རྒྱུ་དང་རྐྱེན་འདུས་ནས་བྱས་པའི་ཆོས་རྣམས་མི་རྟག་པ་སྟེ་སྐད་ཅིག་སྐད་ཅིག་ནས་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན།།
ལས་དང་ཉོན་མོངས་ཀྱི་ཟག་པའམ་ཉེས་པ་དང་བཅས་པའི་ཆོས་གང་ཞིག་སྡུག་བསྔལ་གྱི་རང་བཞིན་ཏེ་ཡིད་མི་བདེ་བ་སྟེར་བར་བྱེད།།
འཁོར་བ་དང་མྱང་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་སྟེ་བློས་ཕར་བཏགས་ཙམ་ལས་རང་ངོས་ནས་གྲུབ་པ་གང་ཡང་མེད་པས་བདག་མེད་པ་ཡིན།།
མྱ་ངན་གྱི་སེམས་ལས་འདས་པའམ་བདག་འཛིན་གྱི་འཁྲུལ་སྣང་གི་སྡུག་ངལ་མེད་པའི་སེམས་ནི་ཞི་བདེ་མཐར་ཐུག་པ་ཡིན།།
ཆོས་ནི་འཁོར་བ་ལས་བྲོས་བྱོལ་བྱས་ནས་འགྲོ་བའི་ཐབས་ལམ་ཞིག་མ་ཡིན་ལ། དེ་ལས་བཟློག་སྟེ་ཉིན་རེའི་འཚོ་བའི་ནང་འཁོར་བ་དེ་མྱ་ངན་ལས་འདས་པའི་གོ་འཕང་དུ་འགྱུར་བར་བྱེད་པའི་སྨན་རྫས་ཞིག་ཡིན།
འཇིག་རྟེན་གྱི་ཐེག་པ་ཞེས་པ་གཞན་ཕན་གྱི་བསམ་པ་རྣམ་པར་དག་པ་དང་། ཉན་རང་གི་ཐེག་པ་ཞེས་པ་རང་ཉིད་ཀྱི་ང་འདི་ལ་ཞེན་ཆགས་མེད་པའི་བསམ་པ་བདག་མེད་རྟོགས་པའི་བློ་དང་སྙིང་རྗེའི་བསམ་པ་བཟུང་འབྲེལ། ཐེག་པ་ཆེན་པོ་ཞེས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས། གསང་སྔགས་ཀྱི་ཐེག་པ་ཞེས་པ་སྣང་སྟོང་རྟེན་འབྲེལ་རྟོགས་པའི་བློའི་མོས་པའམ་ཡིད་མོས་ཀྱི་སྟོབས་ཀྱིས་སྐད་ཅིག་ཉིད་དུ་མ་དག་པའི་སྣོད་བཅུད་རྣམས་དག་པའི་ཞིང་ཁམས་སུ་འགྱུར་བར་བྱེད་པའི་སེམས་ཀྱི་སྟོབས་སམ་བློའི་ནུས་པ་བཅས་ལ་ཆོས་ཟེར།
དེ་དག་གི་ཉམས་ལེན་ནི་རང་རང་གི་བློ་ནུས་དང་བསྟུན་ཏེ་ཐོས་བསམ་གོམས་གསུམ་གྱི་ཐབས་ལམ་འབད་བརྩོན་བྱེད་པས་གོང་གི་བློ་དེ་དག་མངོན་དུ་འགྱུར་བར་བྱེད་པ་དང་བློ་དེས་མི་ཚེའི་རྣ་འདྲེན་བྱེད་ཐུབ་པ་ལ་ཟེར།
འགྲོ་བ་སེམས་ཅན་ཐམས་ཅད་དང་།།
བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོས།།
དབྱར་ཀ་ཚ་བའི་དུས་སུ་དགུན་དུས་དྲན།།
དགུན་ཀ་གྲང་བའི་དུས་སུ་དབྱར་དུས་དྲན།།
དཔྱིད་ཀ་རླུང་ཚུབ་དུས་སུ་སྟོན་དུས་དྲན།།
སྟོན་ཀའི་མཁའ་རླུང་ཆ་མཉམ་རྟག་དུ་འདོད།།
སྐྱིད་པའི་དུས་སུ་སྡུག་བསྔལ་དྲན་པ་དང་།།
སྡུག་པའི་དུས་སུ་བདེ་བ་དྲན་པ་དང་།།
དགའ་སྡུག་ཆ་མཉམ་སྐབས་སུ་་བཏང་སྙོམས་དྲན།།
སེམས་ཀྱི་རང་ཆོས་བཏང་སྙོམས་བདེ་བ་ཐོབ།།
དྲན་པའི་སེམས་འདི་སྙམས་པར་མ་བཞག་ཚེ།།
དྲན་པ་དེ་ཉིད་མི་བརྟན་སེམས་སུ་འགྱུར།།
དྲན་པས་འདོད་པའི་འཚོར་བ་རྒྱུན་མཐུད་སྟེར།།
དྲན་པ་འཁྱམ་པོ་གར་སོང་གར་འགྲོ་མེད།།
ཤེས་བཞིན་མེད་པའི་དྲན་པ་རྐྱང་པ་དེ།།
གྲུ་མཁན་མེད་པའི་ཆུ་ནང་གྲུ་ཆེན་འདྲ།།
ཤེས་བཞིན་སེམས་ཀྱི་གྲུ་མཁན་ཆེན་མོ་སྟེ།།
དྲན་པ་སྙམས་པར་འཇོག་མཁན་དགེ་སྐོས་ཡིན།། །།
བཅོས་མིན་སྙིང་རྗེའི་བསམ་པ་དེ།།
མཐའ་མེད་འཕེལ་བའི་ནུས་པ་ལས།།
སེམས་ཀྱི་རང་བཞིན་འཇིག་རྟེན་ཀྱི།།
ཁམས་དང་དབྱེར་མེད་གཅིག་ཏུ་འགྱུར།།
ཉམས་མྱོང་ཆོས་ཀུན་ཤེས་རབ་དང་།།
སྟོང་པ་ཉིད་ཀྱི་ངོ་བོར་ཤར།།
འོད་གསལ་སྣང་བས་རང་སེམས་དེ།།
ཉོན་སྒྲིབ་ཤེས་སྒྲིབ་གཉིས་ལས་ཐར།། །།
འགའ་ཞིག་ཕྱི་མའི་འདུན་མ་དོན་དུ་གཉེར།།
འགའ་ཞིག་དག་པའི་གཞིང་ཁམས་དོན་དུ་གཉེར།།
འགའ་ཞིག་ཐར་པའི་གོ་འཕང་དོན་དུ་གཉེར།།
དོན་གཉེར་གང་ཞིག་བདག་འཛིན་ལས་བྱུང་བ།།
དོན་གཉེར་དེ་ཉིད་སྡུག་བསྔལ་ཉིད་དུ་འགྱུར།།
སྡུག་བསྔལ་འཕེལ་ཞིང་བདག་འཛིན་བརྟན་པར་བྱེད།།
རང་སེམས་བདེ་བར་གནས་པའི་གོ་སྐབས་དབེན།།
བདག་ལ་ཆགས་པའི་འདོད་འདུན་ལ་གནས་པས།།
ལས་ནི་རྒྱུན་མི་ཆད་པར་བསགས་པར་བྱེད།།
ལས་རྒྱུན་ཆད་པར་བྱེད་པའི་སྤྱོད་པ་ནི།།
རྩོལ་མེད་ལས་ཀྱི་རྣལ་འབྱོར་ལ་གནས་བྱོས།། །།
༆ སངས་རྒྱས་ཤྭཀྱ་ཐུབ་པས་ཆོས་ཀྱི་འཁོར་ལོ་དང་པོར་གདུལ་བྱ་རྣམས་ལ་འཕགས་པའི་བདེན་པ་བཞི་བསྟན་པར་མཛད། དེ་ཡང་།
སྡུག་བསྔལ་༼ནད་ན་ཚ་དང་རྒས་པ་དང་འབྱུང་བ་མ་མཉམ་པ་ལས་བྱུང་བའི་སྡུག་བསྔལ་གྱི་སྡུག་བསྔལ། ཟས་དང་ལོངས་སྤྱོད་ཀྱི་བདེ་བ་ལས་བྱུང་བའི་འགྱུར་བའི་སྡུག་བསྔལ། མི་ཚེའི་ཆ་ཤས་སུ་གཏོགས་པ་ལྡོག་ཏུ་མེད་པའི་འཁོར་བའི་གནས་ལྟངས་ལས་བྱུང་བ་ཁྱབ་པ་འདུ་བྱེད་གྱི་སྡུག་བསྔལ་བཅས་༽ཤེས་པར་བྱ་བ།
ཀུན་འབྱུང་༼སྡུག་བསྔལ་དེ་གསུམ་གྱི་རྒྱུ་ལས་དང་ཉོན་མོངས་པ་རྣམས་༽ སྤང་བར་བྱ་བ།
འགོག་པ་༼སྡུག་བསྔལ་སྤངས་པའི་ཞི་བ་མྱང་འདས་༽ མངོན་དུ་བྱ་བ།
ལམ་ ༼ ཆོས་ཀྱི་འཁོར་ལོས་མཚོན་པའི་འཕགས་ལམ་ཡན་ལག་བརྒྱད་དང་ལྷག་པའི་བསླབ་པ་གསུམ་༽བསྒོམ་པར་བྱ་བ།
ཅེས་ནད་པ་ཞིག་གི་ནད་ངོས་འཛིན་དགོས་པ་དང་། ནད་ཀྱི་རྒྱུ་སྤང་བྱ་ཡིན་པ་དང་། ནད་ལས་གསོས་པའི་བདེ་བ་ཐོབ་བྱ་ཡིན་པ་དང། སྨན་བཅོས་བསྟེན་དགོས་པ་བཅས་ཀྱི་དཔེ་ལྟར་ཡིན་ནོ།། །།
སྨོན་ལམ་འདེབས་པ།
༆ སྨོན་ལམ་འདེབས་པ་ནི་ཆོས་ལུགས་ཞིག་གི་དད་པ་ཙམ་མ་ཡིན། སྨོན་ལམ་འདེབས་པ་ནི་མིའི་སེམས་ཀྱི་བདེ་སྐྱིད་དང་གཞན་ཕན་གྱི་སེམས་བསྐྱེད་ཞིག་ཡིན་ནོ།། །།
ལུས་སེམས་ཀྱི་བདེ་བ།
༆ སེམས་པ་ལྷོད་པ་རྒྱ་མཚོ་ལྟ་བུ་དང་གུ་ཡངས་པ་ནམ་མཁའ་ལྟར་དང་ལྡན་པ་ནི་ལུས་སེམས་གཉིས་ཀ་བདེ་བར་གནས་པར་བྱེད་པའི་སྨན་མཆོག་ཡིན་ནོ།། །།
སྙིང་རྗེའི་སེམས།
༆ སྙིང་རྗེའི་སེམས་ནི་ཉི་མ་ལྟ་བུ་སྟེ། མ་རིག་པའི་མུན་པ་སེལ་བར་བྱེད་ཅིང་ཤེས་རབ་ཀྱི་སྣང་བ་སྟེར་བར་བྱེད་དོ།། །།
འདོད་ཆུང་ཆོག་ཤེས།
༆ འདོད་ཆུང་ཆོག་ཤེས་ཀྱི་སེམས་ནི་ཤིང་གི་སྡོང་པོ་ལྟ་བུ་སྟེ། ས་ཀློན་དྲོད་རླུང་བར་སྣང་བཅས་ཀྱི་འབྱུང་བ་རྣཾས་རང་ལ་གང་དགོས་ཙམ་ལེན་ཅིང་། དེ་ལས་ལྷག་པ་ལོངས་སུ་མི་སྤྱོད་དོ།། །།
བྱམས་སེམས།
༆ བྱམས་སེམས་ནི་ཤིང་གི་སྒྲིབ་སིལ་ལྟ་བུ་སྟེ། ལན་ལ་རེ་འདོད་མེད་པར་གཞན་ལ་སིལ་བ་སྟེར་བར་བྱེད་དོ།། །།
ངེས་འབྱུང་གི་སེམས།
༆ ངེས་འབྱུང་གི་སེམས་ནི་འདམ་ནང་གནས་པའི་མེ་ཏོག་པདྨའི་ས་བོན་ལྟ་བུ་སྟེ། ས་བོན་དེས་འདམ་གྱི་ནུས་པ་ལས་མེ་ཏོག་ལོ་འདབ་འབྲས་བུ་དང་བཅས་རྒྱས་པར་བྱེད་པ་བཞིན། ས་བོན་ངེས་པར་འབྱུང་བའི་སེམས་ཀྱིས་འཁོར་བའི་གནས་ཀྱི་ནུས་པ་ལས་ལོ་འདབ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དང་མེ་ཏོག་རྒྱལ་སྲས་ཀྱི་སྤྱོད་པ་དང་འབྲས་བུ་བྱང་ཆུབ་གསུམ་བཅས་བསྐྲུན་པར་བྱེད་དོ།། །།
ཆོས་ཀྱི་སྡོམ་བཞི།
༆
དམ་པའི་ཆོས་ཀྱི་སྡོམ་བཞིའམ་ལྟ་
གོ་དོན་ནི། ཉོན་མོངས་པའི་རྒྱུ་དང་རྐྱེན་འདུ
ཐབས་དང་ཤེས་རབ།
༆ ཐབས་དང་ཤེས་རབ་གཉིས་ནི་བོད་ཀྱི་དམ་པའི་ཆོས་ཉམས་ལེན་པའི་ནང་དུ་ཡོངས་གྲགས་ཀྱི་ཐ་སྙད་ཞིག་ཡིན། སྤྱིར་ཐབས་ནི་སྙིང་རྗེའི་སེམས་དང་ཤེས་རབ་ནི་གནས་ལུགས་མཐར་ཐུག་རྟོགས་པའི་རིག་པ་ལ་ཟེར། ཉན་རང་གི་ཐེག་པའི་ལམ་གྱི་རིམ་པའི་སྐབས་སུ་ཐབས་ནི་སྙིང་རྗེའི་སེམས་དང་ཤེས་རབ་ནི་བདག་མེད་རྟོགས་པའི་བློ་ལ་ཟེར། བྱང་སེམས་ཀྱི་ཐེག་པའི་དབང་དུ་བྱས་ན་ཐབས་ནི་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་སྟོང་པ་ཉིད་རྟོགས་པའི་བློ་ལ་ཟེར། གསང་སྔགས་ཀྱི་ཐེག་པའི་སྐབས་སུ་ཐབས་ནི་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ལ་གོ་བ་ཡིན།
སྙིང་རྗེའི་སེམས་ལ་ཉན་རང་གི་ལམ་གྱི་གནས་སྐབས་སུ་སྙིང་རྗེ་ཚད་མེད་དང་། བྱང་སེམས་དང་གསང་སྔགས་ཀྱི་སྐབས་སུ་སྙིང་རྗེ་ཆེན་པོ་ཡིན། སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ་དང་མི་རྟག་པའི་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་སྟོང་པ་ཉིད་དམ་བདག་མེད་པའི་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་བཅས་སྙིང་རྗེ་སྒོམ་ཚུལ་རིམ་པ་གསུམ་ཡོད།
སྟོང་ཉིད་དང་བདག་མེད་ཟེར་བའི་ཐ་སྙད་འདི་ཐེག་པ་གསུམ་དང་གྲུབ་མཐའ་བཞི་གསང་སྔགས་དང་བཅས་ཚང་མར་ཡོངས་གྲགས་ཀྱི་ཆོས་སྐད་ཞིག་ཡིན་ན་ཡང་དེའི་གོ་དོན་འགྲེལ་བཤད་ལ་ཐེག་པ་སོ་སོ་དང་གྲུབ་མཐའ་སོ་སོ་བཅས་ནས་ངོས་འཛིན་ཚུལ་མི་འདྲ་བ་ཡོད། དེ་ཡང་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པ་ལ་བདག་མེད་དང་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་བདག་མེད་དང༌། གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་དང༌། ཆོས་ཐམས་ཅད་རང་མཚན་གྱིས་ཡོད་ཀྱང་དོན་དམ་པར་ངོ་བོ་ཉིད་མེད་པ་དང༌། ཆོས་ཐམས་ཅད་ཐ་སྙད་དུ་ཡང་རང་མཚན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་ལ་རྒྱུ་འབྲས་འཆིང་གྲོལ་གྱི་བྱ་བྱེད་ཐམས་ཅད་བཞག་ཆོག་པའི་བདག་མེད་ཀྱི་རིམ་པ་རྣམས་ཕྱི་མ་ཕྱི་མ་ལས་སྔ་མ་སྔ་མ་རྟོགས་སླ་བས༌སྔ་མ་རྣམས་ཕྱི་མ་ལ་འཇུག་པའི་ཐབས་སུ་བསྟན་པ་ཡིན་ཅིང་། སྐབས་རེ་ལྟ་བ་སླ་བ་སྔོན་དུ་བསྟན་ནས་རིམ་གྱིས་གོང་མར་ཁྲིད་པར་འགྱུར་བ་། ཡང་ཐོག་མ་ཉིད་ནས་ལྟ་བ་མཐོན་པོ་བསྟན་ན་ཕན་པ་ལས་གནོད་པ་ཆེ་བར་འགྱུར་བའང་ཡོད།
གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་དང་སྟོང་ཉིད་འཇོག་ཚུལ་མི་འདྲ་བ་འདི་དག་ཐམས་ཅད་བདག་འཛིན་གྱི་བློའི་གཉེན་པོར་ཉམས་ལེན་པ་རང་རང་གི་དབང་པོ་དང་ཁམས་དང་མོས་པ་ལ་བལྟོས་ཏེ་རྣམ་དཔྱོད་ཀྱི་ཐེམ་པ་རིམ་འཛེགས་ཀྱིས་མཐར་འཁོར་བའི་རྩ་བ་མ་རིག་པའི་མུན་པ་ལས་གྲོལ་ཏེ་ཡེ་་ཤེས་ཀྱི་མིག་ཐོབ་པར་བྱེད་པའི་ཐབས་ཁྱད་པར་ཅན་ཡིན་ནོ།། །།
བོད་ཀྱི་ལྟ་གྲུབ།
༆ བོད་ཀྱི་དམ་པའི་ཆོས་ནི་རྒྱ་གར་ནས་ཁ་ཆེའི་ཡུལ་གྱི་སྔགས་འཆང་གུ་རུ་པདྨ་སམ་བྷ་བ་དང་ནལེནྡྲ་ནས་ཕེབས་པའི་མཁན་ཆེན་ཞི་བ་འཚོ་དང་བྷེང་གྷ་ལིའི་སློབ་དཔོན་དཔལ་ལྡན་ཨ་ཏི་ཤ་སོགས་བོད་ནང་དངོས་སུ་ཕེབས་པ་དང་། ཡང་མར་པ་ལོ་ཙྭ་བ་བརྒྱུད་གྲུབ་ཆེན་ཏི་ལོ་པ་དང་ན་རོ་པ་དང་མཻ་ཀྲི་པ་སོགས་ཀྱི་གདམ་པ་དང་། གཞན་ཡང་བོད་ཀྱི་ལོ་ཙྭ་བ་ལོ་ཆེན་བྷེ་རོ་ཙ་ན་དང་ཀ་ཅོག་ཞང་གསུམ་དང་ལོ་ཆེན་རིན་ཆེན་བཟང་པོ་སོགས་ཁག་གཅིག་རྒྱ་གར་ནལེནྡྲར་བསླབ་གཉེར་དུ་ཕེབས་ནས་བླངས་པའི་གདམ་པ་བཅས་ལས་བྱུང་བ་ཞིག་ཡིན། ཆོས་ཀྱི་བརྒྱུད་རིམ་རྣམས་ཕྱལ་སྲོལ་གྱི་རྒྱུད་པའི་གསོལ་འདེབས་ཁག་ལས་ཤེས་ཐུབ། དེ་ལྟར་བསྟན་པ་སྔ་དར་དང་ཕྱི་དར་སོགས་དུས་སྐབས་སོ་སོར་བོད་ནང་ཐེག་པ་གསུམ་སྔགས་དང་བཅས་པ་དང་རྒྱ་གར་གྱི་ནང་པའི་གྲུབ་མཐའ་བཞི་བཅས་ཀྱི་་གདམ་པའི་རྒྱུན་དུས་ད་ལྟའི་བར་གནས་མུས་རེད། རིམ་པས་མཁས་པ་སོ་སོའི་རྒྱུད་རིམ་གྱི་ཕྱག་སྲོལ་འདྲ་མིན་ལ་བརྟེན་ནས་བོད་ནང་དམ་པའི་ཆོས་ཀྱི་ལུགས་སྲོལ་ཆེ་བ་བཞི་སྟེ་སྙིང་མ་དང་བཀའ་རྒྱུད་དང་ས་སྐྱ་དང་དགེ་ལུགས་བཅས་དང་དེ་དག་གི་ནང་ཁུལ་དུ་ཡང་ཚན་པ་དུ་མ་ཡོད། དེ་དག་དབར་གྱི་ཁྱད་པར་ནི་ཨིན་སྐད་དུ་ (same, same, but different) ཟེར་བ་ལྟར་ནང་དོན་གཅིག་ཡིན་རུང་མི་འདྲ་བའི་ཁྱད་པར་ཡང་ཡོད།
མདོར་ན་སྐབས་འདིར་བརྗོད་པར་འདོད་པ་ཞིག་ནི་མི་ལོ་སྟོང་ལས་ལྷག་པ་བོད་པས་ནང་པའི་ལྟ་གྲུབ་ལ་སྦྱོང་དར་བྱས་པའི་མཐའ་མའི་གྲུབ་དོན་ཨིན་སྐད་དུ་ "Thesis" འདྲ་བ་གང་ཞིག་རྣམ་དཔྱོད་གསར་པ་བསྐྲུན་ཐུབ་ཡོད་དམ་ཞེས་པ་འདི་དུས་རབས་ཀྱི་དྲི་པ་གནད་དོན་ཅན་ཞིག་རེད། དཔེར་ན། མགོན་པ་ཀླུ་སྒྲུབ་ཀྱིས་ཡུམ་གྱི་མདོ་དོན་དབུ་མའི་ལམ་དུ་སྲོལ་གཏོད་པར་མཛད་པ་དང་། ཟླ་བ་གྲགས་པས་ཡུམ་གྱི་མདོ་དོན་དབུ་མ་ཐལ་འགྱུར་བར་སྤྲོས་པ་དང་། ལེགས་ལྡན་འབྱེད་ཀྱིས་ཡུམ་གྱི་མདོ་དོན་དབུ་རང་རྒྱུད་པར་སྤྲོས་པ་དང་། སློབ་དཔོན་ཐོག་མེད་ཀྱིས་མདོ་དོན་སེམས་ཙམ་པའི་ལྟ་བར་གསལ་བ་སོགས་རྒྱ་གར་ལྟ་གྲུབ་མཁས་པས་ཐུབ་པའི་དགོངས་པ་རང་རང་གི་ལྟ་གྲུབ་སྣ་ཚོགས་སུ་སྲོལ་གཏོད་པ་ལྟར། བོད་ཀྱི་མཁས་པས་ཐུབ་པའི་དགོངས་པ་བོད་རང་གི་ལྟ་གྲུབ་གང་ཞིག་དུ་སྲོལ་གཏོད་པ་བྱུང་ཡོད་དམ། དེ་མིན་སྔར་གྱི་རྒྱ་གར་གྱི་ལྟ་གྲུབ་སྙིང་པ་དེ་དག་བོད་སྐད་ཐོག་དུས་རབས་ནས་དུས་རབས་སྐྱར་བཟློས་ཡང་བཟློས་བྱས་ནས་བོད་རང་གི་ལྟ་གྲུབ་གང་ཡང་མེད་པར་གསེར་གྱི་བྱ་མོ་ལས་སྒོང་ང་རྫོགས་མེད་ལེན་པའི་རེ་བའི་སྒྲུང་ལྟར་གནས་རྒྱུ་ཡིན་ནམ།།
བོད་རང་གི་ལྟ་གྲུབ་མེད་པ་དང་། བོད་ཀྱི་ངོ་བོ་མཚོན་བྱེད་ཀྱི་རིག་གཞུང་ཐུན་མོང་མ་ཡིན་པ་ཞིག་མེད་པ་ནི་བོད་མི་རིགས་ཀྱི་འདས་པའི་ལོ་རྒྱུས་ཀྱི་སྟོང་ཆ་ཆེ་ཤོས་ལྷག་པ་དེ་ཡིན་པར་མངོན།།
བདག་འཛིན་དང་ངར་འཛིན།
༆ ཨིན་སྐད་དུ་ Ego ཞེས་པ་དེ་རིག་གཞུང་གི་འཁོར་ཡུག་དང་གནས་དུས་ལ་བསྟུན་ཏེ་དུས་སྐབས་སོ་སོར་གོ་དོན་མ་འདྲ་བ་ཡོད་པ་ཡིན། ནང་དོན་རིག་པའི་འཁོར་ཡུག་བོད་ཀྱི་ཆོས་སྐད་དུ་ངར་འཛིན་དང་ཡང་ན་བདག་འཛིན་ལ་གོ་ཐུབ། ངར་འཛིན་གྱི་ང་དང་གང་ཟག་བདག་འཛིན་གྱི་བདག་ནི་ང་དང་བདག་ཞེས་པ་ཞིག་ཕུང་པོ་ལྔ་པོ་གང་ལ་ཡང་མ་བརྟེན་ པའི་ངའམ་བདག་རང་དབང་བའམ་རང་བཞིན་ཚུགས་ཐུབ་པ་ཞིག་ཤར་གྱི་ཡོད་པ་ཡིན།
ནང་པའི་ཆོས་ཀྱི་བལྟ་གྲུབ་དགོངས་དོན་ལྟར་ན་ང་དང་བདག་དང་གང་ཟག་ཞེས་པ་ཕུང་པོ་ལྔ་ལ་བརྟེན་ནས་གྲུབ་པའི་གཟུགས་ཤེས་གང་ཡང་མ་ཡིན་པའི་མི་ལྡན་པའི་འདུས་བྱས་ཞིག་ཡིན། དེ་འདྲའི་ངའམ་བདག་དེ་ཕུང་པོ་ལྔ་ཚོགས་པ་དང་ཕུང་པོ་ལྔ་པོ་རེ་རེ་ནས་གང་ཡང་མ་ཡིན་ལ་ཕུང་པོ་ལྔའི་ཕྱི་རོལ་དུ་ཡང་མེད།
ངར་འཛིན་གྱི་བློ་ནི་འཁོར་བའི་སེམས་དང་རང་ཆས་སུ་ཡོད་པའི་འཁྲུལ་བློ་ནུས་སྟོབས་ཆེ་བས་འགྲོ་བ་རྣམས་རང་ཤུགས་ཀྱིས་དེའི་དབང་འོག་ཏུ་ལྷུང་གི་ཡོད། ལས་དང་པོ་པས་ངར་འཛིན་ནམ་བདག་འཛིན་གྱི་བློ་དེ་ལ་དངོས་སུ་གདོང་ཐུག་གིས་མ་འཐབ་པར་བློ་དེའི་འཛིན་སྟངས་དང་རྣམ་པ་བཅས་ལ་དྲན་པས་མུ་མཐུད་ནས་བརྟག་དཔྱད་ལེགས་པར་བྱས་ནས་བདག་འཛིན་ནམ་ངར་འཛིན་གྱི་བློ་དེའི་འཁྲུལ་བའི་རང་བཞིན་ཤེས་པར་བྱ་བ་དང་དེའི་འཛིན་སྟངས་བཅོས་ཐབས་བྱ་དགོས་པ་ཡིན། བདག་འཛིན་མ་རིག་པའི་བློ་དེ་ནི་ཉོན་མོངས་པའི་བློ་ཐམས་ཅད་ཀྱི་གཙོ་བོ་དང་གཞི་རྩ་ཡིན་པས་དེས་གང་ཟག་དེ་དང་འབྲེལ་ཡོད་གྱི་དངོས་པོ་དང་ཉེ་འཁོར་གྱི་ཆོས་གང་ལ་ཡང་མ་བརྟེན་པའི་རང་བཞིན་ཚུགས་ཐུབ་ཀྱི་བདག་རང་སྐྱ་བ་ཞིག་དུ་འཚོར་བའི་འཁྲུལ་བའི་སྣང་བ་བསྐྲུན་པར་བྱེད།
བདག་གམ་ང་ཞེས་པའི་རང་བཞིན་ངོ་མ་ནི་ངར་འཛིན་གྱི་འཛིན་སྟངས་ལས་ཡོངས་སུ་ལྡོག་སྟེ་སེམས་ནང་ཟབ་མོའི་སྟིང་ངེ་འཛིན་གྱི་ལམ་ནས་གསལ་ཐུབ་པའི་རྟེན་འབྱུང་སྙིང་པོའི་ཆོས་ང་དང་བདག་ཞེས་པ་འཇིག་རྟེན་གྱི་ཁམས་ཀྱི་ཆོས་སྤྱི་དང་བྱེ་བྲག་ཐམས་ཅད་དང་འབྲེལ་ནས་གནས་པའི་རང་བཞིན་འཁྲུལ་བའི་བློས་མ་སླད་པའི་ཡུལ་གཞི་གྲུབ་ཀྱི་གང་ཟག་ཞིག་ལ་འཇོག་གོ། །།
རྒྱལ་བའི་བསྟན་པ་སྤྱི་དང་ཐེག་པ་གསུམ།
༆ རྒྱལ་བའི་བསྟན་པ་རིན་པོ་ཆེའམ་སངས་རྒྱས་ཀྱི་བསྟན་པ་སྤྱིའི་ཉམས་ལེན་ནི་བདེན་བཞིའི་ཆོས་འཁོར་དུ། ༆ དེ་ལ་བཅོམ་ལྡན་འདས་ཀྱིས། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། ། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། །འདི་ནི་འགོག་པ་འཕགས་པའི་བདེན་པའོ། །འདི་ནི་ལམ་འཕགས་པའི་བདེན་པའོ། །སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ། སྡུག་བསྔལ་ཤེས་པར་བྱ་སྟེ་ཤེས་པར་བྱར་མེད། ཀུན་འབྱུང་སྤང་བར་བྱ་སྟེ་སྤང་བར་བྱར་མེད། འགོག་པ་མངོན་དུ་བྱ་སྟེ་མངོན་དུ་བྱར་མེད། ལམ་བསྒོམ་པར་བྱ་སྟེ་བསྒོམ་པར་བྱར་མེད་་་།། ཅེས་པའི་བདེན་བཞིའི་ངོ་བོ་དང༌། བྱ་བ། བྱ་བ་འབྲས་བུ་དང་བཅས་པ་བསྟན་པ་ལྟར་སྡུག་བསྔལ་ཤེས་པར་བྱ་བ་དང་། ཀུན་འབྱུང་སྤང་བར་བྱ་བ་དང་། ལམ་བསྒོམ་པར་བྱ་བ་དང་། འགོག་པ་མངོན་དུ་བྱ་བ་བཅས་ཀྱི་ཉམས་ལེན་གྱི་རིམ་པ་འདི་ལ་གཅིག་མཐུན་ཡིན།།
གདུལ་བྱ་རང་རང་གི་ཁམས་དང་མོས་པ། དབང་པོ་དང་བལྟ་གྲུབ་བཅས་ལ་བལྟོས་ཏེ་ཉན་རང་གི་ཐེག་པ་དང་། བྱང་སེམས་ཀྱི་ཐེག་པ། རྡོ་རྗེ་ཐེག་པ་བཅས་ཐེག་པ་རིམ་པ་གསུམ་དུ་བསྟན་ཡོད། ཉན་རང་གི་ཐེག་པ་ནི། ངེས་འབྱུང་གི་བསམ་པས་ཀུན་སློང་ལས་བྱང་ཕྱོགས་སོ་བདུན་གྱི་ལམ་ལ་བརྟེན་ནས་ཉན་རང་གི་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ་བཅས་དང་། མཐར་མི་སློབ་ལམ་ཞི་བ་མྱང་འདས་མངོན་དུ་བྱེད་པའི་ཐབས་ལམ་ཡིན། བྱང་སེམས་ཀྱི་ཐེག་པ་ནི། ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ཏེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངས་ནས་སྦྱིན་སོགས་ཕར་ཕྱིན་བཅུའི་ཉམས་ལེན་ལས་ཐེག་པ་ཆེན་པོའི་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ་དང་། མཐར་མི་སློབ་ལམ་མི་གནས་པའི་མྱང་འདས་མངོན་དུ་བྱེད་པའི་ལམ་གྱི་རིམ་པ་ཡིན། རྡོ་རྗེ་ཐེག་པ་ནི། ངེས་འབྱུང་གི་སེམས་ཁྱད་པར་བ་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ་ལྷའི་རྣལ་འབྱོར་དང་བཟུང་འབྲེལ་གྱིས་ལམ་ལ་ཉམས་ལེན་བྱས་པས་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ་དང་། མཐར་མི་སློབ་ལམ་རྒྱལ་བ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པའི་ས་ལམ་གྱི་རིམ་པ་ཡིན།
སྤྱི་ཡོངས་ཀྱི་ཆ་ནས་བཤད་ན། ཚོགས་ལམ་ཞེས་པ་ནི་ཐེག་པ་རང་རང་གི་ལམ་ལ་བསྟེན་ནས་གཙོ་བོ་བསོད་ནམས་ཀྱི་ཚོགས་སྦྱིན་པ། ཚུལ་ཁྲིམས། བཟོད་པ་བཅས་ཀྱི་ཉམས་ལེན་རྫོགས་པ་ལ་བརྩོན་པའི་གནས་སྐབས་ཡིན། སྦྱོར་ལམ་ནི་ཐེག་པ་རང་རང་གི་བལྟ་གྲུབ་ལ་བལྟོས་ཏེ་བལྟ་བ་ཡང་དག་པ་རྟོགས་པར་བརྩོན་པའི་གནས་སྐབས་དང། སྦྱོར་ལམ་ཞེས་པ་མཐོང་ལམ་ལ་སྦྱོར་བྱེད་ཀྱི་ལམ་ཏེ་བལྟ་བ་ཡང་དག་པ་དོན་སྤྱིའི་ཚུལ་དུ་རྟོགས་པ་ལ་ཟེར། མཐོང་ལམ་ཞེས་པ་བལྟ་བ་ཡང་དག་པ་ཡིད་ཀྱི་མངོན་སུམ་ལ་མཐོང་བའམ་མཇལ་བ་ལ་ཟེར་བས་ཐེག་པ་རང་རང་གི་བལྟ་གྲུབ་ལ་བལྟོས་ཏེ་བལྟ་བ་མཐར་ཐུག་མངོན་སུམ་དུ་རྟོགས་པའི་ཤེས་རབ་ནི་མཐོང་ལམ་ཡིན། སྒོམ་ལམ་ནི་མཐོང་ལམ་མངོན་སུམ་ཚད་མ་དེ་མུ་མཐུད་ནས་གོམས་པར་བྱེད་པའམ་བརྟན་པར་གནས་པར་བྱེད་པའི་ལམ་ཡིན། དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པ་ན་མཐར་མི་སློབ་ལམ་ཏེ་ཐེག་པ་རང་རང་གི་གྲུབ་མཐའི་རྣམ་གཞག་ལྟར་གྱི་སྡུག་བསྔལ་དང་ཀུན་འབྱུང་ལས་གྲོལ་བའི་རྣམ་གྲོལ་གྱི་གོ་འཕང་ལ་ཟེར།།
ཐེག་པ་རང་རང་གི་བལྟ་གྲུབ་ལ་བལྟོས་ཏེ་ཤེས་རབ་ཕར་ཕྱིན་ཀྱི་ཡུལ་བལྟ་བ་མཐར་ཐུག་ལ་མིང་བརྡས་བརྗོད་ཚུལ་ཅུང་མི་འདྲ་བ་ཡོད་པ་ཡིན། སྤྱིར་ཉན་རང་གི་ཐེག་པ་ནི་བལྟ་གྲུབ་མདོ་སྡེ་བ་དང་སེམས་ཙམ་གྱི་ལུགས་ཀྱི་རྟག་གཅིག་རང་དབང་ཅན་གྱི་བདག་མེད་པ་དང་གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་སྟོང་པ་དང་ཕུང་པོ་ལྔ་དང་ཕུང་པོ་ལྔ་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པའི་སྟོང་པ་བཅས་ཀྱི་གནས་ལུགས་མཐར་ཐུག་རྟོགས་པ་ལ་བལྟ་བ་ཡང་དག་པ་རྟོགས་པར་ངོས་འཛིན་པ་ཡིན། སྤྱིར་བྱང་སེམས་ཀྱི་ཐེག་པ་ནི་དབུ་མ་རང་རྒྱུད་པའི་་ལུགས་ཀྱི་རང་ང་བཞིན་གྱིས་གྲུབ་པའི་བདེན་གྲུབ་ཀྱིས་སྟོང་པའི་ཆོས་དང་གང་ཟག་གི་བདག་མེད་པའི་བདག་མེད་དང་ཐལ་འགྱུར་པའི་ལུགས་ཀྱི་ཆོས་ཐམས་ཅད་མིང་བརྡས་ཕར་བཏགས་ཙམ་ལས་རང་ངོས་ནས་གྲུབ་པའི་ཆ་རྡུལ་ཙམ་ཡང་མེད་པའི་སྟོང་ཉིད་ཆོས་དང་གང་ཟག་གི་བདག་མེད་བཅས་རྟོགས་པ་ལ་གནས་ལུགས་མཐར་ཐུག་རྟོགས་པ་འདོད། སྤྱིར་རྡོ་རྗེ་ཐེག་པ་ནི་ཐལ་འགྱུར་བའི་བལྟ་བ་གཞིར་བཅོལ་བའི་གསལ་སྟོང་བཟུང་འཇུག་དང་བདེ་སྟོང་བཟུང་འཇུག་དང་བདེན་གཉིས་བཟུང་འཇུག་གི་བལྟ་བ་རྟོགས་པ་ན་གནས་ལུགས་མཐར་ཐུག་རྟོགས་པར་ངོས་འཛིན་པ་ཡིན།།
འོན་ཀྱང་དམིགས་བསལ་གྱི་དབང་དུ་བཏང་ན་ཉན་ཐོས་མདོ་སྡེ་བ་རྡོ་རྗེ་འཛིན་པ་དང་རང་རྒྱལ་སེམས་ཙམ་པ་རྡོ་རྗེ་འཛིན་པ་ཡོད་ཅིང་། ཉན་རང་རང་རྒྱུད་པ་དང་ཐལ་འགྱུར་པ་ཡང་ཡོད། དེ་བཞིན་སྔགས་པ་བྱེ་བྲག་སྨྲ་བ་སོགས་རང་རང་སོ་སོའི་ཁམས་དང་མོས་པ་ལ་བལྟོས་ཏེ་ལམ་གྱི་རྣམ་གྲངས་མཐའ་ཡས་པ་ཡོད་པ་ལྟར་ཉམས་ལེན་གྱི་རིམ་ཡང་གྲངས་ལས་འདས་པ་ཡོད་པ་ཡིན།།
དེ་དག་ཐམས་ཅད་མཐར་རང་གཞན་འཁོར་བ་ལས་གྲོལ་བར་བྱེད་པའི་ལམ་པོ་ཆེར་འདུས་པས་ན་གྲུབ་མཐའ་དང་ཐེག་པ་སྣ་ཚོགས་པ་ནི་མིང་བརྡས་བརྗོད་ཚུལ་ཅུང་མི་འདྲ་བ་ཙམ་ལས་ངེས་དོན་ནི་མདོ་ལས། ༆ བཅོམ་ལྡན་འདས་ཅིའི་སླད་དུ་ལམ་གྱི་རྣམ་པ་འཚལ་བ་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལགས། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང་སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ལམ་ཐམས་ཅད་ཤེས་པར་བྱའོ། །དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱ་ཞིང་དེ་དག་གིས་ལམ་གྱི་བྱ་བ་ཡང་བྱ་ལ།། །།ཞེས་གསུངས་པ་ལྟར་ཐེག་པ་སྣ་ཚོགས་པ་ཐམས་ཅད་འཁོར་བའི་ངལ་དུབ་ལས་སྒྲོལ་བའི་ཞི་བསིལ་ལྡན་པའི་མི་ཚེ་བཟང་པོའི་སྤྱི་ཚོགས་དང་རང་གཞན་ཐམས་ཅད་སྡུག་བསྔལ་ལས་ཐར་པའི་ཞི་བའི་བདེ་བ་དང་རྣམ་ཀུན་མཁྱེན་པའི་ཡེ་ཤེས་ཀྱི་སར་འགོད་པར་བྱེད་པའི་ཐབས་ལམ་དགོངས་དོན་གཅིག་མཚུངས་ཡིན་ནོ།། །།
དམ་པའི་ཆོས་ཀྱི་རིན་ཐང་།
༆ ཟབ་མོའི་ཆོས་ནི་མི་ཚེ་དང་འཇིག་རྟེན་ཁམས་ཀྱི་སྙིང་པོ་ཡིན་པ་དང་རྒྱ་ཆེ་ལ་གནས་ལུགས་བསམ་ཡུལ་ལས་འདས་པ་ཞིག་ཡིན། འོན་ཀྱང་རྡུལ་ཕྲན་གཅིག་གི་གོ་སར་འཇིག་རྟེན་གྱི་ཁམས་ཡོངས་རྫོགས་ཚུད་ཐུབ་ཀྱི་ཡོད་པ་ལྟར་མིའི་སེམས་ཀྱིས་དབུགས་དབྱུང་རྔུབ་ཀྱི་སྒོམ་ཙམ་གྱི་ཐོག་ནས་ཀྱང་དམ་པའི་ཆོས་ཀྱི་རིན་ཐང་རྣམས་བཟུང་ཐུབ་པ་དང་། དེ་ལྟར་ཀུན་སློང་བཟང་པོས་ཉམས་ལེན་ལ་བརྟེན་ནས་ནམ་ཞིག་འགྲོ་བ་མི་ཡི་སེམས་ཀྱི་འཁྲུལ་སྣང་ལས་འབྱུང་བའི་ངལ་དུབ་དང་འཁོར་བའི་འཇིགས་སྣང་ལས་གྲོལ་ཐུབ་བོ།། །།
བྱམས་སོགས་ཚད་མེད་བཞི།
༆ བོད་ཀྱི་ནང་ཆོས་ལས་སེམས་བཅོས་ཐབས་ཀྱི་ཉིན་རེའི་ཉམས་ལེན་༼བྱམས་སོགས་ཚད་མེད་བཞི།༽འམ་ ༼ཚངས་པའི་གནས་བཞི།༽སྒོམ་པ་ནི་ཁྱབ་ཆེའི་མང་ཚོགས་ནང་ཡོངས་སུ་གྲགས་པ་ཞིག་ཡིན། ཚད་མེད་བཞི་ནི། བྱམས་པ་ཚད་མེད། སྙིང་རྗེ་ཚད་མེད། དགའ་བ་ཚད་མེད། བཏང་སྙོམས་ཚད་མེད་བཅས་ཡིན།
དང་པོ་ནི། ༼སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག༽ ཅེས་པའི་ཚིག་དོན་དྲན་པའི་ངང་ནས་རང་གཞན་སེམས་ཅན་ཐམས་ཅད་ལུས་སེམས་བདེ་བའི་ཚོར་བ་སྤྱི་དང་ཁྱད་པར་དུ་དལ་འབྱོར་མངོན་མཐོ་དང་ངེས་ལེགས་ཀྱི་བདེ་བ་དང་ལྡན་པར་སྨོན་པ་དང་དེ་ལྟར་གནས་པར་བྱེད་པའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་ལྡན་པར་གྱུར་པ་སྨོན་འདུན་ཤུགས་དྲག་སེམས་ཀྱི་ཚོར་བ་ཆེན་པོས་བྱེད་པ་དང་མོས་པ་སྒོམ་པ་ལ་ཟེར།
གཉིས་པ་སྙིང་རྗེ་ཚད་མེད་ནི། ༼སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག༽ཅེས་པའི་ཚིག་དོན་དྲན་པའི་ངང་ནས་རང་གཞན་སེམས་ཅན་ཐམས་ཅད་ལུས་སེམས་སྡུག་བསྔལ་གྱི་ཚོར་བ་སྤྱི་དང་ཁྱད་པར་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་པའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་དང་། དེ་དག་གི་རྒྱུ་ཀུན་འབྱུང་ལས་དང་ཉོན་མོངས་པ་བཅས་ལས་བྲལ་བའི་གོ་འཕང་ལ་འཁོད་པར་གྱུར་བར་སྨོན་འདུན་དང་དེ་ལྟར་གྱུར་བར་མོས་པས་སེམས་རྩེ་གཅིག་པས་སྒོམ་པ་ལ་ཟེར།
གསུམ་པ་དགའ་བ་ཚད་མེད་ནི། ༼སེམས་ཅན་ཐམས་ཅད་སྡུག་བསྔལ་པ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག༽ ཅེས་པའི་ཚིག་དོན་དྲན་པའི་ངང་ནས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་སྡུག་བསྔལ་སྤྱི་དང་ཁྱད་པར་དུ་འཁོར་བའི་སྡུག་བསྔལ་དང་བྲལ་བའི་ཐར་པ་དམ་པའི་གོ་འཕང་གི་བདེ་བ་དང་མི་འབྲལ་བར་གནས་པར་མོས་པ་དང་གཞན་གྱི་བདེ་བ་ལ་རྗེས་སུ་ཡིད་རངས་སམ་དགའ་བ་སྒོམ་པ་ལ་ཟེར།
བཞི་པ་བཏང་སྙོམ་ཚད་མེད་ནི། ༼སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག༽ཅེས་པའི་ཚིགས་དོན་དྲན་པའི་ངང་ནས་རང་གཞན་སེམས་ཅན་ཐམས་ཅད་བདེན་འཛིན་འཁྲུལ་བའི་དབང་གིས་རང་རང་གི་གཉེན་ཕྱོགས་ལ་ཆགས་སེམས་གྱི་བློ་དང་དགྲ་ཕྱོགས་ལ་སྡང་སེམས་ཀྱི་བློ་འབྱུང་བ་གཉིས་ཀ་ལས་བྲལ་ཏེ་འགྲོ་བ་སེམས་ཅན་ཐམས་ཅད་བཏང་སྙོམས་ཞི་བའི་དབྱིངས་ཆེན་པོ་ལ་གནས་པར་སྨོན་འདུན་དང་དེ་ལྟར་མོས་པས་སྒོམ་པ་ལ་ཟེར།
དེའི་སྟེང་དུ། འགྲོ་བ་སེམས་ཅན་མ་ལུས་པ་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པ་དང་། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བ་དང་། བདེ་བ་དང་བདེ་བའི་རྒྱུ་དང་མི་འབྲལ་བ་དང་། བཏང་སྙོམས་ལ་གནས་པ་བདག་གིས་བྱའོ་ཞེས་རང་ཉིད་ཀྱི་འཁུར་དུ་འཁྱེར་བ་ལ་ཐེག་པ་ཆེན་པོའམ་བྱང་སེམས་ཀྱི་ཐེག་པའི་ཚད་མེད་བཞིའི་བློ་སྦྱོང་ཟེར། ཡང་ཚད་མེད་བཞི་སྒོམ་པ་པོ་རང་ཉིད་དང་སྒོམ་བྱ་ཚད་མེད་བཞི་དང་སྒོམ་ཡུལ་སེམས་ཅན་བཅས་ཏེ་འཁོར་གསུམ་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཤར་བའི་ངང་ནས་ཟབ་མོའི་བལྟ་བ་དང་འབྲེལ་ནས་སྒོམ་པ་ནི་འཁོར་གསུམ་རྣམ་པར་དག་པས་སྒོམ་ཚུལ་ཡིན།
གསང་སྔགས་རྡོ་རྗེ་ཐེག་པ་ལྟར་ན་འཕགས་པ་སྤྱན་རས་གཟིགས་སོགས་ལྷའི་རྣལ་འབྱོར་དང་འབྲེལ་ནས་སྒོམ་པ་ཡིན།
དེ་ལྟར་ཉིན་རེར་བྱམས་སོགས་ཚད་མེད་བཞིས་བློ་སྦྱོང་བའི་སྒོམ་ཀྱི་ཉམས་ལེན་ལ་བརྟེན་ནས་རང་རང་སོ་སོའི་སེམས་ཀྱི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཆེན་པོ་བཅས་གོང་འཕེལ་དུ་བཏང་བའི་ཐོག་ནས་སེམས་ཇེ་བཟང་དུ་བཅོས་ཐབས་ལ་བརྩོན་པ་ནི་ཉིན་རེའི་འཚོ་བའི་ནང་དུ་སེམས་ལྷོད་པ་དང་བདེ་བ། དགའ་བ་དང་སྐྱིད་པ་བཅས་ཀྱི་ཕན་འབྲས་ཆེན་པོ་ཐོབ་ཐུབ་པ་ཡིན་ལ། དེ་ལ་བརྟེན་ནས་རང་ཤུགས་ཀྱིས་ཉེ་འཁོར་བལྟོས་བཅས་ཀྱི་སེམས་ཅན་ཐམས་ཅད་ལ་ཕན་པ་ཡང་བསྐྲུན་ཐུབ་པ་ཡིན།
བྱམས་སོགས་ཚད་མེད་བཞིའི་ཉམས་ལེན་ནི་བསམ་པ་དང་མོས་པ་དང་སྒོམ་པ་ཙམ་མ་ཡིན་པར་དེའི་སྟེང་རྒྱུན་ལྡན་ཉིན་རེའི་འཚོ་བའི་ནང་གཞན་ལ་ཆོས་དང་ཟང་ཟིང་སྦྱིན་པ། གཞན་ལ་འཚེ་བའི་ཀུན་སྤྱོད་སྤངས་པ་ཚུལ་ཁྲིམས། གཞན་དོན་བྱེད་པའི་དཀའ་ཐུབ་ལ་བཟོད་པ། རྣམ་དཀར་གྱི་བྱ་བར་སྤྲོ་བའི་སེམས་བརྩོན་གྲུས། སེམས་གཡོ་བ་མེད་པ་བསམ་གཏན། མི་རྟག་པ་དང་སྟོང་པ་དང་བདག་མེད་པའི་བལྟ་བ་ལས་མི་བྲལ་བའི་ཤེས་རབ་ཀྱི་བློ་བཅས་ཕར་ཕྱིན་དྲུག་ཀྱི་སྤྱོད་པ་ཉམས་ལེན་ལ་གནས་གང་ཐུབ་བྱ་དགོས་པ་ཡང་ཡིན།།
བོད་ཀྱི་ནང་པའི་ཆོས་ལུགས་ཀྱི་ཆོ་ག་ཕྱག་ལེན་གྱི་ནང་དུ་བོད་ཀྱི་གདོད་མའི་ཆོས་ལུགས་བོན་གྱི་ཕྱག་བཞེས་དཔེར་ན། བསངས་དང་དར་ཆོག་དང་ལྷ་རྒྱལ་འབོད་པ་དང་སླུད་གཏོང་བ་སོགས་མང་པོ་ཚུད་ཡོད་པ་ཡིན་ནོ།། །།
བོད་ཀྱི་ནང་ཆོས།
༆ བོད་ཀྱི་ནང་ཆོས་ནི་བོད་ཀྱི་བརྡ་སྤྲོད་ལྟར་ན་རིག་གནས་ཆེ་བ་ལྔའི་ཡ་གྱལ་ནང་དོན་རིག་པ་ཞེས་ཟེར། དེ་ནི་ནང་སེམས་བཅོས་ཐབས་ཀྱི་རིག་གནས་སམ་རིག་གཞུང་ངམ་སྒྱུ་རྩལ་ཞིག་ཏུ་གོ་དགོས་པ་ཡིན། ནང་དོན་རིག་པ་སྒྲ་ཟོ་ཡངས་པའི་དབང་དུ་བྱས་ན་ཆོས་ལུགས་སྤྱི་དང་སེམས་ཁམས་རིག་པ་སོགས་འགྲོ་བ་མི་ཡི་ནང་སེམས་ཡར་རྒྱས་སམ་སེམས་བཅོས་ཐབས་སམ་སེམས་ཀྱི་ནུས་པ་གོང་འཕེལ་གཏོང་བའི་རིག་རྩལ་དང་རིག་གནས་གང་ཞིག་ལ་གོ་ཐུབ་པ་ཡིན། ནང་ཆོས་སམ་ནང་དོན་རིག་ཞེས་པ་སྒྲ་ཟོ་དོགས་པའི་དབང་དུ་བྱས་ན་དེ་ལྟ་བུའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུངས་དང་རྟོགས་པའི་བསྟན་པ་ལ་གོ་བ་ཡིན།
བོད་དུ་དར་བའི་སངས་རྒྱས་ཀྱི་བསྟན་པ་ནི་འཕགས་པ་འཇལ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མདོ་ལས། ༼ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །༽ཞེས་བ་ལྟར། མདོར་བསྡུ་ན། སངས་རྒྱས་ཀྱི་ཐེག་པ་གསུམ་ཀའི་སྙིང་པོ་ཐེག་པ་གཅིག་ཏུ་བྱས་པ་གསང་སྔགས་རྡོ་རྗེ་ཐེག་པ་ཡིན་པ་དང་། དེ་ཡང་འདུས་རྒྱུད་ལས། ༼བླ་མ་སངས་རྒྱས་བླ་མ་ཆོས།།དེ་བཞིན་བླ་མ་དགེ་འདུན་ཏེ།། ཀུན་གྱི་བྱེད་པོ་བླ་མ་སྟེ།། བླ་མ་དཔལ་ལྡན་རྡོ་རྗེ་འཆང་།།༽ ཞེས་གསུངས་པ་ལྟར་གསང་སྔགས་བླ་མེད་ཀྱི་བླ་མའི་རྣལ་འབྱོར་རྩ་བར་བྱས་པའི་ས་ལམ་གྱི་རིམ་པའི་ནང་ཉན་རང་གི་ཐེག་པའི་ཉམས་ལེན་བྱང་ཕྱོགས་སོ་བདུན་དང་། བྱང་སེམས་ཀྱི་ཐེག་པའི་ཉམས་ལེན་ཕར་ཕྱིན་དྲུག་དང་ས་བཅུ། རྡོ་རྗེ་ཐེག་པ་རྒྱུད་སྡེ་བཞིའི་ཉམས་ལེན་བཅས་བསྡུས་པའི་གཞི་འཕགས་པའི་བདེན་པ་བཞི་ནས་བླ་མའི་རྣལ་འབྱོར་བར་གྱི་མདོ་སྔགས་ཀྱི་ལམ་རིམ་བལྟ་ཐོག་གཅིག་ཏུ་གོམས་པར་བྱེད་པའི་རྣལ་འབྱོར་གྱི་ཉམས་ལེན་གཅིག་དུ་གྲིལ་བའི་ལུངས་རྟོགས་གྱི་བསྟན་པ་ཡིན་པ་དང་། དེ་ཡང་ཇི་སྐད་དུ་བྱང་ཆུབ་ལམ་གྱི་སྒྲོན་མ་ལས། ༼གནས་བརྟན་མར་མེ་མཛད་དཔལ་གྱིས༑ །མདོ་སོགས་ཆོས་ལས་བཤད་མཐོང་བ། །བྱང་ཆུབ་འོད་ཀྱིས་གསོལ་བཏབ་ནས། །བྱང་ཆུབ་ལམ་བཤད་མདོར་བསྡུས་བྱས། །༽ ཞེས་ཇི་སྐད་གསུངས་པ་ལྟར་མདོ་རྒྱུད་བསྟན་བཅོས་བཅས་ཀྱི་དགོངས་དོན་གཅིག་ཏུ་འདུས་པ་མདོ་སྔགས་ཟུང་འབྲེལ་གྱི་སྐྱེ་བུ་གསུམ་གྱི་ལམ་གྱི་རིམ་པ་ཆ་ཚང་བ་ཞིག་ལ་ངོས་འཛིན་པ་ཡིན། ཇོ་བོ་རྗེའི་བྱང་ཆུབ་ལམ་སྒྲོན་ནང་མདོ་སྔགས་ཟུང་འབྲེལ་གྱི་ལམ་གྱི་རིམ་པ་ཆ་ཚང་བ་བསྟན་པ་ལྟར་དེའི་འགྲེལ་བྱེད་བོད་ཀྱི་བླ་མ་རྣམས་ཀྱིས་ཀྱང་དེའི་དགོངས་དོན་རྣམས་མདོ་སྔགས་ཟུང་དུ་འབྲེལ་བའི་ལམ་གྱི་རིམ་པར་བཀྲལ་བར་མཛད་ཡོད་པ་ཡིན།
རྗེ་ཙོང་ཁ་པས་མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོར་གྲགས་པ་དང་སྔགས་རིམ་ཆེན་མོར་གྲགས་པ་གཉིས་ཀ་ལམ་སྒྲོན་གྱི་འགྲེལ་བར་ནང་དོན་རྣམས་སྐྱེ་བུ་གསུམ་གྱི་ལམ་གྱི་རིམ་པར་བསྡུས་ཏེ་མདོ་སྔགས་ཟུང་འབྲེལ་གྱི་ལམ་རིམ་དུ་བཀྲལ་བ་ཞིག་ཡིན། རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོ་ནི་ཁོང་གི་སྔགས་རིམ་ཆེན་མོའི་སྔོན་འགྲོའི་ཉམས་ལེན་བསྟན་པའི་གཞུང་དང་སྔགས་རིམ་ཆེན་མོའི་ནང་ཚན་རྒྱུད་སྡེ་བཞི་ཡང་རྒྱུད་སྡེ་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་སྔོན་འགྲོའི་ཉམས་ལེན་ཡིན་པར་གསུངས་ཡོད། དེ་ལྟར་ན་ལམ་རིམ་ཆེན་མོ་ནི་བལྟ་བ་མདོ་སྔགས་ཐུན་མོང་བའི་བལྟ་བ་མཐར་ཐུག་དབུ་མ་ཐལ་འགྱུར་བ་གཞིར་བཞག་དང་སྤྱོད་པ་བྱང་ཆུབ་ཀྱི་སེམས། ལམ་གྱི་རྩ་བ་བཤེས་གཉེན་རྟེན་ཚུལ་སོ་ཐར་བྱང་སེམས་གསང་སྔགས་བཅས་ཟུང་དུ་འབྲེལ་བའི་བླ་མའི་རྣལ་འབྱོར་གཞིར་བཅོལ་ནས་གསུངས་ཡོད་པས་ལམ་རིམ་ཆེན་མོ་ནི་མདོ་རྐྱང་པའི་གཞུང་མ་ཡིན་པར་མདོ་སྔགས་ཟུང་འབྲེལ་གྱི་གཞུང་དུ་ངོས་འཛིན་དགོས་པ་ཡིན།
སྐྱབས་འགྲོ་ལྟ་བུ་ལ་མཚོན་པ་ཡིན་ན། བོད་ཀྱི་ནང་ཆོས་ཀྱི་ཉམས་ལེན་ནང་སྐྱབས་འགྲོ་གསུངས་སྐབས་༼བླ་མ་ལ་སྐྱབས་སུ་མཆིའོ།། སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཆོས་ལ་སྐྱབས་སུ་མཆིའོ།། དགེ་འདུན་ལ་སྐྱབས་སུ་མཆིའོ།།༽ ཞེས་སྐྱབས་འགྲོ་བཞི་སྐོར་རམ་ཡང་ན་དེའི་སྟེང་༼ཡིད་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ།། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ།།༽ ཞེས་པ་གསང་སྔགས་བླ་མེད་ཀྱི་སྐྱབས་འགྲོ་གསུང་སྲོལ་དེའི་ནང་མདོ་ལུགས་ཀྱི་སྐྱབས་འགྲོ་གསུམ་སྐོར་ཡང་ཚུད་ཡོད་པ་དེས་བོད་ཀྱི་ནང་ཆོས་ཉམས་ལེན་མདོ་སྔགས་ཟུང་འབྲེལ་ཡིན་པར་མཚོན་གྱི་ཡོད་དོ།། །།
ཉིན་རེའི་ཀུན་སློང་བཟང་པོ།
༆ ཉིན་རེའི་ཀུན་སློང་བཟང་པོར་བཅོས་པ་ནི་ཉིན་དེའི་བྱ་བ་ཧ་ཅང་གལ་ཆེ་བ་ཞིག་ཡིན་པ་སྟེ། ཉིན་མ་དེེའི་ཐོག་མའི་བྱ་བར་ངོས་འཛིན་དགོས་པ་དང་ཉིན་དེའི་བདེ་སྐྱིད་ཀྱི་རྩ་བ་ཡང་ཡིན། ཉིན་མ་དེའི་རིང་གི་བྱ་བཞག་སྤྱི་ཡོངས་ཚུད་པའི་སྔ་དྲོའི་ཐོག་མའི་ཀུན་སློང་དེ་ལ་རྒྱུ་དུས་ཀྱི་ཀུན་སློང་ཟེར་བ་དང་། དེའི་རྗེས་ཉིན་དེའི་ནང་གི་བྱ་བ་གང་ཞིག་གི་དེ་མ་ཐག་སྔོན་གྱི་དང་ཡང་ན་ལྷན་གཅིག་དུ་འབྱུང་བའི་ཀུན་སློང་ལ་ཉིན་དེའི་ཐོག་མའི་ཀུན་སློང་ལ་བལྟོས་ཏེ་འབྲས་དུས་ཀྱི་ཀུན་སློང་ཟེར། དེ་ལྟར་ཉིན་རེའི་བྱ་བ་གང་ཞིག་ཀུན་སློང་གཉིས་ལྡན་གྱིས་བསྐུལ་བ་ལ་རྟེན་ནས་ཡོང་གི་ཡོད་པས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།། ཞེས་པ་ལྟར་ཉིན་རེའི་ཆུ་ཚད་ཉི་ཤུ་རྩ་བཞིའི་ནང་གི་ཀུན་སློང་བཟང་པོར་བཅོས་པ་ལ་བརྟེན་ནས་ཉིན་རེའི་སེམས་སྐྱིད་པ་དང་ལྷོད་པ་ཡོང་ཐབས་བྱེད་ཡེ་དང་། དེ་ལ་བརྟེན་ནས་ཉིན་རེའི་ལུས་ངག་ཡིད་གསུམ་གྱི་བྱ་བ་གང་ཞིག་དོན་དང་ལྡན་པ་དང་ལམ་ལྷོང་ཡོང་ཐུབ་པ་བཅས་ནི་ནང་ཆོས་ཀྱིས་བསྟན་པའི་བསླབ་བྱའམ་ལམ་སྟོན་བཟང་པོ་ཞིག་ཡིན། དེ་ལྟར་ཉིན་རེ་དང་བདུན་རེ། ཟླ་རེ་དང་ལོ་རེ། མི་ཚེ་གཅིག་དང་ཚེ་རབས་དུ་མ་བཅས་ཀྱི་ཀུན་སློང་གཉིས་ཀྱི་རྣམ་གཞག་ཤེས་པར་བྱས་ནས་གནས་སྐབས་དང་རང་གི་སེམས་ཚོད་ལ་བསྟུན་ནས་རྒྱུ་དུས་དང་འབྲས་དུས་ཀྱི་ཀུན་སློང་གཉིས་བཟང་པོར་བཅོས་པས་མདོར་ན་དབུགས་དབྱུང་རྔུབ་ཚུན་ཆད་དགེ་བར་འགྱུར་བ་དང་རང་གཞན་གྱི་དོན་གཉིས་ལྷུན་གྱིས་འགྲུབ་པའི་གསོས་སུ་འགྱུར་བ་ཡིན་ནོ།། །།
ལྷག་མཐོང་གི་གོ་དོན།
༆ ང་ཚོས་ངའམ་བདག་གི་དྲན་སེམས་གསལ་པོ་ལ་མ་གནས་པའི་སྐབས་སུ་བློ་ངན་པའི་གོམས་གཤིས་ཀྱི་དབང་གིས་ངར་འཛིན་གྱི་བདག་དེ་ལ་ངའམ་བདག་ཏུ་ངོས་འཛིན་གྱི་ཡོད་པ་ཡིན། ང་ཚོས་བདག་གམ་ང་ཡི་དྲན་སེམས་གསལ་པོ་ལ་གནས་པའི་སྐབས་སུ་བདག་གམ་ང་དེ་ངར་འཛིན་གྱི་བདག་གམ་ང་དེ་ལས་ལོགས་སུ་འཆར་གྱི་ཡོད། དྲན་སེམས་ཀྱི་ངོར་བདག་ཞེས་པ་དེ་གཟུགས་ཤེས་གང་ཡང་མ་ཡིན་པའི་ཕང་པོ་ལྔ་ལས་ཤར་བའི་མི་ལྡན་པའི་འདུས་བྱས་ཞིག་ཡིན་ན་ཡང་ཕུང་པོ་ལྔ་པོ་གང་རུང་དང་ཚོགས་པ་གང་ཞིག་བདག་གམ་ངར་ངོས་འཛིན་ཐུབ་ཀྱི་མེད། དེ་ལྟར་ན་བདག་གམ་ང་ཞེས་པ་དེ་ཆོས་གང་འདྲ་ཞིག་ཡིན་ནམ་ཞེས་པའི་དྲི་པ་གལ་ཆེན་འདི་ལ་མུ་མཐུད་ནས་བདག་མེད་པའི་དོན་མ་རྟོགས་བར་དུ་བསམ་བློ་གཏོང་བ་འདི་ལ་ལྷག་མཐོང་གི་བལྟ་བ་འཚོལ་བར་ངོས་འཛིན་པ་ཡིན་ནོ།། །།
འཁོར་འདས་ཀྱི་བྱེད་པ་པོ་ནི་རང་སེམས་ཡིན།
༆ གང་ཟག་སོ་སོའི་འཁོར་བའི་སྡུག་བསྔལ་ཀྱི་སྣང་བ་དང་མྱང་འདས་ཀྱི་བདེ་བའི་ཚོར་བ་གཉིས་ཀའི་བྱེད་པ་པོ་ནི་རང་ཉིད་ཀྱི་སེམས་ཡིན་པ་དང་། ཀུན་རྫོབ་རྒྱུ་འབྲས་ཀྱི་གནས་ཚུལ་ནི་ཆོས་རྣམས་ཀྱི་གནས་ལུགས་སྟོང་ཉིད་གྱི་རྣམ་འགྱུར་འཆར་བ་ཙམ་ཡིན། དེ་ལྟར་ཡིན་པའི་ཁུངས་ནི་ཆོས་རྣམས་བདེན་པར་མེད་པའི་རང་བཞིན་གཅིག་ཡིན་ཀྱང་ཀུན་རྫོབ་དུ་རྣམ་པ་འདྲ་མིན་སྣ་ཚོགས་སུ་འཆར་བ་དེའི་བྱེད་པ་པོ་རང་་ཉིད་ཀྱི་སེམས་ལས་གཞན་མེད་པས་སོ།།
ཚེ་འདི་སྣང་གི་འཁྲུལ་བ་ལས་སེམས་པ་བཟང་པོ།
༆ ༆ ཆོས་ཐམས་ཅད་བདག་གམ་ང་འམ་གང་ཟག་གི་སྟོང་པ་ཉིད་སེམས་ཀྱི་མེ་ལོང་དུ་ཤར་བའི་གཟུགས་བསྙན་ཙམ་ཡིན། སེམས་ཇི་ཙམ་གྱི་གསལ་བའམ་བཟང་བའམ་གཙང་བ་དེ་ཙམ་གྱིས་གཟུགས་བསྙན་ཇེ་གསལ་དུ་འཆར་བ་དང་བདག་གམ་ང་འམ་གང་ཟག་གི་གནས་ལུགས་དོན་དམ་བདེན་པའི་ངང་དུ་གསལ་གནས་ཐུབ་པ་ཡིན། དེ་ལྟར་བས་ན་སྒོམ་དང་དྲན་ཤེས་ཀྱི་ཉམས་ལེན་གྱིས་སྙིང་རྗེ་དང་ཤེས་རབ་གོང་སྤེལ་རྒྱུན་སྐྱོང་བྱ་བ་ནི་ཤིན་དུ་གལ་ཆེ།
དེ་ཡང་ཟབ་མོ་སྟོང་པ་ཉིད་ཀྱི་བལྟ་བའི་ཐོག་འཁོར་གསུམ་སྟོང་པའི་རང་བཞིན་དུ་ཤར་བའི་ངང་ནས་བྱམས་སོགས་ཚད་མེད་བཞིའི་སྒོམ་སྦྱིན་སོགས་ཕར་ཕྱིན་དྲུག་དང་བཅས་ཉམས་ལེན་བྱ་བ་ནི་སེམས་བཅོས་པར་ཕན་ནུས་ཆེ།
ཇི་སྲིད་འཛམ་གླིང་འདིར་གནས་པ་དེ་སྲིད་དུ་འཇིག་རྟེན་ཁམས་ཀྱི་ཉེས་དམིགས་ལས་གཡོལ་ཐབས་མེད། དེ་བས་འཇིག་རྟེན་འདིར་གནས་པ་ནི་ཆོས་ཀྱི་གོ་སྐབས་དང་རྣམ་དཔྱོད་ཀྱི་ཤེས་རབ་གོང་དུ་སྤེལ་བའི་གཞི་རྩར་ལོངས་སུ་སྤྱོད་དགོས་པ་ཡིན་ནོ།། །།
སེམས་ཀྱི་རང་དབང་།
༆ གལ་ཏེ་རང་དབང་འདོད་ཚེ། བསམ་བློའི་རང་དབང་སྲུང་སྐྱོབས་བྱེད་པ་དང་རང་དབང་བསམ་གཏོང་བ་བྱས་ནས་གཞན་ཟེར་རྗེས་འབྲངས་མ་བྱས་པར་རང་ཉིད་ཀྱི་བསལ་ཚུལ་ཡོད་པ་དང་རང་སྟོབས་ཀྱིས་ལྟ་གྲུབ་དང་གནས་ལུགས་བསྐྲུན་དགོས་པ་ཡིན་ནོ།། །།
འགྲོ་བ་མི་ཡི་རང་བཞིན་མཐར་ཐུག
༆ གཞན་ཕན་ནི་འགྲོ་བ་མི་ཡི་བཟང་པོའི་རང་བཞིན་མཐར་ཐུག་ཡིན་ནོ།། །།
སེམས་ངོ་ཤེས་པ།
༆ དམ་པའི་ཆོས་ནི་སེམས་ཀྱི་ཚན་རིག་སྟེ། སྒོམ་གྱི་ཐོག་ནས་མེ་ལོངས་གཉིས་ཕན་ཚུན་མདུན་ནས་འཁྲད་པ་བཞིན་སེམས་ཀྱིས་སེམས་ངོ་ཤེས་པར་བྱེད་དོ།། །།
སེམས་ཀྱིས་སེམས་བཅོས།
༆ སངས་རྒྱས་པའི་ཆོས་ལུགས་ཀྱི་བལྟ་ཚུལ་ལ་སེམས་ནི་གང་ཟག་སྒྲུབ་བྱེད་ཀྱི་ཆོས་གཞན་གཙོ་བོ་ལུས་དང་ཤེས་པ་བཅོས་པར་བྱེད་པའི་ལྡེ་མིག་ཡིན་ནོ།། །།
སེམས་ཀྱི་རིན་ཐང་།
༆ སྙིང་རྗེ་ཆེན་པོ་ནི་སེམས་ཀྱི་རིན་ཐང་གཙོ་བོ་ཡིན་པ་སྟེ། དེས་འཇིག་རྟེན་གྱི་ཁམས་ཡོངས་རྫོགས་བྱམས་པའི་སེམས་ཀྱིས་བལྟ་ཐུབ་བོ།། །།
ཞི་བའི་སྒྲོན་མེ།
༆ རང་ཉིད་ཞི་བའི་སྒྲོན་མེར་འགྱུར་ནས་གཞན་ལ་ཞི་བའི་འོད་ཀྱིས་ཁྱབ་པར་བགྱིས།། །།
ཆོག་ཤེས། སྙིང་རྗེ། ཤེས་རབ།
༆ མི་རྟག་པའི་རང་བཞིན་རྟོགས་ནས་འདོད་ཆུང་ཆོག་ཤེས་སྒྲུབ་པར་བྱ།
སྡུག་བསྔལ་གྱི་རང་བཞིན་ཤེས་ནས་སྙིང་རྗེ་སྒྲུབ་པར་བྱ།
རྟེན་འབྱུང་གི་འཇིག་རྟེན་ཤེས་ནས་ཤེས་རབ་སྒྲུབ་པར་བྱ།
སྡུག་བསྔལ། མི་རྟག རྟེན་འབྱུང་རྟོགས་པ་གསུམ་འཛོམས་ཀྱིས་བྱང་ཆུབ་ཀྱི་གོ་འཕང་སྒྲུབ་པར་བྱ།། །།
ལྷད་མེད་པའི་རང་འབྱུང་།
༆ འགྲོ་བ་རྣམས་རེ་རེ་ནས་རྒྱ་མཚོ་ཆུ་ཐིག་གཅིག་གི་ནང་དུ་གནས་པའམ་ཆུ་ཐིག་གཅིག་རྒྱ་མཚོའི་ནང་དུ་གནས་པ་ལྟ་བུ་ཡིན།
རང་འབྱུང་གི་ཆོས་ནི་ལྷད་ཀྱིས་མ་གོས་པ་དང་།
ལྷད་མེད་པ་ནི་རང་འབྱུང་ཡིན།
དེ་བཞིན་གང་ཟག་རྣམས་ཀྱང་ལྷད་མེད་པའི་རང་འབྱུང་ཡིན་ནོ།། །།
མི་ཚེའི་སྙིང་པོ།
༆ འདམ་ལས་པདྨ་འབྱུང་བ་ལྟར། འཁོར་བ་ལས་མྱང་འདས་འབྱུང་བ་དང་། རྣམ་རྟོག་ལས་ཤེས་རབ་འབྱུང་བས། མི་ཚེའི་དཀའ་ངལ་ཆེ་ཤོས་ཀྱི་གནས་སྐབས་ཀྱང་མཐོང་ཆུང་བྱ་མི་རུང་ངོ་།། །།
མི་ཚེའི་འཐབ་རྩོད།
༆ མི་ཚེའི་འཐབ་རྩོད་ནི་འདམ་ལྟ་བུ་ཡིན། འདམ་གྱི་ནང་དུས་ཀུན་དུ་པདྨའི་ས་བོན་འགའ་ཉུ་གུ་གསར་པ་སྟེར་བར་བགུག་བཞིན་ཡོད། དྲན་པ་ཉེ་བར་བཞག་པ་དང་སྙིང་རྗེའི་ཉམས་ལེན་ལས་མི་ཚེ་དོན་དང་ལྡན་པར་འགྱུར་ཐུབ་བོ།། །།
མཉམ་གནས།
༆ རང་ཉིད་མཉམ་གནས་སུ་འགྱུར་བར་བྱེད་པ་ནི་འཇིག་རྟེན་མཉམ་གནས་བཟོ་བའི་ཐབས་ལམ་གཅིག་པོ་ཡིན་ནོ།། །།
ངར་འཛིན་གྱི་ང་།
༆ ངའོ་སྙམ་པའི་ང་ནི་རྟོག་བཟོས་ཞིག་ཡིན་པ་སྟེ། འཁྲུལ་སྣང་ངར་འཛིན་གྱིས་བསྐྲུན་པའི་སེམས་ཀྱི་སྣང་བསྙན་ཞིག་ཡིན་ནོ།། །།