༄༅། །རི་ཆོས་བསླབ་བྱ་ཉམས་ལེན་དམར་ཁྲིད་གོ་བདེར་བརྗོད་པ་གྲུབ་པའི་བཅུད་ལེན་ཞེས་བྱ་བཞུགས་སོ། །
༄༅། །བཀའ་དྲིན་མཚུངས་མེད་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། བདག་དང་བདག་གི་རྗེས་འཇུག་རྣམས་ཀྱི་རྒྱུད་ལ་ཟབ་ལམ་གྱི་རྟོགས་པ་ཕྱིན་ཅི་མ་ལོག་པ་མྱུར་དུ་སྐྱེས་ནས་ཚེ་འདི་ཉིད་ལ་གདོད་མའི་བཙན་ས་ཟིན་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལ་འདིར་སྔོན་གྱི་སྨོན་ལམ་ལས་འཕྲོ་རྣམ་པར་དག་པས་མཚམས་སྦྱར་ཏེ་ཟབ་གསང་རྫོགས་པ་ཆེན་པོའི་ཆོས་དང་དེ་སྟོན་པའི་བླ་མ་ལ་སྙིང་ནས་བློ་ཁེལ་ཞིང་ཉམས་ལེན་མཐར་སྐྱེལ་བར་འདོད་པའི་གང་ཟག་སྐལ་པ་ཅན་རྣམས་ཀྱི་འཇུག་སྒོར་རི་ཆོས་གནད་ཀྱི་བསླབ་བྱ་ཡང་གསང་རྫོགས་པ་ཆེན་པོའི་ཉམས་ལེན་དམར་ཁྲིད་ལག་བཅངས་སུ་གོ་བདེ་བར་འཆད་པ་ལ་སྤྱི་དོན་རྣམ་པ་གསུམ་གྱི་སྒོ་ནས་ཤེས་པར་བྱ་སྟེ། སྦྱོར་བ་ཆགས་ཞེན་གྱི་འཁྲི་བ་བཅད་ནས་བློ་ཆོས་ཕྱོགས་སུ་བཀོལ་ཏེ་རྒྱུད་སྦྱོང་ཚུལ། དངོས་གཞི་ལྟ་སྒོམ་སྤྱོད་པའི་སྒྲོ་འདོགས་བཅད་དེ་སྒྲུབ་པ་ཉམས་ལེན་གྱི་སྲང་དུ་གཞུག་ཚུལ། རྗེས་ཐོབ་དམ་ཚིག་སྡོམ་པ་བསྐྱང་ཞིང་ཚེ་འདིའི་ལས་གཞུག་ཆོས་ཀྱིས་བསྡུ་ཚུལ་ལོ།།
དེ་ལས་དང་པོའི་དོན་ཅུང་ཟད་སྨྲ་བར་བྱའོ།། ཀྱེ་མ་འོ་སྐོལ་རྣམས་ཀྱི་སེམས་ཞེས་བྱ་བའི་རིག་རིག་ཏུར་ཏུར་པོ་འདི་ཀུན་ཏུ་བཟང་པོ་དང་དུས་མཉམ་དུ་དང་པོ་ཉིད་ནས་བྱུང་བ་ཡིན་ཀྱང༌། ཀུན་ཏུ་བཟང་པོས་རང་དུ་མཁྱེན་པས་གྲོལ། རང་རེ་སེམས་ཅན་རྣམས་ཀྱིས་ངོ་མ་ཤེས་པས་འཁོར་བ་མཐའ་མེད་དུ་འཁམས། རིགས་དྲུག་གི་ལུས་གྲངས་ལས་འདས་པ་ཞིག་བླངས། བྱས་པ་ཐམས་ཅད་དོན་མེད་དུ་སོང༌། ད་རེས་མི་ལུས་བརྒྱ་ལ་ལན་གཅིག་ཐོབ་པའི་དུས་འདིར་འཁོར་བ་ངན་སོང་དུ་མི་སྐྱེ་བའི་ཐབས་ཤིག་མ་འགྲུབ་ན། ཤི་ནས་གར་སྐྱེ་ངེས་པ་མེད་ཅིང༌། འགྲོ་བ་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཁོ་ན་ལས་མ་འདས། མི་ལུས་འདི་ཡང་ཐོབ་པས་མི་ཆོག་སྟེ་ནམ་འཆི་ཆ་མེད་པས་ད་ལྟ་ཉིད་དུ་ཆོས་གཤའ་མ་ཞིག་བྱེད་དགོས། དེ་ཡང་འཆི་ཁར་མི་འགྱོད་ཅིང་རང་གིས་རང་ལ་མི་ཁྲེལ་བརྗེ་བཙུན་མི་ལ་ལྟ་བུ་ཞིག་དགོས་ཏེ། ང་མི་ལ་རས་པའི་ཆོས་ལུགས་ལ། །རང་གིས་རང་ལ་མ་ཁྲེལ་བ། །ཞེས་གསུངས། ཆོས་ལམ་དུ་འཇུག་པ་ལའང་ཆོས་གཟུགས་མཁན་སྤྱི་འགྲེས་ནི་མི་ཆོག་སྟེ། ཚེ་འདིར་ལྟོས་ཀྱི་བྱ་བཞག་འདོད་ཡོན་གྱི་འཁྲི་བ་ཐམས་ཅད་གཅོད་དགོས། དེ་མ་ཆོད་པར་བློ་སབ་སོབ་ཙམ་གྱིས་ཆོས་སྒོར་ལན་གཅིག་ཞུགས་ཀྱང༌། ཕ་ཡུལ་ནོར་རྫས་གཉེན་བཤེས་མཛའ་གྲོགས་སོགས་ལ་ཆགས་ན། ཆགས་སེམས་དེས་རྒྱུ་དང༌། ཆགས་ཡུལ་དེས་རྐྱེན་བྱས། མཚམས་སྦྱོར་བར་ཆད་བདུད་ཀྱིས་བྱས་ཏེ། སླར་ཡང་འཇིག་རྟེན་ཐ་མལ་པ་དང་འདྲེས་ནས་ལས་མཐའ་ལོག་པར་འགྱུར་པ་ཡིན། དེས་ན་གྱོང་ལྟོ་གོས་གཏམ་གསུམ་ལ་བསྐུར་ནས་འཇིག་རྟེན་ཆོས་བརྒྱད་ལ་མ་ཆགས་བར་རྩེ་གཅིག་ཏུ་ཆོས་ལ་བློ་སྒྲིལ་བར་བྱ་སྟེ།
འཆི་བ་སྙིང་ཟུག་གི་དབེན་གནས་སུ། །
ཞེན་པ་གཏིང་ལོག་གི་སྒྲུབ་པ་པོ། །
ཚེ་འདི་བློས་བཏང་གི་སྐུ་མཚམས་བཅད། །
སེམས་ཆོས་བརྒྱད་ཀྱི་མི་དང་མཇལ་འཕྲད་མེད། །
ཅེས་རྒྱལ་བ་ཡང་དགོན་པ་ལྟ་བུ་ཞིག་བྱེད་དགོས། དེ་མིན་ཆོས་བརྒྱད་དང་འདྲེས་པའི་ཆོས་དེ་དུག་དང་འདྲེས་པའི་ཁ་ཟས་བཟའ་བ་དང་མཚུངས་པས་ཕུང་ཚབ་ཤིན་ཏུ་ཆེ། ཆོས་བརྒྱད་དེའང་བསྡུ་ན་རེ་དོགས་གཉིས་སུ་འདུ་ལ་དེ་ཀ་དོན་ལ་ཆགས་སྡང་གཉིས་པོ་ཡིན། ནང་གི་ཆགས་སྡང་ཕྱི་རོལ་རྒྱལ་བསེན་གཉིས་སུ་བརྫུ་བས་བློ་ཆགས་སྡང་དང་མ་བྲལ་གྱི་རིང་ལ་རྒྱལ་བསེན་དང་མི་འབྲལ་བས་བར་ཆད་ལ་ཟད་པ་མི་འོང༌། དེས་ན་ཞེ་ཕུག་ཏུ་ཆོས་བརྒྱད་ཚེ་འདིའི་རློམ་ཞེན་ཨེ་འདུག་རང་གིས་རང་ལ་ཡང་ཡང་བརྟག་ནས་སྐྱོན་དེ་འདོར་བ་ལ་ནན་ཏན་བྱ། ཆོས་བརྒྱད་ཞེ་ལ་བཅངས་ནས་ལྟར་སྣང་ཆོས་ལྟར་བཅོས་ཏེ་གཡོ་སྒྱུས་བསྒྲུབས་པའི་ཡོ་བྱད་ཀྱང་ལོག་པའི་འཚོ་བ་ཡིན། ཕ་ཡུལ་སྤངས་པས་ཆོས་ཕྱེད་གྲུབ་ཟེར་བ་ལྟར་ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་ཆ་མེད་ཀྱི་རྒྱལ་ཁམས་འགྲིམ། གཉེན་བཤེས་དང་བཟང་འབྲལ་བྱས་ཏེ་ཆོས་ཀྱི་བཤོལ་འདེབས་ལ་མི་ཉན། ནོར་རྫས་སྦྱིན་པར་བཏང་ནས་འཚོ་བ་བསོད་སྙོམས་གང་བྱུང་ལ་བརྟེན། འདོད་ཡོན་མཐའ་དག་ལང་ཤོར་གྱི་བར་ཆད་དུ་ཤེས་པར་བྱས་ལ་མི་འདོད་པའི་བློ་བསྐྱེད། ནོར་རྫས་ལྟ་བུ་ལའང་བག་ཙམ་གྱིས་ཆོག་ཤེས་པར་མ་བྱས་ན་གཅིག་བྱུང་གཉིས་དགོས་ཀྱི་རིང་ལ་འདོད་ཡོན་བསླུ་བྲིད་ཀྱི་བདུད་འཇུག་པ་ལ་ཚོགས་མེད། གཏམ་བཟང་ངན་གང་ལའང་བདེན་འཛིན་རེ་དོགས་དགག་བསྒྲུབ་མི་བྱེད་པར་མི་ཤི་བའི་ཤུལ་གྱི་གཏམ་བཞིན་ཅི་ལབ་རུང་ལབ་ཏུ་ཆུག །མཚན་ལྡན་གྱི་བླ་མ་མ་གཏོགས་བསླབ་བྱ་དྲང་པོར་བཤད་མཁན་ཕ་མ་ཡིན་ཀྱང་མི་ཡོང་བས་རང་ཚོད་རང་གིས་བཟུང་སྟེ་སྣ་ཐག་མི་ལ་མ་ཤོར་བར་བྱ། རྣམ་པ་ཙམ་དུ་ངང་རྒྱུད་རིང་པའི་སྒོ་ནས་ཀུན་གྱི་སྣ་མི་བསྲེག་པར་མཐུན་པས་འགྲོགས་ཤེས་པ་དང༌། དོན་ལ་སྒྲུབ་པའི་གེགས་སུ་འགྲོ་ན་དྲག་ཞན་སུས་ཀྱང་བསྒུལ་མི་ནུས་པ་ལྕགས་ཀྱི་ཕ་བོང་ལ་དར་ཡུག་བཏགས་པ་འདྲ་ཞིག་དགོས། རླུང་གང་ནས་རྒྱབ་རྒྱབ་ལ་མགོ་གུག་གུག་བྱེད་པ་ལ་ཁའི་འཇགས་མ་འདྲ་བའི་མི་གཞི་སླ་མོ་དེས་མི་ཡོང༌། སྒྲུབ་པ་ཉམས་ལེན་གང་ཡང་ཐོག་མར་བརྩམས་པ་ནས་མཐར་མ་ཕྱིན་གྱི་བར་དུ། སྟེང་ནས་ཐོག་བབས། འོག་ནས་མཚོ་བརྡོལ། ལོགས་ནས་བྲག་རལ། འཆི་བ་སྲོག་ལ་བབས་ཀྱང་དམ་བཅའ་བཤིག་རེ་སྙམ་དུ་ཞེ་མནའ་བོར་ལ་དེ་ཀ་བཞིན་དུ་མཐར་ཐོན་པའང་བྱེད། ཐུན་ཚོད། གཉིད་ཚོད། ཐ་ན་ཁམས་གསེང་ཟས་ཀྱི་ཚོད་སོགས་དང་པོ་རང་ནས་ལང་ཤོར་ལ་མ་བཏང་བར་རིམ་པས་སྲོལ་དུ་ཚུད་པར་བྱ། ལྷག་པར་སྤྲོས་བཅས་སྤྲོས་མེད་ཀྱི་དགེ་སྦྱོར་གང་ལའང་རེས་འཇོག་སྤངས་ལ་ས་སྟོང་ཐ་མལ་དུ་དར་གཅིག་ཀྱང་མ་ལུས་པའི་ཉམས་ལེན་བསྟར་རྐང་སྙོམས་པར་བྱེད། མཚམས་ཀྱི་ཚེ་སྦུག་སྒོ་འདག་སྦྱར་རམ་མིན་ཀྱང་གཞན་དང་གདོང་མི་འཕྲད། ངག་མི་གཏོང༌། བྱ་ར་མི་བྱེད། སེམས་ཙབ་ཙུབ་ཀྱི་རྣམ་གཡེང་ཐམས་ཅད་ཅམ་གྱི་བཞག་ནས། རླུང་རོ་དོར། ལུས་གནད་ལེགས་པར་བཅའ། ཡིད་དྲན་རིག་གི་ཐོག་ཏུ་སྤང་ལ་བེ་ཕུར་བཏབ་པ་ལྟར་སྐད་ཅིག་ཀྱང་གཡོ་མེད་དུ་སྡོད་ཚུག་པ་ཞིག་དགོས་ཏེ། ཕྱི་ནང་གསང་བའི་མཚམས་དམ་པ་ལས་རྟགས་དང་ཡོན་ཏན་ཐམས་ཅད་མྱུར་དུ་འབྱུང་བ་ཡིན། ད་རེས་ཁག་ཆེ་བས་ཁོང་དང་འཕྲད། ངག་ཀྱང་བཏང༌། དེ་ཕྱིན་ནས་དམ་པོ་བྱའོ་སྙམ་པས་དེ་ལྟར་ཐལ་ན་སྒྲུབ་པའི་གཡང་ཤོར་ནས་ཇེ་ལྷོད་ལ་འགྲོ། དེས་ན་ཐོག་མ་ཉིད་ནས་སྡོད་ཐག་རྦད་ཀྱིས་བཅད་ན་ཇེ་དམ་ཇེ་དམ་ལ་འགྲོ་ཞིང་སྒྲུབ་པ་བར་ཆད་ཀྱིས་མི་ཁྱེར་བ་ཡིན། གནས་ཀྱི་ཁྱད་པར་མཚན་ཉིད་བརྟག་ཐབས་མང་དུ་འབྱུང་ཡང་སྤྱིར་བཏང་གུ་རུ་རིན་པོ་ཆེ་སོགས་གྲུབ་ཐོབ་གོང་མའི་བྱིན་གྱིས་བརླབས་ཤིང་དམ་སེལ་ཅན་གྱིས་མ་བརྟེན་པ་དང༌། ཤིན་ཏུ་དབེན་ཅིང་མཐུན་རྐྱེན་འཛོམ་སླ་བ་སོགས་རང་རང་གི་ཁམས་དང་བསྟུན་པ་འཐད། དུར་ཁྲོད་དང་གཉན་ཁྲོད་སོགས་གཞི་བདག་གདུག་པ་ཅན་གནས་པ་རྣམས་སུ་ཕྱི་ནང་གི་རྟེན་འབྲེལ་འགྲིགས་པ་མྱུར་བས་ནུས་བའི་རྩལ་གྱིས་ཆུན་ན་སྒོམ་ལ་བོགས་དེ་རང་ཆེ། མ་ཆུན་ན་བར་ཆད་ཀྱང་མང༌། རྟོགས་པ་ཀློང་དུ་གྱུར་ཚེ་འགལ་རྐྱེན་ཐམས་ཅད་གྲོགས་སུ་འཆར་བ་ཡིན་པས་དེ་དུས་དུར་ཁྲོད་སོགས་སུ་གསང་སྤྱོད་བྱས་ན་ལྷག་པར་བཟང༌། རྒྱུན་དུ་ཕྱི་ནང་གི་འདུ་འཛིའི་བྱ་བ་ཐམས་ཅད་བཏང་སྟེ་བྱར་མེད་དུ་གནས་པ་དོན་གྱི་དབེན་གནས་ཡིན། རྒྱུད་སྦྱོང་བ་དངོས་ལ། ཐུན་མོང་དུ་བློ་ལྡོག་རྣམ་པ་བཞི་དང༌། ཐུན་མིན་སྐྱབས་སེམས་སྒྲིབ་སྦྱོང་ཚོགས་བསགས་རྣམས་ཁྲིད་ཡིག་བཞིན་རེ་རི་ནས་ཉམས་ཀྱི་མྱོང་བ་ཐོན་ཐོན་གྱི་བར་དུ་འབད་ཅིང༌། ཁྱད་པར་བླ་མའི་རྣལ་འབྱོར་ལ་ཉམས་ལེན་གྱི་སྲོག་ཏུ་བཟུང་ནས་བརྩོན་དགོས། དེ་མ་བྱས་ན་བསྒོམ་སྐྱེ་བ་བུལ། ཅུང་ཟད་སྐྱེས་ཀྱང་གེགས་སྡང༌། རྟོགས་པ་གཤའ་མ་རྒྱུད་ལ་སྐྱེར་མི་བཏུབ་པས་བཅོས་མིན་གྱི་མོས་གུས་དྲག་པོས་གསོལ་བ་བཏབ་པས། ཇི་ཞིག་ནས་ཐུགས་རྒྱུད་ཀྱི་དགོངས་པ་འཕོས་ཏེ་རྟོགས་པ་ཁྱད་པར་ཅན་ཚིག་གིས་བརྗོད་དུ་མི་ནུས་པ་རང་གི་ནང་ནས་སྐྱེ་བར་ངེས་ཏེ། བླ་མ་ཞང་རིན་པོ་ཆེས།
གནས་པ་བསྐྱང་བ། ཉམས་མྱོང་བསྐྱང་བ། ཏིང་ངེ་འཛིན་བསྐྱང་བ་ལ་སོགས་པ་མང་བར་གདའ་སྟེ། མོས་གུས་ཀྱི་སྟོབས་ལས་བླ་མའི་བྱིན་རླབས་ཀྱིས་རྟོགས་པ་ནང་ནས་སྐྱེ་བ་འདི་དཀོན་པར་གདའ།
ཞེས་གསུངས། དེས་ན་རྫོགས་པ་ཆེན་པོའི་དོན་རྒྱུད་ལ་སྐྱེ་བ་སྔོན་འགྲོ་ལ་རག་ལས་པ་ཡིན་པས། རྗེ་འབྲི་གུང་པས།
ཆོས་གཞན་དངོས་གཞི་ཟབ་པར་བྱེད་དེ།
ངེད་འདིར་སྔོན་འགྲོ་ཟབ་པར་བྱེད།
ཅེས་གསུངས་པའི་དགོངས་པའང་དེ་ལྟར་ཡིན་པར་གདའ་འོ།།
གཉིས་པ་དངོས་གཞི་ལྟ་སྒོམ་སྤྱོད་པའི་སྒྲོ་འདོགས་བཅད་དེ་སྒྲུབ་པ་ཉམས་ལེན་གྱི་སྲང་དུ་གཞུག་ཚུལ་ནི། ཐོག་མར་ཡིན་ལུགས་ཤེས་པའི་ལྟ་བ་ལ། འདི་ལྟར་རང་གི་སེམས་ཉིད་དོན་དམ་གཤིས་ཀྱི་གནས་ལུགས་དེ་ཐ་སྙད་བློས་བཟོ་བཅོས་ཀྱི་མཚན་མ་ཐམས་ཅད་དང་བྲལ་བར་རིག་ཐོག་ཏུ་གཏན་ལ་ཕབ་པས། རིག་པ་རང་བྱུང་གི་ཡེ་ཤེས་སུ་རྗེན་པར་ཤར་བ་ལ། ཚིག་གིས་བརྗོད་དུ་མེད། དཔེས་མཚོན་དུ་མེད། འཁོར་བ་ན་ངན་དུ་མ་སོང༌། འདས་པ་ན་བཟང་དུ་མ་སོང༌། སྐྱེས་མ་མྱོང༌། འགགས་མ་མྱོང༌། གྲོལ་མ་མྱོང༌། འཁྲུལ་མ་མྱོང༌། ཡོད་མ་མྱོང༌། མེད་མ་མྱོང༌། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུའང་མ་ལྷུང༌། མདོར་ན་ཡེ་ནས་དངོས་པོ་སྤྲོས་པའི་མཚན་མ་ཅན་དུ་ནམ་ཡང་གྲུབ་མ་མྱོང་བས་ངོ་བོ་ཀ་དག་སྟོང་ཉིད་བརྡལ་ཁྱབ་ཆེན་པོ། སྟོང་པའི་མདངས་མ་འགགས་པར་འཁོར་འདས་ཀྱི་ཆོས་ཁམས་རྒྱ་མཚོ་ཉི་མ་དང་ཉི་མའི་ཟེར་བཞིན་རང་སྣང་བས་ན་ཅང་མེད་བྱང་ཆད་དུ་སྟོང་མ་མྱོང་བས་རང་བཞིན་ཡེ་ཤེས་ཡོན་ཏན་ལྷུན་གྲུབ་ཆེན་པོ། དེ་ལྟར་སྣང་སྟོང་ཟུང་དུ་འཇུག་པའི་རིག་པ་སྐུ་གསུམ་གྱི་བདག་ཉིད་གདོད་མ་གཤིས་ཀྱི་གནས་ལུགས་འདི་གའི་ཡིན་ལུགས་ཇི་ལྟ་བ་བཞིན་ངོ་ཤེས་པ་ལ་བློ་འདས་རྫོགས་པ་ཆེན་པོའི་ལྟ་བ་ཟེར། སློབ་དཔོན་ཆེན་པོས། བློ་འདས་ཆོས་སྐུ་དེ་བཞིན་ཉིད། །ཅེས་གསུངས། འོ་སྐོལ་རྣམས་ཀུན་ཏུ་བཟང་པོའི་དགོངས་པ་ལ་མངོན་སུམ་དུ་སྤར་འཛིན་བྱེད་པ་ལགས་ཏེ་ཨ་རེ་དགའ་ན། རྒྱལ་བས་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་ཕྱེ་བ་ཐམས་ཅད་ཀྱི་མཐར་ཐུག་རྫོགས་ཆེན་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་སྙིང་པོ་དེ་འདི་རང་ཡིན། འདི་ལས་འགྲོ་ས་སྐར་མ་གང་མེད། འདིའི་ཐོག་ཏུ་ཆོས་ཐམས་ཅད་ཀྱི་སྨར་ཐག་གཅོད་དགོས་པ་ཡིན་ནོ།། ད་དེ་ལྟ་བུའི་ལྟ་བ་ལ་ཐེ་ཚོམ་དང་སྒྲོ་འདོགས་ནང་ནས་ཆོད་པར་བྱས་ཏེ་དེའི་རྒྱུན་སྐྱོང་བ་ལ་སྒོམ་པ་ཟེར་བ་ཡིན། གཞན་གཏད་སོ་དང་བཅས་པའི་སྒོམ་པ་ཐམས་ཅད་བློས་བྱས་ཀྱི་རྟོག་སྒོམ་ཡིན་པས་ང་ཅག་དེ་འདྲ་མི་བྱེད། སྔར་གྱི་ལྟ་བ་དེ་ཀ་ཚུགས་མ་ཤོར་བའི་ངང་ལ་སྒོ་ལྔའི་ཤེས་པ་ཐམས་ཅད་རང་བབས་སུ་ཀློད་ནས་ལྷུག་པར་བཞག འདིའོ་ཞེས་ཆེད་དུ་མི་བསྒོམ། བསྒོམ་ན་བློ་ཡིན་པས་བསྒོམ་རྒྱུ་ཅི་ཡང་མེད། ཡེངས་སུ་སྐད་ཅིག་ཀྱང་མི་འཇུག རང་ཐོག་ཏུ་འཇོག་པ་དེ་ལས་ཡེངས་ན་འཁྲུལ་པ་དངོས་ཡིན་པས་མ་ཡེངས་པར་བྱ། རྟོག་པ་ཅི་ཤར་ཡང་འཆར་དུ་བཅུག་ལ། དེའི་རྗེས་སུ་ཡང་མི་འབྲང༌། བཀག་ཀྱང་མི་བཀག འོ་ན་ཇི་ལྟར་བྱ་ཞེ་ན། ཡུལ་གྱི་སྣང་བ་ཅི་ཤར་ཅིར་སྣང་ཐམས་ཅད་བུ་ཆུང་ལྷ་ཁང་ལ་བལྟ་བ་ལྟར་སྣང་ཆ་ལ་འཛིན་པ་མ་ཞུགས་པར་སོ་མར་བཞག་པས་ཆོས་ཐམས་ཅད་རང་ས་རང་ས་ན་བཟོ་མ་ཉམས། མདོག་མ་འགྱུར། བཀྲག་མ་ཡལ་བར་སྣང་ཡང་དེ་ལ་ཞེན་འཛིན་གྱི་རྟོག་པས་མ་བསླད་པས་སྣང་རིག་ཐམས་ཅད་གསལ་སྟོང་གི་ཡེ་ཤེས་རྗེན་པར་འཆར་བ་ཡིན་ནོ།། ལར་ཆོས་ཟབ་ཟབ་དང་རྒྱ་ཆེ་ཆེའི་མིང་བཏགས་མང་པོ་ཞིག་གིས་བློ་དམན་ཀུན་མགོ་འཁོར་ཞིང་འདུག་པས། དོན་རྡོག་རྡོག་ཧྲིལ་ཧྲིལ་མཛུབ་ཚུག་ཏུ་བསྟན་ན། རྟོག་པ་སྔ་མ་འགགས། ཕྱི་མ་མ་ཤར་བའི་བར་དེར། ད་ལྟའི་ཤེས་པ་སོ་མ་བསྒྱུར་བཀོད་སྤུ་ཙམ་མ་སོང་བའི་གསལ་རིག་རྗེན་ནེ་བ་ཞིག་མི་འདུག་གེ འོ་དེ་ཀ་རིག་པ་རང་གི་བཞུགས་ཚུལ་ཡིན། ཡང་རྟག་པར་དེ་ཁོ་ནའི་ངང་དུ་མི་གནས་པར་རྣམ་རྟོག་ཅིག་ཐོལ་གྱིས་འཆར་གྱི་མི་འདུག་གེ དེ་རིག་པ་དེའི་རང་རྩལ་ཡིན། འོ་ན་ཀྱང་དེ་ལྟར་ཤར་མ་ཐག་ནས་ངོ་མ་ཤེས་པར་རྣམ་རྟོག་རང་རྒྱུད་པར་འབྱམས་ན་འཁྲུལ་པ་ལུ་གུ་རྒྱུད་ཅེས་འཁོར་བའི་རྩ་བ་ཡིན། ཤར་མ་ཐག་ཏུ་ངོ་ཤེས་ཙམ་གྱིས་རྗེས་མཐུད་མེད་པར་རང་ཐོག་ཏུ་ཀློད་དེ་བཞག་ན་རྣམ་རྟོག་གང་ཤར་ཐམས་ཅད་རིག་པ་ཆོས་སྐུའི་ཀློང་དུ་ཕྱམ་ཕྱམ་གྲོལ་བ་འདི་ག་ཁྲེགས་ཆོད་ཀྱི་ལྟ་སྒོམ་གཅིག་ཏུ་དྲིལ་བའི་ཉམས་ལེན་དངོས་གཞི་ཡིན། དགའ་རབ་རྡོ་རྗེས།
གདོད་ནས་དག་པ་དབྱིངས་ཀྱི་ངང་ཉིད་ལས། །
རིག་པ་ཐོལ་སྐྱེས་སྐད་ཅིག་དྲན་པ་དེ། །
རྒྱ་མཚོའི་གཏིང་ནས་ནོར་བུ་རྙེད་པ་འདྲ། །
སུས་ཀྱང་མ་བཅོས་མ་བྱས་ཆོས་ཀྱི་སྐུ། །
ཞེས་གསུངས། འདི་ལ་རྡོ་རུས་གཏུགས་ཏེ་ཉིན་མཚན་ཡེངས་མེད་དུ་བསྒོམ་དགོས་པས་སྟོང་ཉིད་གོ་ཡུལ་དུ་མ་ལུས་པར་རིག་ཐོག་རང་དུ་སྤུངས་ཤིག ད་ནི་སྒོམ་པ་དེ་ལ་སྤྱོད་པས་བོགས་དབྱུང་ཞིང་ཉམས་ལེན་གྱི་སྲང་དུ་གཞུག་ཚུལ་ལ། གཙོ་བོར་སྔར་བཤད་པ་ལྟར་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་སྐད་ཅིག་ཀྱང་མ་བྲལ་བས་སྙིང་ནས་གསོལ་བ་ཕུར་ཚུགས་སུ་འདེབས་པ་འདི་མོས་གུས་དཀར་པོ་ཆིག་ཐུབ་ཅེས་བྱ་བ་ཡིན་ཏེ་གེགས་སེལ་བོགས་འདོན་གང་ལས་ཀྱང་འདི་ལྷག ལམ་ཐམས་ཅད་བཙན་ཆོད་དུ་འགྲོ་བ་ཡིན། སྒོམ་སྐྱོན་བྱིང་ཞིང་རྨུག་ན་རིག་པ་ཧུར་ཕྱུངས། འཕྲོ་ཞིང་རྒོད་ན་ཤེས་པ་ཁོང་ཀློད། རྒྱུན་དུ་བསྒོམ་མཁན་གྱི་དྲན་རིག་ཏུར་ཏུར་པོ་དེས་ཆེད་དུ་གཅུར་བའི་འཇུར་དྲན་མ་ཡིན་པར་རང་ངོ་རང་ཤེས་མ་བརྗེད་ཙམ་པའི་དྲན་པས་ཟ་ཉལ་འགྲོ་འདུག་སྤྱོད་ལམ་མཉམ་རྗེས་གང་གི་སྐབས་སུའང་རྒྱུན་ཆགས་སུ་སྐྱོང་ཞིང༌། བདེ་སྡུག་དང་ཉོན་མོངས་པའི་རྟོག་པ་སོགས་གང་ཤར་ཐམས་ཅད་ལ་རེ་དོགས་སྤོང་ལེན་གཉེན་པོས་གཞོམ་པ་སོགས་གཏན་ནས་མི་བྱེད་པར་ཁོ་རང་གི་ངོ་བོ་བདེ་སྡུག་གི་ཚོར་བ་ཇི་ལྟར་འདུག་པ་དེ་ཀ་རྗེན་ནེ། ཧྲིག་གེ ཡེ་རེ་འཇོག་པ་སྟེ། ཐམས་ཅད་ལ་གནད་གཅིག་ལས་མེད་པས་བསམ་བློ་མང་པོས་མགོ་མ་འཁོར། སྤང་བྱའི་རྣམ་རྟོག་དང་ཉོན་མོངས་ཀྱི་སྟེང་དུ་གཉེན་པོའི་སྟོང་ཉིད་ལོགས་སུ་བསྒོམ་མི་དགོས་ཏེ། སྤང་བྱ་ཁོ་རང་རིག་པས་ངོས་ཟིན་པ་དང་མཉམ་དུ་སྦྲུལ་གྱི་མདུད་པ་ཞིག་པ་ལྟར་རང་གྲོལ་དུ་འགྲོ་བ་ཡིན། འོད་གསལ་རྡོ་རྗེ་སྙིང་པོའི་སྦས་དོན་གྱི་མཐར་ཐུག་འདི་ལྟ་བུ་ཕལ་ཆེར་གྱིས་ཚིག་ཏུ་སྨྲ་ཤེས་ཀྱང་ཉམས་སུ་བླང་མ་ཤེས་པར་ནེ་ཙོའི་ཁ་ཏོན་བཞིན་དུ་སོང་ནས་གདའ། འོ་སྐོལ་རྣམས་བསོད་ནམས་ཤིན་ཏུ་ཆེ་བ་ཡིན་ནོ།། ད་དུང་ལེགས་པར་སོམས་དང་གོ་རྒྱུ་ཡོད་དེ། རང་ཅག་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འཁོར་བར་འཆིང་བྱེད་ཀྱི་དགྲ་མི་ཤ་བོ་དེ་གཟུང་འཛིན་གཉིས་པོ་འདི་ཡིན། ད་རེས་བླ་མའི་བཀའ་དྲིན་ལས་རང་གནས་ཀྱི་ཆོས་སྐུ་ངོ་འཕྲོད་པས་དེ་གཉིས་བྱ་སྤུ་མེ་ལ་བསྲེགས་པ་ལྟར་རྗེས་མེད་ཤུལ་མེད་དུ་གཏོང་བ་དེ་སྙིང་ཚིམས་པོ་མིན་ནམ། འདི་ལྟ་བུའི་མྱུར་ལམ་གདམས་ངག་ཟབ་མོ་ཐོབ་ནས་ཉམས་སུ་མ་བླངས་ན་ཡིད་བཞིན་གྱི་ནོར་བུ་རོའི་ཁ་ནང་དུ་བཅུག་པ་དང་འདྲ་སྟེ་རེ་ཕང༌། སྙིང་མ་རུལ་བར་ཉམས་སུ་ལོངས་ཤིག དེ་ཡང་ལས་དང་པོ་པའི་རིགས་ལ་རྣམ་རྟོག་ནག་པོ་ཁ་འབྱམས་ཀྱིས་དྲན་པ་ཡེངས་སུ་བཅུག་ཡོང་བས་རྣམ་རྟོག་བརྟད་འགྲིལ་མང་ཙམ་འོག་འགྱུར་སོང་རྗེས་སྐབས་ཤིག་ན་དྲན་པ་ཧྲིག་གེ་སླེབས་ནས་ང་ཡེངས་འདུག་སྙམས་པའི་འགྱོད་པ་སྐྱེ་ཡང༌། དེ་ཚེ་རྣམ་རྟོག་སྔ་མའི་གཞུག་གཅོད་དང་ཡེངས་པ་ལ་འགྱོད་པ་སོགས་གང་ཡང་མི་བྱ་བར་དྲན་པ་ཧྲིག་གེ་སླེབས་པ་དེ་ཀའི་ཐོག་ཏུ་རང་བབས་གྱི་རྒྱུན་བསྐྱང་བ་ཁོ་ནས་ཆོག རྣམ་རྟོག་ལ་ཆོས་སྐུར་བལྟ་མི་སྤང་ཟེར་བ་གྲགས་ཆེ་ཡང་ལྷག་མཐོང་གི་རྩལ་མ་རྫོགས་རིང་ཆོས་སྐུ་ཡིན་ལོ་ཙམ་གྱི་ངང་ནས་ཞི་གནས་ཧད་པོར་བཞག་ན་ཅི་ཡིན་འདི་ཡིན་མེད་པའི་བཏང་སྙོམས་ལུང་མ་བསྟན་གྱི་སྟབས་སུ་ཚུད་དོགས་ཡོད་པས། དེས་ན་དང་པོའི་རིང་རྣམ་རྟོག་གང་ཤར་ལ་ཅེར་གྱིས་བལྟས་ནས་བརྟག་དཔྱད་བསམ་གཞིག་ཅིར་ཡང་མི་བྱ་བར་རྣམ་རྟོག་ངོ་ཤེས་མཁན་རང་གི་ཐོག་ཏུ་མི་རྒན་གྱིས་བྱིས་པའི་རྩེད་མོ་ལ་བལྟ་བ་ལྟར་སྣང་མེད་རྩིས་མེད་གཡས་ཆུང་དུ་འཇོག དེ་ལྟར་བཞག་པ་ན་རྟོག་མེད་རང་བབས་སུ་གནས་བདོ་བའི་ཆ་དེའང་གློ་བུར་ཐོལ་བྱུང་དུ་བཤིག་བས་སྐད་ཅིག་མ་དེར་སེམས་ལས་འདས་པའི་ཡེ་ཤེས་རྗེན་ལྷང་ངེར་འཆར་བ་ཡིན། ལམ་གྱི་སྐབས་སུ་བདེ་གསལ་མི་རྟོག་གསུམ་གང་རུང་གི་ཉམས་དང་མ་འདྲེས་པ་ཞིག་མི་འོང་ཀྱང་མཆོག་འཛིན་ཞེན་རློམ་རེ་དོགས་སྤུ་ཙམ་མེད་པར་བཞག་ན་གོལ་ས་དེས་ཆོད། རྒྱུན་དུ་གཡེང་བ་སྤང་སྟེ་དྲན་འདུན་རྩེ་གཅིག་པས་བསྒོམ་པ་གལ་ཆེ། རེས་འཇོག་དང་གོ་ཡུལ་ལ་འབྱམས་ནས་ཞི་གནས་ཕྱོགས་མགོ་ཙམ་ལ་རང་མཐོང་སྐྱེས་ཏེ་ཉམས་མྱོང་ལ་གདར་ཤ་མ་ཆོད་པར་ཁ་ཁྱེར་དང་ཚིག་ཁྱེར་ལ་མཁས་པ་ཙམ་གྱིས་མི་ཕན་ཏེ། རྫོགས་ཆེན་ལས། གོ་བ་ལྷན་པ་འདྲ་སྟེ་གོག་ནས་འགྲོ། །ཞེས་དང༌། ཉམས་ན་བུན་འདྲ་སྟེ་ཡལ་ནས་འགྲོ། །ཞེས་པ་ལྟར་ཡུལ་གྱི་རྐྱེན་བཟང་ངན་ཕྲན་བུ་རེས་ཀྱང་སྒོམ་ཆེན་པ་བསླུས་ནས་རྐྱེན་ཐོག་ཏུ་འཆོལ་བ་མང། སྒོམ་རྒྱུད་ལ་ཐེབས་ཀྱང་རྒྱུན་དུ་མ་བསྒོམ་ན་གདམས་ངག་ཟབ་མོ་དཔེ་ཆའི་ལོགས་ལ་ལུས་ཏེ་བློ་དྲེད་ཆོས་དྲེད་ཉམས་ལེན་དྲེད་ནས་སྒོམ་གཤའ་མ་སྐྱེ་དུས་མི་ཡོང༌། སྒོམ་ཆེན་རྙིང་པ་ཉམས་ལེན་གསར་པའི་ངང་ནས་མགོ་བོ་བ་ཚྭ་ཁ་ལེར་གུམ་ཉེན་ཡོད་པས་ཤིག་ཏུ་གཟབ་དགོས་སོ།། དེ་ལྟར་རྒྱུན་རིང་བར་གོམས་པས་ཇི་ཞིག་ན་མོས་གུས་སོགས་རྐྱེན་གང་ཡང་རུང་བ་ཞིག་གིས་ཉམས་མྱོང་དེ་རྟོགས་པར་ན་འཕར་ནས་རིག་པ་རྗེན་ལྷག་གེར་མཐོང༌། མགོ་ཤུབ་ཕུད་པ་བཞིན་གུ་ཡངས་ཕྱ་ལེར་འགྲོ། དེ་ནི་མ་མཐོང་བ་མཐོང་བའི་མཆོག་ཅེས་པ་ཡིན། འདི་ནས་རྣམ་རྟོག་སྒོམ་ལ་ཤར་ཏེ་གནས་འགྱུ་མཉམ་གྲོལ་དུ་འགྲོ་སྟེ། དེ་ཡང་དང་པོ་རྣམ་རྟོག་ངོ་ཤེས་པས་གྲོལ་བ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ། བར་དུ་རྣམ་རྟོག་རང་གིས་རང་གྲོལ་བ་སྦྲུལ་གྱིས་མདུད་པ་ཞིག་པ་ལྟ་བུ། ཐ་མ་རྣམ་རྟོག་ཕན་མེད་གནོད་མེད་དུ་གྲོལ་བ་ཁང་སྟོང་གི་རྐུན་མ་ལྟ་བུ་རྣམས་རིམ་པར་འབྱུང་ཞིང༌། ཆོས་ཐམས་ཅད་རང་རིག་གཅིག་པུའི་ཆོ་འཕྲུལ་དུ་ཐག་ཆོད་པའི་ཡིད་ཆེས་དྲག་པོ་ཞིག་ནང་ནས་སྐྱེ། སྟོང་ཉིད་སྙིང་རྗེའི་རྦ་ཀློང་འཁྲུགས། འཁོར་འདས་གཉིས་ལ་འདམ་ཁ་ཟད། སངས་རྒྱས་དང་སེམས་ཅན་བཟང་ངན་མེད་པར་རྟོགས། ཇི་ལྟར་བྱས་ཀྱང་བློ་བདེ་ཆོས་ཉིད་ཀྱི་ངང་ཁོ་ན་ལས་གཡོ་མི་ཤེས་པས་ཉིན་མཚན་བར་མེད་དུ་འབྱམས་ཀླས་པས་ན། རྫོགས་ཆེན་ནས། རྟོགས་པ་ནམ་མཁའ་འདྲ་སྟེ་འགྱུར་བ་མེད། །ཅེས་པ་ལྟར་རྣལ་འབྱོར་པ་དེ་ལུས་ཐ་མལ་མི་རུ་སྣང་ཡང་སེམས་ཆོས་སྐུ་བྱ་རྩོལ་དང་བྲལ་བའི་དགོངས་པ་ལ་བཞུགས་པས་ས་ལམ་ཐམས་ཅད་བྱར་མེད་དུ་བགྲོད། མཐར་བློ་ཟད་ཆོས་ཟད་བུམ་པ་ཆག་པའི་ནམ་མཁའ་ལྟར་ལུས་རྡུལ་ཕྲན་དུ་དེངས། སེམས་ཆོས་ཉིད་དུ་དེངས། གདོད་མའི་གཞི་དབྱིངས་ནང་གསལ་གཞོན་ནུ་བུམ་པ་སྐུར་འཁྱིལ་བ་ཞེས་བྱ་བ་ཞིག་ཡོང་རྒྱུ་རེད་པ། འོ་དེ་ནི་ལྟ་སྒོམ་སྤྱོད་པ་མཐར་ཕྱིན་པས་ཐོབ་ཏུ་མེད་པའི་འབྲས་བུ་མངོན་དུ་གྱུར་པ་ཞེས་བྱ་བ་ཡིན། ཉམས་དང་རྟོགས་པའི་སོ་མཚམས་དེ་དག་ཀྱང་གོ་རིམ་ཅན་དང༌། གོ་རིམ་དང་བྲལ་བ་དང༌། གཅིག་ཅར་ཉིད་དུ་སྐྱེ་བའང་འབྱུང་བ་ནི་གང་ཟག་གི་དབང་པོའི་ཁྱད་པར་གྱིས་ཡིན་ཀྱང་འབྲས་བུའི་དུས་སུ་རྣམ་དབྱེར་མ་མཆིས་སོ།།
སྤྱི་དོན་གསུམ་པ་རྗེས་ཐོབ་དམ་ཚིག་སྡོམ་པ་བསྐྱང་ཞིང་ཚེ་འདིའི་ལས་གཞུག་ཆོས་ཀྱི་བསྡུ་ཚུལ་ནི། དེ་ལྟར་ལྟ་སྒོམ་སྤྱོད་པའི་ཉམས་ལེན་ལ་འབད་དུ་ཟིན་ཀྱང་རྗེས་ཐོབ་སྤྱོད་ལམ་ལ་ཐབས་མི་མཁས་པས་སྡོམ་པ་དང་དམ་ཚིག་ལས་ཉམས་པར་གྱུར་ན། གནས་སྐབས་སུ་ས་ལམ་གྱི་གེགས་དང་བར་ཆད་དུ་འགྱུར་ཞིང་མཐར་ཐུག་མནར་མེད་པའི་དམྱལ་བར་ལྟུང་ངེས་པའི་ཕྱིར་རྟག་ཏུ་དྲན་ཤེས་ཀྱི་བྱ་ར་དང་མ་བྲལ་བས་སྤང་བླང་ཕྱིན་ཅི་མ་ལོག་པ་ཞིག་ཅི་ནས་གལ་ཆེ་སྟེ། སློབ་དཔོན་ཆེན་པོས།
ལར་ལྟ་བ་ནམ་མཁའ་བས་ཀྱང་མཐོ། །
ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། །
ཅེས་གསུངས། དེས་ན་ཧད་པོའི་བློ་རྩིངས་སྤངས་ལ་རྒྱུ་འབྲས་ལ་ཞིབ་པར་སྤྱད། དམ་ཚིག་བཅས་སྡོམ་ཕྲ་ཞིང་ཕྲ་བ་ཡང་མ་ཉམས་པར་བསྲུང་ཞིང་ཉེས་ལྟུང་གི་དྲི་མས་མ་གོས་པར་བྱ། གསང་སྔགས་ཀྱི་དམ་ཚིག་ལ་རྣམ་གྲངས་མང་ཡང་བསྡུ་ན་རྩ་བའི་བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ་འདུ། བླ་མ་ལ་མིའི་འདུ་ཤེས་སྐད་ཅིག་ཙམ་སྐྱེ་པས་ཀྱང་དངོས་གྲུབ་ལོ་ཟླར་འགྱང་བར་གསུངས། དེ་ཅིའི་ཕྱིར་ཞེན་ཡུལ་གཉན་པའི་གནད་ཀྱིས་ཏེ། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས།
།ཞེས་སོ།། དེས་ན་གང་སུ་ཡང་རུང་སྟེ་དང་པོར་བླ་མར་མ་བཟུང་བར་དུ་ནི་རང་ཉིད་ལ་རང་དབང་ཡོད་ལ། བླ་མར་བསྟེན་ནས་དབང་དང་གདམས་ངག་གི་འབྲེལ་ཕན་ཆད་དམ་ཚིག་མི་བསྲུང་བའི་དབང་མེད་དེ། དབང་བཞིའི་མཇུག་ཏུ་བླ་མ་དཀྱིལ་འཁོར་གྱི་གཙོ་བའི་མདུན་དུ་བཏུད་དེ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང༌། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །ཅེས་ཁས་བླངས་པ་འདིས་རང་ཉིད་ཇི་ལྟར་ཆེ་ཞིང་བཙན་རུང་བླ་མ་ལ་གཉའ་ཤོར་ཟིན་པ་མ་ཡིན་ནམ། དེ་བཞིན་དུ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་དམ་བཅས་ནས་དེ་ཕན་ཆད་གང་གསུངས་མི་བསྒྲུབ་པའི་དབང་ཨེ་ཡོད། རང་གིས་དམ་བཅས་པ་དེ་མ་བསྒྲུབ་ན་མིང་མ་སྙན་ཀྱང་དམ་ཉམས་ཟེར་བ་ལས་འོས་མ་མཆིས། གཞན་ཡང་བླ་ཆེན་འཁོར་མང་བ། ནོར་ཕྱག་པ། དབང་བཙན་པ། ཁ་ཐབས་བཟང་བ་རྣམས་ལ་དམ་ཚིག་ལྷག་པོར་བསྲུང༌། དམན་ཆ་བཟུང་བའི་བླ་ཆུང་སྤྲང་པོའི་བརྟུལ་ཞུགས་ཅན་རྣམས་ལ་དམ་ཚིག་བསྲུང་མི་དགོས་པར་བཤད་པའང་མེད། གང་ལའང་ཁེ་ཉེན་གྱི་གནད་ཀ་གོ་བ་ཞིག་དགོས་པ་ལས་རྟ་རྒན་འཐོམ་ལངས་པ་བཞིན་བསྡད་པས་ཡོང་བ་མིན། དེ་ལྟར་དམ་ཚིག་བསྲུང་དགོས་པ་དེའང་བླ་མའི་དོན་དུ་འདུག་གམ་རང་གི་དོན་དུ་འདུག་སེམས་རྣལ་དུ་ཕོབ་ལ་བསམ་མནོ་སྨན་འཐག་འཐག་ཐོངས། བླ་མའི་དོན་དུ་འདུག་ན་དེ་རིང་རང་ལ་ཅམ་གྱིས་བཞག་པས་ཆོག་སྟེ་དེ་མིན་རང་མགོར་རང་གིས་ཐལ་བ་འདེབས་མི་རིགས། མཆེད་གྲོགས་ཀྱི་དམ་ཚིག་སྤྱིར་བཏང་དུ་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་སོ་ཅོག་ལ་བཟང་པོར་བལྟ་ཞིང་དག་སྣང་སྦྱང༌། གྲུབ་མཐའི་ཕྱོགས་ཁྱེར་དང་སྐུར་འདེབས་སོགས་སྤང༌། བྱེ་བྲག་ཏུ་བླ་མ་གཅིག་དང་དཀྱིལ་འཁོར་གིས་བསྡུས་ཚད་རྡོ་རྗེའི་སྤུན་གྲོགས་ཡིན་པས་བརྙས་བཅོས་འགྲན་སེམས་ཕྲག་དོག་གཡོ་སྒྱུ་སོགས་སྤངས་ཏེ་སྙིང་ནས་མཛའ་ཞིང་གཅུག་པར་བྱ། སེམས་ཅན་ཐམས་ཅད་བདག་གི་ཕ་མ་དྲིན་ཅན་ཤ་སྟག་ཏུ་འདུག་པ་ལ་ཨ་ཙ་མ། འདི་རྣམས་འཁོར་བ་ཐར་མེད་ཀྱི་སྡུག་བསྔལ་དྲག་པོས་གཟིར་བ་ལས་བདག་གིས་མ་བསྐྱབ་ན་སུ་ཡིས་སྐྱོབ་སྙམ་དུ་ཤས་མི་བཟོད་པས་སྙིང་རྗེ་བསྒོམ་ལ་བློ་སྦྱོང༌། སྒོ་གསུམ་ཅི་ནུས་ཀྱིས་ཕན་པ་འབའ་ཞིག་སྒྲུབ་ཅིང་དགེ་བ་ཐམས་ཅད་གཞན་དོན་དུ་བསྔོ། རྒྱུན་དུ་བསམ་དགོས་རྒྱུ་ཆོས་དང་བླ་མ། སེམས་ཅན་གསུམ་ལས་མེད་པས་བསམ་པ་དང་ལག་ལེན་མ་འཆོལ། རྟགས་དང་མིང་གི་རྟོགས་ལྡན་དང་གྲྭ་པ་རྣམས་ལ་མ་འགྲན་པར་མ་མགལ་ཁ་རུ་ཆུག་ལ་རང་སེམས་ཆུན། འདི་ག་གལ་ཆེ་ཤོས་ཞིག་ཡིན་པས་ལྐུག་བརྫུས་མ་འདེབས། གཞི་ནས་རང་དོན་ཚེ་ཕྱི་མཁོ་ནར་བསམ་ན་ཆོས་ཟེར་བ་དེ་རང་གིས་བྱས་པ་ཞིག་དགོས་རྒྱུ་ལས། ཤི་ཚར་རྟིང་གཞན་གྱིས་བསྒྲུབས་པའི་དགེ་རྩ་ལ་རེ་དགོས་བྱུང་ན་ཕན་པ་དཀའ་བར་མཆིས་སོ།། དེས་ན་བློ་ཁ་ནང་དུ་བཀུག་སྟེ་སྦྱོར་བ་སྙིང་ནས་ངེས་པར་འབྱུང་བའི་བློས་ཚེ་དང་སྒྲུབ་པ་མཉམ་པའི་དྲན་འདུན་བརྩོན་འགྲུས་དྲག་པོས་གཞི་བཟུང༌། དངོས་གཞི་ལྟ་སྒོམ་ཟབ་མོའི་ཉམས་ལེན་ལ་གནད་དུ་བསྣུན་ཏེ། རྗེས་ཐོབ་དམ་ཚིག་བསླབ་སྡོམ་གྱི་ཚུལ་ལ་སྤང་བླང་འགལ་མེད་དུ་སྤྱོད་པའི་ལག་རྗེས་སུ་ཡོན་ཏན་རང་དབང་མེད་པར་ནང་ནས་སྐྱེ་སྟེ། རྫོགས་པ་ཆེན་པོ་ནི་སྡིག་ཅན་བཙན་ཐབས་སུ་འཚང་རྒྱ་བའི་ལམ་ཡིན་པའི་ཕྱིར་རོ།། དེ་ལ་ཟབ་དྲག་པའི་དབང་གིས་བར་ཆད་ཀྱང་ཡོད་པས་ཁེ་ཆེ་སར་ཉེན་ཆེ་བ་དང་འདྲ། དེའི་རྒྱུ་མཚན་རང་གི་སྔོན་བསགས་ཀྱི་ལས་ངན་ཐམས་ཅད་གདམས་ངག་གི་ནུས་པས་སློང་བའི་རྟགས་སུ་ཕྱི་རོལ་དུ་བདུད་ཀྱི་བར་ཆད་ཆོ་འཕྲུལ་འབྱུང་བའང༌། སྒྲུབ་གནས་དེར་ལྷ་འདྲེས་གཟུགས་སྟོན་པ་དང༌། མིང་ནས་འབོད་པ་དང༌། བླ་མར་བརྫུས་ནས་ལུང་སྟོན་པ་དང༌། འཇིགས་སྐྲག་གི་ཆོ་འཕྲུལ་སྣ་ཚོགས་ཉམས་སམ་རྨི་ལམ་དུ་འབྱུང་བ་དང༌། དངོས་སུའང་གཞན་གྱིས་བརྡེག་བཙོག་ཇག་རྐུན་ན་ཚ་སོགས་མ་ངེས་པར་འབྱུང་བ་དང༌། སེམས་ཐོག་ཏུ་དོན་མེད་པར་སྡུག་བསྔལ་དྲག་པོ་མྱོང་བ་དང༌། སྐྱོ་ཞིང་ངུ་སྙིང་འདོད་པ་དང༌། ཉོན་མོངས་དྲག་པོ་སྐྱེ་བ་དང༌། མོས་གུས་བྱང་སེམས་སྙིང་རྗེ་བྲི་བ་དང༌། རྣམ་རྟོག་དགྲར་ལངས་ཏེ་སྨྱོ་གྲབ་བྱེད་པ་དང༌། ཕན་གཏམ་ལོག་པར་གོ་བ་དང༌། རི་ཁྲོད་དུ་སྡོད་སྙིང་མི་འདོད་པར་དམ་བཅའ་གཏོང་སྙིང་འདོད་པ་དང༌། བླ་མ་ལ་ལོག་ལྟ་སྐྱེ་བ་དང༌། ཆོས་ལ་ཐེ་ཚོམ་ཟ་བ་སོགས་དང༌། གཞན་ཡང་མ་ཉེས་ཁ་ཡོག་དང༌། གྲགས་པ་ངན་པ་དང༌། མཛའ་བོ་དགྲར་ལངས་པ་སོགས་ཕྱི་ནང་གི་རྐྱེན་མི་འདོད་པ་སྣ་ཚོགས་འབྱུང་བ་སྲིད། འོ་དེ་ཚོ་ལྷོངས་ཚད་ཡིན་པས་ངོ་ཤེས་པར་གྱིས་ཤིག ཁེ་ཉེན་གྱི་སོ་མཚམས་འདི་ན་ཡོད། བར་ཆད་དེའང་གནད་ཀྱིས་ཟིན་ན་དངོས་གྲུབ་ཏུ་འགྱུར། དབང་དུ་སོང་ན་གེགས་སུ་འགྱུར། འདི་ལ་དམ་ཚིག་དག་ཅིང་མོས་གུས་ལྟེམ་བརྐྱང་མེད་པའི་སྙིང་རུས་ཅན་གྱིས་བླ་མ་ལ་བློ་གཏད། སྙིང་བཅོལ། ཅི་མཛད་ཁྱེད་ཤེས་ཀྱིས་གསོལ་བ་ཕུར་ཚུགས་སུ་གདབ། རྐྱེན་ངན་དེ་འདོད་ཐོག་ཏུ་ཁྱེར་ཏེ་ཉམས་ལེན་ལ་དྲག་ཏུ་འབད་པས། ཇི་ཞིག་ན་རྐྱེན་ཁོའི་ཕོ་ཚུགས་རང་ཞིག་ལ་སོང་ནས་ཉམས་ལེན་ལ་བོགས་ཐོན། སྣང་བ་བན་མ་བུན་དུ་འགྲོ། བླ་མ་དང་གདམས་ངག་ལ་སྔར་བས་ཀྱང་ཡིད་ཆེས་སྐྱེ། ད་ཕྱིན་ལྷོངས་བྱུང་ཡང་ཨའུ་རྩི་སྙམ་པའི་བློ་གདིང་རྙེད་དེ་འོང༌། འོ་དེ་ནི་ཚར་ཚད་ཡིན་ཏེ་རྐྱེན་ལམ་དུ་ལོངས་པས་ཚར་ལྷོངས་འགྲིགས་པ་ཡིན། ཨ་ལ་ལ། ཕ་རྒན་ང་རང་ཚོ་ལ་དགོས་རྒྱུ་ནི་དེ་རང་རེད། ཁ་ཟ་འདོད་ལ་སྒྱིད་པ་འདར་ཕྲིལ་ཕྲིལ་ཝ་མི་རོ་ལ་འཇབ་པ་ལྟར་མ་བྱེད་པར་བློ་སྟོབས་བསྐྱེད་ཅིག ཡང་གང་ཟག་བསགས་རྒྱབ་དམན་པ། དམ་སྡོམ་ལྷོད་པ། ལོག་ལྟ་ཆེ་བ། ཐེ་ཚོམ་མང་བ། ཁས་ལེན་མཐོ་ལ་ཉམས་ལེན་ཞན་པའི་སྙིང་ལ་རྟུག་དྲི་ཁ་བ་ཚོས་བླ་མའི་གདམས་ངག་དཔེ་ཁྲིའི་སྟེང་དུ་བཞུགས་སུ་གསོལ། རྐྱེན་ངན་དེ་ལ་ཤི་སྦར་འཐམ་ནས་རྗེས་སུ་འབྲངས་པས་བདུད་ཀྱིས་གླག་རྙེད་དེ་ངན་འགྲོའི་ལམ་དུ་ཁྲིད་པར་མཆི། ཨ་ཁ་ཁ། དེ་འདྲ་མི་འབྱུང་བར་བླ་མ་ལ་གསོལ་བ་ཐོབ། དེ་ཡང་ངན་རྐྱེན་ལམ་དུ་ལྷོངས་པ་ནི་ཅུང་ཟད་སླ་མོད། བཟང་རྐྱེན་ལམ་དུ་ལྷོངས་པ་འདི་ཤིན་ཏུ་དཀའ་བས་རྟོགས་པ་མཐོན་པོར་རློམ་པ་དག་ཀྱང་ཚེ་འདིའི་ཆེ་ཐབས་འབའ་ཞིག་ལྷུར་ལེན་པ་རྣམ་གཡེང་ལྷའི་བུའི་བདུད་ཀྱི་འབངས་སུ་བཀོལ་དོགས་ཡོད་པས་ཤིན་ཏུ་གཟབ་དགོས། ཡར་འགྲོ་མར་འགྲོའི་ས་མཚམས་སྒོམ་ཆེན་སྲང་ལ་འདེགས་ས་འདི་ན་ཡོད་པས་གོ་བར་གྱིས། ནང་གི་རྟོགས་པའི་ཡོན་ཏན་གྱི་རྩལ་ཁ་མ་རྫོགས་བར་དུ་ཉམས་མྱོང་གི་ལོ་རྒྱུས་གང་ཐོད་ཐོད་ལ་བཤད་དུ་མི་རུང་བས་ཁ་ཚུམ། གཞན་ཡང་ལོ་མཚམས་ཟླ་མཚམས་ཀྱི་སྡུག་ཡུས་མ་འདྲེན་པར་མི་ཚེ་ཁོ་ན་ལ་ཚད་བཙུགས་ནས་ཉམས་ལེན་ལ་འབུང༌། སྟོང་ཉིད་ཁ་ཁྱེར་གྱིས་བློ་བྲིད་ནས་ཀུན་རྫོབ་རྒྱུ་འབྲས་ཀྱི་དགེ་སྦྱོར་ཁྱད་དུ་མ་གསོད། གྲོང་ཆོག་འདྲེ་འདུལ་སོགས་ལྟོ་ཕྱིར་གྲོང་ཡུལ་དུ་ཡུན་རིང་མ་སྡོད། དོན་མེད་ཀྱི་ལས། དགོས་མེད་གྱི་གཏམ། ཕན་མེད་ཀྱི་བསམ་མནོ་རྣམས་ཉུང་ངུ་ཆུག ཟོག་དང་གཡོ་སྒྱུ་སོགས་ཆོས་འགལ་གྱིས་མི་མགོ་མ་བསྐོར། འདོད་ཡོན་ལ་ཞེན་པས་གཞོག་སློང་དང་ཁ་གསགས་སོགས་ཀྱིས་ལོག་འཚོ་མ་སྒྲུབ། ལྟ་སྤྱོད་མི་མཐུན་པ་དང་སྡིག་པའི་གྲོགས་མ་བསྟེན། རང་སྐྱོན་རང་གིས་ཐོན། གཞན་གྱི་སྐྱོན་མཚང་མ་བརྗོད། ཐ་མ་ཁའི་རིགས་ཐམས་ཅད་དམ་སྲིའི་འཕྲུལ་དུ་གསུངས་པས་སྙིང་ནས་སྤོངས། ཆང་འདི་དམ་རྫས་སུ་བརྟེན་བྱ་ཡིན་ཀྱང་ར་རོ་བ་ཙམ་དུ་བག་མེད་པར་མ་འཐུང༌། དད་ཅན་གྱིས་བཀུར་སྟི་བསྒྲུབ་པ་དང༌། དད་མེད་ཀྱིས་སྐུར་འདེབས་ངད་གཤོམ་སོགས་བཟང་འབྲེལ་ངན་འབྲེལ་གང་ཡང་ཁྱད་མེད་དུ་ལམ་དུ་ཁྱེར་ལ་སྨོན་ལམ་དག་པས་རྗེས་སུ་ཟུངས། དུས་ཀུན་ནང་དུ་རིག་པ་དཔའ་མ་ཞུམ་པར་གཟེངས་མཐོ་བའི་ངང་ནས་ཕྱིའི་སྤྱོད་ལམ་དམན་པའི་ས་བཟུང༌། ཧྲུལ་པོའི་གོས་གྱོན། བཟང་ངན་འབྲིང་གསུམ་ཐམས་ཅད་གོང་དུ་ཁུར། འཚོ་བ་ངན་ངོན་ལ་བརྟེན་ནས་རི་ཁྲོད་དུ་སྡོད་ཚུགས་ཟུངས། བློ་རྩེ་སྤྲང་པོ་ལ་གཏོད། གྲུབ་ཐོབ་གོང་མའི་རྣམ་ཐར་ལ་ཡང་དཔེ་གྱིས། སྔོན་ལས་ལ་ཁག་མ་འགེལ་བར་ཆོས་མགོ་གཙང་སིང་ངེ་ཐོན་པ་རེ་གྱིས། འཕྲལ་རྐྱེན་ལ་ཁག་མ་འགེལ་བར་རྐྱེན་གང་བྱུང་གི་ཐོག་ཏུ་ཚུགས་ཐུབ་པ་རེ་གྱིས། མདོར་ན་རང་སེམས་དཔང་པོར་བཞག་ནས་མི་ཚེ་ཆོས་ལ་དྲིལ་ཏེ་འཆི་དུས་བློ་ལྷག་མེད་པར་རང་གིས་རང་ལ་མ་ཁྲེལ་བ་ཞིག་གྱིས། ཉམས་ལེན་ཐམས་ཅད་ཀྱི་གནད་ཀ་དེ་ན་ཡོད་དོ།། ནམ་ཞིག་འཆི་བའི་དུས་ལ་བབས་ཚེ་ནོར་རྫས་ཅི་ཡོད་སྤོང་དག་བྱས་ལ་ཁབ་གཅིག་ཙམ་ལའང་ཆགས་ཞེན་མེད་པར་བྱ། དེ་ཡང་རབ་འཆི་ཁར་བྲོད་པ་སྐྱེ་བ། འབྲིང་འཆི་བ་ལ་མི་འཚེར་བ། ཐ་མ་ཤི་ཡང་མི་འགྱོད་པ་བྱ་བ་ཡིན་པས། རྟོགས་པའི་འོད་གསལ་ཉིན་མཚན་ཁོར་ཡུག་ཏུ་སོང་ན་བར་དོ་མེད་དེ་ལུས་རྒྱ་ཞིག་པ་ཙམ་ཡིན། དེ་མིན་བར་དོར་གྲོལ་བའི་བློ་གདིང་འདུག་ན་གང་ལྟར་བྱས་ཀྱང་རུང༌། དེ་ལྟར་མེད་ན་སྔར་ནས་འཕོ་བ་ཉམས་འོག་ཏུ་ཚུད་པར་སྦྱངས་ཏེ་དུས་ལ་བབས་པའི་ཚེ་ལས་ལ་སྦྱར་བས་གང་དུ་མོས་པའི་ཞིང་ཁམས་སུ་འཕོས་ནས་དེར་ས་ལམ་གྱི་ལྷག་མ་བགྲོད་དེ་འཚང་རྒྱ་བར་འགྱུར་རོ།། དེས་ན་རང་རེའི་བརྒྱུད་པ་རིན་པོ་ཆེ་འདི་ལ་སྔོན་བྱུང་གི་ལོ་རྒྱུས་རྙིང་པ་ཙམ་མ་ཡིན་པར། དེང་སང་ཡང་ཁྲེགས་ཆོད་དང་ཐོད་རྒལ་གྱི་ལམ་ལས་རྟོགས་པ་མཐར་ཕྱིན་ཏེ་གདོས་བཅས་འཇའ་ལུས་འོད་ཀྱི་ཕུང་པོར་དེངས་བཞིན་པ་འདི་ག་ལྟར་ལ། ནོར་བུ་བོར་ནས་འཆིང་བུ་མི་འཚོལ་བར་གདམས་ཟབ་མཁའ་འགྲོའི་སྙིང་ཁྲག་འདི་ལྟ་བུ་དང་འཕྲད་པ་ནི་ཤིན་ཏུ་སྐལ་པ་བཟང་བ་ཡིན་པས་སེམས་ཀྱི་དཔང་བསྟོད་དེ་སྤྲོད་བ་བསྐྱེད་ལ་སྒོམས་ཤིག དཔེ་འདིའང་རྗེས་འཇུག་རྣམས་ཀྱི་སྙིང་ནོར་དུ་ཟུངས་ཤིག་དང་ཕན་པ་ཆེན་པོ་འབྱུང་བར་སྲིད་དོ།། ཞེས་པའང་འོག་མིན་པདྨ་འོད་གླིང་གི་སྒོམ་གྲྭ་པ་རྣམས་ཀྱི་རི་ཆོས་ཉམས་ལེན་དུ་དམིགས་པའི་རྒྱུ་བྱས། མི་ཕྱེད་པའི་དད་གུས་ཀྱི་ནོར་ལྡན་སྒྲུབ་བརྩོན་རིག་བཟང་རྡོ་རྗེས་བསྐུལ་བའི་རྐྱེན་བྱས་ཏེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྙིང་གཏམ་བསླབ་བྱ་དམར་ཁྲིད་ཀྱི་ཚུལ་དུ་བརྗོད་པ་སྐལ་ལྡན་རྣམས་ཀྱི་རྒྱུད་ལ་རྟོགས་པའི་ཡེ་ཤེས་བཙན་ཐབས་སུ་སྐྱེ་བའི་རྒྱུར་གྱུར་ཅིག། །།