་ལ།
ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས།
དམིགས་པ་སྐྱོང་རྒྱུ་རྣམས་ཀྱི་ངོ་བོ།
།གོ་རིམ་གྲངས་ངེས་རྣམས་ངེས་ངེས་བྱས།
འདི་ལས་གཞན་དུ་མི་བཏང་སྙམ་པའི་འདུན་པ་དྲག་པོ་བྱ།
དང་པོ་ནས་བློ་ངན་ལངས་ལ་མི་གཏོང་བར་འདུག་པ་ཇི་ལྟར་བཏང་བ་བཞིན་དུ་སྐྱོང་དགོས་གསུངས་པས།
འཆི་བ་མི་རྟག་པ་སྒོམ་པ་ལ་སྒོམ་རྒྱུའི་དམིགས་པའི་གྲངས་དང༌།
གོ་རིམ་རྣམས་གལ་ཆེ་བར་མཐོང་ནས་དེ་ལྟར་བྲིས་པ་ལགས།
འགྲོ་མགོན་གྱི་ཞལ་ནས།
འདིའི་ཡིག་ཆ་ན་ཇི་ལྟར་ཡོད་པ་བཞིན་གོ་རིམ་མ་འཆོལ་བར་སེམས་པ་དང༌།
གང་ཟིན་ཟིན་ནས་སེམས་པ་གཉིས་ཡོད་གསུངས་པ་ལྟར།
དང་པོ་མ་འདྲིས་རིང་ལ་གོ་རིམ་མ་འཆོལ་བར་བསྒོམས།
འདྲིས་པ་ན་གང་འདོད་པ་ནས་སེམས་པས་གོ་རིམ་ངེས་པ་མེད།
དམིགས་པའི་གྲངས་མང་ཉུང་ལ་ནི་ཁྱད་ཆེར་བྱེད་དགོས།
དེ་ཡང་དོན་ཚན་མང་པོ་ནས་བསམས་ན་སྟོབས་ཆེ་བར་འཕགས་པ་ཐོགས་མེད་ཀྱིས་ཉན་སར་གསུངས་པ་བཞིན།
རྗེ་རིན་པོ་ཆེས་ཀྱང་གསུངས།
དེ་ངེད་རང་གིས་ཀྱང་ཤེས།
གཉེན་གྱིས་གནོད་པ་བྱེད་པ་ཡི།
།
རྒྱུ་མཚན་མང་དུ་མཐོང་གྱུར་ན།
།
གཉེན་ལ་ཆགས་པ་སྤོང་བ་སླ།
།
དགྲ་ཡིས་ཕན་པ་བྱེད་པ་ཡི།
།
རྒྱུ་མཚན་མང་དུ་མཐོང་གྱུར་ན།
།
དགྲ་ལ་ཞེ་སྡང་ཞི་འགྱུར་ཏེ།
།
བྱམས་པ་མྱུར་དུ་སྐྱེ་བ་བཞིན།
།
དགྲ་ཡི་གནོད་པ་བྱས་པ་ཡི།
།
རྒྱུ་མཚན་མང་དུ་མཐོང་གྱུར་ན།
།
ཞེ་སྡང་ཤུགས་དྲག་སྐྱེ་བའང་ལྟོས།
༣༽
འཆི་བ་མི་རྟག་པ་སྒོམ་ཚུལ།
འོ་ན་སྒོམ་རྒྱུའི་དམིགས་པ་དེ་རྣམས་ཡིན་མོད།
དེ་རྣམས་ཚུལ་ལམ་རྣམ་པ་ཇི་ལྟར་སྒོམ་སྙམ་ན།
དེ་ནི་ཤེས་རབ་ཅན་གྱིས་དམིགས་ཡུལ་དེ་རྣམས་མ་འདྲེས་པར་སོ་སོར་ཕྱེ་ཞིང་བློ་ལ་གསལ་བཏབ་སྟེ་འདྲིས་སུ་བཅུག
།གོམས་སུ་བཅུག་ན་བློས་གསལ་བར་ངེས།
གསལ་བར་དམིགས།
གསལ་བར་མཐོང་བ་ཞིག་ཡོངས་སུ་འཇུག་པ་ཡིན་ནོ།
།དེ་ལྟར་བློ་ལ་གསལ་བཏབ་པ་དེ་ཉིད་ཉམས་པ་མེད་བརྗེད་པ་མེད་པར་དེ་ཀའི་ངང་ལ་གནས་ན།
སླར་བསྐྱར་གྱིན་སྒོམ་མི་དགོས་པར་དེ་ཀའི་ངང་ལ་ཧྲིལ་གཅིག་ཏུ་འགྲོ་སྟེ།
དཔེར་ན་མི་དག་གིས་རྒྱ་ནག་གི་རྒྱལ་པོའི་བཀོད་པ་བཤད་ན་དེ་མ་བརྗེད་པར་ཡིད་ལ་བྱས་ན།
སླར་བསྐྱར་གྱིན་འཆད་མི་དགོས་པར་དུས་ནམ་ཡང་བློ་ལ་བཀྲ་ལམ་མེ་ཡོང་བ་བཞིན་ནོ།
།བརྗེད་ན་ཡང་གསལ་བཏབ་ཀྱིན་འཇོག་དགོས་པ་ཡང་དཔེ་དོན་གཉིས་ཀ་འདྲའོ།
།
སྟོན་པ་སེ་སྟོན་བཀའ་གདམས་ཀྱི་བཤེས་གཉེན།
གྱི་ཞལ་ནས།
བཀའ་བརྒྱུད་འདིའི་ལུགས་ཀྱི་མཁས་པ་དང་གཙོ་བོ་དང་ཆོས་འཆད་པ་ལ་སོགས་པ་ཡོན་ཏན་གཞན་ཐམས་ཅད་བཞག་ནས་སེམས་པ་ཁོ་ན་འགོ་འདོན་པ་ཡིན་གསུངས།
འགྲོ་མགོན་གྱི་ཞལ་ནས།
ཇོ་བོ་རྗེ་དེ་རྩེ་གཅིག་པ་ལས་ཀྱང་སོ་སོར་རྟོག་པ་ལ་བསྔགས་གསུངས།
སྤྱན་སྔ་རིན་པོ་ཆེ་དེ་ལན་གཅིག་དགེ་བཤེས་ཡོན་ལུང་པའི་ཕྱག་ནས་བཟུང་ནས་ང་འཆི་བའི་དུས་སུ་འབྱུང་བའི་ནད་པས་ཀྱང༌།
མི་མ་ཡིན་གྱིས་འཆི་བ་ཞིག་ལ་འདམ་པ་ཡིན།
ཅི་སྟེན་འབྱུང་བའི་ནད་ལ་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ཡོད་ཀྱང༌།
གཞན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་མེད།
མི་མ་ཡིན་གྱི་དེ་ལ་དེ་གཉིས་ཀ་ཡོད།
དེ་བས་ཀྱང་རང་གི་ཉེས་པ་སྣ་གཅིག་མ་བྱས་པར་གཅིག་གཅིག་གིས་གྲི་ཞིག་རྒྱབ་འཆི་ཡང་མ་ཉེན་དྲག་ཀྱང་མ་ཉན་པ་སྡུག་བསྔལ་ཡང་དེ་ལ་བཀའ་དྲིན་ཆེ་བའི་བློ་བཤའ་མ་ཞིག་བྱུང་ན་ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་གསུམ་ཀར་ཚང་བ་དེ་ལ་གོ་ཡུལ་ཙམ་གྱིས་མི་ཡོང་སྟེ།
ཡང་དང་ཡང་དུ་སེམས་པ་དང༌།
།འཇལ་དང་ངེས་རྟོགས་སྒོམ་པའི་ལམ།
བྱ་བ་ཡིན་གསུངས།
རིན་པོ་ཆེ་སྣེའུ་ཟུར་པའི་ཞལ་ནས།
ང་འཆི་ན། ང་འཆི་ན་སྙམ་དུ་བསམས་པས་མི་ཡོང་བས།
བླ་མའི་མན་ངག་ལ་བསྟེན་ནས་བགྲང་བ་དང་གཞལ་བའི་རྣམ་པས་སྒོམ་པ་ཡིན་གསུངས།
ཁོང་གི་གསུང་འདི་ཀུན་གཞན་ལ་མེད་པའི་ཆོས་སྐད་བླ་མ་མཁས་གྲུབ་དམ་པས་ཟིན་པའི་ཞད་ཅིག་རང་གདའ།
འདི་འདྲ་གོ་བའི་མི་རང་སྲིད་མཐའ་ཙམ་དུ་གདའ།
ཡང་སྣེའུ་ཟུར་པའི་ཞལ་ནས།
ད་ལྟ་ཚིག་ཙམ་གྱི་སྒོ་ནས་མོས་པ་བྱས་པས།
སྐྱེ་བ་ཕྱི་མ་ལ་མི་རྟག་པ་མངོན་སུམ་དུ་མཐོང་བ་འདྲ་བ་ཡོང༌།
ཨ་ཏི་ཤའི་ཆོས་འདི་ལྟ་བུ་སྔར་ཡང་མ་བྱུང༌།
ད་ཡང་ཡོང་སྟེ་མི་ཡོང་གསུངས།
༈
ཅུ་བདུན་པ་ཉམས་ལེན་རྒྱུད་མི་ཆད་པར་བྱ་བ།
༈
ཅུ་བདུན་པ་ཉམས་ལེན་རྒྱུད་མི་ཆད་པར་བྱ་བ་ནི།
རིན་པོ་ཆེ་ཤྭ་ར་པའི་ཞལ་ནས།
ངན་སོང་གསུམ་གྱི་ཉེས་དམིགས་ཀུན་མང་དུ་བསམས་ཀྱང་རྟག་ཏུ་མ་བསམ་ན་འོད་ལོང་ཐོས་པས་བསྐུལ་བ་བཞིན་དུ་འཇུག་པ་ཡིན།
།ལས་དང་པོ་པ་ལ་དང་པོ་ཡིད་ཆེས་པ་ཡོད་ཀྱང་བག་ཙམ་ཡེངས་པས་ལྷོད་ལྷོད་འཆའ་བ་ཡིན།
བནྡེ་གཞོན་པ་ཀུན་གཉེར་ལོ་རེ་བ་བཙན་ཆོས་དང་གཉེན་པོ་དུང་ཕྱིས་པ་བཞིན་འགྲོ་གསུངས།
རིན་པོ་ཆེ་པོ་ཏོ་བའི་གསུང་ལས།
དེ་བས་ན་དལ་འབྱོར་རྙེད་དཀའ་སོགས་ཀྱི།
ཚིག་འདིའི་ཡན་ལག་རེ་རེའང༌།
སྣ་ཚོགས་ཚུལ་གྱིས་ནན་ཏན་དུ་སེམས།
ལན་གཅིག་ལན་གཉིས་སོགས་ཀྱིས་མ་ཡིན།
དོན་འདི་རང་ལ་མ་སྐྱེས་བར་དུ་བསམས་ན།
ཆོས་གཞན་ཀུན་ཀྱང་གདོད་འོང༌།
དེ་ཡང་གྲོགས་དང་བཤེས་གཉེན་གནས་གསུམ།
མཐུན་པའི་རྐྱེན་དང་ལྡན་པས་བསམས་ན།
ཡིན་གྱི་གཞན་དུ་ན་ནི་མ་ཡིན།
གསུངས།
རྗེ་རིན་པོ་ཆེའི་ཞལ་ནས།
མཛེ་ཅན་རྐང་པ་དང་ལག་པ་ཆད་པ་ལ།
སྨན་ཐུན་རེ་རེ་གཉིས་གཉིས་བསྟེན་པས་ཅིར་ཡང་མི་འགྱུར་བ་ལྟར།
འོ་སྐོལ་ཐོག་མ་མེད་པ་ནས་ཉོན་མོངས་པའི་ནད་གཞི་ཚ་བ་ཅན་གྱིས་ཐེབས་པ་ལས་གདམས་ངག་གི་དོན་ལན་རེ་རེ་གཉིས་གཉིས་ཙམ་གྱིས་ཉམས་སུ་བླངས་པས་མི་ཆོག་པས།
ལམ་གྱི་ཆ་ཐམས་ཅད་རྫོགས་པར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ཅིང་ཆུ་བོའི་རྒྱུན་བཞིན་དུ་འབད་འཚལ་ཏེ།
བཤགས་བསྟོད་ལས།
དེར་ཡང་རྒྱུན་དུ་སེམས་ནི་རྨོངས་པ་ལ།
།
ཡུན་རིང་དུས་སུ་ནད་གཞི་བསྟེན་བྱེད་ཅིང༌།
།
མཛེ་ཅན་རྐང་པ་ལག་པ་ཆད་པ་ལ།
།
ཐང་འགའ་སྨན་བསྟེན་པ་ཡིས་ཅི་བགྱིར་མཆི།
ཞེས་དང༌།
ཡང་ཙནྡ་གོ་མཱིས།
སེམས་ཀྱི་ཤིང་ནི་ཐོག་མ་མེད་དུས་ཅན།
།
ཉོན་མོངས་ཁ་མའི་ཁུ་བས་བརླན་དགོས་པ།
།
རོ་ཞིམ་དངོས་པོར་བགྱི་བར་མི་ནུས་ལྟར།
།
ཡོན་ཏན་ཆུ་ཡི་ཐིགས་པས་ཅི་རུ་འགྱུར།
ཞེས་པ་ལྟར་འདི་རྣམས་དུས་རྒྱུན་པའི་ཉམས་ལེན་དུ་བྱས་ན་བློ་གོམས་པའི་རྗེས་སུ་བྱེད་པས།
དང་པོ་བློ་སྦྱོང་བ་དཀའ་སེབ་ཡང༌།
ཕྱིས་དེ་ལ་ངང་གིས་འཇུག་པ་ཞིག་འོང་གསུངས།
ད་ལྟ་ཅི་རིགས་མི་རྟག་པ་སོགས་སྒོམ་དུ་བཅུག་ན།
ན་ནིང་མ་བསྒོམ་པར་ཡང་ང་འཆི་སྙམ་པ་སྐྱོ་དུང་དུང་ཡོང་གིན་ཡོད་པ་ཡིན་ཏེ།
ད་ནི་ཅི་བསྒོམས་ཀྱང་ཤེས་པ་ཐོམ་ཡུར་སོང་ནས་མི་ཡོང་བར་སྣང་ཟེར་ནས་བཤོལ་བཏོང་སྟེ།
བླ་མ་དམ་པ་རྣམས་གསུང་ལྟར་སྒོམ་མ་ཐག་ནས་སྐྱོ་དུང་དུང་རྒྱུད་མ་ཆད་པར་ཡོང༌།
དེ་ཡོང་ན།
སྟོང་ཉིད་ལ་སོགས་པའང་སྒོམ་མ་ཐག་ནས་སྐྱེ་བས་ལམ་ཐམས་ཅད་ཞག་ཁ་ཡར་ལ་རྫོགས་ཡོང་སྟེ།
རྒྱལ་བ་ཡང་དགོན་པའི་ཞལ་ནས།
བློ་ངན་གོམས་ཀྱི་བག་ཆགས་ཤོག་དྲིལ་འདྲ།
།
ཉམས་གསར་བུ་སྐྱེས་ཀྱང་རྐྱེན་གྱིས་འཇིག
།
དུས་ཡུན་ཐུང་གིས་འཁྲུལ་པ་མི་ཆོད་ཀྱི།
།
སྒོམ་ཡུན་དུ་སྲིངས་ཤིག་སྒོམ་ཆེན་ཀུན།
གསུངས།
ཡང༌།
ཡང་དགོན་པའི་ཞལ་ནས།
བླ་མ་ཞང་གིས་དེ་མ་ཐག་ཏུ་དྲོད་རྟགས་འདོད།
བཤོལ་ལ་ཁད་ཀྱི་སྔ་ལྟས་ཡིན།
སྙུགས་སྲིངས་དགོས་ན་ཅི་ཚུག་མཆི།
བྱ་བ་དང༌། སྙུགས་སྲིངས་འདོད་ཆགས་མ་ཉེ་མཛོད།
།ལ་འུར་ཕྱེ་གཏོར་མ་འགམ་མཛོད།
གསུངས་པ་འདི་གནད་ཆེ།
འདི་ང་ལ་ནན་སྟར་བྱུང་བ་ཞིག་བྱུང༌།
ཚེ་ཐོག་མ་མེད་པ་ནས་གོམ་གོམ་པ་ཞིག་སྤང༌།
མ་གོམས་པ་ཞིག་སྐྱེད་དགོས་པ་ཡིན་པས་སྒོམ་ཡུན་སྲིང་དགོས་གསུངས།
༈
བཅོ་བརྒྱད་པ་ཉམས་ལེན་རྒྱུད་ལ་སྐྱེ་བའི་
རྒྱུ་ཚོགས་བསྟེན་པ།
༈
བཅོ་བརྒྱད་པ་ཉམས་ལེན་རྒྱུད་ལ་སྐྱེ་བའི་རྒྱུ་ཚོགས་བསྟེན་པ་ནི།
དགེ་བའི་བཤེས་གཉེན་པ་རྣམས་ཀྱི་ཞལ་ནས།
དེ་ལྟར་བསྒོམ་པ་ན་མི་རྟག་པ་ལ་མཚོན་ན་ཡང་དེ་ལ་བློ་འགྲོ་ཚད་ཀྱིས་སེམས།
བློ་མི་འགྲོན་དཀོན་མཆོག་ལ་མཆོད་པ་ཅི་འབྱོར་བ་བཤམས་ལ་ཡན་ལག་བདུན་པ་བྱ།
ཡང་སེམས། ཡང་མ་བྱུང་ན།
བཙན་ཕུར་མི་བྱ་བར།
ལས་འབྲས་སོགས་སེམས།
དེ་མ་འདོན་ན་སྡིག་པ་སྦྱོང༌།
དེ་མ་བྱུང་ན་ཡང༌།
གང་འདོད་པ་དང་ཡོང་བ་ཞིག་སེམས་པ་ལ་སོགས་པ་གང་ཡོང་ནས་བྱེད།
ཡོང་བ་འདུག་ནས་གཞན་རྣམས་བཞག་ནས།
དེ་ཉིད་ལ་ཆིག་སྒྲིལ་བྱེད་དེ།
མི་རྟག་པ་ལྟ་བུ་ལ་བློ་སྦྱོང་ན།
བླ་མ་དང་གྲོགས་པོ་མི་རྟག་པ་ལ་ཐུགས་དམ་མཛད་པ་ཞིག་བསྟེན།
ཆོས་ལྟ་རྟོག་བྱེད་པ་ཡང་མི་རྟག་པའི་སྐོར་ན་ཡང་འདུག་པ་རྣམས་བལྟ།
ཚོགས་བསོག་སྒྲིབ་སྦྱོང་ཐམས་ཅད་ཀྱང་མི་རྟག་པའི་བློ་སྐྱེ་བའི་ཆེད་དུ་བྱེད།
རྗེ་རིན་པོ་ཆེའི་ཞལ་ནས།
ཐོག་མར་ཞིང་གི་མཐུ་ལ་བསྟེན་ནས་ནི།
།
ནང་གི་བསམ་པའི་སྟོབས་ནི་སྐྱེ་འགྱུར་བས།
།
དགེ་བའི་བཤེས་དང་དཀོན་མཆོག་མཆོད་པའི་ལས།
།
རྒྱུན་མི་འཆད་པའི་སྦྱོར་བ་བསྟེན་འཚལ་ལོ།
།
ཞེས་པ་ལྟར།
ལྷ་དང་བླ་མ་དང་ཆོས་སྐྱོང་རྣམས་ལ་མཆོད་པ་དང་གཏོར་མ་ཕུལ་ནས་དེ་སྐྱེ་བར་གསོལ་བ་འདེབས།
དེ་རྣམས་སྒོམ་པའི་ཕན་ཡོན་དང༌།
མ་བསྒོམས་པའི་ཉེས་དམིགས་རྣམས་ལེགས་པར་བསམ་གྱིན་དུས་རྟག་ཏུ་འདི་ལ་བློ་སྦྱོང་བའི་འདུན་པ་དྲག་པ་བྱ།
ཐུན་གྱི་དངོས་གཞིར་མ་ཟད་ཐུན་མཚམས་ཐམས་ཅད་དུ་ཡང་ནམ་འཆི་ཆ་མེད་པ་དང༌།
ཅིས་ཀྱང་དགོས་པ་མེད་པའི་དོན་རྩ་གཉིས་པོ་དེ་ལ་དྲན་ཤེས་ཡང་ཡང་བསྟེན།
དེའི་ཚིག་གང་རྣོ་རྣོ་གསལ་བ་རྣམས་བཏོན་གྱིན་དྲན་པ་གསོ།
།དེ་ཁམ་གཏོགས་པ་འཇིག་རྟེན་གྱི་བྱ་བ་ལྟ་ཅི་སྨོས།
ཆོས་ཕྱོགས་ཀྱི་བྱ་བ་གཞན་རྣམས་ཀྱང་ཅི་ཉུང་དུ་བྱ།
བགེགས་དང་བར་ཆད་མི་འདོད་པ་གང་བྱུང་ཡང་རང་གང་སྒོམ་པ་དེ་ཉིད་ཀྱིས་ཅི་སེལ་བྱ།
ལར་ནས་འགལ་རྐྱེན་དུ་གང་འགྲོ་བ་རྣམས་སྤངས།
མཐུན་རྐྱེན་མེད་ཐབས་མེད་པ་རྣམས་ཚོགས་པར་བྱས་ནས།
ད་ནི་དེ་ཉིད་མིན་པ་བྱ་རྒྱུ་མེད་སྙམ་པ་ཞིག་བྱ།
གཞན་ཡང་ཆོས་འདི་སྒོམ་དུ་འཇུག
།དེའི་བསྔགས་པ་བརྗོད།
དེའི་མཐུན་རྐྱེན་སྦྱོར་བ་སོགས་ཅི་འགྲུབ་བྱེད།
ཆོས་འདི་རྣམས་ཚང་ན་ནི་ཚེ་འདིར་ངེས་པར་སྐྱེ།
གལ་ཏེ་མ་སྐྱེས་ནའང་ཚེ་ཕྱི་མ་ལ་ཚེགས་མེད་པར་སྐྱེ་བ་ཞིག་འོང་གསུངས།
སྔོན་གྱི་དུས་མི་ཞིག་གིས་བུད་མེད་ཀྱི་རོ་ལྟོ་བྲལ་བ་ཞིག་མཐོང་ནས་དེ་ཅི་འདྲ་བར་བུད་མེད་ཐམས་ཅད་དེ་འདྲ་ལ་རང་གི་ལུས་ཀྱང་དེ་འདྲའོ།
།སྙམ་ཡང་ཡང་ཡིད་ལ་བྱས་པས།
དེ་ཤི་ནས་རྒྱ་གར་དུ་རྣམ་ཐོས་སྲས་ཀྱི་དཔལ་ལ་འགྲན་དུ་རུང་བའི་གཙོ་བོ་ཆེན་པོ་ཞིག་གི་སྲས་སུ་སྐྱེས།
།རིགས་ཀྱི་བུ་གྲགས་པ་ཞེས་པར་གྱུར་ཏེ་ཆེར་ལོན་པ་ན་བཙུན་མོའི་འཁོར་གྱིས་བསྐོར་ཏེ་འདོད་པའི་ཡོན་ཏན་ཐམས་ཅད་དང་ལྡན་པར་རྩེ་ཞིང་གཉིད་ལོག་པ་ན།
བུད་མེད་གཉིད་ལོག་པ་རྣམས་མཐོང་བ་ན།
དུར་ཁྲོད་ཤེད་ན་འདུག་པ་སྙམ་དུ་མི་གཙང་བ་དང་སྐྱུག་བྲོ་བ་དང༌།
ཡིད་འབྱུང་བ་དང༌།
འཇིགས་པའི་འདུ་ཤེས་སྐྱེས་ཏེ་དེ་ཉིད་དུ་ལངས་ནས་ནམ་ལ་བྲོས་ཕྱིན་པས་བཅོམ་ལྡན་འདས་དང་མཇལ།
ཆོས་ཉན་པས་བདེན་པ་མཐོང་དགྲ་བཅོམ་པ་ཆེན་པོ་གྲགས་པ་བྱ་བ་བྱུང༌།
བཅོམ་ལྡན་འདས་ཀྱིས་དང་པོར་འཇིག་རྟེན་དུ་ཆོས་གསུངས་དུས་ལྔ་སྡེ་དང་གྲགས་པ་ལ་སོགས་པའི་ཉེ་བའི་ལྔ་སྡེ་བྱུང་བྱ་བའི་གྲགས་པ་དེ་འདི་ཡིན།
དགྲ་བཅོམ་པ་ཐོབ་སྐད་དེ་དང་འདྲ་བར་ད་ལྟ་མི་རྟག་པའི་བློ་ནན་གྱིས་སྦྱངས་ན་ཡོན་ཏན་གཞན་གང་ཡང་མ་སྐྱེས་ཀྱང་ད་གཟོད་གང་དུ་སྐྱེས་པ་དེར།
མི་རྟག་པ་དྲན་ནས་ཅི་ལའང་མི་ཆགས་པར་ཆོས་མིན་པའི་དགོས་པ་མེད་པས་སངས་རྒྱས་ཀྱི་སར་ཐོག་པ་མེད་པར་འགྲོ་བ་ཞིག་འོང་བས་མི་རྟག་པ་སྒོམ་པ་ལ་འབད་འཚལ་ལོ།
༈
བཅུ་དགུ་པ་ལམ་གོང་མ་ལ་སློབ་ཅིང༌།
རང་གི་བླ་མའི་མན་ངག་ལ་ཡིད་ཆེས་བྱ་བ།
༈
བཅུ་དགུ་པ་ལམ་གོང་མ་ལ་སློབ་ཅིང༌།
རང་གི་བླ་མའི་མན་ངག་ལ་ཡིད་ཆེས་བྱ་བ་ནི།
དེའི་སྟེང་དུ་གཞན་བསྣན་གྱིན་སྒོམ་པ་བྱུང་ན་ནི་དེ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་སྟེ།
༈
ལྡི་རི་དྲག་པོ་བྱ་བ་སྤུན་གཉིས་ཀྱིས་དགེ་བཤེས་སྟོན་པ་ལ་གྲུབ་མཐའ་ཉན་འོང་པས།
སྟོན་པ་རིན་པོ་ཆེའི་ཞལ་ནས།
རྒྱ་གར་ན་ནང་བ་སངས་རྒྱས་པའི་འཇུག་པ་གཅིག་བྱ་བ་དང༌།
ཕྱི་རོལ་པའི་འཇུག་པ་རྣམས་པ་བདུན་བྱ་བ་ཡོད་ཟེར།
རང་ཅག་བླ་མའི་མན་ངག་བསྒོམ།
མན་ངག་གང་ཡིན་ན།
འཆི་བ་དང་ལས་འབྲས་མང་དུ་བསྒོམས་ནས་ཚུལ་ཁྲིམས་དག་པར་བྱ།
བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བརྟན་པར་བསྒོམས་ནས་དེས་འཕངས་པའི་སྒོ་དུ་མ་ནས་ཚོགས་གསོག་སྒྲིབ་པ་སྦྱོང་བ་མན་ངག་ཡིན་གསུངས།
ཡང་སྟོན་པ་འོད་ཟེར་རྒྱ་མཚོ་ཞིག་གིས་ཞེས་ཞུས་པ་ལ་ཡང་དེ་སྐད་གསུངས།
ཁམས་པ་དཔལ་འབར་གྱིས་འགྲོ་ཆོས་ཞུས་པས་ཀྱང༌།
སྟོན་པ་རིན་པོ་ཆེའི་ཞལ་ནས།
འགྲོ་འཆག་ཉལ་འདུག་ཐམས་ཅད་ཏིང་ངེ་འཛིན་དུ་འགྲོ་བ་ཞིག་ཡོད་དེ།
དེ་གཞོན་དུས་ལུས་སེམས་ལ་སྦྱངས་པ་བྱས་པ་ཞིག་ལ་ཡོང་བ་ཡིན།
རང་ཅག་བླ་མའི་མན་ངག་སྒོམ།
མན་ངག་གང་ཡིན་ན་འཆི་བ་དང་ལས་འབྲས་མང་དུ་བསྒོམས་ནས་ཚུལ་ཁྲིམས་དག་པར་བྱ།
བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བརྟན་པར་བསྒོམ།
དེས་འཕངས་པའི་ཚོགས་སྣ་ཚོགས་ནས་བསོག
།སྡིག་སྣ་ཚོགས་ནས་སྦྱོང་བ་དེ་མན་ངག་ཡིན་གསུངས།
པུ་ཏོ་བའི་གསུང་ལས།
སྟོན་པའི་ཡོན་ཏན་ཇི་བཞིན་བསམས་པས།
སྐྱབས་སུ་བཏང་སྟེ་སངས་རྒྱས་པར་གཞུག
།དེ་ནས་དལ་འབྱོར་རྙེད་དཀས་སྣ་དྲངས།
།འཆི་བ་རྗེས་སུ་དྲན་པ་ལ་སྦྱར།
།དེ་ནས་རྟག་ཏུ་བདེན་བཞི་བསལ་བས།
།འཁོར་བ་མཐའ་དག་ཉེས་པ་ཤེས་བྱ།
།བདག་ཅི་འདྲ་བར་དེ་འདྲར་ཤེས་པས།
།ཀུན་ལ་བྱམས་དང་སྙིང་རྗེས་འཇུག་བྱ།
།དེས་བསྐྱེད་བྱང་ཆུབ་སེམས་དང་ལྡན་ནོ།
།ཆོས་རྣམས་ཐམས་ཅད་དེ་ལ་ཀུན་གནས།
།ཁ་ཆེམས་རླུང་ལ་བསྐུར་ན་དེ་ཡིན།
གསུངས།
འགྲོ་མགོན་གྱི་ཞལ་ནས།
འོ་ཅག་རབ་ཏུ་བྱུང་བ་རྣམས།
།ཉམས་སུ་བླང་བྱ་དཀར་པོའི་ཆོས།
།སྡེ་སྣོད་གསུམ་དང་རྒྱུད་སྡེ་ནས།
།འདི་ལས་མེད་དོ་སྐྱེས་བུ་ཀུན།
།མི་རྟག་པ་ནས་གནས་ལུགས་བར།
།ལམ་རིམ་འདི་ལ་བློ་སྣ་སྦྱང༌།
གསུངས།
རིན་པོ་ཆེ་སྣེའུ་ཟུར་པའི་ཞལ་ནས།
རོང་དུ་སྔགས་པ་ཚན་གཅིག་ཆང་ཕུད་གཏོར་བ་ལ་ཁྲེལ་བས།
སྔགས་པ་ལྷ་མེ་འབར་བྱ་བས་ཆང་ཕུད་གཏོར་ནས།
།དཀོན་མཆོག་གསུམ་པོ་བཞེས།
ཆོས་སྐྱོང་སྲུང་མ་བཞེས།
དུས་གསུམ་ཕ་མ་བཞེས།
འགྲོ་དྲུག་སེམས་ཅན་བཞེས།
རང་ལུས་རྒྱུ་ཅང་གདའི་ཟེར།
དེ་བཞིན་དུ་དཔལ་ལྡན་ཨ་ཏི་ཤའི་བྱང་ཆུབ་ལམ་གྱི་རིམ་པ་འདི་ལ་རྒྱུད་སྡེ་བཞི་དང་སྡེ་སྣོད་གསུམ་གྱི་དོན་གང་ཡང་མ་འདུས་པ་མེད།
དེ་ལྟར་ན་ཇོ་བོའི་སྨན་འདི་སྦྱར་ལེགས་པ་ལགས་པས།
འདི་ལ་བག་རེ་གསོལ་བར་ཞུ།
གསོལ་གྱི་རྟིང་ལ་མི་སྐྱུག་པར་ཞུ།
སྐྱུག་སྐྱུག་འདྲ་ན་མཆིལ་མ་དང་ཕུ་ཡིས་གདབ།
རྡོ་གྲང་རླན་སྐྲ་ཐེན་པ་ཚུན་ཆོད་བྱེད་པར་ཞུ།
དེ་ནས་ད་ལྟ་ཁ་ན་མི་གསོལ་ན་ཡང༌།
ཕྱིས་གསོལ་བའི་ཆེད་དུ་ཨ་འཕྲག་གཡོན་ཁོ་ནར་གཞུག་པར་ཞུ།
བྲུལ་དོགས་ན་ཕུགས་སུ་ཡང་འཕུལ་བར་ཞུ།
གསུངས།
ཤྭ་བོ་བའི་ཞལ་ནས།
སྐྱེས་བུ་རབ་འབྲིང་གསུམ་ལ་བློ་སྦྱོང་བ་འདི་སྡོམ་པ་འབོགས་བདོ་བ་ཡང་ཡིན།
སློབ་གཉེར་བྱེད་བདོ་བ་ཡང་ཡིན།
འདིར་བློ་འབྱོངས་ན།
ནོར་འཚོལ་བའི་བློ་མི་སྐྱེ་བས་མི་ཐམས་ཅད་དང་ཡོད་པས་ཚོགས་གསོག་བྱེད་བདོ་བ་ཡང་ཡིན།
འཐུན་འཇུག་བྱེད་བདོ་བ་ཡང་ཡིན།
གསུངས།
རྗེ་རིན་པོ་ཆེའི་ཞལ་ནས།
དལ་འབྱོར་དོན་ཆེ་ཤིན་ཏུ་རྙེད་དཀའ་དང༌།
།
དེ་ཡང་ཆུ་བུར་བཞིན་དུ་མྱུར་འཇིག་ཅིང༌།
།
དེ་ནས་གང་ཡང་རྗེས་སུ་མི་འབྲང་ལ།
།
དཀར་ནག་ལས་འབྲས་ཕྲའུའང་མི་བསླུ་བའི།
།
རྟེན་ཅིང་འབྲེལ་འབྱུང་ཆོས་འདི་རིང་དུ་སོམས།
།
དེ་ལྟར་དལ་འབྱོར་དོན་ཆེ་རྙེད་དཀའ་གཉིས་མི་རྟག་པ་ལས་འབྲས་ཏེ།
ཆོས་བཞིའི་རྩ་བ་བརྟན་གྱུར་ན།
།དགེ་ཆོས་ལྷག་མ་བདེ་བླག་ཉིད་དུ་སྐྱེ།
ཞེས་དང༌། དེ་ཡིས་ཕན་བདེའི་རྩ་བ་མ་བཟུང་པའི།
།མཁས་པར་རློམས་དང་བསམ་གཏན་བླ་མ་སེམས་པ་ཅན།
གསེར་གླིང་ཕྱིན་པའི་ཚོང་པ་སྟོང་ལོག་འདྲ།
ཞེས་དང༌། འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན།
སྙན་པའི་བ་དན་འགྲོ་ན་ལྷང་ངེ་བ།
།ཀླུ་སྒྲུབ་ཐོགས་མེད་གཉིས་ལས་རིམ་བཞིན་དུ།
ལེགས་བརྒྱུད་བྱང་ཆུབ་ལམ་གྱི་རིམ་པ་ནི།
།སྐྱེ་དགུའི་འདོད་དོན་མ་ལུས་སྐོང་བས་ན།
།གདམས་པ་རིན་ཆེན་དབང་གི་རྒྱལ་པོ་སྟེ།
།གཞུང་བཟང་སྟོང་གི་ཆུ་བོ་འདུ་བའི་ཕྱིར།
།དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོའང་ཡིན།
།བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང༌།
།གསུང་རབས་མ་ལུས་གདམས་པར་འཆར་བ་དང༌།
།རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང༌།
།ཉེས་སྐྱོན་ཆེན་པོའི་གཡང་ས་ལས་ཀྱང་བསྲུངས།
དེ་ཕྱིར་རྒྱ་བོད་མཁས་པའི་སྐྱེ་བོ་ནི།
།སྐལ་ལྡན་དུ་མས་བསྟེན་པའི་གདམས་པ་མཆོག
།སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡིས།
།ཡིད་རབ་མི་འཕྲོག་དཔྱོད་ལྡན་སུ་ཞིག་ཡོད།
།གསུང་རབ་ཀུན་གྱི་སྙིང་པོ་བསྡུ་བསྡུ་བ།
།ཚུལ་འདི་ཐུན་རེ་སྟོན་དང་ཉན་པས་ཀྱང༌།
།དམ་ཆོས་འཆད་དང་ཐོས་པའི་ཕན་ཡོན་ཚོགས།
།རླབས་ཆེན་སྡུད་པར་ངེས་པས་དེ་དོན་བསམ།
ཞེས་དང༌།
དེ་ལྟར་རྩ་བ་བརྟན་ལ་གཙོར་འབད་ནས།
།
རྒྱལ་བས་དམ་ཆོས་གསུངས་པ་ཐམས་ཅད་ལས།
།
ཁ་ཅིག་ད་ལྟ་ལག་ཏུ་བླངས་པ་དང༌།
།
གཞན་དག་སྨོན་ལམ་ཡུལ་དུ་བྱས་གྱུར་ཏེ།
།
གཅིག་ཀྱང་མི་སྤོང་ཀུན་ཀྱང་སངས་རྒྱས་ཐབས།
།
དེ་ལྟར་རྒྱལ་བའི་བསྟན་པ་ཡོངས་རྫོགས་པ།
།
ལམ་དུ་བསྲེལ་བ་ཤེས་ན་མཁས་པའི་ཕུལ།
ཞེས་གསུངས།
དེ་ལྟར་ན་སྙིང་ནས་ཆོས་དོན་དུ་གཉེར་བ་ཡོད་ན།
དང་པོར་ཚེ་འདིའི་བྱ་བ་དཀར་ནག་ཁྲ་གསུམ་འདིས་བློས་གཏོང་བ་རང་གལ་ཆེ།
དེ་ཡང་མི་ཐབས་སྡུག་ཤོས་རང་ཡིན་ནམ་གཏོགས་བྱ་བ་ནག་པོ་སྲོག་གཅོད་པ་དང་རྐུ་བ་ལ་སོགས་པ་རྣམས་བྱ་བ་མ་རིགས་པ་ཡིན་པ་གོ་ཡང་སླ།
སྤང་ཐུབ་པ་ཡང་རེ་མང་ཡོང་བར་སྣང་སྟེ།
བྱ་བ་དཀར་པོའམ་ཁྲོ་བོའི་རིགས་དབང་བསྐུར་ཆོས་བཤད་ལྷ་བཞེངས་དང་སྦྱིན་གཏོང༌།
གྲོང་ཆོག་དང་སཱཙྪ།
བསྲུང་བ་འབྲི་བའམ་འདྲེ་འདུལ་སྔགས་འདེབས་སམ།
ཉན་ཀློག་ལ་སོགས་པ་ཚེ་འདིའི་ཞེན་པ་རེ་མ་སྤངས་པའི་ཙབ་ཙུབ་འདི་རྣམས་སྤོང་ནུས་པ་རང་ཉུང་བར་སྣང༌།
སེམས་ཚེ་འདིའི་ཞེན་པ་དང་མ་བྲལ་བའི་བྱ་བ་ཅི་ལེགས་ཀྱང་དགོས་པ་རང་མེད་མི་གསུང་ངམ།
ལར་ན་དགེ་མི་དགེ་ཐམས་ཅད་སེམས་ཀྱི་བྱེད་ལས་ཡིན་པས་སེམས་འདི་ལྷ་འདྲེ་མི་གསུམ་གྱིས་ཞེ་མ་ཁྲེལ་བ་ཞིག་དགོས་པ་ལགས་མོད།
ཡེ་ཤེས་གྲུབ་པ་
༼རྒྱལ་པོ་ཨིན་དྲ་བོ་དྷིས་མཛད་དོ།
།༽ ལས་ཀྱང༌།
ལས་གང་བྱ་བ་ཅི་ཡང་རུང༌།
།
ལུས་དང་ངག་དང་ཡིད་ཀྱིས་བྱེད།
།
བཞི་པ་གཞན་ན་ཡོད་ཡིན་པས།
།
དེ་རྣམས་འདི་ལྟར་དཔྱད་པར་བྱ།
།
སེམས་མེད་པར་ནི་ལུས་ངག་གིས།
།
ཅི་ཡང་བྱེད་པར་ནུས་མ་ཡིན།
།
དེ་མེད་པར་ནི་ཚིག་གིས་ཀྱང༌།
།
ནམ་ཡང་ནུས་འགྱུར་མ་ཡིན་ནོ།
།
དེ་བས་ལུས་ངག་ལས་རྣམས་ནི།
།
ཡིད་ཉིད་ལས་ནི་འགྱུར་བ་ཡིན།
།
འགྲོ་བ་ཐམས་ཅད་སེམས་ཀྱིས་ནི།
།
དགེ་དང་མི་དགེ་གང་བྱེད་པ།
།
ཕན་དོན་འགྱུར་བའི་ལས་རྣམས་ནི།
།
ཐམས་ཅད་ལེགས་པར་དཔྱད་པར་འགྱུར།
།
ལོགས་པས་བསོད་ནམས་མ་ཡིན་ཞེས།
།
རྒྱལ་བའི་མཆོག་རྣམས་རབ་ཏུ་གསུངས།
།
དེས་ན་དགེ་དང་མི་དགེ་ཀུན།
།
སེམས་ཉིད་ཀྱིས་ནི་བྱེད་པ་དང༌།
།
སེམས་ཉིད་ཀྱི་ནི་འཇིག་འགྱུར་ཞེས།
།
འགྲོ་བའི་བླ་མས་གསུངས་པ་ཡིན།
ཅེས་གསུངས།
འོད་སྲུང་གི་ལེའུར་ཡང༌།
དཔེར་ན་མི་ཞིག་རྒྱ་མཚོའི་ཆུས་ཁྱེར་ལ།
།
དེ་ནི་སྐོམ་པས་འཆི་བའི་དུས་བྱེད་འགྱུར།
།
དེ་བཞིན་ཆོས་མང་སྲེད་པས་བག་མེད་པ།
།
ཆོས་ཀྱི་རྒྱ་མཚོར་གནས་ཀྱང་ངན་འགྲོར་འགྲོ།
།
དཔེར་ན་སྨན་པས་སྨན་སྒྲོར་བཅུག་པའི་སྨན།
།
འཇིག་རྟེན་ཀུན་ཏུ་ཡོངས་སུ་རྒྱུ་བྱེད་ཀྱང༌།
།
ནད་ཀྱིས་བཏབ་པ་ཟློག་པར་མི་ནུས་ན།
།
དེ་ཡི་སྨན་དེ་དོན་མེད་འགྱུར་བ་ཡིན།
།
དེ་བཞིན་དགེ་སློང་ཚུལ་ཁྲིམས་ཡོན་ཏན་ལྡན།
།
ཐོས་དང་ལྡན་ཡང་ཚུལ་བཞིན་མ་ཡིན་པའི།
།
ཉོན་མོངས་འབྱུང་བའི་ནད་ནི་མི་སེལ་ན།
།
དེ་ཡིས་ཐོས་ལ་བརྩོན་པ་དོན་མེད་ཡིན།
།གསུངས།
མདོ་འདི་ཀུན་ལ་བསམ་བློ་རེ་ཐོང་དང་ཇི་སྐད་གསུངས།
།མི་ཚེ་ཧྲིལ་གྱིས་ཆོས་ཀྱི་ལག་ལེན་བྱས།
མི་རྣམས་སྙམ་པ་ཆོས་པ་ཞིག་ཡིན་ནོ་སྙམ།
ཁོང་རང་སྙམ་པའང་ཆོས་པ་ཞིག་ཡིན་ནོ་སྙམ།
ཆོས་ཀྱི་རྒྱ་མཚོར་གནས་ནས་སྐོམ་དྲིར་ཤི་ནས་ངན་འགྲོར་འགྲོ་དགོས་པ་ཡང་གསུངས་པ་དེ་སུ་ལ་གསུང་པ་ཡིན་པར་འདུག
།
ཚེ་འདིའི་སྡུག་བསྔལ་རེ་མ་ཐག
།བདེ་བ་རེ་མ་སྤོངས། བདེ་བདེ་མོ།
།སྐྱིད་སྐྱིད་མོ།
།སྙན་སྙན་མོ་རེ་སྒྲུབ་སྒྲུབ་ནས།
དབང་བསྐུར་ཆོས་བཤད་ནས་ཉིན་ཀློག་འདོན་པ་ཡན་ཆད་བྱས་ཀྱང་ཐམས་ཅད་ཚེ་འདིའི་སོ་ནམ་དུ་སོང་བས་ལེན་པ་ལགས་མོད།
འཁོར་བ་འདིར་སྡུག་བསྔལ་མྱོང་ཚད་འདི་འཇིག་རྟེན་ཆོས་བརྒྱད་འདིས་ལན་འཇུག་པ་ལ།
ད་དུང་ཡང་བྱ་བ་དཀར་ནག་ཁྲ་གསུམ་གྱི་འཇིག་རྟེན་ཆོས་བརྒྱད་ཇེ་རྒྱས་དང་ཇེ་ཆེར་གཏོང་བ་འདི་བྱས་པ་ཐམས་ཅད་དོན་མེད་ཡིན།
།ནད་ལ་མི་ཕན་པའི་སྨན་རྐྱལ་ཁུར་གྱིན་རྒྱུག་པ་དང་འདྲ་གསུང་བར་གདའ་བ།
།
དེས་ན་ཚེ་འདིའི་བདེ་སྐྱིད་ཐམས་ཅད་ལ་བསམ་བློ་ཡེ་མི་གཏོང་བར་བློས་ལིངས་ཀྱིས་གཏོང་དགོས་པའི་རྒྱུ་མཚན་ད་མི་གོ་བར་འདུག་གམ།
འོ་ན་འཇིག་རྟེན་ཆོས་བརྒྱད་དམ།
ཉོན་མོངས་ཀྱིས་ཀུན་ནས་སློང་ཚད་ངན་སོང་གི་རྒྱུ་སྡིག་པར་འགྲོ་བ་ཡིན་ནམ་སྙམ་ན།
སྤྱིར་འཇིག་རྟེན་ཆོས་བརྒྱད་ཀྱིས་ཀུན་ནས་སློང་ནས་བྱས་པའི་བྱ་བ་དཀར་ནག་ཁྲ་གསུམ་ཐམས་ཅད་ཕྱིས་ངེས་འབྱུང་ཁྱད་པར་ཅན་གྱིས་ཟིན་ན་མ་གཏོགས་འཁོར་བའི་སྡུག་བསྔལ་མྱོང་བའི་རྒྱུ་ཁོ་ན་ཡིན་པས་ཉོན་མོངས་པས་ཀུན་ནས་སློང་པའི་ཆོས་བྱས་པ་ཐམས་ཅད་དོན་མེད་ཡིན་གསུང་པ་དེ་ཡིན།
ངན་སོང་གི་རྒྱུའམ་སྡིག་པ་ཡིན་མིན་ནི་གཉིས་སུ་འོང་སྟེ།
སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ཆུང་ངུའི་དགེ་བ་བསགས་པ་ཐམས་ཅད་འཁོར་བའི་བདེ་བ་ཁོ་ན་ཐོབ་འདོད་ཀྱིས་བྱས་པ་ཡིན་པས།
འཇིག་རྟེན་ཆོས་བརྒྱད་དང་ཉོན་མོངས་ཀྱིས་བྱས་ཤིང་བསགས།
དེའི་ནང་ནས་ཀྱང་འདོད་ཆགས་ཀྱིས་དགེ་བ་བསགས་པ་ཡིན་པས།
དེ་རྣམས་དགེ་བ་ཡིན་ཀྱང་སྡིག་པ་ནི་མིན།
དེ་ཡང་སྐྱེས་བུ་ཆུང་ངུ་འདོད་ཁམས་ཀྱི་ལྷ་མིའི་ཕུན་ཚོགས་ཐོབ་པར་འདོད་པ་རྣམས་ནི་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་བསོད་ནམས་བསོག
།གཟུགས་ཁམས་དང་གཟུགས་མེད་ཁམས་ཀྱི་ཕུན་ཚོགས་ཐོབ་པར་འདོད་པ་རྣམས་ནི།
ཞི་གནས་དང༌། ལྷག་མཐོང་དང༌།
ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་སྒོམ་པར་བྱེད་པ་ལ་སོགས་ཏེ།
དེ་རྣམས་ཉོན་མོངས་པ་དང་འཇིག་རྟེན་ཆོས་བརྒྱད་ཀྱིས་བྱས་པ་ཡིན་ཡང་སྡིག་པ་མ་ཡིན་དགེ་བ་ཡིན།
དགེ་བ་དེ་རྣམས་ལ་བསོད་ནམས་ཆ་མཐུན་གྱི་དགེ་བ་ཞེས་གཞུང་ཆེན་མོ་རྣམས་ལས་གསུངས།
དེ་བཞིན་དུ་ཁམས་གོང་མར་གཏོག་པའི་ཉོན་མོངས་ཐམས་ཅད་དང་དེས་བསགས་པའི་ལས་ཐམས་ཅད་མི་དགེ་བ་མ་ཡིན།
དེ་བཞིན་དུ་འཇིགས་སྐྱོབས་དང་ལེགས་སྨོན་གྱི་ཚུལ་ཁྲིམས་དང་ལེགས་སྨོན་གྱི་སྦྱིན་པ་ལ་སོགས་ཀྱང་མི་དགེ་བ་ཡིན་པས་འཇིག་རྟེན་ཆོས་བརྒྱད་དང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་བྱས་ཤིང་བསག་པ་ཡིན་ཡང༌།
སྡིག་པ་དང་མི་དགེ་བ་མིན་པ་ནི་མང་དུ་ཡོང་བ་ལགས།
ཁམས་གོང་མའི་ཉོན་མོངས་གཡོ་སྒྱུ་ལ་སོགས་པ་ཐམས་ཅད་ཞི་གནས་ཀྱི་ཉེ་བར་བརྟེན་པ་དང་དགེ་བའི་ཆོས་མང་པོས་ཡོངས་སུ་ཟིན་པས་མི་དགེ་བར་མི་འགྲོ་བ་ཡིན་ཅེས་འཕགས་པ་ཐོགས་མེད་ཀྱིས་གསུངས་སོ།
།
འོ་ན་དགེ་བ་གང་ཡིན།
མི་དགེ་བ་གང་ཡིན་སྙམ་ན།
སངས་རྒྱས་བྱང་སེམས་རྣམས་ཀྱིས་རབ་ཏུ་སྨད་ཅིང་ནམ་ཡང་མི་བསྟོད་པའི་ལས་རྣམས་དང་དེ་ཀུན་ནས་སློང་བའི་ཉོན་མོངས་པ་རྣམས་ལ་མི་དགེ་བ།
དེའི་འགལ་ཟླར་གྱུར་ཚད་ཀྱི་ལས་དང་དེས་ཀུན་ནས་སློང་བ་རྣམས་དགེ་བ།
དེ་གཉིས་གང་ཡང་མིན་པའི་ལུས་ངག་ཡིད་གསུམ་གྱི་ལས་ལ་ལུང་མ་བསྟན་ཟེར་བ་ལགས།
དེ་ལྟར་ན་ཉོན་མོངས་ཀྱིས་ཀུན་ནས་སློངས་པ་ལའང་སྡིག་པ་མིན་པ་མང་དུ་ཡོངས་ཡོད།
ཚེ་འདིའི་རྙེད་བསྐུར་རམ་སྙན་གྲགས་སེམས།
བདེ་སྐྱིད་ཀྱི་ཕྱིར་དབང་བསྐུར་ཆོས་བཤད་མདོ་འདོན་སྔགས་ཟློས་སོགས་བྱེད་པ་ནི་སྡིག་པ་དང་སྒྲིབ་པའི་ཕུང་པོར་ཡོད་སྟེ།
ཟབ་མོའི་ཆོས་བཙོངས་པ་དང༌།
བརྣབ་སེམས་དང༌། གནོད་སེམས་དང༌།
གཡོ་སྒྱུ་དང༌། ཚུལ་འཆོས་དང༌།
ཁ་བསགས་དང༌། གཞོགས་སློང་དང༌།
ཐོབ་འཇལ་དང༌། རྙེད་པས་རྙེད་པ་འཚོལ་བ་དང༌།
ངག་འཁྱལ་ལ་སོགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཆར་ཆེན་པོ་བཞིན་རྒྱུན་མི་འཆད་པར་འོང་བས་དེ་ལ་དགོངས་ནས་བླ་མ་གོང་མ་རྣམས་ཀྱིས་ཀྱང༌།
ཚེ་འདི་ཞེན་པ་དང་མ་བྲལ་ན་ཅི་བྱས་པ་ཐམས་ཅད་སྡིག་པ་ཡིན་ཅེས་མང་དུ་གསུངས།
ཡང་ཚེ་འདི་ལ་ཞེན་པས་བྱས་པ་ཐམས་ཅད་དོན་མེད་པའི་སྡིག་པ་ཡིན་པས་དེ་ལ་དགོངས་ནས་ཀྱང་ཐམས་ཅད་སྡིག་པ་ཡིན་པར་གསུངས་པ་ཡིན་ཨང་སྙམ།
༼ང༽
མཇུག་གི་དོན།
ཚེ་བློས་གཏོང་གི་ཉམས་ལེན་གྱི་གནད་འགགས་མདོར་བསྡུས་ན།
འཁོར་བས་བསྡུས་པའི་ཚེ་འདིའི་བདེ་བ་དང་བདེ་བའི་རྒྱུ་དང༌།
སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་རྣམས་ལ།
རང་འཁྲིས་མེད་པའི་གཞན་ལ་ཕན་འདོགས་པ་དང༌།
བྱང་ཆུབ་སྒྲུབ་པ་ལ་མེད་མི་རུང་ཡིན་ནམ་མ་གཏོགས་བླང་དོར་གྱི་བློ་དྲག་ཏུ་འབྱུང་བ་རྣམས།
ཉོན་མོངས་པ་དང་ཆགས་པ་དང༌།
སྲེད་པ་དང༌།
འཇིག་རྟེན་ཆོས་བརྒྱད་དང་ཚེ་འདིའི་ཞེན་འཁྲིས་ཀྱི་དབང་དུ་ཤོར་བ་ཡིན་པས།
གཉེན་པོས་བཙན་ཐབས་སུ་རྒྱུན་བཅད།
མེད་མི་རུང་གི་ཟས་གོས་སོགས་ལ་བཅོམ་ལྡན་འདས་ཀྱིས་སྲེད་པའི་དབང་དུ་མི་འཆོར་བ་དང༌།
བསོད་ནམས་ཁྱད་པར་ཅན་དུ་འགྱུར་བའི་ཕྱིར་དམིགས་རྣམ་མང་པོ་ཞིག་གསུངས་པ་དེའི་རིགས་པ་གཞན་ལའང་ཤེས་པར་བྱས་ལ་སྲེད་པའི་དབང་དུ་མི་བཏང༌།
སྤྱིར་བྱ་བ་ཐམས་ཅད་ལ་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱེད་པ་ནི་ཆགས་སྡང་གི་དབང་དུ་མི་འཆོར་བའི་ཐབས་ཀྱི་རྒྱལ་པོ་ཡིན་པས་དེ་དྲན་པར་བྱས་ལ།
བདེ་སྡུག་གང་ལའང་བླང་དོར་མེད་པར་བྱ་ཞིང་ངེས་པར་དགོས་པ་རྣམས་ལ་དེ་གཉིས་ཀྱིས་ཟིན་པར་བྱས་ན་ཁམས་གསུམ་ཐམས་ཅད་ལ་བླང་དོར་གྱི་ཆགས་པ་དང་བྲལ་བའི་དགྲ་བཅོམ་པའམ་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་ཡོང་བ་ལགས་སོ།
།
ལེགས་བཤད་འདི་སྦྱར་དགེ་བ་གང༌།
།
ཐོབ་པ་དེ་ནི་འགྲོ་བ་ཀུན།
།
ཁམས་གསུམ་ཀུན་ལ་ཆགས་བྲལ་ནས།
།
ཐམས་ཅད་མཁྱེན་པ་མྱུར་ཐོབ་ཤོག།
།
རྒྱལ་བ་ཀུན་ལ་མཆོད་དང་བསྟི་སྟང་བྱེད།
།
འདོད་པས་བྱང་སེམས་རྣམས་ལ་མཆོད་པར་བྱ།
།
དེས་ནི་རྒྱལ་བ་ཐམས་ཅད་མཉེས་པར་བྱས།
ཕྱོགས་བཅུའི་སེམས་ཅན་བཙོན་རར་བཅུག་ལས་བཏོན།
།
འཁོར་བསྒྱུར་ལ་བཀོད་དེ་བས་གང་ཞིག་གིས།
།
བྱང་སེམས་ལྟ་འདོད་དད་དང་བསྔགས་པ་བརྗོད།
།
དེ་ནི་དེ་བས་བསོད་ནམས་གྲངས་མེད་གསུངས།
།
གསུང་རབ་རྒྱ་མཚོ་མང་དུ་མཐོང་ཞིང་ཐོས།
།
འདི་ན་དམ་པ་རྣམས་ཀྱི་རྣམ་ཐར་དང༌།
ཐུགས་བཅུད་དམ་པའི་ཆོས་ཟབ་རབ་ཏུ་བསྒྲགས།
དལ་བའི་རྟེན་ལ་སྙིང་པོ་རྒྱ་ཆེར་བླངས།
།
སྐྱེ་བ་ཀུན་ཏུ་དམ་པ་ཐམས་ཅད་ཀྱིས།
།
འབྲལ་མེད་དགྱེས་ཤིང་རྗེས་སུ་བཟུང་བྱས་ཏེ།
།
བཀའ་བཞིན་སྒྲུབ་ལ་སྙིང་པོར་བྱེད་པ་དང༌།
།
བླ་མེད་བྱང་ཆུབ་གོ་འཕང་མྱུར་ཐོབ་ཤོག
།
ཅེས་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་ལ་ཐོག་མར་བློ་སྦྱོང་བ་ཆོས་ཀྱི་སྒོ་འབྱེད་ཅེས་བྱ་བ་འདི་ནི་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་ཤར་ཙོང་ཁ་པ་ཡབ་སྲས་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པའི་ཆོས་སྨྲ་བའི་བཙུན་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་རྒྱ་མ་རིན་ཆེན་སྒང་གི་སྡེ་དགོན་ཆེན་པོར་སྦྱར་བ་འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག།
།།དགེའོ།། །།