༄༅ ། །སྦྱོར་བ་ཡན་ལག་དྲུག་གི་ཁྲིད་ཟབ་མོའི་དམིགས་རིམ་གྱི་ལག་རྗེས་བཞུགས་སོ། །
༄༅༅། །ན་མཿཤྲཱི་ཀཱ་ལ་ཙ་ཀྲ་ཡ།
གཞི་དངོས་པོའི་གནས་ཚུལ།
ལམ་བགྲོད་པའི་རིམ་པ།
འབྲས་བུ་མངོན་དུ་བྱེད་པའི་ཚུལ་དང་གསུམ།
དང་པོ་ལ། གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་བཤད་པའོ། །
དང་པོ་ལ་རྩ་ཆེན་དྲུག་བཤད་པ། རྩ་འཁོར་དྲུག་བཤད་པའོ། །
དང་པོ་ནི།
རོ་རྐྱང་དབུ་མ་གསུམ་གྱི་མར་སྣ་རྟགས་ཀྱི་རྩེ་དང་བཤང་བའི་སྒོར་ཟུག་ཅིང་།
ལུས་ཀྱི་དབུས་དྲང་ཐད་སྒལ་ཚིགས་ཕྱོགས་ལ་ཅུང་ཉེ་བ་ན་ཡར་གྱེན་དུ་སོང་སྟེ།
ཐོད་པའི་འོག་ནས་བརྒྱུད་དེ་འོངས་པའི་ཡར་སྣ་སྨིན་མཚམས་ན་ཡོད་དོ།
།དེའི་ལྟེ་བ་ཡན་ཀྱི་དབུ་མ་ལ། སྒྲ་གཅན་དང་། གཉིས་སྤངས་དང་།
ཨ་ཝ་དྷཱུ་ཏཱི་ཟེར། ཁ་དོག་ལྗང་གུ་ནམ་མཁའི་ཁམས་པ། གཙོ་བོར་རླུང་འབབ།
གཡས་ཀྱི་རྩ་ལ་རོ་མ་དང་། ར་ས་ནཱ་དང་། ཉི་མའི་རྩ་ཟེར།
ཁ་དོག་དམར་པོ་མེའི་ཁམས་པ། གཙོ་བོར་ཁྲག་འབབ། གཡོན་གྱི་རྩ་ལ། རྐྱང་མ་དང་།
ལ་ལ་ནཱ་དང་། ཟླ་བའི་རྩ་ཟེར། ཁ་དོག་དཀར་པོ་ཆུའི་ཁམས་པ། གཙོ་བོར་ཁུ་བ་འབབ།
ལྟེ་བ་མན་གྱི་དབུ་མ་གཡས་སུ་འཁྱོགས་ཏེ། རྟགས་ཀྱི་རྩེར་ཟུག་ཅིང་།
དེ་ལ་ཀུན་རྡར་མ་དང་། དུང་ཅན་མ་དང་དུས་མེ་ཟེར།
ཁ་དོག་སྔོན་པོ་ཡེ་ཤེས་ཀྱི་ཁམས་པ། གཙོ་བོར་ཁུ་བ་འབབ།
གཡོན་གྱི་རྩ་དབུས་སུ་འཁྱོགས་ཏེ་རྟགས་ཀྱི་རྩེར་ཟུག་ཅིང་།
ལུག་ཅེས་བྱ་བ་ཁ་དོག་ནག་པོ་རླུང་གི་ཁམས་པ། གཙོ་བོར་དྲི་ཆུ་འབབ།
གཡས་ཀྱི་རྩ་གཡོན་དུ་འཁྱོགས་ཏེ། བཤང་བའི་སྒོར་ཟུག་ཅིང་། དམར་སེར་ཞེས་བྱ་བ།
ཁ་དོག་སེར་པོ་སའི་ཁམས་པ་གཙོ་བོར་བཤང་བ་འབབ་པའོ། །
རྩ་འཁོར་དྲུག་ནི། ནོར་བུའི་དབུས་ན་རྩ་འཁོར་འདབ་མ་བརྒྱད་པ། གསང་གནས་ན་རྩ་འདབ་སོ་གཉིས་པ། ལྟེ་བར་རྩ་འདབ་རེ་བཞི་པ། སྙིང་གར་བརྒྱད་པ། མགྲིན་པར་སོ་གཉིས་པ། དཔྲལ་བར་བཅུ་དྲུག་པ། གཙུག་ཏོར་ན་རྩ་འདབ་བཞི་པ་རྣམས་སུ་ཡོད་དོ། །དྷཱུ་ཏཱིའི་ཡར་སྣ་མར་སྣ་གཉིས་དང་། རྩ་འཁོར་དེ་རྣམས་ཀྱི་དབུས་ནི་ལུས་ལ་གནད་དུ་བསྣུན་པ་ཡིན་ནོ། །ཅིའི་ཕྱིར་གནད་དུ་བསྣུན་པ་ཡིན་ན། གང་དུ་དམིགས་པ་བཟུང་ནས་གནད་དུ་བསྣུན་ན་ཡེ་ཤེས་ཁྱད་པར་ཅན་སྐྱེ་བས་དེ་སྐད་ཅེས་བྱའོ། །འཁོར་ལོ་གང་ལ་ཡན་ལག་དྲུག་གང་གིས་བསྣུན་ན། སོར་བསམ་གཉིས་ཀྱིས་དྷཱུ་ཏཱིའི་ཡར་སྣ་དང་། སྲོག་རྩོལ་རྗེས་དྲན་གཉིས་ཀྱི་ལྟེ་བ་དང་། འཛིན་པས་རྩ་འཁོར་དྲུག་ག་དང་། ཏིང་ངེ་འཛིན་གྱི་དྷཱུ་ཏཱིའི་མར་སྣ་ནས་ཡར་སྣ་ལ་ཐུག་གི་བར་ལ་བསྣུན་ནོ། །
རླུང་ལ། སྲོག་འཛིན། ཐུར་སེལ། མཉམ་གནས། གྱེན་རྒྱུ། ཁྱབ་བྱེད། ཀླུ། རུས་སྦལ། རྩངས་པ། ལྷས་བྱིན། ནོར་ལས་རྒྱལ་ཏེ་བཅུ་ཡོད་ཅིང་། རླུང་བཅུ་པོ་དེ་ལས་ཞག་གཅིག་ལ་འཕོ་ཆེན་བཅུ་གཉིས་ཡོད་ལ། འཕོ་མཚམས་སུ་དབུ་མ་ནས་རླུང་ལྔ་བཅུ་རྩ་དྲུག་རྐང་བཅས་རེ་རྒྱུ་བས། །ཞག་གཅིག་ལ་དབུ་མ་ནས་རླུང་དྲུག་བརྒྱ་དོན་ལྔ་རེ་རྒྱུའོ། །དེ་རྣམས་སྐྱེ་བ་དང་གནས་པ་དང་། རྒྱུ་བ་ནི་སྙིང་གའི་རྩ་མདུད་ཡན་གྱི་དབུ་མ་ནི་སྲོག་འཛིན་སྐྱེ་བ་དང་། གནས་པའི་གནས་ཀྱི་གཙོ་བོ་ཡིན་ལ། རྒྱུ་བ་ནི་དེ་ཡན་གྱི་རོ་རྐྱང་དབུ་མ་གསུམ་ལ་ཅི་རིགས་པར་རྒྱུའོ། །སྙིང་ཁའི་རྩ་མདུད་མན་གྱི་དབུ་མ་ནི། ཐུར་སེལ་སྐྱེ་བ་དང་གནས་པའི་གནས་ཀྱི་གཙོ་བོ་ཡིན་ལ། རྒྱུ་བ་ནི་དེ་མན་གྱི་རོ་རྐྱང་དབུ་མ་གསུམ་ལ་ཅི་རིགས་པར་རྒྱུའོ། །དེ་བཞིན་དུ། ཤར་དང་ཤར་ལྷོའི་རྩ་འདབ་ལ། མཉམ་གནས་དང་། རུས་སྦལ། ལྷོ་དང་ལྷོ་ནུབ་ཀྱི་རྩ་འདབ་ལ། གྱེན་རྒྱུ་དང་། རྩངས་པ། བྱང་དང་བྱང་ཤར་གྱི་རྩ་འདབ་ལ། ཁྱབ་བྱེད་དང་། ལྷས་བྱིན། ནུབ་དང་ནུབ་བྱང་གི་རྩ་འདབ་ལ། ཀླུ་དང་། ནོར་ལས་རྒྱལ་པ་རྣམས་སྐྱེ་བ་དང་གནས་པའི་གནས་ཀྱི་གཙོ་བོ་བྱེད་ལ། རྒྱུ་བ་ནི་ཡུར་པོ་ཆེ་གཅིག་ནས་འབབ་པའི་ཆུ་ཡུར་ཕྲན་དུ་མར་གྱེས་ནས་འབབ་པ་བཞིན། རྩ་བཅུ་ལ་རྒྱུ་བའི་རླུང་དེ་རྣམས་མང་པོར་གྱེས་ཏེ། རྩ་ཕྲན་རྣམས་ལ་རྒྱུ་བའི་ཚུལ་གྱིས་ལུས་ཀྱི་རྩ་ཐམས་ཅད་ལ་རྒྱུ་བ་ཡིན་ནོ། །
བྱང་ཆུབ་ཀྱི་སེམས་ལ། སད་པ་བསྐྱེད་པའི་ཐིག་ལེ། རྨི་ལམ་བསྐྱེད་པའི་ཐིག་ལེ། གཉིད་འཐུག་བསྐྱེད་པའི་ཐིག་ལེ། བཞི་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ་རྣམས་སུ་ཡོད་ལ། དེ་ཡང་གཙུག་ཏོར་ན་སད་པ་བསྐྱེད་པའི་སྐུའི་ཐིག་ལེ། མགྲིན་པ་ན་རྨི་ལམ་བསྐྱེད་པའི་གསུང་གི་ཐིག་ལེ། སྙིང་ག་ན་གཉིད་འཐུག་བསྐྱེད་པའི་ཐུགས་ཀྱི་ཐིག་ལེ། ལྟེ་བ་ན་བཞི་པའི་གནས་སྐབས་བསྐྱེད་པའི་ཡེ་ཤེས་ཀྱི་ཐིག་ལེ་ཡོད་ཅིང་། སླར་ཡང་ལྟེ་བ་ན་སད་པ་བསྐྱེད་པའི་ལུས་ཀྱི་ཐིག་ལེ། གསང་གནས་ན་རྨི་ལམ་བསྐྱེད་པའི་ངག་གི་ཐིག་ལེ། ནོར་བུའི་དབུས་ན་གཉིད་འཐུག་བསྐྱེད་པའི་ཡིད་ཀྱི་ཐིག་ལེ། ནོར་བུའི་རྩེ་ན་བཞི་པའི་གནས་སྐབས་བསྐྱེད་པའི་ཡེ་ཤེས་ཀྱི་ཐིག་ལེ་ཡོད་དོ། །དེ་ཡང་ལྟེ་བ་དང་ནོར་བུའི་རྩེར་བཞི་པའི་གནས་སྐབས་འཇོག་པ་ནི། ཁམས་ཞུ་བ་གནས་དེ་གཉིས་སུ་སླེབ་པ་ན་ལུས་ཀྱི་གནས་གཞན་དུ་སླེབ་པ་ལས། བདེ་བའི་འགྱུར་བ་ཆེ་་བ་རེ། གཞི་དུས་སུ་ཕོ་མོ་འདོད་པ་སྤྱོད་པ་ན་འབྱུང་བ་ཡིན་ལ། དེ་ཡང་དེ་གཉིས་ན་བཞི་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ་རེ་ཡོད་པས་ཡིན་ནོ། །སད་པ། རྨི་ལམ། གཉིད་འཐུག་གི་ཐེག་ལེ། ཞེས་པ་ནི། གཉིད་འགྲོ་དུས་ཡས་རླུང་རྣམས་སྙིང་ག་དང་། མས་རླུང་རྣམས་ནོར་བུའི་དབུས་སུ་འདི། རྨི་ལམ་འོང་དུས་ཡས་རླུང་རྣམས་མགྲིན་པ་དང་། མས་རླུང་རྣམས་གསང་གནས་སུ་འདུ། སད་པའི་དུས་སུ་ཡས་རླུང་རྣམས་གཙུག་ཏོར་དང་། མས་རླུང་རྣམས་ལྟེ་བར་འདུ་བ་ཡིན་ནོ། །
དེས་ན་གཞི་དུས་ནས་རང་རྒྱུད་ལ་ཡོད་པའི་ཆོས་གཅིག་ཐབས་མཁས་ཀྱི་ལམ་དུ་བླངས་པས། སངས་རྒྱས་ཀྱི་ཡོན་ཏན་བསྒྱུར་བ་ནི་མཚན་ཉིད་ཐེག་པ་དང་། རྒྱུད་སྡེ་འོག་མ་རྣམས་ལ་མེད་པའི་བླ་མེད་ཀྱི་ཁྱད་ཆོས་ཡིན་པས། འདིར་ཡང་། སད་པ། རྨི་ལམ། གཉིད། བཞི་པའི་གནས་སྐབས་ཀྱི་ཐིག་ལེ་རྣམས་ཀྱི་སྟེང་ན། མ་དག་པའི་ཡུལ་སྣང་དང་། ཡུལ་སྣང་ཙམ་དང་། སྨྲ་བརྗོད་འཁྲུལ་བ་དང་། སྒྲ་ཙམ་དང་། མི་གསལ་བ་དང་། མི་རྟོག་པ་དང་། འཛག་པ་དང་། བདེ་བ་བསྐྱེད་པའི་ནུས་པ་རེ་ཡོད་པས། མ་དག་པའི་ཡུལ་སྣང་དང་། སྨྲ་བརྗོད་འཁྲུལ་བ་དང་། མི་གསལ་བ་དང་། འཛག་པ་བསྐྱེད་པའི་ནུས་པ་རྣམས་སྦྱངས་ནས། ཡུལ་སྣང་ཙམ་དང་། སྒྲ་ཙམ་དང་། མི་རྟོག་པ་དང་། བདེ་བ་བསྐྱེད་པའི་ནུས་པ་རྣམས་ལམ་དུ་བྱས་པས། རིམ་པ་བཞིན་ལམ་དུས་སུ་སྟོང་གཟུགས་དང་། གཞོམ་དུ་མེད་པའི་སྒྲ་དང་། མི་རྟོག་ཡེ་ཤེས་དང་། མི་འགྱུར་བའི་བདེ་བར་འགྱུར་ལ། དེ་རྣམས་གོང་ནས་གོང་དུ་ཁྱད་ཞུགས་པ་ལས། སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པ་དང་། ཡེ་ཤེས་ཆོས་ཀྱི་སྐུར་འགྱུར་རོ། །
དྲི་མ་དེ་རྣམས་ཡན་ལག་དྲུག་པོ་གང་གི་སྦྱོངས་ན། སོར་བསམ་གཉིས་དང་། རྗེས་དྲན་གྱི་ཕྱོགས་གཅིག་གིས་སད་པའི་ཐིག་ལེའི་སྟེང་གི་དྲི་མ་སྦྱོང་ཞིང་རིགས་ལམ་དུ་བྱེད་དོ། །ལམ་ནི། ཁ་ཅིག །སོར་སྡུད་ཀྱི་དམིགས་པ་ལུས་ཀྱི་སྨིན་མཚམས་ཀྱི་ཕྱི་རོལ་གྱི་ནམ་མཁའ་ལ་འཇོག་པ་མི་འཐད་དེ། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་དུ་པ་ལ་སོགས་པའི་རྟགས་རྣམས་འཆར་དགོས་ལ། ལུས་ཀྱི་ཕྱི་རོལ་དུ་དམིགས་པས་བཟུང་བས། དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་བ་མི་སྲིད་པའི་ཕྱིར་རོ། །དེ་ནས་སོར་སྡུང་ཀྱི་དམིགས་པ་དབུ་མར་འཛིན་དགོས་ཏེ། ཡེ་ཤེས་ལེའུ་ལས་རེ་ག་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་བར་འགྱུར་གྱི་བར་དུའོ། །ཞེས་པའི་འགྲེལ་ཆེན་དུ། དུས་ཀྱི་རྩ་ཞེས་པ་ཨ་ཝ་ཧཱུ་ཏཱི་ལ་མཐོང་གི་བར་དུའོ། །ཞེས་པའི་བར་དང་། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། ཞེས་པའི་འགྲེལ་ཆེན་དུ། རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་ཞེས་པ་འདིར་སྲོག་དབུ་མའི་ལམ་དུ་རབ་ཏུ་ཞུགས་པས་སྟོང་པ་ཁོ་ན་ལས་དུ་བ་ལ་སོགས་པའི་མཚན་མ་རྣམས་མཐོང་སྟེ། ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་དབུ་མའི་ཡར་སྣར་བསྒོམ་དགོས་ཏེ། སྒྲུབ་ལེར། བསྙེན་པ་ལ་ནི་དང་པོའི་རྣལ་འབྱོར་རྣམ་བཅུ་མཁའ་ལ་འཁོར་ལོ་ཅན་གྱིས་ཁྲོ་བོས་བལྟ་བས་སོ། །བགེགས་མཐར་བྱེད་པའི་ལྟ་བ་བདུད་རྩིས་ལམ་དུ་སོན་པ་ཡིས་ཀྱང་ཉེ་བའི་སྒྲུབ་པ་ཡན་ལག་དྲུག་ཅེས་པའི་འགྲེལ་ཆེན་དུ། འཁོར་ལོ་ཅན་གྱི་ལྟ་བ་ཞེས་པ་གཙུག་ཏོར་ཅན་གྱི་ལྟ་བ་ཞེས་པས་མིག་མི་འཛུམ་པར་སྟེང་དུ་བལྟས་པས། མཚན་མར་འགྱུར་ཏེ་ཞེས་དང་། བགེགས་མཐར་བྱེད་ཀྱི་ལྟ་བ་ཞེས་པ་ལ་བགེགས་མཐར་བྱེད་ནི་བདུད་རྩི་འཁྱིལ་པ་ཡིན་ལ། དེའི་ལྟ་བ་ནི་བདུད་རྩིའི་ལམ་དུ་སོན་པ་སྟེ་སྟེང་དུ་སོན་པའོ། །ཞེས་དང་། རི་གི་ཨ་ར་ལིའི་རྒྱུད་ལས། མིག་ཕྱེད་གྱེན་དུ་ལྡོག་ནས་ནི། སྨིན་མའི་དབུས་སུ་བསམས་བྱས་ནས། ཞེས་དང་། པཎ་ཆེན་ཤཱཀྱ་ཤྲཱིས། དབུ་མར་རེངས་པའི་ལྟ་སྟངས་ཉིད། ཅེས་གསུངས་པའི་ཕྱིར་རོ། །
དེ་ལྟར་བསྒོམས་པས་རླུང་དབུ་མར་ཞུགས་པའི་རྟགས་སྣ་བུག་གི་རླུང་ཤེད་མཚུངས་སུ་རྒྱུ། གནས་པའི་རྟགས་སྣ་བུག་གི་རླུང་རྒྱུ་བ་འཆད། ཐིམ་པའི་རྟགས་ཤར་ལྷོའི་རྩ་འདབ་ལ་རྒྱུ་བའི་རླུང་རུས་སྦལ་ཐིམ་པའི་རྟགས་དུ་བ། ལྷོ་ནུབ་ཀྱི་རྩ་འདབ་ལ་རྒྱུ་བའི་རླུང་རྩངས་པ་ཐིམ་པའི་རྟགས་སྨིག་རྒྱུ། བྱང་ཤར་གྱི་རྩ་འདབ་ལ་རྒྱུ་བའི་རླུང་ལྷ་སྦྱིན་ཐིམ་པའི་རྟགས་མཁའ་སྣང་། ནུབ་བྱང་གི་རྩ་འདབ་ལ་རྒྱུ་བའི་རླུང་ནོར་ལས་རྒྱལ་ཐིམ་པའི་རྟགས་མར་མེ། ཤར་གྱི་རྩ་འདབ་ལ་རྒྱུ་བའི་རླུང་མཉམ་གནས་ཐིམ་པའི་རྟགས་འབར་བ། ལྷོའི་རྩ་འདབ་ལ་རྒྱུ་བའི་རླུང་གྱེན་རྒྱུ་ཐིམ་པའི་རྟགས་ཟླ་བ། བྱང་གི་རྩ་འདབ་ལ་རྒྱུ་བའི་རླུང་ཁྱབ་བྱེད་ཐིམ་པའི་རྟགས་ཉི་མ། ནུབ་ཀྱི་རྩ་འདབ་ལ་རྒྱུ་བའི་རླུང་ཀླུ་ཐིམ་པའི་རྟགས་སྒྲ་གཅན། སྟེང་གི་རྩ་འདབ་ལ་རྒྱུ་བའི་རླུང་སྲོག་འཛིན་ཐིམ་པའི་རྟགས་མཆོག་གམ་གློག་གི་རྩ་འདབ་ལ་རྒྱུ་བའི་རླུང་ཐུར་སེལ་ཐིམ་པའི་རྟགས་ཐིག་ལེའམ་རེ་ག་ནག་པོ་དྲི་མ་མེད་པ་འོད་ཟེར་ལྔ་འཕྲོ་བའི་དབུས་སུ་ངེས་པ་ལྔ་ལྡན་གྱི་སྟོང་གཟུགས་འཆར་བ་ཡིན་ནོ། །ངེས་པ་ལྔ་ནི། དུས་ངེས་པ་རྟགས་བཅུ་རྫོགས་པའི་མཇུག །གནས་ངེས་པ་དབུ་མའི་ནང། ངོ་བོ་ངེས་པ་རྡུལ་ཕྲ་རབ་བསགས་པ་ལས་མ་ཡིན་པར་རང་གི་སེམས་ཀྱི་སྣང་བ་ལས་གྲུབ་པ། སྐུ་ངེས་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ། །རྣམ་པ་ངེས་པ་ཡབ་ཡུམ་ཞལ་སྦྱོར་དུ་བཞུགས་སོ། །
དེ་ནས་སྟོང་གཟུགས་བསམ་གཏན་བསྒོམས་པས། རིམ་པ་བཞིན། དུ་བ། སྨིག་རྒྱུ། མཁའ་སྣང་། མར་མེ་འབར་བ། ཟླ་བ། སྒྲ་གཅན། ཉི་མ། མཆོག་གམ། གློག་གི་སྣང་བ། ཐིག་ལེའམ་རེ་ག་ནག་པོ། དྲི་མ་མེད་པའི་འོད་ཟེར་ལྔ་འཕྲོ་བའི་དབུས་སུ་ངེས་པ་ལྔ་ལྡན་གྱི་སྟོང་གཟུགས་འཆེར་རོ། །བསམ་གཏན་ལ་རྟོག་དཔྱོད་དགའ་བདེ་རྩེ་གཅིག་པའི་ཡན་ལག་ལྔ་ཡོད། དེ་ཡང་སྟོང་གཟུགས་ཀྱི་ངོ་བོ་ལ་རགས་པར་རྟོག་པ། རྟོག་པ་ཞིབ་པར་རྟོག་པ་དཔྱད་པ། ལུས་ཤིན་སྦྱངས་ཀྱིས་དྲངས་བའི་དབང་ཤེས་འཁོར་གྱི་ཚོར་བ་སིམ་པ་ནི་དགའ་བ། སེམས་ཤིན་སྦྱངས་་ཀྱིས་དྲངས་པའི་ཡིད་ཤེས་འཁོར་གྱི་ཚོར་བ་སིམ་པ་ནི་བདེ་བ། རང་གི་སེམས་དང་སྟོང་གཟུགས་ངོ་བོ་གཅིག་པ་ལ་རྩེ་གཅིག་ཏུ་གནས་པ་ནི་རྩེ་གཅིག་པའི་ཡན་ལག་ཡིན་ནོ། །དེ་ནས་སྲོག་རྩོལ་བསྒོམས་པས་དུ་བ་ནས་སྟོང་གཟུགས་ཀྱི་བར་སྔར་བཞིན། དེའི་ཚེ་བྱང་སེམས་ཞུ་བ་གཙུག་ཏོར་ནས་དཔྲལ་བར་སླེབས་པ་ན་དགའ་བ། དེ་ནས་སྙིང་གར་སླེབས་པ་ན་མཆོག་དགའ། དེ་ནས་གསང་གནས་སུ་སླེབས་པ་ན་ཁྱད་དགའ། དེ་ནས་ནོར་བུའི་རྩེར་སླེབས་པ་ན་ལྷན་ཅིག་སྐྱེས་པའི་དགའ་བ་འབྱུང་ཞིང་། དེ་དང་སྟོང་གཟུགས་ངོ་བོ་དབྱེར་མེད་དུ་བསྒོམ། སླར་ཡང་ནོར་བུ་ནས་ལྟེ་བར་སླེབས་པ་ན་དགའ་བ། སྙིང་གར་སླེབས་པ་ན་མཆོག་དགའ། དབྲལ་བར་བསླེབས་པ་ན་ཁྱད་དགའ། གཙུག་ཏོར་དུ་སླེབས་པ་ན་ལྷན་ཅིག་སྐྱེས་པའི་དགའ་བ་འབྱུང་ཞིང་། དེ་དང་སྟོང་གཟུགས་ངོ་བོ་དབྱེར་མེད་དུ་བསྒོམ་པར་བྱའོ། །
དེ་ནས་སྲོག་ཐུར་གཉིས་དང་། རང་གི་སེམས་སྟོང་གཟུགས་བཞི་ངོ་བོ་དབྱེར་མེད་དུ་བྱས་ནས་སྤྱིར་རྩ་འཁོར་དྲུག་ག་དང་། ཁྱད་པར་དུ་ལྟེ་བར་འཛིན་པ་བསྒོམ་པས་དུ་བ་སྨིག་རྒྱུ་ནས་སྟོང་གཟུགས་ཀྱི་བར་སྔར་བཞིན་འཆར། དགའ་བཞི་ལུགས་འབྱུང་ལུགས་བཟློག་སྔར་བཞིན་ལྷན་སྐྱེས་ཀྱི་དུས་སུ་སྟོང་གཟུགས་ཀྱི་ངོ་བོར་བསྒོམ་པར་བྱའོ། །
དེ་ནས་རྗེས་དྲན་བསྒོམ་པའི་རྣལ་འབྱོར་པ་ལ་དབང་པོ་རྟུལ་འབྲིང་རྣོ་གསུམ་ཡོད་པའི་དབང་པོ་རྟུལ་པོ་ལས་རྒྱ་དང་སྙོམས་པར་འཇུག་བཞིན་པའི་ངང་ནས་ཡིད་ངོའི་སྟོང་གཟུགས་ཡབ་ཡུམ་སྙོམས་འཇུག་བྱེད། འབྲིང་པོས་ཡེ་རྒྱ་དང་སྙོམས་པར་འཇུག་བཞིན་པའི་ངང་ནས་ཡིད་ངོའི་སྟོང་གཟུགས་ཡབ་ཡུམ་སྙོམས་འཇུག་བྱེད། རྣོན་པོས་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་མི་ལྟོས་པར་ཡིད་ངོའི་སྟོང་གཟུགས་ཡབ་ཡུམ་སྙོམས་འཇུག་བྱས་པས། དུ་བ་ནས་འོད་ཟེར་ལྔ་འཕྲོ་བའི་བར་སྔར་བཞིན། དེའི་དབུས་སུ་ངེས་པ་ལྔ་ལྡན་གྱི་སྟོང་གཟུགས་དངོས་གནས་ལ་འཆར་རོ། །དེ་ནི་བསྡུས་རྒྱུད་པ་གཞན་གྱི་སྒྱུ་ལུས་ཀྱི་དོད་ཡིན་ལ། དེའི་བ་སྤུའི་བུ་གའི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་དོ། །
རྗེས་དྲན་མཐར་ཕྱིན་པའི་རྣལ་འབྱོར་པ་དེ་ལ་ཡང་། དབང་པོ་རྟུལ་འབྲིང་རྣོ་གསུམ་ཡོད་པའི་རྟུལ་པོ་ལས་རྒྱ་དང་སྙོམས་པར་འཇུག་བཞིན་པའི་ངང་ནས་སྟོང་གཟུགས་ཡབ་ཡུམ་དངོས་གནས་ལ་སྙོམས་འཇུག་བྱེད། འབྲིང་པོས་ཡེ་རྒྱ་དང་སྙོམས་པར་འཇུག་བཞིན་པའི་ངང་ནས་སྟོང་གཟུགས་ཡབ་ཡུམ་དངོས་གནས་ལ་སྙོམས་འཇུག་བྱེད། རྣོན་པོས་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་མི་ལྟོས་པར་སྟོང་གཟུགས་ཡབ་ཡུམ་དངོས་གནས་ལ་སྙོམས་འཇུག་བྱས་པས་ཁམས་དཀར་པོ་གྱེན་དུ་སོང་ཞིང་། དམར་པོ་ཐུར་དུ་བབས་པ་དྷཱུ་ཏཱིའི་ཡར་སྣ་མར་སྣ་མི་འགྱུར་བར་གནས་པ་ལ་ཏིང་ངེ་འཛིན་འཇོག་པ་ཡིན་ནོ། །ཏིང་ངེ་འཛིན་དེ་ལ་སོ་སྐྱེ་དང་འཕགས་པའི་ས་གཉིས་ཡོད་པའི་དང་པོ་ལ། ཁམས་དཀར་དམར་བརྩེགས་པ་སྟོང་བརྒྱད་བརྒྱ། མི་འགྱུར་བའི་བདེ་བ་དང་སྟོང་གཟུགས་ངོ་བོ་གཅིག་པ་སྟོང་བརྒྱད་བརྒྱ། ཉོན་སྒྲིབ་མངོན་གྱུར་མགོ་གནོན་པའི་གཉེན་པོ་བར་ཆད་མེད་ལམ་སྟོང་བརྒྱད་བརྒྱ། མངོན་གྱུར་མགོ་མེད་མནོན་པའི་རྣམ་གྲོལ་ལམ་སྟོང་བརྒྱད་བརྒྱ། ལས་རླུང་འགགས་པ་སྟོང་བརྒྱད་བརྒྱ། བེམ་པོའི་ཁམས་ཟད་པ་སྟོང་བརྒྱ་བརྒྱ་རྣམས་མཉམས་གཞག་ཏུ་འབྱུང་ཞིང་། རྗེས་ཐོབ་ཏུ་མི་འགྱུར་བའི་བདེ་བས་ངེས་ངོར་སྟོང་ཉིད་ངེས་པ་དང་། སྣང་ངོར་འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་དོ། །འཕགས་པ་ལ། ས་དང་པོ་རབ་ཏུ་དགའ་བ། གཉིས་པ་དྲི་མ་མེད་པ། གསུམ་པ་འོད་འཕྲོ་བ། བཞི་པ་འོད་བྱེད་པ། ལྔ་པ་སྦྱངས་དཀའ་བ། དྲུག་པ་མངོན་དུ་གྱུར་པ། བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་ཏེ། བཅུ་ཡོད་པ་ལ་ཁྱད་པར་བ་གཅིག་དང་གཉིས་ཡོད་དོ། །ས་དང་པོ་རབ་ཏུ་དགའ་བ་ལ་ཁམས་དཀར་དམར་བརྩེགས་པ་སྟོང་བརྒྱད་བརྒྱ། མི་འགྱུར་བའི་བདེ་བས་སྟོང་ཉིད་མངོན་སུམ་དུ་གསར་དུ་རྟོགས་པ་དང་། སྟོང་གཟུགས་ངོ་བོ་གཅིག་པ་བརྒྱད་བརྒྱ། ཉོན་སྒྲིབ་ཀྱི་དངོས་གཉེན་བར་ཆད་མེད་ལམ་སྟོང་བརྒྱད་བརྒྱ། ཉོན་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་སྟོང་བརྒྱད་བརྒྱ། ལས་རླུང་འགགས་པ་སྟོང་བརྒྱད་བརྒྱ། བེམ་པོའི་ཁམས་ཟད་པ་སྟོང་བརྒྱད་བརྒྱ་རྣམས་མཉམ་གཞན་ཏུ་འབྱུང་ཞིང་། རྗེས་ཐོབ་ཏུ་མི་འགྱུར་བའི་བདེ་བས་ངེས་དོར་སྟོང་ཉིད་ངེས་པ་དང་། སྣང་ངོར་འཇིག་རྟེན་གྱི་ཁམས་ཉིས་བརྒྱ་སྣང་བ་འབྱུང་ངོ་། །ས་གཉིས་པ་དྲི་མ་མེད་པ་ལ་ཡང་ཁམས་དཀར་དམར་བརྩེགས་པས་སྟོང་བརྒྱད་བརྒྱ། མི་འགྱུར་བའི་བདེ་བས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་དང་། སྟོང་གཟུགས་ངོ་བོ་གཅིག་པ་སྟོང་བརྒྱད་བརྒྱ། རང་གི་ངོས་སྐལ་གྱི་ཤེས་སྒྲིབ་ཀྱི་དངོས་གཉེན་བར་ཆད་མེད་ལམ་སྟོང་བརྒྱད་བརྒྱ། ངོས་སྐལ་གྱི་ཤེས་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་སྟོང་བརྒྱད་བརྒྱ། ལས་རླུང་འགགས་པ་སྟོང་བརྒྱད་བརྒྱ། བེམས་པོའི་ཁམས་ཟད་པ་སྟོང་བརྒྱད་བརྒྱ་རྣམས་མཉམ་གཞག་ཏུ་འབྱུང་ཞིང་། རྗེས་ཐོབ་ཏུ་མི་འགྱུར་བའི་བདེ་བས་ངེས་དོར་སྟོང་ཉིད་ངེས་པ་དང་། སྣང་ངོར་འཇིག་རྟེན་གྱི་ཁམས་བརྒྱ་སྣང་བ་རྣམས་འབྱུང་ངོ་། །དེ་བཞིན་དུ་ས་བཞི་པ་ནས་བཅུ་པའི་བར་དུ་འབྱུང་ཞིང་། བཅུ་པ་ཁྱད་པར་བ་ལ་ཁམས་དཀར་དམར་བརྩེགས་པ་སྟོང་བརྒྱད་བརྒྱ། མི་འགྱུར་བའི་བདེ་བས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་དང་སྟོང་གཟུགས་ངོ་བོ་གཅིག་པ་སྟོང་བརྒྱད་བརྒྱ། ཤེས་སྒྲིབ་ཀྱི་དངོས་གཉེན་བར་ཆད་མེད་ལམ་སྟོང་བརྒྱད་བརྒྱ། ཤེས་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་སྟོང་བརྒྱད་བརྒྱ། ལས་རླུང་འགགས་པ་སྟོང་བརྒྱད་བརྒྱ། བེམ་པོའི་ཁམས་ཟད་པ་སྟོང་བརྒྱད་བརྒྱ་རྣམས་འབྱུང་ཞིང་། དེའི་ཚེ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མི་འགྱུར་བའི་བདེ་བས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་ཅིག་ཅར་རྟོགས་པ་དང་། སྟོང་གཟུགས་ལོངས་སྤྱོད་རྫོགས་པའི་སྐུར་གྱུར་པ་དང་། ཤེས་སྒྲིབ་མ་ལུས་པར་སྤངས་པ་དང་། གདུལ་བྱ་ལས་དག་ལ་སྤྲུལ་སྐུ་བྱེ་བ་ཐེར་འབུམ་སྟོན་པ་རྣམས་དུས་མཉམ་དུ་འབྱུང་བ་ཡིན་ནོ། །
དེ་འདྲ་བའི་ཆོས་གཟུགས་ཚོགས་པའི་སྐུའི་རྒྱུར་རྗེས་དྲན་གྱི་ཡན་ལག་འགྲོ་དགོས། དེའི་རྒྱུར་འཛིན་པ། དེའི་རྒྱུར་བསམ་གཏན། དེའི་རྒྱུར་སོར་སྡུད་ཀྱི་ཡན་ལག་འགྲོ་དགོས། དེའི་རྒྱུར་བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པ་འགྲོ་དགོས། དེའི་རྒྱུར་དབང་མཚན་ཉིད་ཚང་བ་ཐོབ་སྟེ་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་འགྲོ་དགོས། དེའི་རྒྱུར་སྨོན་སེམས་དང་མཇུག་སྡོམ་བླངས་ཏེ། རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སློབ་པའི་སྐྱེས་བུ་ཆེན་པོའི་ལམ་འགྲོ་དགོས། དེའི་རྒྱུར་འཁོར་བའི་སྡུག་བསྔལ་གྱི་ཉེས་དམིགས་མཐོང་སྟེ་ཐར་པ་ལ་དོན་གཉེར་གྱིས་བསླབ་པ་གསུམ་ལ་ཚུལ་བཞིན་དུ་སློབ་པའི་སྐྱེས་བུ་འབྲིང་གི་ལམ་འགྲོ་དགོས། དེའི་རྒྱུར་འཆི་བ་མི་རྟག་པ་དང་། ངན་སོང་གསུམ་གྱི་ཉེས་དམིགས་མཐོང་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་སྐྱེ་བས། མི་དགེ་བཅུ་སྤོང་གི་སྐྱེས་བུ་ཆུང་ངུའི་ལམ་འགྲོ་དགོས། དེའི་རྒྱུར་དལ་འབྱོར་དོན་ཆེ་རྙེད་དཀར་བསམས་པ་འགོ་དགོས། དེའི་རྒྱུར་ལམ་གྱི་རྩ་བ་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པ་འགྲོ་དགོས་པ་ཡིན་ནོ། །དམིགས་པའི་ཞིབ་ཆ་རྣམས་ཤེས་དགོས་པ་ཡོད་ལགས་སོ། །ཨྠྀ། དགེའོ། །
སྦྱོར་དྲུག་ཁྲིད་ཀྱི་དམིགས་རིམ་ལག་རྗེས་འདི།
བློ་བཟང་གྲགས་པའི་ཞལ་ཤེས་སྙན་བརྒྱུད་ཡིན།
སྲོག་བས་གཅེས་བཟུང་སྣོད་མིན་གསང་བ་གཅེས།
རྩེ་གཅིག་སྒྲུབས་དང་སངས་རྒྱས་ལག་མཐིལ་ཡོད། མདྒ་ལཾ། །