Tuesday, 25 March 2025

བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག །སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད།

སེམས་བསྐྱེད་པ་དང་སྡོམ་པའི་ཆོ་གའི་རིམ་པ།

རྒྱ་གར་སྐད་དུ། ཙིཏྟ་ཨུཏྤཱ་ད་སམྦ་ར་བི་དྷི་ཀྲ་མ། 

བོད་སྐད་དུ། སེམས་བསྐྱེད་པ་དང་སྡོམ་པའི་ཆོ་གའི་རིམ་པ། 

འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །

ངན་སོང་ཐམས་ཅད་འཇིག་པ་དང༌། །སྒྲིབ་པ་ཐམས་ཅད་ལས་གྲོལ་ཞིང༌། །རྫོགས་སངས་གོ་འཕང་སྩོལ་མཛད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །

རྫོགས་སངས་རྒྱས་དང་དམ་པའི་ཆོས། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང༌། །དེ་བཞིན་བྱང་ཆུབ་སེམས་དཔའ་ཡི། །སྡོམ་པའི་རིམ་པ་བྲི་བར་བྱ། །

དེ་ལ་དང་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བ་དང༌། མཆོད་པའི་ཆོ་ག་ལ་སོགས་པ་སྔོན་དུ་སོང་བས། དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས། འདི་སྐད་ཅེས་གསོལ་བ་གདབ་པར་བྱ་སྟེ། 

ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་བཞུགས་པ་རྣམས་ཀྱིས་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་སློབ་དཔོན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གསོལ། ཞེས་ལན་གསུམ་གྱི་བར་དུ་བརྗོད་དོ། །

དེ་ལྟར་གསོལ་བ་བཏབ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི།  

སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་ནས། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །

སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཆོས་རྣམས་ཀྱི་མཆོག་ཞི་བ་འདོད་ཆགས་དང་བྲལ་བའི་ཆོག་རྣམས་ལ་སྐྱབས་སུ་མཆིའོ། །

སློབ་དཔོན་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། 

ཞེས་ལན་གསུམ་དུ་བརྗོད་དོ། །

དེ་ལྟར་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་བྱས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡིད་ཀྱིས་དམིགས་ཏེ། ཕྱག་བཙལ་བ་དང༌། ཅི་འབྱོར་བའི་མཆོད་པ་ལ་སོགས་པ་བྱས་ལ། སློབ་དཔོན་མདུན་དུ་བྱས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་པའམ་ཙོག་པུར་ཡང་རུང་བས་འདུག་སྟེ། ཐལ་མོ་སྦྱར་བས་སེམས་བསྐྱེད་པར་བྱ་སྟེ། 

 ཕྱོགས་བཅུ་རྣམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སྐྱེ་བ་འདི་དང་སྐྱེ་བ་གཞན་དང་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང༌། ཚུལ་ཁྲིམས་ཀྱི་རང་བཞིན་དང༌། བསྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ་བདག་གིས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་ལ་སེམས་བསྐྱེད་པར་བྱའོ། །སེམས་ཅན་མ་བརྒལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ། །

ཞེས་ལན་གསུམ་དུ་བརྗོད་པར་བྱའོ། ། 

དེ་ལྟར་སློབ་དཔོན་མེད་ཀྱང་བདག་ཉིད་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོག་ནི།  དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ལ་བསམས་ཏེ། ཕྱག་འཚལ་བ་དང༌། མཆོད་པའི་ཆོ་ག་ལ་སོགས་པ་བྱས་ནས། གསོལ་བ་གདབ་པ་དང་སློབ་དཔོན་ཞེས་པའི་ཚིག་སྤངས་པའི་སྐྱབས་སུ་འགྲོ་བ་ལ་སོགས་པའི་གོ་རིམས་གོང་མ་བཞིན་དུ་བྱའོ། །

དེ་ལྟར་སེམས་བསྐྱེད་པའི་གང་ཟག་གིས་བྱང་ཆུབ་ཀྱི་སེམས་སྤེལ་བར་བྱ་བའི་ཕྱིར་ཐ་ན་ཉིན་ལན་གསུམ་མཚན་ལན་གསུམ་དུ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །

བྱང་ཆུབ་ཀྱི་སེམས་ཉམས་པར་བྱེད་པའི་ཆོས་བཞི་ལས་ལྡོག་པར་བྱ་སྟེ། བཞི་གང་ཞེ་ན། བླ་མ་དང་མཆོད་པར་འོས་པ་སླུ་བ་དང༌། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་དང༌། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གིས་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པ་དང༌། སེམས་ཅན་ཐམས་ཅད་ལ་གཡོ་དང་སྒྱུས་སྤྱོད་པའོ། །

བྱང་ཆུབ་ཀྱི་སེམས་མི་ཉམས་པར་བྱེད་པའི་ཆོས་བཞི་ལ་བསླབ་པར་བྱ་སྟེ། བཞི་གང་ཞེ་ན། སྲོག་གི་ཕྱིར་ཡང་བསམས་བཞིན་དུ་བརྫུན་མི་སྨྲ་བ་དང༌། སེམས་ཅན་ཐམས་ཅད་ལྷག་པའི་བསམ་པ་རྣམ་པར་དག་པས་གནས་པར་བྱའི་གཡོ་དང་སྒྱུས་མ་ཡིན་པ་དང༌། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་ཕྱོགས་བཅུར་ཡང་དག་པའི་ཡོན་ཏན་བརྗོད་པར་བྱ་བ་དང༌། སེམས་ཅན་འགའ་ཞིག་དགེ་བ་ལ་འགོད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོད་ཀྱི་ཉན་ཐོས་དང་རང་སངས་རྒྱས་ལ་ནི་མ་ཡིན་ནོ། །ཁྱད་པར་དུ་མངོན་པར་ཤེས་པ་མྱུར་དུ་ཐོབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པའི་ཆོས་བདུན་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལ་བསླབ་པར་བྱའོ། །

བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་ནི། སྡོང་པོ་བཀོད་པའི་མདོ་ལ་སོགས་པ་ལས་ཤེས་པར་བྱའོ། །

དེ་ལ་དང་པོར་ཆོ་ག་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ལེགས་པར་སློབ་པར་འདོད་པས། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག་ཤེས་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་འབོགས་པའི་སྒོ་ནས་སློབ་མ་རྗེས་སུ་གཟུང་བར་ནུས་པའི་དགེ་བའི་བཤེས་གཉེན་ལ་ཕྱག་བྱས་ཏེ། དེའི་རྐང་པ་ལ་གཏུགས་ནས་གསོལ་བ་གདབ་པ་ནི། 

  སློབ་དཔོན་ཁྱོད་ལས་བདག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་དེ་ལན་བར་འཚལ་གྱིས། དེ་ལ་གནོད་པ་མ་མཆིས་ན་བདག་ལ་ཐུགས་བརྩེ་བའི་སླད་དུ་ཅུང་ཟད་ཅིག་གསན་ཅིང་སྩལ་བའི་རིགས་སོ།  

 ཞེས་དེ་ལྟར་ལན་གསུམ་གྱི་བར་དུ་གསོལ་བ་གདབ་པར་བྱའོ། །

རིགས་ཀྱི་བུ་ཁྱོད་ཉོན་ཅིག །ཁྱོད་འདི་ལྟར་སེམས་ཅན་མ་བརྒལ་བ་རྣམས་བསྒྲལ་བ་དང༌། མ་གྲོལ་བ་རྣམས་དགྲོལ་བ་དང༌། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བ་དང༌། སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་འདོད་དམ། དེ་ལས་ཁྱོད་ཀྱིས་སེམས་བསྐྱེད་པ་བརྟན་པ་དང་ཡི་དམ་བརྟན་པར་བྱའོ། །གཞན་དང་འགྲན་པའི་ཆེད་དུ་མ་ཡིན་ནམ། གཞན་གྱི་ནན་གྱིས་ལན་དུ་བཅུག་པ་མ་ཡིན་ནམ། 

ཞེས་འདྲིའོ། །

དེའི་འོག་ཏུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ལུགས་སྐུའམ་རས་རིས་ལ་སོགས་པ་མདུན་དུ་བཞུགས་པ་དང༌། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་དུ་བསམ་ལ། ཅི་ནུས་པའི་ཕྱིའི་མཆོད་པ་ལྔས་མཆོད་པ་དང་ཕྱག་བྱས་ལ། དེ་མ་ཐག་ཏུ་དགེ་བའི་བཤེས་གཉེན་སྟན་མཐོན་པོ་ལ་འདུག་པ་ལ་སྟོན་པའི་འདུ་ཤེས་ཀྱིས་ཕྱག་བྱས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་པའམ་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་ནས་དགེ་བའི་བཤེས་གཉེན་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་ནོད་པས་འདི་ལྟར་བསྐུལ་བར་བྱ་སྟེ། 

སློབ་དཔོན་གྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བདག་ལ་མྱུར་དུ་སྩལ་དུ་གསོལ། ཞེས་དེ་ལྟར་ལན་གསུམ་དུ་དགེ་བའི་བཤེས་གཉེན་ལ་བསྐུལ་ནས། དེ་ནས་དགེ་བའི་བཤེས་གཉེན་འདུག་པའམ་ལངས་པ་ཡང་རུང་སྟེ། དེས་བྱང་ཆུབ་སེམས་དཔའི་སྡོམ་པ་ནོད་པ་དེ་དག་ལ་འདི་སྐད་ཅེས་དྲི་བ་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ་ཞེས་དྲིས་པ་ན། ལེན་པའི་བྱང་ཆུབ་སེམས་དཔའ་དེས་ཀྱང་བཏབ་ལགས་སོ་ཞེས་ཁས་བླང་བར་བྱའོ། ། 

དེ་ནས་མི་ཟད་པ་དཔག་ཏུ་མེད་པ་བླ་ན་མེད་པའི་བསོད་ནམས་ཀྱི་གཏེར་ཆེན་པོར་གྱུར་པ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་བྱང་ཆུབ་སེམས་དཔའི་སྡོམ་པ་རིང་པོར་མི་ཐོགས་པར་ཐོབ་པར་འགྱུར་རོ་ཞེས་སྙམ་དུ་བསམ་ཞིང་སེམས་རབ་ཏུ་དང་བར་གྱུར་པས་དགའ་བ་དང་བཅས་པས་ཅང་མི་སྨྲ་བར་ཐལ་མོ་སྦྱར་ཏེ་འདུག་པར་བྱའོ། །

དེ་ནས་དགེ་བའི་བཤེས་གཉེན་དེས་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་ཐམས་ཅད་དང་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་མདོར་བསྡུས་པ་སློབ་མ་ལ་གོ་བར་བྱས་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སློབ་པའི་གཞི་རྣམས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཚུལ་ཁྲིམས་དེ་དག་ཅི་བདག་ལས་ལེན་པར་འདོད་དམ། ཞེས་སློབ་མ་ལ་འདྲི་བར་བྱའོ། །དེས་དེ་ལྟར་ལེན་པར་འཚལ་ལོ་ཞེས་ཁས་ལེན་པར་གྱུར་ན། བྱང་ཆུབ་སེམས་དཔའི་སྡོམ་པ་སྦྱིན་པར་བྱ་སྟེ། བཙུན་པའམ། ཚེ་དང་ལྡན་པའམ། རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་ཁྱོད་བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས། འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང༌། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང༌། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པའི་བསླབ་པའི་གཞི་གང་དག་དང་ཚུལ་ཁྲིམས་གང་དག་ལ། འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབ་པར་གྱུར་པ་དང༌། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སློབ་པར་འགྱུར་བ་དང༌། ཕྱོགས་བཅུ་བདག་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟར་སློབ་པའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ནོད་དམ་ཞེས་སྨྲོས་ཤིག །དེས་ཀྱང་ནོད་ལགས་སོ་ཞེས་སྨྲོས་ཤིག དེ་ལྟར་སློབ་དཔོན་གྱིས་ལན་གསུམ་གྱི་བར་དུ་ལེན་ནམ་ཞེས་བརྗོད་ཅིང་སློབ་མས་རབ་ཏུ་ལེན་ལགས་སོ་ཞེས་ལན་གསུམ་བརྗོད་པས་སྡོམ་པ་བླངས་པར་འགྱུར་རོ། ། 

དེ་ནས་དགེ་བའི་བཤེས་གཉེན་དེས། སློབ་མ་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་བྱིན་ནས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ལྔས་ཕྱག་འཚལ་བ་སྔོན་དུ་འགྲོ་བས་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་ལན་གསུམ་བརྗོད་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བས། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱ་བ་ལན་གསུམ་གྱི་བར་དུ་མནོས་ལགས་ཏེ། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་འདིས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ། བདག་མིང་འདི་ཞེས་བགྱི་བ་དཔང་དུ་གྱུར་པར་འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐས་གཏུགས་པའི་ཆོས་ཐམས་ཅད་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་ཐམས་ཅད་ལ་མཁྱེན་པར་གསོལ་ལོ། ཞེས་ལན་གསུམ་གྱི་བར་དུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བརྗོད་དེ། ཕྱག་བཙལ་ནས་བླ་མ་དང་སློབ་མ་ལྡང་བར་བྱའོ། ། 

དེ་ནས་ལངས་ལ་དགེ་བའི་བཤེས་གཉེན་གྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་མནོས་པའི་བྱང་ཆུབ་སེམས་དཔའ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །འདི་ནི་ཆོས་ཉིད་ཡིན་ཏེ། གང་གི་ཚེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་ལེན་པའི་ལས་བརྗོད་པ་རྫོགས་པ་དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་ལྟ་བུའི་ལྟས་འབྱུང་བར་འགྱུར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་འདི་ལྟར་སངས་རྒྱས་ཀྱི་ཞིང་ག་གེ་མོ་ཞིག་ན། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བས་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་པ་མནོས་སོ་ཞེས་ཡང་དག་པར་མཁྱེན་པར་འགྱུར་རོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ཆོས་ཀྱི་བརྩེ་བས་བུ་དང་སྤུན་ཟླའི་དགོངས་པ་མཛད་ལ་དེ་ལྟར་དགོངས་པ་མཛད་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་བར་འགྱུར་རོ། ཞེས་བྱ་བ་བརྗོད་པར་བྱའོ། ། 

དེ་ནས་དགེ་བའི་བཤེས་གཉེན་དེས་བྱང་ཆུབ་སེམས་དཔའ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག །བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་པ་འདི་དད་པ་མེད་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། གང་གི་ཕྱིར། དད་པ་མེད་པ་རྣམས་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་རབ་ཏུ་བསྟན་ན། དད་པ་མེད་པའི་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའི་སྡོམ་པ་མ་དད་པས་སྤོང་བར་བྱེད་དེ། དེས་ན་ཇི་སྙེད་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ་ལ་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་བ་དེ་སྙེད་ཀྱི་བསོད་ནམས་མ་ཡིན་པའི་ཕུང་པོ་མ་དད་པ་དེ་དང་ལྡན་པར་འགྱུར་རོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔས་སེམས་ཅན་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་བསྲུང་བར་བྱ་བ་ཡིན་པས་གཞན་སྡིག་པ་ལས་བཟློག་པར་བྱ་སྟེ། དེའི་ཕྱིར་མཆོག་ཏུ་དགེ་བའི་བྱང་ཆུབ་སེམས་དཔས་གསང་བར་བྱ་བ་ཡིན་ནོ། །

དེ་ནས་བསླབ་པའི་གཞི་ཕམ་པའི་གནས་སུ་གྱུར་པ་སྡོམ་པ་འཇིག་པའི་རྒྱུ་བསྟན་ཅིང༌། ཉེས་བྱས་ཀྱི་ལྟུང་བ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་ཡང་བསྟན་པར་བྱའོ། །

དགེ་བའི་བཤེས་གཉེན་གྱིས་མདོར་བསྡུས་པ་བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ་དང༌། བྱང་ཆུབ་སེམས་དཔའི་སའི་ཚུལ་ཁྲིམས་ཀྱི་ལེའུ་བཤད་པར་བྱའོ། །

བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག །སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།

རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བ་ལགས་སོ། །སླད་ཀྱིས་པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བཅོས་ཤིང་གཏན་ལ་ཕབ་པ།། །།

པར་གྱི་ཁུངས་དྲ་བའི་སྦྲེལ་ཐགhttp://www.tb1025.cn 

༄༅། །བྱང་སེམས་ནོར་བུའི་འཕྲེང་བ།

 

༄༅། །བྱང་སེམས་ནོར་བུའི་འཕྲེང་བ།

རྒྱ་གར་སྐད་དུ། བོ་དྷི་སཏྭ་མ་ཎི་ཨཱ་ཝ་ལི། 

བོད་སྐད་དུ། བྱང་ཆུབ་སེམས་དཔའི་ནོར་བུའི་འཕྲེང་བ། 

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །

དད་པའི་ལྷ་ལ་ཕྱག་འཚལ་ལོ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །

ཐེ་ཚོམ་ཐམས་ཅད་རྣམ་སྤངས་ཤིང༌། །སྒྲུབ་ལ་ནན་ཏན་གཅེས་སུ་བྱ། །

གཉིད་རྨུགས་ལེ་ལོ་སྤང་བྱ་ཞིང༌། །རྟག་ཏུ་བརྩོན་འགྲུས་འབད་པར་བྱ། །

དྲན་དང་ཤེས་བཞིན་བག་ཡོད་པས། །དབང་པོའི་སྒོ་རྣམས་རྟག་ཏུ་སྲུངས། །

ཉིན་མཚན་དུས་གསུམ་ཡང་དང་ཡང༌། །སེམས་ཀྱི་རྒྱུད་ལ་བརྟག་པར་བྱ། །

བདག་གི་ཉེས་པ་བསྒྲག་བྱ་ཞིང༌། །གཞན་གྱི་འཁྲུལ་པ་བཙལ་མི་བྱ། །

གཞན་གྱི་ཡོན་ཏན་བསྒྲག་བྱ་ཤིང་། །བདག་གི་ཡོན་ཏན་སྦ་བར་བྱ། །

རྙེད་དང་བཀུར་སྟི་སྤང་བར་བྱ། །ཁེ་གྲགས་རྟག་ཏུ་སྤང་བར་བྱ། །

བྱམས་དང་སྙིང་རྗེ་སྒོམ་བྱ་ཞིང༌། །བྱང་ཆུབ་སེམས་ནི་བརྟན་པར་བྱ། །

མི་དགེ་བཅུ་པོ་སྤང་བྱ་ཞིང༌། །རྟག་ཏུ་དད་པ་བརྟན་པར་བྱ། །

འདོད་པ་ཆུང་ཞིང་ཆོག་ཤེས་དང༌། །བྱས་པ་དྲིན་དུ་གཟོ་བར་བྱ། །

ཁྲོ་དང་ང་རྒྱལ་གཞོམ་བྱ་ཞིང༌། །དམན་པའི་སེམས་ཀྱང་ལྡན་པར་བྱ། །

ལོག་པས་འཚོ་བ་རྣམས་སྤང་ཞིང༌། །ཆོས་ཀྱི་འཚོ་བས་འཚོ་བར་བྱ། །

ཟང་ཟིང་ཐམས་ཅད་རྣམ་སྤང་ཞིང༌། །འཕགས་པའི་ནོར་གྱིས་རྒྱན་པར་བྱ། །

དད་པའི་ནོར་དང་ཚུལ་ཁྲིམས་ནོར། །ཁྲེལ་ཡོད་ངོ་ཚ་ཤེས་པའི་ནོར། །ཐོས་པའི་ནོར་དང་གཏོང་བའི་ནོར། །ཤེས་རབ་ཉིད་ཀྱི་ནོར་བདུན་ནོ། །ནོར་གྱི་རྣམ་པ་འདི་དག་ནི། །མི་ཟད་པའི་གཏེར་བདུན་ཏེ། །མི་མ་ཡིན་ལ་བརྗོད་མི་བྱ། །

རྟག་ཏུ་འདུ་འཛི་སྤང་བྱ་ཞིང༌། །དགོན་པ་ལ་ནི་གནས་པར་བྱ། །

འཁྱལ་པའི་ཚིག་ནི་སྤང་བྱ་ཞིང༌། །ངག་རྣམས་རྟག་ཏུ་བསྡམ་པར་བྱ། །

བླ་མ་མཁན་པོ་མཐོང་བའི་ཚེ། །གུས་པར་རིམ་གྲོ་བསྐྱེད་པར་བྱ། །

གང་ཟག་ཆོས་ཀྱི་མིག་ཅན་དང༌། །ལས་དང་པོ་པའི་སེམས་ཅན་ལ། །སྟོན་པའི་འདུ་ཤེས་བསྐྱེད་པར་བྱ། །

སེམས་ཅན་ཐམས་ཅད་མཐོང་བའི་ཚེ། །ཕ་མ་བུ་ཚའི་འདུ་ཤེས་བསྐྱེད། །

སྡིག་པའི་གྲོགས་པོ་སྤང་བྱ་ཞིང༌། །དགེ་བའི་བཤེས་གཉེན་བསྟེན་པར་བྱ། །སྡང་དང་མི་བདེའི་ས་སྤང་ཞིང༌། །གང་དུ་བདེ་བར་འགྲོ་བར་བྱ། །

གང་ལ་ཆགས་པ་སྤང་བྱ་ཞིང༌། །ཆགས་པ་མེད་པར་གནས་པར་བྱ། །ཆགས་པས་བདེ་འགྲོ་མི་འཐོབ་ཅིང༌། །ཐར་པའི་སྲོག་ཀྱང་གཅོད་པར་བྱེད། །

གང་དུ་དགེ་བའི་ཆོས་མཐོང་བ། །དེར་ནི་རྟག་ཏུ་འབད་པར་བྱ། །

ཐོག་མ་བརྩམས་པ་གང་ཡིན་པ། །དང་པོ་ཉིད་ཏུ་བསྒྲུབ་བྱ་སྟེ། །དེ་ལྟ་ན་ནི་ཀུན་ལེགས་བྱས། །གཞན་དུ་གཉིས་ཀ་འགྲུབ་མི་འགྱུར། །

རྟག་ཏུ་སྡིག་ལ་དགའ་བྲལ་བྱ། །གང་དུ་མཐོ་བའི་སེམས་བྱུང་ཚེ། །དེ་ཚེ་ང་རྒྱལ་བཅག་བྱ་ཞིང༌། །བྲམ་ཟེའི་གདམས་ངག་དྲན་པར་བྱ། །

ཞུམ་པའི་སེམས་ནི་བྱུང་བའི་ཚེ། །སེམས་ཀྱི་གཟེང་ནི་སྟོད་པར་བྱ། །རྟག་ཏུ་སྟོང་ཉིད་བསྒོམ་པར་བྱ། །

གང་དུ་ཆགས་སྡང་ཡུལ་བྱུང་དེར། །སྒྱུ་མ་སྤྲུལ་པ་བཞིན་དུ་བལྟ། 

།མི་སྙན་ཚིག་རྣམས་ཐོས་པའི་ཚེ། །བྲག་ཆ་བཞིན་དུ་ལྟ་བར་བྱ། །

ལུས་ལ་གནོད་པ་བྱུང་བའི་ཚེ། །སྔོན་གྱི་ལས་སུ་བལྟ་བར་བྱ། །

བས་མཐའ་དགོན་པར་རབ་གནས་ཤིང༌། །རི་དྭགས་ཤི་བའི་རོ་བཞིན་དུ། །བདག་གིས་བདག་ནི་སྦ་བྱ་ཞིང༌། །ཆགས་པ་མེད་པར་གནས་པར་བྱ། །

རྟག་ཏུ་ཡི་དམ་བརྟན་བྱ་ཞིང༌། །ལེ་ལོ་རྙོག་པའི་སེམས་བྱུང་ཚེ། །དེ་ཚེ་བདག་ལ་རྔན་བགྲང་ཞིང༌། །བརྟུལ་ཞུགས་སྙིང་པོ་དྲན་པར་བྱ། །

གལ་ཏེ་གཞན་དག་མཐོང་བའི་ཚེ། །ཞི་དེས་གསོང་པོར་སྨྲ་བ་དང༌། །ཁྲོ་གཉེར་ངོ་འཛུམ་སྤང་བྱ་ཞིང༌། །རྟག་ཏུ་འཛུམ་ཤིང་གནས་པར་བྱ། །

རྟག་ཏུ་གཞན་དག་མཐོང་བའི་ཚེ། །སེར་སྣ་མེད་ཅིང་སྦྱིན་ལ་དགའ། །རྟག་ཏུ་ཕྲག་དོག་སྤང་བར་བྱ། །

གཞན་གྱི་སེམས་ནི་བསྲུང་བའི་ཕྱིར། །རྩོད་པ་ཐམས་ཅད་སྤང་བྱ་ཞིང༌། །རྟག་ཏུ་བཟོད་དང་ལྡན་པར་བྱ། །

ངོར་དགའ་མེད་ཅིང་གསར་འགྲོགས་མེད། །རྟག་ཏུ་ཟུངས་ནི་ཐུབ་པར་བྱ། །གཞན་ལ་བརྙས་པ་སྤང་བར་བྱ། །གུས་པའི་ཚུལ་གྱིས་གནས་པར་བྱ། །

གཞན་ལ་གདམ་ངག་བྱེད་པའི་ཚེ། །སྙིང་རྗེ་ཕན་སེམས་ལྡན་པར་བྱ། །ཆོས་ལ་སྐུར་པ་གདབ་མི་བྱ། །གང་མོས་འདི་ལ་འདུན་པར་བྱ། །

ཆོས་སྤྱོད་རྣམ་བཅུའི་སྒོ་ནས་ནི། །ཉིན་མཚན་མེད་པར་འབད་པར་བྱ། །

མང་པོའི་ནང་དུ་ངག་ལ་བརྟག །གཅིག་པུ་འདུག་ན་སེམས་ལ་བརྟག །

དུས་གསུམ་དགེ་རྩ་ཅི་བསགས་པ། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །

བསོད་ནམས་སེམས་ཅན་རྣམས་ལ་བརྡར། །རྟག་ཏུ་ཡན་ལག་བདུན་པ་ཡི། །སྨོན་ལམ་ཆེན་པོ་གདབ་པར་བྱ། །

དེ་ལྟར་བྱས་ན་བསོད་ནམས་དང༌། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་འགྱུར། །སྒྲིབ་པ་གཉིས་ཀྱང་ཟད་པར་འགྱུར། །མི་ལུས་ཐོབ་པ་དོན་ཡོད་པས། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །

རྒྱ་གར་གྱི་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་རྫོགས་སོ།། །།

༄༅། །མཉམ་མེད་ཇོ་བོ་ཆེན་པོ་རྒྱ་གར་དུ་ཕེབས་ཁར་ལྷ་བྱང་ཆུབ་འོད་ལ་ཞལ་གདམས་སུ་སྩལ་བ་ཐར་འདོད་དཔའ་བོའི་སྙིང་ནོར་ཞེས་བྱ་བ་བཞུགས་སོ། །


༄༅། །མཉམ་མེད་ཇོ་བོ་ཆེན་པོ་རྒྱ་གར་དུ་ཕེབས་ཁར་ལྷ་བྱང་ཆུབ་འོད་ལ་ཞལ་གདམས་སུ་སྩལ་བ་ཐར་འདོད་དཔའ་བོའི་སྙིང་ནོར་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་བྷྱཿ།
ཇོ་བོ་རྗེ་ཉིད་དང་པོ་མངའ་རིས་སུ་བྱོན་པའི་དུས་ན་མངའ་རིས་སུ་ལོ་གཉིས་བཞུགས་ནས། ལྷ་བྱང་ཆུབ་འོད་ཀྱིས་དབུ་མཛད་པ་རྣམས་ལ་གདམས་པ་མང་པོ་གནང་ནས་རྒྱ་གར་དུ་གཤེགས་པར་དགོངས་ནས་ལམ་དུ་བཞུད་ཁར། ལྷ་བྱང་ཆུབ་འོད་ཀྱིས་ད་དུང་ཞལ་གདམས་ཤིག་ཞུ་བྱས་པས། ཇོ་བོའི་ཞལ་ནས་སྔར་གྱི་དེས་ཆོག་ལགས་གསུངས་པ་ལ། ལྷས་ནན་བསྐྱེད་པས་གདམས་པ་འདི་གནང་བའོ། །

 
ཨེ་མ་ཧོ། མཁྱེན་པ་མཐོ་ཞིང་ཐུགས་དགོངས་ཤིན་ཏུ་གསལ་བའི་གྲོགས་དག་ལ། །
རང་འཁོས་མེད་པའི་བློ་དམན་བདག་གིས་མཆིད་གྲོས་གསོལ་བར་མི་རིགས་ཀྱང༌། །
སྙིང་བས་གཅེས་པའི་གྲོགས་པོ་དམ་པ་ཁྱེད་ཀྱིས་བདག་ལ་བསྐུལ་བས་ན། །
བྱིས་པ་བློ་ཆུང་བདག་གིས་གྲོགས་ཀྱི་ཐུགས་ལ་མཆིད་གྲོས་འདི་འདེབས་སོ། །


གྲོགས་དག་བྱང་ཆུབ་མ་ཐོབ་བར་དུ་བླ་མ་དགོས་པས་བཤེས་གཉེན་དམ་པ་བསྟེན། །
གནས་ལུགས་མ་རྟོགས་བར་དུ་ཐོས་པ་དགོས་པས་བླ་མའི་གདམས་ངག་ཉོན། །
ཆོས་ནི་ཤེས་པ་ཙམ་གྱིས་སངས་མི་རྒྱ་བས་ཤེས་པས་མི་ཆོག་ཉམས་སུ་ལོངས། །
སེམས་ལ་གནོད་པའི་ཡུལ་དང་ཐག་སྲིངས་རྟག་ཏུ་དགེ་བ་འཕེལ་སར་སྡོད། །
 

བརྟན་པ་མ་ཐོབ་བར་དུ་འདུ་འཛིས་གནོད་པས་དབེན་པའི་ནགས་ཁྲོད་བསྟེན། །
ཉོན་མོངས་སྐྱེ་བའི་གྲོགས་པོ་སྤོངས་ལ་དགེ་འཕེལ་གྲོགས་བསྟེན་དེ་སེམས་ཟུངས། །
ནམ་ཡང་བྱ་བའི་ལས་ལ་ཟིན་པ་མེད་པས་ཞོག་ལ་ལྷན་གྱིས་སྡོད། །
ཉིན་མཚན་རྟག་ཏུ་དགེ་བ་བསྔོ་ཞིང་རྟག་ཏུ་རང་སེམས་བྱ་ར་གྱིས། །
 

མན་ངག་ཡོད་པས་བསྒོམ་པ་མིན་ནམ་ཅི་བྱེད་བླ་མའི་གསུང་བཞིན་སྒྲུབས། །
གུས་པ་ཆེན་པོས་བསྒྲུབས་ན་རིང་པོར་མི་ཐོགས་འབྲས་བུ་འཕྲལ་དུ་འབྱུང༌། །
སྙིང་ནས་ཆོས་བཞིན་བྱས་ན་ལྟོ་རྒྱབ་གཉིས་ཀ་ཞོར་ལ་འབྱུང་ཚུལ་འདུག །
གྲོགས་དག་འདོད་པ་རྣམས་ལ་ཚ་ཆུ་འཐུངས་བཞིན་ངོམས་པ་མེད་པས་ཆོག་ཤེས་མཛོད། །
 

དྲེགས་རློམ་ང་རྒྱལ་ཁེངས་པའི་སེམས་ཀུན་སྨོད་ལ་ཞི་ཞིང་དུལ་བར་གྱིས། །
བསོད་ནམས་ཟེར་བའི་འདུ་འཛི་དེ་ཡང་ཆོས་ཀྱི་བར་ཆད་ཡིན་པས་སྤོངས། །
རྙེད་དང་བཀུར་སྟི་བདུད་ཀྱི་ཞགས་པ་ཡིན་པས་སྲང་ཁའི་རྡོ་བཞིན་སོལ། །
བསྟོད་དང་གྲགས་པའི་ཚིག་རྣམས་བསླུ་བྲིད་ཡིན་པས་མཆིལ་སྣབས་བཞིན་དུ་དོར། །
 

ད་ལྟའི་བདེ་སྐྱིད་གཉེན་གསུམ་འཛོམ་ཡང་ཡུད་ཙམ་ཡིན་པས་རྒྱབ་ཏུ་སྐྱུར། །
འདི་བས་ཕྱི་མ་རིང་བས་ཕྱི་མའི་རྒྱགས་ཁྱེར་ནོར་རྣམས་གཏེར་དུ་སྦོས། །
ཐམས་ཅད་བོར་ནས་འགྲོ་བས་ཅིས་ཀྱང་བྱར་མེད་གང་ལའང་ཞེན་མེད་གྱིས། །
དམན་པ་རྣམས་ལ་སྙིང་རྗེ་སྐྱེད་ལ་ཁྱད་དུ་གསོད་དང་བརྙས་པ་སྤོངས། །
 

དགྲ་ཟིན་སྡེ་རིས་ཀུན་ལ་ཞེན་ཅིང་ཆགས་པའི་ཕྱོགས་རིས་མེད་པར་མཛོད། །
ཡོན་ཏན་ཅན་ལ་ཕྲག་དོག་མི་བྱ་གུས་པར་གྱིས་ལ་ཡོན་ཏན་བླང༌། །
གཞན་སྐྱོན་མ་བརྟགས་རང་སྐྱོན་བརྟགས་ལ་རང་སྐྱོན་ཁྲག་ངན་བཞིན་དུ་ཕྱུང༌། །
རང་དགེ་མ་བསམས་གཞན་དགེ་བསམས་ལ་ཀུན་ལ་བྲན་བཞིན་གུས་པར་མཛོད། །
 

འགྲོ་བ་ཀུན་ལ་ཕ་མའི་འདུ་ཤེས་བསྐྱེད་ལ་བུ་བཞིན་བྱམས་པར་གྱིས། །
རྟག་ཏུ་འཛུམ་པའི་བཞིན་དང་བྱམས་པའི་ཡིད་ཀྱིས་ཁྲོ་མེད་གསོང་པོར་སྨྲོས། །
འབྲེལ་མེད་སྨྲ་བ་མང་ན་འཁྲུལ་པ་འབྱུང་བས་ཚོད་བཟུང་རན་པར་སྨྲོས། །
དོན་མེད་བྱ་བ་མང་ན་དགེ་སྦྱོར་འཆག་པས་ཆོས་མིན་བྱ་བ་ཞོག །
 

སྙིང་པོ་མེད་པའི་ལས་ལ་རྩོལ་བ་མ་ཆེ་ངལ་བ་དོན་མེད་ཡིན། །
གང་ཡང་འདོད་ཁར་མི་མཆི་ཕ་རོལ་ལས་ལས་གྲུབ་པས་ལྷོད་ཀྱིས་གློད་ན་བདེ། །
ཀ་ཡེ་དམ་པས་ཁྲེལ་ན་ཤི་དང་འདྲ་བས་གཡོ་མེད་དྲང་པོར་སྲོང༌། །
ཚེ་འདིའི་བདེ་སྡུག་སྔ་མའི་ལས་ལས་བྱུང་བས་གཞན་ལ་གྱོད་མི་གདའ། །
 

བདེ་བ་ཐམས་ཅད་བླ་མའི་བྱིན་རླབས་ལགས་པས་དྲིན་དུ་གཟོ་བར་མཛོད། །
རང་རྒྱུད་མ་ཐུལ་བར་དུ་གཞན་རྒྱུད་མི་ཐུལ་བས་ན་ཐོག་མར་རང་རྒྱུད་ཐུལ། །
མངོན་ཤེས་མེད་པར་གཞན་དག་སྨིན་པར་མི་ནུས་པས་ན་སྒྲུབ་ལ་བརྩོན་པར་མཛོད། །
བསགས་པའི་ནོར་རྣམས་བཞག་ནས་འགྲོ་བར་ངེས་པས་ནོར་ཕྱིར་སྡིག་མ་སོགས། །
 

ལོངས་སྤྱོད་གཡེང་བ་འདི་ལ་སྙིང་པོ་མེད་པས་སྦྱིན་པ་ཡོན་གྱིས་བརྒྱན་པ་ཐོང༌། །
ཚེ་འདིར་མཛེས་ཤིང་ཕྱི་མར་བདེ་བས་རྟག་ཏུ་ཚུལ་ཁྲིམས་རྣམ་དག་སྲུངས། །
སྙིགས་མའི་དུས་ན་ཞེ་སྡང་བདོ་བས་ཁྲོ་མེད་བཟོད་པའི་གོ་ཆ་གྱོན། །
ལེ་ལོའི་དབང་གིས་ད་རུང་ལུས་པས་སྒྲུབ་པའི་བརྩོན་འགྲུས་མེ་ལྟར་སྤོར། །
 

ཡེངས་མ་ལམ་དུ་མི་ཚེ་ཟད་པས་ད་ནི་བསམ་གཏན་བྱ་བར་རན། །
ལོག་ལྟའི་དབང་གིས་གནས་ལུགས་དོན་མི་རྟོགས་པས་ཡང་དག་དོན་ལ་གཞིགས། །
གྲོགས་དག་འཁོར་བའི་འདམ་རྫབ་འདི་ན་སྐྱིད་མེད་ཐར་པའི་སྐམ་སར་གཤེགས། །
བླ་མའི་གདམས་ངག་ཚུལ་བཞིན་བསྒོམས་ལ་འཁོར་བའི་སྡུག་བསྔལ་ཆུ་བོ་སྐེམས། །
 

རང་གི་སེམས་ལ་ཆོངས་དང་ཁ་ཚིག་མིན་གྱིས་གྲོས་ལ་གསན་པར་རིགས། །
དེ་ལྟར་མཛད་ན་བདག་ཀྱང་དགའ་ལ་རང་གཞན་ཀུན་ཡང་སྐྱིད་པར་མཆིས། །
རྨོངས་པ་བདག་གི་གདམས་ངག་འདི་ལ་ཁྱེད་ཀྱིས་ཅིས་ཀྱང་གསན་པར་ཞུ། །
ཞེས་ཇོ་བོ་རྗེ་ལྷ་གཅིག་གིས་ལྷ་བཙུན་བྱང་ཆུབ་འོད་ལ་གདམས་པའོ། །

འདི་ལྟར་བགྱིས་པའི་རྣམ་དཀར་དགེ་བ་ཡང༌། །
དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །
མཛད་པ་སྨོན་ལམ་མ་ལུས་སྒྲུབ་པ་དང༌། །
ལུང་རྟོགས་དམ་ཆོས་འཛིན་པའི་རྒྱུ་རུ་བསྔོ། །
སརྦ་མངྒ་ལཾ།། ། །