Friday, 24 October 2025

དགའ་ལྡན་རྒྱལ་རོང་ཁང་མཚན་གྱི་སྐོར་མདོར་བསྡུས་ །




༄༅། །དགའ་ལྡན་རྒྱལ་རོང་ཁམས་ཚན་གྱི་ལོ་རྒྱུས་ཆ་ཤས། །

དཀར་ཆག

༡༽ བོད་ཀྱི་དགའ་ལྡན་རྒྱལ་རོང་ཁམས་ཚན།

༢༽ དགེ་འདུན་པ་རྒྱ་གར་དུ་བཙན་བྱོལ།

༣༽ རྒྱ་གར་དགའ་ལྡན་རྒྱལ་རོང་ཁམས་ཚན།

༤༽ དེང་སང་བོད་ནང་དགའ་ལྡན་རྒྱལ་རོང་ཁམས་ཚན།

༥༽ མཇུག་བསྡུ།


༄༅། །དགའ་ལྡན་རྒྱལ་རོང་ཁམས་ཚན་ནི་བོད་དབུས་ཀྱི་གདན་ས་དགའ་ལྡན་གྱི་ཡ་གྱལ་བྱང་རྩེ་གྲྭ་ཚང་གི་ཁོངས་སུབཞུགས་པ་རྗེ་ཙོང་ཁྭ་པའི་དངོས་སློབ་རྒྱལ་རོང་ཚྭ་ཁོ་དབོན་པོ་ངག་དབང་གྲགས་པས་རྗེའི་ལུངས་བསྟན་ལྟར་རྒྱལ་མོ་ཚ་བ་རོང་ཡུལ་ཁམས་སུ་དགོན་པ་མང་པོ་ཕྱག་བཏབ་པའི་གྲ་རྒྱུན་རྣམས་བོད་དབུས་དགའ་ལྡན་གདན་སར་གཞུང་ཆེན་སློབ་གཉེར་ཆེད་ཡོང་སྐབས་ཀྱི་གནས་ཁུངས་སུ་ཆགས་པ་ཞིག་ཡིན། རྒྱལ་མོ་ཚ་བ་རོང་ལ་ཕྱིས་སུ་བོད་ནང་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཟེར་བ་དང་འགའ་ཞིག་ནས་རྒྱལ་རོང་རྫོང་ཁག་བཅོ་བརྒྱད་ཀྱང་ཟེར་མཁན་ཡོད། 

གོང་གི་ལོ་རྒྱུས་ཆ་ཚང་འབྲེལ་ཐག་འདི་ལ་ ga-gyal-lo-gyue1 གནུན་ན་གཟིགས་ཐུབ། 


མཇུག་མཆན། 

ཉེ་བའི་ཆར་ཁང་མཚན་ནས་གྲ་ཚང་མཁན་པོའི་འོས་མིའི་ནང་འོས་ཤོག་གི་ལམ་ནས་སྔོན་འགྲོའི་འོས་གཞིའི་མིང་ཐོའི་ཁོངས་སུ་ཐོན་ཡོད་པའི་གནས་ཚུལ་འབྱོར་བར་ངོས་ལ་རྟོག་པ་ཡོན་ཏན་གང་གི་ཆ་ནས་ཀྱང་དེ་འདྲའི་གོ་གནས་ཀྱི་འོས་བབས་མེད་པ་རང་སེམས་རང་གསལ་ཡིན་སྟབས་དེ་མ་ཐག་ཁང་མཚན་ལ་གཤམ་གསལ་བསྙན་ཞུ་འདི་ཕུལ་དགོས་བྱུང་། 



ཡང་གཤམ་གྱི་རྒན་ཚེ་རིང་དམ་པའི་སྐོར་འདི་ནི་ངོས་ནས་ལོ་མང་སྔོན་བྲིས་པའི་་གོང་གི་ཁང་མཚན་གྱི་ལོ་རྒྱུས་ཀྱི་ཁ་སྐོང་ཆེད་འདིར་ཆབ་གཅིག་ཏུ་བཀོད་པ་དང།། ཕྱི་ལོ། ༡༩༥༩ སྐབས་ཀྱི་བོད་ཀྱི་དགའ་ལྡན་དགོན་པའི་ཁང་མཚན་གྱི་དགེ་འདུན་པ་རྒྱ་གར་དུ་ཕེབས་པ་འདས་གྲོངས་སོང་བ་རྣམས་ཀྱི་མཚན་ཐོ་ཆ་ཚང་གཤམ་གསལ་འདི་བཞིན་ཁོང་རྣམ་པའི་བཀའ་དྲིན་རྗེས་དྲན་ཆེད་བཀོད་པ་ལགས་སོ།། །།

༡༽ རྒྱལ་རོང་ཁྲོ་སྐྱབས་པ་རྒན་བརྩོན་གྲུས།
༢༽ ལྷ་ས་བ་གྲ་ཚང་ཆོས་མཛད་དགེ་བཤེས་བློ་བཟང་ཆོས་འཕེལ།
༣༽ རྒྱལ་རོང་ཁྲོ་སྐྱབས་པ་རྒན་ལྷ་དབང་།
༤༽ རྒྱལ་རོང་རོང་མི་བྲག་མགོ་ཕུ་ཁང་སྟེང་པ་རྒྱལ་རོང་ཤག་རྒན་ཁྲི་བཀུར་ལགས།
༥༽ རྒྱལ་རོང་མཚོ་མདུན་པ་དགེ་བཤེས་བློ་བཟང་རྒྱལ་མཚན།
༦༽ རྒྱལ་རོང་འབར་ཁམས་མཆོག་རྩེ་པ་དགེ་བཤེས་འཇམ་དཔལ་ཆོས་དར།
༧༽ རྒྱལ་རོང་བྲག་སྟེང་པ་དགེ་བཤེས་རྒྱལ་ཕྱག་བློ་བཟང་ཆོས་ལྡན།
༨༽ རྒྱལ་རོང་མཚོ་མདུན་པ་དགེ་བཤེས་བློ་བཟང་ཚུལ་ཁྲིམས།
༩༽ རྒྱལ་རོང་བྲག་སྟེང་པ་དགེ་བཤེས་ཆོས་མཛད་བློ་བཟང་བརྩོན་གྲུས།
༡༠༽ རྒྱལ་རོང་ལ་ཏི་པ་དགེ་བཤེས་ཡེ་ཤེས་ཆོས་གྲགས།
༡༡༽ རྒྱལ་རོང་པ་ཝཾ་པ་བསྟན་འཛིན་ལགས།
༡༢༽ རྒྱལ་རོང་སེང་གེ་རྫོངས་ཆོས་གདན་ས་པ་དགེ་བཤེས་ཐུབ་བསྟན་ཚེ་རིང་།



རྒྱལ་རོང་སེངྒེ་རྫོངས་དགེ་བཤེས་ཐུབ་བསྟན་ཚེ་རིང་མཆོག་གི་མཛད་བསྡུས་ཟིན་བྲིས། 


རྒྱལ་རོང་སེངྒེ་རྫོངས་དགེ་བཤེས་ཐུབ་བསྟན་ཚེ་རིང་མཆོག་དགུངས་ལོ་ཆུང་དུས་ནས་རྒྱལ་རོང་སེངྒེ་རྫོངས་ཆོས་གདན་ས་གཞིས་དགོན་དུ་རབ་ཏུ་བྱུང་། དེར་དགོན་པའི་ཆོ་ག་ཕྱག་ལེན་དང་རྒྱུན་འདོན་ཆོས་སྤྱོད་ཀྱི་རིམ་པ་རྣམས་བསླབས། 

དེ་ནས་དགུང་གྲངས་བཅོ་བརྒྱད་ཙམ་གྱི་ཐོག་བོད་དབུས་ལྷ་ལྡན་གྱི་ཞིང་དུ་བྱོན་ཏེ་རྗེ་ཙོང་ཁ་པ་ཆེན་པོས་ཕྱག་བཏབས་པའི་གདན་ས་ཆེན་པོ་འབྲོག་རི་བོ་ཆེའི་དགའ་ལྡན་རྣམ་པར་རྒྱལ་བའི་ཡ་གྱལ་བྱང་རྩེ་གྲ་ཚང་དུ་ཆོས་ཞུགས་གནང་ཏེ་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་གདན་སའི་མཛད་རིམ་ལྟར་གྱི་ནང་དོན་རིག་པའི་སློབ་གཉེར་ལ་སྦྱང་བརྩོན་གནང་། 

ཕྱི་ལོ་ ༡༩༥༩ ནང་རྒྱ་གར་དུ་འབྱོར་ཏེ་རྒྱལ་བ་རིན་པོ་ཆེས་མཁན་པོ་མཛད་པས་དབུས་དགེ་འདུན་གྲངས་ཚང་བའི་དྲུང་ནས་འཕགས་ཡུལ་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་དྲུང་དུ་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་ཡང་དག་པར་བཞེས། 

དེ་ནས་ ཕྱི་ལོ་ ༡༩༧༠ ནས་རྒྱ་གར་ལྷོ་ཕྱོགས་བྱེས་ཀྱི་གདན་ས་དགའ་ལྡན་དུ་རྒྱ་བོད་མཁས་པའི་ཞུང་ཆེན་རྣམས་ལ་ཐོས་བསམ་སློབ་གཉེར་གནང་བ་དང་། 

རྒྱལ་བ་ཡབ་སྲས་རྣམ་གསུམ་གྱི་དབུས་སྐྱེས་ཆེན་དུ་མའི་དྲུང་ནས་གསང་སྔགས་རྒྱུད་སྡེ་བཞིའི་དབང་ལུངས་མན་ངག་རྒྱ་ཆེ་ཞུས་ཐོབ་དང་། ཡི་དམ་རྒྱུད་སྡེའི་བསྙེན་རིམ་ཁག་བསྐྱངས་པར་མཛད། 

གདན་སའི་ནང་གཞུང་ལུགས་རབ་འབྱམས་ཀྱི་དམ་འཇོག་རིམ་པ་གནང་ཏེ་དགེ་བཤེས་གླིང་བསྲེས་ཀྱི་མཚན་རྟགས་དང་། དགེ་བཤེས་ཚོགས་རམས་པའི་མཚན་རྟགས་བཞེས།
ཕྱི་ལོ་ ༢༠༠༨ ལོར་བྱང་རྩེ་གྲ་ཚང་དུ་གསང་སྔགས་ཀྱི་དམ་འཇོག་གནང་སྟེ་དགེ་བཤེས་སྔགས་རམས་པ་ཆེན་པོའི་མཚན་གནས་བཞེས་པ་བཅས་ཏེ། རྗེ་ཙོང་ཁ་པ་ཆེན་པོའི་མདོ་སྔགས་བཟུང་འབྲེལ་གྱི་རིང་ལུགས་དྲི་མ་མེད་པའི་སྲོལ་བཟང་ལ་ཐོས་བསམ་སྒོམ་གསུམ་གྱིས་ཉམས་བཞེས་ལེགས་པར་གནང་། 

དུས་ཡུན་དེ་དག་གི་རིང་དགའ་ལྡན་རྒྱལ་རོང་ཁམས་ཚན་གྱི་ཕྱི་ནང་གི་འཛུགས་བསྐྲུན་གྱི་འགན་འཁུར་རྐང་བཞེས་དང་སློབ་གཉེས་གསར་བུ་བ་དུ་མར་ལོ་མང་རིང་ལམ་སྟོན་སློབ་འཁྲིད་མཛད། 

ཡང་དགའ་ལྡན་བྱང་རྩེ་གྲ་ཚང་གི་ཕྱག་མཛོད་ཀྱི་ལས་འགན་དང་། གཞན་ཡང་གྲ་ཚང་གི་ལས་འགུལ་སྣེ་མང་ལས་འགན་མཉམ་བཞེས་གནང་། 

དུས་ཀུན་དུ་སྡེ་སྣོད་གསུམ་གྱི་ཆོས་ཀྱི་ཉམས་བཞེས་ལ་རྩེ་གཅིག་ཏུ་བརྩོན་ཞིང་། གཞན་ཕན་སྙིང་རྗེའི་རང་བཞིན་ཅན། འདོད་ཆུང་ཆོག་ཤེས་ཀྱི་འཚོ་བ་ཁོ་ནར་གནས་མཁན་ཆོས་པ་ངོ་མཚར་ཅན་ཞིག་ཡིན་པ་ཀུན་གྱིས་མཐོང་ཡུལ་དུ་ཡོད། 

མཐར་འདུས་བྱས་མི་རྟག་པའི་རང་བཞིན་ལས་བཟློག་ཏུ་མེད་པས།  ཕྱི་ལོ་༢༠༢༣ ནང་སྐུ་གཟུགས་ལ་ན་ཟུག་གི་དཀའ་འཚེག་གང་ཡང་མེད་པར་སྐུ་ལྷོད་པོའི་ངང་དགའ་ལྡན་རྒྱལ་རོང་ཁམས་ཚན་རང་ཤག་དུ་དགོངས་པ་ཆོས་དབྱིངས་སུ་ཐིམས་པར་མཛད་པ་དང་། 

ཐུགས་དམ་ཉིན་གྲངས་འགའ་ཞིག་བཞུགས་རྗེས་སྐུ་གདུང་ཞུགས་འབུལ་ཀྱི་བྱ་བ་དང་། དགོངས་རྫོགས་ཀྱི་མཆོད་འབུལ་རྣམས་རྒན་དམ་པ་ཉིད་ཀྱི་ཞལ་འཆེམས་དགོངས་དོན་ལྟར་དགའ་ལྡན་བྱང་རྩེ་གྲ་ཚང་དང་། གདན་ས་གསུམ་གྱི་རྒྱལ་རོང་ཁམས་ཚན་གསུམ། གཞན་ཡང་འབྲེལ་ཡོད་ཆོས་སྡེ་ཁག་དང་། སྐྱབས་ཡུལ་དམ་པ་རྣམས་ལ་མཆོད་འབུལ་རྒྱ་ཆེ་བཅས་དགའ་ལྡན་རྒྱལ་རོང་ཁམས་ཚན་གྱི་དགེ་འདུན་དང་གང་གི་སློབ་མ་རྣམས་ནས་ལེགས་གྲུབ་གནང་བ་བཅས་སོ།།

རྒན་ཁོང་ནི་ངོས་རང་ལ་བཀྲིན་ལྷག་པར་ཆེ་བ་ཞིག་ཏེ། ངོས་ཉིད་རང་ལོ་བཅུ་གསུམ་ཐོག་དགོན་པར་འཛུལ་ཞུགས་བྱས་པ་ནས་ཁོང་གི་ཉིན་རེའི་བཀའ་སློབ་ལམ་སྟོན་འོག་འཚར་ལོང་བྱས་པ་ཞིག་ཡིན། ད་ལེན་ཁོང་གི་ཚ་བོ་དགའ་བྱང་རྒྱལ་རོང་དགེ་བཤེས་ཡེ་ཤེས་ལུངས་རྟོགས་ནས་འབོད་བསྐུལ་ཐོག་རྒན་ལགས་ཀྱི་ལོ་རྒྱུས་མདོར་བསྡུས་འདི་བྲིས་པས་རྒན་དམ་པ་ཁོང་གི་བཀྲིན་རྗེས་དྲན་གུས་འདུད་མཚོན་པའི་སྨོན་ལམ་བཅས།

དགའ་བྱང་རྒྱལ་རོང་ལྷ་རམས་དགེ་བཤེས་དགེ་འདུན་མཐར་ཕྱིན་གྱིས། ཕྱི་ལོ། ༢༠༢༣ ཟླ་ ༡༢ ཚེས་ ༤ ཉིན།