༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལ་ཕྱག་འཚལ་ལོ། །
ཆོས་སྲིད་ཉི་ཟླའི་འོད་ཀྱིས་གངས་ཀྱི་ཡུལ། །ཡུལ་ཁམས་གཞན་ལས་འཕགས་པར་བྱས་པའི་དཔལ། །
དཔལ་ལྡན་སྡེ་བཞིའི་མངའ་བདག་ཆོས་ཀྱི་རྒྱལ། །ྋརྒྱལ་དབང་ས་པཎ་སོགས་ཀྱིས་དགེ་ལེགས་ཤོག །
ལེགས་བཤད་འཕྲུལ་གྱི་དྲྭ་དང་མུ་ཐི་ལའི། །ཕྲེང་བ་སྦྲགས་མར་འགྲེལ་བའི་ངལ་བ་འདི། །
གསར་སློབ་བྱིས་རྣམས་བློ་སྒོ་འབྱེད་པ་ཙམ། །མ་ཡིན་མི་ཚེ་བདེ་བླག་འཇུག་ལམ་ཡང༌། །
ཞེས་ཤིས་བསྔགས་མཆོད་གསུམ་དང་དངོས་པོ་ངེས་བསྟན། དགོས་པ་བཅས་ཀྱི་ཚིགས་སུ་བཅད་པས་སྔུན་བསུས་ཤིང་སྐབས་དོན་གླེང་བར་བྱའོ། །
ལུགས་ཟུང་གི་བསླབ་བྱ་མུ་ཐི་ལའི་ཕྲེང་བ་རྩོམ་གནང་མཛད་པ་པོ་ནི། ྋགོང་ས་ྋརྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་དཔལ་གྱི་སྡེའོ། །
བསླབ་བྱ་འདིའི་ཁུངས་སམ་གཞི་འཛིན་ས་ནི། དཔལ་ས་སྐྱའི་ལྔ་རིག་མཁས་དབང་ཆེན་པོ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་ལེགས་བཤད་འཕྲུལ་གྱི་དྲྭ་བའོ།། ( https://www.gyalyongsachen.com/?p=3619 )
བརྗོད་བྱ་ནི། ཐོག་མར་ཐུན་མོང་འཇིག་རྟེན་སྲིད་ལུགས་ཀྱི་བྱ་གཞག་སྒྲུབ་ཚུལ་རྒྱས་པར་བསྟན་པ་དང༌། དེ་ནས་ཐུན་མིན་དམ་པའི་ལྷ་ཆོས་སྒྲུབ་ཚུལ་དང༌། རྒྱལ་སྲིད་ཆོས་ཀྱིས་སྐྱོང་ཚུལ་མདོར་བསྟན་པ་བཅས་ལུགས་གཉིས་ཀྱི་བརྗོད་བྱའི་སྙིང་པོ་སྲོག་ཏུ་བྱས་པའོ།།
རྩོམ་པར་སྐུལ་བ་བོ་ནི། སོག་པོ་ཇིང་གུར་རྒྱལ་པོའི་རྒྱུད་དུ་འཁྲུངས་པ་བསྟན་འཛིན་རྡོ་རྗེ་རྒྱལ་པོའམ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་ཏེ། ༡༦༣༧ ལོར་བོད་ཁ་བ་ཅན་གྱི་རྒྱལ་ས་ལྷ་སར་ཆོས་མཇལ་དུ་ཕེབས་སྐབས་འདི་འདྲའི་བསླབ་བྱ་ཞིག་མཁོ་བར་བསྐུལ་མ་གནང་བ་ལྟར་ཞལ་གྱིས་བཞེས་པའོ། །
རྩོམ་ཐབས་ནི། ཀུན་གྱིས་གོ་བདེ་ཕྱིར་རྒྱུགས་ཆེ་བ་ཆ་བཞི་ཡ་ཅན་གྱི་ཚིགས་སུ་བཅད་པའི་འབོལ་རྩོམ་དུ་བརྩམས་ཤིང༌། མགོ་མཇུག་ཏུ་ཚིག་རྒྱན་གྱིས་ཀྱང་གང་འཚམས་བརྒྱན་པའོ།།
དགོས་པ་ནི། སྐབས་སུ་བབ་པའི་ཞུ་མཁན་གྱིས་གཙོས་རྗེ་དཔོན་གང་ཟག་འགའ་ཞིག་ལ་ཚེ་འདི་ཕྱི་གཉིས་ཀར་ཕན་པའི་རང་དང་གཞན་གྱི་དོན་མ་ནོར་བར་སྒྲུབ་ཚུལ་གྱི་སྤང་བླང་ཤེས་ཕྱིར་རོ། །
འགྲེལ་བ་རྩོམ་དོན་ཡང༌། སློབ་གྲྭ་ཁག་དང་ལྷག་པར་གཞུང་ཞབས་སྲི་ཞུ་བ་ཚོས་སློབ་སྦྱོང་བྱས་ན་དུས་རབས་གསར་བའི་སྐབས་འདིར་ཡང་ཕན་རླབས་ཆེ་བར་མཐོང་ནས་སློབ་དེབ་ནང་དུ་བདམས་པ་ཞིག་ཡིན་ངེས་ལ། བདག་གིས་ཀྱང་དེ་ལྟར་མཐོང་ནས་བོད་ཡིག་གི་ཤེས་ཚད་དམའ་བའི་དོན་གཉེར་ཅན་དག་ལ་ཅུང་ཕན་ཕྱིར་ལེགས་བཤད་འཕྲུལ་གྱི་དྲྭ་བའི་རྩ་ཚིག་ཀྱང་ལྷན་དུ་སྦྱར་ནས་བཤད་པ་ཕྲན་བུ་རེ་བྱས་ཡོད། གཤམ་དུ་འཕྲུལ་དྲ་ཞེས་བསྡུས་ཚིག་བྱས་ཡོད།
དེ་ལྟར་བསླབ་བྱ་འདི་གཉིས་སྐབས་དེའི་གདུལ་བར་བྱ་བ་དག་གིས་གཙོས་ཕྱི་རབས་ཀུན་ལའང་ཕན་ཕྱིར་མཛད་མོད། ཕྱོགས་གཞན་ཞིག་ནས། ས་པཎ་དང་ྋགོང་ས་ལྔ་པ་ཆེན་པོ་སོགས་ཀྱིས་རང་ཅག་བོད་ཀྱི་རྒྱལ་སྲིད་སྐྱོང་ཐབས་ཀྱི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་སུ་ཡང་གོ་འོས་སོ། །
བསླབ་བྱ་འདི་ཉིད་འགྲེལ་བ་ལའང༌།
ཐོག་མར་བསྟན་བཅོས་ཀྱི་སྔོན་འགྲོའི་ཡན་ལག་དང༌།
བར་དུ་གཞུང་དོན་བསླབ་བྱ་དངོས།
ཐ་མར་མཇུག་གི་གཏམ་དང་གསུམ་མོ།།
དང་པོ། སྔོན་འགྲོ་ལ་ཡང༌།
ཀ མཚན་དོན།
ཁ། ཤིས་བརྗོད་དང༌།
ག དངོས་པོ་ངེས་བསྟན་སོགས།
ང༌། དུས་ངན་སྐྱེ་བོའི་ངང་ཚུལ།
ཅ། འདི་ཉིད་བརྩམས་པའི་དགོས་པ་དང་བཅས་པའོ། །
ཀ༽ ལུགས་ཟུང་གི་བསླབ་བྱ་མུ་ཐི་ལའི་འཕྲེང་བ། ལུགས་ཟུང་ནི་སྲིད་དོན་དང་འབྲེལ་བའི་འཇིག་རྟེན་བྱ་གཞག་གི་ལུགས་དང་དམ་པའི་ཆོས་ཀྱི་ལུགས་གཉིས་སོ། །བསླབ་བྱ་ནི་དེ་འདྲའི་བརྗོད་བྱ་རྒྱ་ཆེ་ཞིང་གཏིང་ཟབ་པ་དག་ལ་འཇུག་ལྡོག་གི་ལམ་སྟོན་པའོ། །མུ་ཐི་ལ་ནི་ཤར་ཕྱོགས་ནས་ཐོན་པའི་མུ་ཏིག་དཀར་པོ་མཆོག་ཏུ་གྱུར་བ་ཞིག འཕྲེང་བ་ནི་མུ་ཏིག་མང་པོ་དར་སྐུད་ལ་བརྒྱུས་པའི་ཕྲེང་བའོ། །དེ་ཡང་མུ་ཏིག་དཀར་པོའི་ཕྲེང་བ་ནི་སྤྱིར་རིན་ཐང་ཆེ་ཞིང་ལྷག་པར་མགྲིན་པ་མཛེས་པའི་རྒྱན་ཆ་ཡིན་པ་བཞིན་བསླབ་བྱ་འདི་ཉིད་ཀྱང་སྤྱིར་དོན་སྙིང་ཆེ་ཞིང་ལྷག་པར་དཔོན་རིགས་དང་རྣམ་དཔྱོད་ཅན་ཚོའི་ཡོན་ཏན་ནམ་རྒྱན་དུ་འགྱུར་བ་མཚོན་པའོ། །
ཁ།༽ སྨྲ་བ་ངག་གི་དབང་ཕྱུག་འཇམ་པའི་དབྱངས། །དབྱངས་ཅན་ངག་གི་གཙུག་ལག་འདོད་འཇོའི་དཔལ། །
དཔལ་ལྡན་ཚངས་པ་སྡེ་བཞིའི་བང་མཛོད་འཛིན། ། འཛིན་མའི་མངའ་བདག་རྣམས་ཀྱིས་ཤིས་པ་སྩོལ། །
ཤེས་བྱ་ཐམས་ཅད་སྨྲ་བ་ལ་ངག་གི་དབང་ཡོངས་སུ་འབྱོར་བའམ་ཕྱུག་པ། ཉོན་མོངས་པའི་རྩུབ་རེག་ཡོངས་བྲལ་བའི་ཞི་དུལ་འཇམ་མཉེན་ཡན་ལག་དྲུག་ཅུའི་དབྱངས་སྙན་ཅན། ཤེས་རབ་ཀྱི་ལྷག་པའི་ལྷ་མཆོག་འཇམ་དབྱངས་ཀྱིས་བདག་ཅག་ལ་ཤེས་རབ་འཕེལ་བའི་བཀྲ་ཤིས་དང༌། ཆོས་ཐམས་ཅད་སྒྲ་སྙན་ལས་འཁྲོལ་བའི་དབྱངས་ཅན་མའི་ངག་གི་གཙུག་ལག་སྟེ་སྙན་ངག་གི་རིག་པ་མཁས་པའི་འདོད་པ་འཇོ་བའམ་ཚིམ་པའི་དཔལ་ལམ་ཡོན་ཏན་ཅན། སྙན་ངག་གི་ལྷག་ལྷ་ལྷ་མོ་དབྱངས་ཅན་མས་བདག་ཅག་ལ་ལེགས་བཤད་རྩོམ་པའི་བཀྲ་ཤིས་སྦྱིན་པ་དང༌། གཞན་ཡང༌། ལུགས་གཉིས་ཀྱི་འབེལ་གཏམ་སྨྲ་ལ་ངག་གི་དབང་ཕྱུག་འཇམ་དབྱངས་དང་མཚུངས་ཤིང༌། དེ་བཞིན་སྙན་འཇེབས་ལེགས་བཤད་རྩོམ་པ་ལ་ངག་དབང་ལྷ་མོ་དང་འདྲ་བ། ཕུན་སུམ་ཚོགས་པའི་དཔལ་ཡོངས་སུ་ལྡན་པའི་ཚངས་པ་སྡེ་བཞི་སྟེ། འདོད་པ་དང་ནོར་དང་ཆོས་དང་ཐར་པ་བཅས་ལྷ་ཆེན་ཚངས་པའི་ལོངས་སྤྱོད་ཀྱི་ཚོགས་རྣམས་ཀྱི་བང་མཛོད་འཛིན་པ་སྟེ་རབ་ཏུ་ཕྱུག་པ། འཛིན་མ་སྟེ་ནོར་གཏེར་མ་ལུས་རང་གི་ལུས་སུ་འཛིན་པའམ་འཁུར་བའི་མ་ལྟ་བུའི་ས་གཞི་ཆེན་པོ་འདི་ལ་དབང་བསྒྱུར་བའི་སྔོན་བྱོན་འཁོར་སྒྱུར་རྒྱལ་པོ་རྣམས་དང༌། ཡང་ན་ས་ཆེན་པོ་འདིའི་ཕྱོགས་ཆ་གང་དག་རང་ ལ་མངའ་བའམ་དེ་དག་གི་བདག་པོར་གྱུར་པའི་མངའ་བདག་ཆོས་ཀྱི་རྒྱལ་པོ་རྣམས་ཀྱིས་ཀྱང༌། འཇིག་རྟེན་ལུགས་གཉིས་ཀྱིས་དགེ་བར་སྐྱོང་བའི་བཀྲ་ཤིས་བདེ་ལེགས་གནང་བར་འཚལ་ཞེས་པའོ། །མཐའ་ཐོག་སྦྱར་བའི་ཟུང་ལྡན་སྒྲ་རྒྱན་དང་ཤིས་བརྗོད་རྒྱན་དང་སྦྱར་བའི་རྒྱན་བཅས་པའི་ངོ་མཚར་རབ་སྤེལ་རྒྱན་ནོ། །
འདི་ནི་ཐོག་མའི་རྟེན་འབྲེལ་བཀྲ་ཤིས་པའི་བརྗོད་ཚིག་ཡིན་ལ། ཤུགས་ནས་བསྟོད་ཕྱག་ཀྱང་ངོ། །
འཕྲུལ་དྲར་ཡང༌། ཐམས་ཅད་མཁྱེན་པས་བདག་རྒྱུད་བྱིན་གྱིས་བརླབས་པ་ཡི།། བློ་གྲོས་བློ་ཆེ་བློ་ལྡན་བློ་ཡི་མཆོག་གྱུར་པ། །ཚད་མེད་བློ་ཡངས་འཕགས་པའི་ཚོགས་ལ་གུས་བཏུད་དེ། །
ཞེས་ཏེ། སངས་རྒྱས་ལ་དད་ཅིང་སྐྱབས་སུ་སོང་བས་རང་གི་སེམས་རྒྱུད་ལ་ཕན་ཞིང་དགེ་བའི་བག་ཆགས་རྒྱས་པའི་སྐྱེ་བོ་བློ་གྲོས་ཆུང་འབྲིང་ཆེ་གསུམ་ཅན་སྤྱི་དང༌། ལྷག་པར་དུ་ཆོས་ཀྱི་དེ་ཉིད་རྟོགས་ཤིང༌། ཚད་མེད་བཞིའི་བློ་གྲོས་རབ་ཏུ་ཡངས་པའི་འཕགས་པ་བྱང་ཆུབ་སེམས་དཔའི་ཚོགས་ལ་རྩེ་གཅིག་དད་པས་ཞབས་ལ་ཉེ་བར་བཏུད་དེ། ཞེས་སྐྱབས་ཡུལ་དམ་པར་ཕྱག་འཚལ་ནས། ལེགས་བཤད་རྩོམ་པ་ལ་འཇུག་ཚུལ་འདི་དག་ནི་གནས་སྐབས་སུ་རྩོམ་པར་བར་ཆད་མི་འབྱུང་བ་དང༌། ཕྱིས་སུ་བརྩམས་ཆོས་ཀྱི་འཕྲིན་ལས་དར་ཏེ་རང་གཞན་ཀུན་ལ་སྨན་པའི་དགོས་པ་ཆེ་བས་ན། རྩོམ་པའི་ལུགས་སྲོལ་ཙམ་དུ་བསམ་པར་མི་བྱའོ།།
ག༽ ཆོས་དང་སྲིད་ཀྱི་ཚིག་དོན་ཟབ་བརླིང་སྒྲ། །སྙན་ངག་པི་ཝང་རྒྱུད་ཀྱིས་གླུར་བླངས་ན། །
རྣམ་དཔྱོད་ལང་ཚོ་རྒྱས་པའི་ཤེས་ལྡན་རྣར། །འཇེབས་ཀྱང་ཕལ་ཆེར་ཐོས་འཛིན་ཚེར་མ་ཉལ། །
སངས་རྒྱས་བསྟན་པའི་གཞུང་ལུགས་དང་རྒྱལ་པོའི་རྒྱལ་སྲིད་སྐྱོང་ལུགས་སོགས་འཇིག་རྟེན་པའི་བླང་དོར་ལེགས་ཉེས་གཉིས་ཀྱི་ཚིག་དོན་གཏིང་ཟབ་ལ་རྒྱ་ཆེ་བའི་བརྗོད་བྱའི་སྒྲ་དབྱངས་དེ་ཉིད་རྗོད་བྱེད་སྣ་ཚོགས་རྒྱན་གྱིས་སྤྲས་པའི་ཚིགས་བཅད་སྙན་དངགས་ཀྱི་པི་ཝང་ངམ་རྒྱུད་མངས་ཀྱིས་གླུ་རུ་བླངས་པ་ན། སྙན་ངག་གི་གཞུང་ལ་སྦྱངས་ཤིང་རྣམ་དཔྱོད་དམ་རིག་རྩལ་གྱི་ལང་ཚོ་རྒྱས་པའི་ཤེས་རབ་ཅན་མཁས་པ་དག་གི་རྣ་བར་འཇེབས་པའམ་སྙན་མོ་ཡོད་ན་ཡང༌། སྙན་ངག་མི་ཤེས་པའི་སྐྱེ་བོ་ཕལ་མོ་ཆེའི་ཚོགས་ཀྱི་ཐོས་འཛིན་སྟེ་རྣ་བ་ལ་ཚེར་མ་ཟུག་པ་ལྟར་རྩུབ་པ་སྟེ་དོན་ཅི་ཡང་མི་གོ་བར་ཉན་འདོད་གཏན་ནས་མི་བྱེད། ཅེས་པའོ། །
རྒྱན་ངོ་སྤྲོད། འདིར་རྗོད་བྱེད་ཀྱི་ཚིག་སྙན་མོ་དེ་པི་ཝང་གི་གཟུགས་སུ་དང༌། བརྗོད་དོན་ཟབ་མོ་རྒྱུད་མངས་ཀྱི་སྒྲའི་གཟུགས་སུ་བཀོད་ཅིང༌། རྣམ་དཔྱོད་དེ་ལང་ཚོའི་གཟུགས་སུ་བྱས་པ་སྟེ་ལྡན་པའི་གཟུགས་ཅན་ནམ་ངག་དོན་གཟུགས་ཅན་དང༌། འབོལ་རྩོམ་ཚིགས་སུ་བཅད་པ་འདི་ཉིད་མུ་ཐི་ལའི་དོ་ཤལ་གྱི་གཟུགས་སུ་བཀོད། ཐོས་འཛིན་(ལ)ཚེར་མ་ཉལ་ཞེས་པའི་ལ་སྒྲ་བསྡུས་པ་ནི་བརྗིད་པའི་ཡོན་ཏན་གྱི་ཚིག་སྡུད་ཡིན་ལ། ཚེར་མ་(ཟུག་པའམ་ལྷུང་བ་ལ)ཉལ་ཞེས་པའི་བྱ་ཚིག་འདི་ནི་ཏིང་འཛིན་རབ་རྟོག་ཚིག་རྒྱན་གྱི་ཐུན་མོང་མ་ཡིན་པའི་བྱ་ཚིག་སྦྱོར་ཚུལ་རིགས་ཤིག་ཡིན།
དེ་ཕྱིར་མཆོག་དམན་ཀུན་གྱིས་ལེགས་རྟོགས་པའི། །འབོལ་རྩོམ་ཚིགས་སུ་བཅད་པའི་མུ་ཐི་ལ། །
ཆིང་གིར་གནམ་གྱི་རིགས་ལས་མི་བདག་མགུལ། །མཛེས་བྱེད་དོ་ཤལ་འཕྲེང་བས་རྒྱན་དུ་སྤུད། །
རྒྱུ་མཚན་དེའི་ཕྱིར་ན། བློ་མཆོག་དམན་སྐྱེ་བོ་ཀུན་གྱིས་བཀླག་ན་ཚིག་དོན་ལེགས་པར་བདེ་བླག་ཏུ་རྟོགས་ཐུབ་པའི་གོ་བདེ་དྲང་བརྗོད་ཀྱི་འབོལ་རྩོམ་ཚིགས་སུ་བཅད་པའི་མུ་ཐི་ལ་སྟེ་མུ་ཏིག་གི་དོ་ཤལ་རིང་པོའི་འཕྲེང་བ་འདིས། ཆིང་གིར་རམ་ཇིང་གར་རྒྱལ་པོ་གནམ་གྱི་རིགས་ལས་བྱུང་བའི་མི་བདག་བསྟན་འཛིན་རྡོ་རྗེ་རྒྱལ་པོ་ཉིད་ཀྱི་མགུལ་བ་མཛེས་པར་བྱེད་པའི་རྒྱན་དུ་སྤུད་པ་སྟེ་བརྒྱན་པར་བྱེད། ཅེས་པའོ། །
ཚིགས་བཅད་འདི་གཉིས་ནང་ལ་བརྗོད་བྱ་ལུགས་གཉིས་ཀྱི་དངོས་པོ་ངེས་བསྟན་དང༌། རྗོད་བྱེད་འབོལ་རྩོམ་ཚིགས་བཅད་དུ་བསྡེབས་པའི་དགོས་དོན། ལེགས་བཤད་འདི་ཉིད་གཙོ་བོ་སུའི་ཆེད་དུ་བརྩམས་པ་བཅས་སྨྲས་པའོ། །
འཕྲུལ་དྲར་ཡང༌། འདི་ཕྱི་རྣམས་སུ་ལྷ་མིའི་བདེ་བ་འབྱུང་བའི་རྒྱུ། །ཀུན་ལ་ཕན་པའི་གཏམ་འདི་ནི། །འཇམ་དབྱངས་བཙུན་པས་འགྲོ་ལ་བཤད། །
ཅེས་ཚེ་འདིའི་རང་དོན་ལེགས་འགྲུབ་དང༌། ཕྱི་མར་ཡང་ལྷ་དང་མིའི་ཕུན་ཚོགས་སྡེ་བཞིའི་དཔལ་ལ་སྤྱོད་པའི་རྒྱུ་སྟེ། ཚུལ་མཐུན་བཟང་སྤྱོད་ཆོས་མཐུན་གྱི་འཚོ་ཐབས་འདི་ནི་སྐྱེ་བོ་ཐམས་ཅད་ལ་ཕན་པའི་རང་བཞིན་ཅན་ཡིན་པས་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་བའི་བཙུན་པ་ཀུན་དགའ་རྒྱལ་མཚན་བདག་གིས་སྐྱེ་འགྲོ་ཡོངས་ལ་བཤད་དོ་ཞེས་དགོས་པ་དང་བཅས་རྩོམ་པར་དམ་བཅས་སོ། །
ང༌།༽ དེང་དུས་རྒྱ་གར་རྒྱ་ནག་ཧོར་བོད་སོགས། །སྔོན་བྱུང་ཡ་རབས་ངང་ཚུལ་ལུགས་གཉིས་ཁྲིམས། །
ཆེར་ནུབ་ངན་སྤྱོད་ངོ་སོར་ཁྱེར་དུས་འདིར། །ལེགས་པར་བཤད་ཀྱང་ཙཱུ་ཏའི་རྐང་གཉིས་བཞིན། །
དེང་སང་གི་དུས་སྐབས་འདིར་རྒྱ་གར་དང༌། རྒྱ་ནག ཧོར་རམ་སོག་པོ། བོད་བཅས་དང༌། གཞན་ཡང་བལ་བོ་ལ་སོགས་པའི་རྒྱལ་ཁབ་མི་ཉུང་བ་ཞིག་ན། སྔོན་ཆད་བྱུང་མྱོང་བའི་ཡ་རབས་ངང་ཚུལ་ལམ་བཟང་པོའི་སྤྱོད་ཚུལ་གྱི་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀྱི་ལམ་ལུགས་ཟུང་འབྲེལ་གྱི་རྒྱལ་ཁྲིམས་བཟང་པོ་དེ་དག་ད་ནི་ཆེས་ཆེར་ནུབ་པ་སྟེ་མེད་པར་གྱུར་ནས། ཁྲིམས་མེད་ལུགས་མེད་ཀྱི་བྱ་ངན་སྤྱོད་ངན་སྣ་ཚོགས་རང་ངོ་སོར་ཁྱེར་བའམ་འཇོན་ཐང་དུ་ངོམ་པའི་དུས་སྐབས་ངན་པ་འདི་ལ། དམ་པ་རྣམས་ཀྱིས་ལེགས་ཉེས་བླང་དོར་གྱི་གནད་རྣམས་ཇི་ལྟར་ལེགས་པར་གདུང་བ་ཡིན་ན་ཡང༌། ཙཱུ་ཏའི་ཡུལ་གྱི་རྐང་གཉིས་ཏེ་མི་རྣམས་ཀྱིས་རང་ཉིད་ལ་རྐང་པ་གཅིག་ལས་མེད་པས་ན་གཞན་རྐང་གཉིས་ལྡན་པའི་མི་རྣམས་མི་རུ་མི་བརྩི་བ་བཞིན་ཞེས་པ་སྟེ། ལེགས་པར་བཤད་ན་ལོག་པར་གོ་བའམ་རྒྱུ་མཚན་གནས་ལུགས་མི་གོ་ཞེས་པའི་དོན་ནོ། །ཚིགས་བཅད་འདིར་དེང་སང་གི་མི་རྣམས་སྔོན་མའི་མི་ལས་ཆེས་སྡུག་པ་དགེ་འདོར་སྡིག་པར་སྤྱོད་ཚབས་ཆེ་བའི་ངང་ཚུལ་སྤྱིར་བསྟན་ཅིང༌། དེ་བས་ལེགས་བཤད་རྩོམ་པ་ལའང་དགོས་པ་ཆེན་པོ་མེད་ཚུལ་གྱི་སྐྱོ་སྣང་བཅས་མཚོན་ཡོད།
འཕྲུལ་དྲར་ཡང༌། ཀྱེ་མ། གནའ་དུས་བཟང་པོ་ནུབ། ད་དུས་ངན་པ་ཤར། གནའ་མི་མཁས་པ་འདས། ད་མི་བླུན་པོ་སྐྱེས། ལྷ་ཆོས་དར་གྱི་མདུད་པ་གྲོལ། མི་ཆོས་སོག་མའི་ཕོན་ཐག་ཆད། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆག གཙོ་བོ་གྲོས་ཀྱི་རྒྱ་མཚོ་སྐམས། དཔའ་བོ་སྟག་གི་རི་མོ་ཡལ། མོ་བཙུན་ངོ་ཚའི་གཡང་ལུག་བུད། ཡ་རབས་ཀྱི་སྲོལ་མི་བསྲུང་མ་རབས་ཀྱི་སྤྱོད་པ་བསྐྱང༌། ཕུགས་ཀྱི་མཁས་མི་བརྩི། འཕྲལ་གྱི་རྩིས་གཏང༌། ལེགས་པའི་སྲོལ་མི་འཛིན། ཉེས་པའི་དཔེ་འདྲེན། མཁས་པའི་གཞུང་མི་བསྲུང༌། རྨོངས་པའི་རྗེས་སུ་འཇུག བཟང་པོའི་དོ་མི་བྱེད། ངན་པའི་ཡ་བ་བྱེད་པ་མང་དུ་མཐོང་བས། ཞེས་གསུངས་སོ། །
ང་ཚོས་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན། སྐབས་དེ་དག་གི་བོད་ཀྱི་སྤྱི་ཚོགས་ཀྱི་གནས་བབ་དང༌། ལྷག་པར་རྒྱལ་སྤྱིའི་དམག་འཁྲུག་སོགས་གནོད་ཅིང་འཚེ་བའི་བྱ་ཐབས་ལྷུར་ལེན་པའི་མུན་ནག་དེ་མཐོང་ཐུབ་བོ། །
ཅ།༽ བྱང་བསྟན་ཕུག་པར་རྟ་ལྗང་ཅན་གྱི་ཟེར། །མི་འཇུག་དངོས་པོའི་གཤིས་ལ་བཅོས་མེད་ཀྱང༌། །
ཕྱོགས་གཞན་བུག་པར་ཤར་བའི་སྣང་བ་ཡིས།།འཐིབས་བུའི་སྨག་རུམ་སེལ་བ་འགའ་འབྱུང་སྙམ། །
ཁ་བྱང་ཕྱོགས་སུ་བསྟན་པའི་བྲག་ཕུག་གི་ནང་ལ་རྟ་ལྗང་ཅན་སྟེ་ཉི་མའི་འོད་ཟེར་མི་འཇུག་པའམ་འཕྲོ་མི་ཐུབ་པ་ནི་དངོས་པོའི་རང་བཞིན་གྱི་གཤིས་ཀར་གྲུབ་པས། དེ་ལ་ཉི་འོད་འཇུག་པའི་བཅོས་ཐབས་མེད་ན་ཡང༌། ཕྱོགས་གཞན་ཤར་ལྷོ་ནུབ་ཀྱི་བུག་པ་རྣམས་ལ་ཤར་བའི་འོད་སྣང་ཆུང་ངུ་དག་གིས་ཀྱང༌། བུག་པ་དེར་འཐིབས་པའི་སྨག་རུམ་མམ་མུན་ནག་སེལ་ཐུབ་པ་འགའ་རེ་འབྱུང་ངོ་སྙམ་པ་སྟེ། དོན་ལ་ཚེ་རབས་དུ་མར་ཀླ་ཀློ་རྨོངས་པ་ལ་གོམས་པའི་བག་ཆགས་མཐུག་པོའི་སྐྱེ་བོ་ལོག་ལྟ་ཅན་སོགས་ཀྱི་རང་བཞིན་ངན་པ་དེ་ལེགས་བཤད་འདི་ཙམ་ཞིག་གིས་བསྒྱུར་དཀའ་ན་ཡང༌། དགེ་བའི་བག་ཆགས་ཅུང་ཟད་ཡོད་པའི་གོ་ཤེས་ཉན་ཤེས་ཅན་གྱི་སྐྱེ་བོ་ལ་ལར་ལུགས་གཉིས་ཅི་རིགས་ཀྱི་སྤང་བླང་གི་ལམ་སྟོན་དུ་འགྱུར་བར་བསམས་པ་ཡིན་ཞེས་པ་སྟེ། ལེགས་བཤད་འདི་ཉིད་བརྩམས་པར་དགོས་པ་ཅུང་བསྟན་པ་བཅས་སོ། །(སྤྱིའི་བསྡུས་བརྗོད་ཀྱི་རྒྱན)འདི་ཡན་ནི་བསླབ་བྱའི་སྔོན་འགྲོའོ། །
འཕྲུལ་དྲར་ཡང༌། མཁས་པའི་རྗེས་སུ་ཞུགས་ནས་ལེགས་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར། ཁོ་བོ་ལ་དམ་པར་འཛིན་པའི་སྐྱེས་བུ་རྣམས་ཀྱི་དོན་དུ། ལྷ་ཆོས་མི་ཆོས་ཀུན་ལ་ཕན་པའི་གཏམ་འགའ་ཞིག་བརྗོད་པར་བྱའོ། །ཞེས་གསུངས་པ་བཞིན་སྔོན་བྱོན་དམ་པའི་སྐྱེས་བུའི་རྣམ་ཐར་ཤེས་ནས་དད་ཅིང་རྗེས་སུ་འཇུག་པ་ནི་ཉུང་ངུ་ཞིག་ལས་མེད་མོད། འགའ་ཞིག་ལ་ཕན་ནའང་ཕན་པར་བརྩོན་པ་ནི་སྐྱེས་བུ་དམ་པའི་ཁྱད་ཆོས་ལགས།
རང་གི་མི་ཚེའི་བྱ་གཞག་དང་སྤྱི་ཚོགས་ཀྱི་གནས་བབ་འགྱུར་འགྲོས་ཀྱི་དོན་དངོས་དང་བསླབ་བྱའི་དོན་རྣམས་བསྡུར་ཅིང་དཔྱད་ན་འུ་ཚོས་ཀྱང་ལེགས་ཉེས་སྤང་བླང་གི་ལམ་བུ་རེ་རྙེད་པར་འགྱུར་ངེས་པས་དཔྱད་པར་བྱའོ། །
གཉིས་པ། གཞུང་དོན་དངོས་ལའང༌།
འཇིག་རྟེན་སྲིད་ལུགས་སྐོར་གྱི་བསླབ་བྱ་དང༌།
དམ་པའི་ཆོས་ལུགས་སྐོར་གྱི་བསླབ་བྱ་གནད་བསྡུས་ཏེ་རིམ་པ་གཉིས་སོ། །
དེ་ཡང་ཐོག་མར་ཆོས་སྲིད་ཀྱི་བྱ་གཞག་སྤྱི་ལ་གལ་ཆེ་བའི་རྒྱུ་བསོད་ནམས་ཀྱི་རྒྱབ་རྟེན་དགོས་ཚུལ་གསུངས་ཏེ།
ལྷ་ཆོས་ལྟ་ཞོག་མི་ཆོས་བྱ་བཞག་ཀྱང༌། །ལམ་དུ་རྒྱུག་པ་བསོད་ནམས་ལ་རག་པས། །
དཀོན་ཅོག་མཆོད་དང་ངན་སློང་སྦྱིན་གཏོང་སོགས། །ལེགས་བྱས་སྤེལ་བའི་ཚོགས་ཆེན་གསོག་པ་གནད། །
ཅེས་གསུངས་ཏེ། མངོན་མཐོ་ལྷ་མིའི་ཆོས་ནས་ངེས་ལེགས་མཆོག་གི་ལྷ་སྟེ་སངས་རྒྱས་པའི་བར་གྱི་ཆོས་ཀྱི་རིམ་པའི་སྒོ་གང་ལ་འཇུག་པའི་དམ་པ་ལྷ་ཆོས་སྒྲུབ་པ་རྣམས་ནི་ལྟ་ཅི་དགོས། འཇིག་རྟེན་པའི་མི་ཚེ་འདི་རང་ཡ་རབས་བཟང་པོ་ཞིག་འོང་བའི་སློབ་སྦྱོང་དང་ཚོང་ལས། གཉེན་སྒྲིག་ལ་སོགས་པའི་བྱ་བའི་རིགས་ཆེ་གྲས་ཐམས་ཅད་ཀྱང་ལམ་འགྲོ་ཡག་པོ་ཡོང་བ་རང་རང་གི་བསོད་ནམས་ཀྱི་སྟོབས་ལ་རག་ལས་ཡོད་པས་ན། དཀོན་མཆོག་གསུམ་ལ་དད་པས་མར་མེ་དང་བདུག་སྤོས་སོགས་ཅི་འབྱོར་གྱི་མཆོད་པ་གཙང་མ་འབུལ་བ་དང༌། ཟས་གོས་ཀྱིས་དབུལ་བའི་འཚོ་བ་ངན་ངོན་ཉམ་ཐག་སློང་བ་བོ་རྣམས་ལ་སྙིང་རྗེ་ནས་ཟས་གོས་སྡོད་གནས་ཅི་རིགས་པས་སྦྱིན་པ་གང་ནུས་དང༌། གཞན་ཡང༌། དགེ་འདུན་པའི་སྡེ་ལ་མཐུན་རྐྱེན་ལེགས་སྦྱོར་དང༌། ཕ་མ་དང་རྒན་རབས་སོགས་ལ་བརྩི་བཀུར། དེང་གི་རྒན་གསོ་ཁང་སོགས་འཛུགས་པ་བཅས་བསམ་སྦྱོར་བཟང་པོའི་སྒོ་ནས་གང་ལ་གང་ཕན་གྱི་རོགས་རམ་ཅི་ནུས་བྱེད་པའི་སྒོ་དུ་མ་ནས་རང་གི་ལེགས་བྱས་ཏེ་བསོད་ནམས་མང་དུ་སྤེལ་བའི་རྒྱུ་ཚོགས་རྒྱུན་ཆད་མེད་པར་གསོག་དགོས་པ་ནི་ལེགས་ཚོགས་ཐམས་ཅད་འབྱུང་བའི་གཞིའམ་གནད་དམ་པ་ཉིད་ཡིན་ཞེས་པའོ། །འདིས་ནི། ཕུན་ཚོགས་མཐའ་དག་གི་གཞི་རྩ་བསོད་ནམས་ཉིད་ལ་རག་ལས་པས་དེའི་རྒྱུ་དགེ་བ་ཚོགས་གསོག་ལ་འབད་དགོས་པར་གདམས་སོ། །
འཕྲུལ་དྲྭ་ལས་ཀྱང༌། ཐོག་མར་ཅི་བྱེད་ཀྱང་བློ་བླ་མ་དཀོན་མཆོག་ལ་གཏད། རྒྱབ་རྟེན་ལས་དང་བསོད་ནམས་ལ་རག་ལས་པས། འཕྲལ་གྱི་ཚོད་དང་འདུན་མ་ལ་གཟབ་ནས། ལག་ལེན་ཕོ་སྒོ་དང་བརྩོན་འགྲུས་སུ་བསྟུན་ན་ཅི་བསམ་འགྲུབ་པ་ཡིན་ནོ། །ཞེས་དང༌།
ལེགས་བཤད་རིན་པོ་ཆེའི་གཏེར་ལས་ཀྱང༌། ཁོང་མཛངས་བསོད་ནམས་བསགས་པའི་མི། །གཅིག་པུ་ཡིན་ཡང་ཀུན་ལས་རྒྱལ། །ཞེས་དང༌། འབྱོར་བ་ཐོབ་པར་གྱུར་ན་ཡང༌། །བསོད་ནམས་མེད་ན་ག་ལ་རྟག །ཅེས་དང༌། མི་གང་བསོད་ནམས་ལ་སྤྱོད་པ། །བཏང་ཡང་ལོངས་སྤྱོད་ཆར་བཞིན་འབབ། །བསོད་ནམས་མེད་པའི་ལོངས་སྤྱོད་དེ། །བསགས་ཀྱང་སུ་ཡིས་ཟ་བར་སོམས། །ཞེས་དང༌། འབྱོར་དང་ཤེས་རབ་སྟོབས་ལ་སོགས། །བསོད་ནམས་ལྡན་ལ་གྲོགས་སུ་འགྱུར། །བསོད་ནམས་མེད་ན་དེ་དག་ཀུན། །རང་ཉིད་བརླག་པའི་རྒྱུ་རུ་འགྱུར། །ཅེས་དང༌། བསོད་ནམས་ཤུགས་ཀྱིས་དོན་བསྒྲུབ་པ། །ཉི་མའི་འོད་བཞིན་ལྟོས་པ་མེད། །འབད་པའི་ཤུགས་ཀྱིས་དོན་བསྒྲུབ་པ། །མར་མེའི་འོད་བཞིན་ཀུན་ལ་ལྟོས། །ཞེས་དང༌། དེས་ན་མཁས་པས་བསོད་ནམས་བསག །བསོད་ནམས་ཁོ་ན་ཕུན་ཚོགས་རྒྱུ། །སུ་ཞིག་གང་ན་ཕུན་ཚོགས་པ། །དེ་ནི་བསོད་ནམས་བསགས་པའི་རྟགས། །ཞེས་མང་དུ་ནན་གྱིས་གསུངས་སོ། །
དེས་ན། ཆོས་དང་འཇིག་རྟེན་གྱི་དོན་ཆེན་གང་ཞིག་བྱེད་ཀྱང་མཆོག་གསུམ་ལ་སྐྱབས་འཇུག་སྨོན་ལམ་གྱིས་ཐོག་དྲངས། བསོད་ནམས་ཀྱི་རྒྱབ་རྟེན་དང༌། གནས་སྐབས་ཀྱི་ཡུལ་དང་དུས། གནས་བབ་ལ་བསམ་ཤེས་ཀྱིས་བརྩོན་པའི་རྒྱུན་བསྲིངས་ན་གཞི་ནས་དོན་འགྲུབ་པ་སྟེ། ལས་དོན་ཚང་མ་རྒྱུ་རྐྱེན་ཕུན་ཚོགས་ལ་རག་ལས་དགོས་པའི་གནད་འདིར་ངེས་པ་འདྲོངས་རྒྱུ་ནི་ཤིན་ཏུ་གལ་ཆེ། དེང་སང་ལ་ལས་ཐབས་གཙོ་བ་དང༌། སྙིང་སྟོབས་གཙོ་བ་དང༌། དཔལ་འབྱོར་གཙོ་བ། རིག་གནས་གཙོ་བ་སོགས་རྒྱུ་རྐྱེན་སྣ་རེས་ཅི་ཡང་འགྲུབ་པར་འདོད་པའི་བློ་ཆུང་དག་ནི་ཤིན་ཏུ་འཁྲུལ་ལོ། །
མདོར་ན། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་ཀྱང༌། བསྐལ་ཆེན་གྲངས་མེད་གསུམ་ལ་ཚོགས་གཉིས་བསགས་གནང་བས། སྟོན་པ་ཁོང་གི་རྗེས་འཇུག་པ་དང་དད་ལྡན་ཚོས་སྟོན་པའི་རྣམ་པར་ཐར་བ་གང་གང་ལ་མཇལ་ནས་ལས་དགེ་བ་བསོད་ནམས་ཀྱི་ཚོགས་དང༌། སློབ་སྦྱོང་སོགས་ཤེས་རབ་འཕེལ་བ་ཡེ་ཤེས་ཀྱི་ཚོགས་གསོག་ཚུལ་ཡང་མཁས་པར་བྱའོ། །
འཕྲུལ་དྲར་ཡང༌། མདོར་ན་ལས་གཙོ། གཏམ་རྒན་སྐྱེ་བོ་མགོ་ནག་མི་ལ་བསོད་ནམས་གཙོ་བོ་ཆེ་བ་མ་གཏོགས་པ། མཛངས་པ་ནོར་བསགས་པས་རིག་རྒྱུད་འཕེལ་བར་མ་མཐོང་ངོ༌། །དེ་བས་ན་ལས་དཀར་ནག་གི་སྤང་བླངས་ལ་འབད་པ་གལ་ཆེའོ། །ཞེས་གསུངས།
སྤྱིར་ན་སྟོན་པའི་ཞལ་ནས། སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཞེས་གསུངས་པ་ལྟར་དགོས་མོད། འདིར་ང་ཚོ་མི་སྐྱ་ཚོར་རང་གི་ཀུན་སློང་རྣམ་དག་གིས་ཟིན་པའི་བསོད་ནམས་ཀྱི་ལས་ཏེ། མི་དགེ་བཅུ་སྤོང་དང་སྦྱིན་པ་ནི་གཙོ་བོ་ཡིན་པར་བསྟན་ཏོ། །
མངོན་ཤེས་མེད་ཕྱིར་གྲོས་དང་འདུན་མ་ཀུན། །ཐོག་ཏུ་འཁེལ་དཀའ་ཡུལ་དུས་གནས་སྐབས་དང༌། །
དགྲ་གཉེན་བར་མར་བརྟགས་ནས་འཕྲལ་ཚོད་འཕྲལ། །བླངས་ཏེ་འཇུག་པ་ཕོ་ཚོད་ཡང་རྩེ་ཡིན། །
འཕྲུལ་དྲྭར་ཡང༌། གྲོས་དང་འདུན་མ་བཤམས་ཚད་ཐོག་ཏུ་ཕེབས་པ་འདི་དཀའ་བ་ཡིན་པས། འཕྲལ་ཚོད་ལེན་ཅིང་བྱེད་པ་ཕོ་རྒོད་ཀྱི་མཐར་ཐུག་ཡིན།
ཞེས་པ་སྟེ། མི་རྣམས་ལ་གཞན་སེམས་ཤེས་པ་སོགས་མངོན་པར་ཤེས་པའི་མཁྱེན་པ་མེད་པས་ན། ཆེ་རྒྱལ་ཁབ་བམ་མི་མང་གི་དོན་ཆེན་རིགས་ལ་གོ་སྡུར་གྲོས་མོལ་དང༌། ཆུང་རང་རང་གི་མི་ཚེའི་འདུན་མའམ་ཕུགས་རྒྱང་རིང་བོའི་བྱ་བ་ཀུན་རང་གིས་ཇི་ལྟར་འདོད་པ་ཇི་བཞིན་ཐོག་ཏུ་འཁེལ་བ་ཧ་ཅང་དཀའ་བ་ཡིན། དེ་བས། ཡུལ་ལམ་སྤྱི་ཚོགས་ཀྱི་ཁོར་ཡུག་གང་འདྲ་ཞིག་ཡིན་པ་དང༌། དུས་བབ་ཀྱི་རྣམ་པའམ་འགྱུར་འགྲོས་གང་འདྲ་ཡིན་པ། སྐབས་བབ་ཀྱི་གནས་སྟངས་ཅི་འདྲ་ཡིན་པ། ཕར་ཕྱོགས་དགྲ་ཡི་གནས་སྟངས་དང༌། ཚུར་ཕྱོགས་གཉེན་དང་གྲོགས་ཀྱི་གནས་སྟངས། བར་མ་མི་སེར་སྤྱི་ཡི་གནས་བབ་བཅས་ཕྱོགས་ཚང་མར་ལེགས་པར་བརྟགས་ཏེ། འཕྲལ་ཚོད་འཕྲལ་ཏེ་གནས་སྐབས་ཀྱི་དུས་ཚོད་དང་སྐབས་བསྟུན་གྱིས་བྱ་བ་གང་དང་གང་འཕྲལ་དུ་བླངས་ཏེ་སྒྲུབ་པར་བྱེད་པ་ནི་དཔོན་དང་སྐྱེས་པ་ཕོའི་ཕོ་ཚོད་ཀྱི་ཡང་རྩེ་སྟེ་ཐབས་ལ་མཁས་པའི་མཐུ་རྩལ་ཡིན། ཞེས་པ་སྟེ། འདིས་བྱ་བ་ཆེ་ཆུང་ཚང་མར་བརྟགས་ནས་སྐབས་བབ་ཀྱི་བྱ་བ་མ་ཤོར་བར་སྒྲུབ་དགོས་ཚུལ་བསྟན།
སེམས་ཀྱི་འཆར་སྒོ་འབྱུང་བ་མཐའ་མེད་ཀྱང༌། །གྲེ་བར་བསྐྱིལ་ནས་མི་སྨྲ་བ་དེ་མཁས། །
འཕྲུལ་དྲྭར་ཡང༌། སེམས་ལ་མནོ་མི་མནོ་འཆར་ཏེ། མནོ་ཚད་ཁར་མི་འདོན་པ་འདི་མཁས་པའི་མཐར་ཐུག་ཡིན།
ཞེས་པ་སྟེ། སྤྱིར་མི་རྣམས་ཀྱི་སེམས་པའི་འཆར་སྒོ་ནིསྣ་ཚོགས་པ་ཅི་དང་ཅི་ཡང་འབྱུང་བས་མཐའ་མེད་ན་ཡང༌། ཡིད་ལ་ཅི་འཆར་ཚང་མ་གྲེ་བར་བསྐྱིལ་བ་སྟེ་ངག་ནས་མ་ཤོར་བར་ཁོག་ལ་བཟུང་ནས་མི་བཤད་པ་དེ་ནི་རང་གི་སྐྱོན་ཡོན་གསང་བ་དང་དགྲ་སོགས་ཀྱིས་རང་རྒྱུས་མི་ལོན་པར་བྱེད་པའི་ཐབས་ཚུལ་ལ་མཁས་པ་ཡིན་སྟེ། དེས་ན་མི་དྲན་དགུ་དྲན་དང་དྲན་ཚད་ཁ་ནས་ཐོན་མཁན་དག་གིས་ལྷག་པར་གཟབ་པར་བྱའོ། །
སྙིང་ནའི་དགྲ་ལ་འཕྲལ་དུ་མི་ཁྲོ་བར། །བཅོས་མ་འཛུམ་གྱིས་བསུ་བ་གྲུང་པོ་ཡིན། །
འཕྲུལ་དྲྭར་ཡང༌། འཕྲལ་བཅོས་མ་ཐག་འཛུམ་དམུ་ལེ་བ་བྱེད་པ་འདི་གྲུང་པའི་མཐར་ཐུག་ཡིན།
ཞེས་པ་སྟེ། ཤ་འཁོན་སོགས་ཡོད་པའི་རང་གི་སྙིང་ན་བའི་དགྲ་བོ་ཞིག་ལ་ཐུག་པ་ཡིན་ན་ཡང༌། དེ་འཕྲལ་ཁོང་ཁྲོའི་རྣམ་འགྱུར་མི་སྟོན་པར་མི་དགའ་དགའ་མདོག་གི་བཅོས་མའི་འཛུམ་མདངས་ཀྱིས་འཚམས་འདྲི་སོགས་བསུ་བ་བྱེད་ཚུལ་ཡང་ཕོ་རྒོད་གྲུང་པོའམ་ཁོག་ཡངས་ཡིན། ཞེས་པ་སྟེ། གང་བྱུང་དོན་མེད་ཀྱི་གཏམ་མང་དུ་མི་སྨྲ་བ་དང༌། དགྲ་ལའང་བློ་ཁོག་ཡངས་པོས་གྲོགས་ཀྱི་ཚུལ་དུ་འགྲོགས་དགོས་ཚུལ་སྟེ། འདི་ནི་དམིགས་བསལ་ཁྲོ་ཐུང་ང་རྒྱལ་ཆེ་བ་ཚོར་གདམས་སོ། །རང་བློར་མི་འབབ་གཏམ་ཚིག་ཅི་བྱུང་ཡང༌། །
རྫུ་བཟང་ཁོག་ནས་མི་མངོན་ལེན་པ་ཟབ། །
འཕྲུལ་དྲྭར་ཡང༌། འགྲས་བའི་མི་ལ་སྙིང་མི་ན་བའི་མི་སུ་ཡང་མེད། ཡིན་མིན་ཐམས་ཅད་ལ་འཐད་མི་འཐད་སུ་ལ་ཡང་འོང་སྟེ་གཟུ་ཁོག་ལ་ལེན་པ་འདི་ཟབ་པའི་མཐར་ཐུག་ཡིན།
ཞེས་པ་སྟེ། སུ་དང་གང་གིས་རང་ཉིད་ལ་བློར་མི་འབབ་པའམ་སྣང་བ་མི་འགྲོ་བའི་སྐད་ཆའམ་ཚིག་རྩུབ་ཅི་དང་ཅི་བརྗོད་བྱུང་ན་ཡང༌། མི་དགའ་བ་མེད་པའི་རྫུ་བག་གི་རྣམ་འགྱུར་བཟང་པོ་བསྟན་ནས་སེམས་ལ་ཕོག་ཐུག་བྱུང་བ་དེ་ཕ་རོལ་པོས་མི་མངོན་པར་ཁོག་ལ་སྦེད་དེ། ངན་བརྗོད་བྱས་པ་སོགས་དང་དུ་ལེན་པའི་ཚུལ་བྱེད་པ་ནི་རང་སེམས་གཞན་གྱིས་མི་རྟོགས་པར་བྱེད་པའི་ཐབས་ཟབ་མོ་ཡིན།
ཟས་ནོར་འདོད་ཀྱང་ངག་མཛངས་གཡོ་ཐབས་ཀྱིས། །མི་མངོན་ཤུགས་ཀྱིས་ལེན་པ་སྤྱང་པོ་ཡིན། །
འཕྲུལ་དྲྭར་ཡང༌། རང་རྒྱལ་བ་ལ་མི་དགའ་བའི་མི་སུ་ཡང་མེད་དེ་ངག་འཇམ་དང་བློ་ཁོག་ནས་བྱེད་པ་འདི་སྤྱང་བའི་མཐར་ཐུག་ཡིན།
ཞེས་པ་སྟེ། ཕ་རོལ་པའི་ལག་ནས་ཟས་ནོར་གང་ཞིག་ཐོབ་འདོད་ཡོད་ཀྱང༌། ཐད་ཀར་མི་སྨྲ་བར་ངག་མཛངས་གཡོ་ཐབས་ཏེ་ཁ་ཡག་ངོ་བསྟོད་ཀྱི་གཞོགས་སློང་གི་དང༌། དགོས་པ་གཞན་ཞིག་གི་ཆེད་དུ་ཁ་གཡར་ནས་བསླུ་ཉོ་བྱེད་པ་སོགས་ཀྱིས། རང་ཉིད་ལ་དགོས་པའི་ཧམ་སེམས་དེ་མི་མངོན་པར་བྱས་པའི་ཤུགས་ནས་ཚུར་ལེན་ཐབས་བྱེད་པ་དེ་ཡང་གཡོ་ཐབས་ལ་བྱང་བའི་སྤྱང་པོ་ཡིན། ཞེས་པའོ། །འདིས་ནི། གཞན་གྱིས་ངན་སྨྲས་བྱས་ན་ཡང་ཕྱི་ཚུལ་ནས་དང་ལེན་གྱི་རྣམ་འགྱུར་སྟོན་ན་བཟང་བ་དང༌།(ཁོག་རྒྱ་ཆུང་བ་རྣམས་ལ་རང་སྐྱོན་ཞིག་བཤད་ན་ལམ་སང་ཁ་འཐབ་དང་དག་སེལ་བྱེད་པས་མི་ཕན )གཞན་ལག་ནས་ངེས་པར་མཁོ་བའི་རྒྱུ་ནོར་རིགས་སྐབས་རེར་གཡོ་ཐབས་ཀྱིས་ཀྱང་ལེན་དགོས་དུས་ཡོད་པའོ། །
དེ་ལྟར་ཕྱི་ཚུལ་བཅོས་མའི་རྣམ་འགྱུར་བཟང་མདོག་དང་གཡོ་ཐབས་སྤྱོད་དགོས་ཚུལ་གདམས་པ་དེ་དག་ནི། ང་ཚོ་སྐྱེ་བོ་ཕལ་བའམ་འཇིག་རྟེན་ཆོས་བརྒྱད་དོན་གཉེར་པ་རྣམས་ལ་དགྲ་ལ་སོགས་པར་སྙིང་རྗེ་དང་བྱམས་བརྩེ་སྒོམ་མི་ཐུབ་པས་ན། རང་རང་གི་ལུས་ངག་གི་རྣམ་འགྱུར་བཟང་ཙམ་སྟོན་གང་ཐུབ་བྱ་བ་དེ་ཡང་ཕན་ཚུན་གནས་སྟངས་བཟང་ཕྱོགས་ལ་འགྲོ་བའི་ཐབས་ཚུལ་དགོས་པ་ཅན་ཡིན་ལ། ལྷག་པར་དཔོན་པོ་སོགས་ཀྱིས་རང་ཉིད་ལ་མི་མང་གིས་ཆེ་མཐོང་རྩི་བཀུར་ཐོབ་པར་བྱེད་པ་ལ་ཐབས་ཀྱི་ཆ་ཤས་ཤིག་ཡིན་པས་དེ་ལྟར་གདམས་པ་ལས་གཡོ་སྒྱུ་ཁྲམ་གསུམ་ལ་ཆེད་དུ་བྱང་དགོས་པར་གདམས་པ་མིན་པ་ན་ཤེས་དགོས་སོ། །
ངན་ལ་མི་འཁང་སླད་ནས་འགྱུར་བ་སྲིད། །
འཕྲུལ་དྲྭར་ཡང༌། ངན་པ་ལ་ཁ་མ་སྔ། ཕྱིས་ཅི་འོང་མི་ཤེས།
ཞེས་པ་སྟེ། སྤྱིར་བཏང་མི་ངན་པ་རེད་ཟེར་བ་རྣམས་ལའང་མ་འགྲིགས་མ་བཟང་བའི་སྐྱོན་བརྗོད་པའི་འཁང་ར་མི་བྱེད་དེ་སླད་ནས་སམ་རྗེས་སུ་བཟང་པོར་འགྱུར་ཡང་སྲིད་པས་སོ། །
བཟང་ལ་མི་བསྟོད་ཅིར་འགྱུར་ཤེས་པར་དཀའ། །
འཕྲུལ་དྲྭར་ཡང༌། བཟང་ལ་ངོ་བསྟོད་མ་ཆེ། ད་ཟོད་ཅི་གྱུར་མི་ཤེས།
ཞེས་པ་སྟེ། དེ་བཞིན་དུ་མི་བཟང་པོ་ཡིན་ཟེར་བ་དག་ལའང་བསྟོད་པ་ཆེན་པོ་མི་བྱ་སྟེ། རྗེས་སུ་བཟང་ངན་ཅི་འདྲར་འགྱུར་བའི་མིའི་རང་བཞིན་ཤེས་པར་དཀའ་བས་སོ།།
གང་གི་ཐོག་ཏུ་འབབ་པའི་གནད་མེད་པར། །གཞན་ཟེར་འབྲངས་པའི་ཞལ་ལྕེ་གཅད་མི་རུང༌། །
འཕྲུལ་དྲྭར་ཡང༌། མ་བསམ་པའི་ཞལ་ལྕེ་མ་བཏང༌། གང་གི་ཐོག་ཏུ་ཅི་བབས་མི་ཤེས།
ཞེས་པ་སྟེ། མི་གང་ཞིག་གི་རང་ཐོག་ལ་སྐྱོན་གང་དག་འབབ་པའི་གནད་མེད་པར་སྟེ་རྒྱུ་མཚན་ཡང་དག་གི་བདེན་དཔང་ངེས་གཏན་གསལ་བོ་མེད་པར། གཞན་དག་གི་ཟེར་སྒྲོས་རྗེས་འབྲངས་ཀྱིས་ཞལ་ལྕེའམ་ཁྲིམས་ཐག་གཅད་མི་རུང་ཞེས་ཏེ། མི་བཟང་ངན་ཟེར་བ་ཚང་མར་བསྟོད་སྨད་བྱེད་རྒྱུ་སྔ་མི་དྲགས་པར་རིམ་པས་བལྟ་དགོས་པ་དང༌། ལྷག་པར་དཔོན་པོ་ཚོས་ཞུ་གཏུགས་ཁྲིམས་སྦྱོར་གྱི་སྐབས་སུ་དཀར་ནག་གི་ཤན་འབྱེད་ཁུངས་ཐུབ་བྱེད་དགོས་ཚུལ་ལ་གདམས་སོ། །
བྱ་བ་གང་ཡང་འགྲུབ་པའི་གདེང་མེད་པར། །ཁ་འདོན་མི་སྐྱེན་ཁོང་དུ་སྦེད་པ་གནད། །
འཕྲུལ་དྲྭར་ཡང༌། མ་གྲུབ་པར་ཁ་བོ་མ་འདོན། ཕྱིས་ཅིར་འགྱུར་མི་ཤེས།
ཞེས་པ་སྟེ།རང་ཉིད་ཀྱིས་བྱ་བ་གང་དང་གང་ཞིག་བརྩམ་ན་ཡང་དེ་ཉིད་ལེགས་པར་འགྲུབ་པའི་གདེང་ཚོད་ཅི་ཡང་མེད་པར་ངས་བྱ་བ་འདི་དང་དེ་བྱེད་ཀྱི་ཡིན་ཞེས་ཁ་འདོན་ནམ་འུད་སྒྲོག་མི་སྐྱེན་པ་སྟེ་བྱེད་མི་སྔ་བར་རང་གི་སེམས་ཁོང་དུ་སྦེད་པ་གནད་དམ་གལ་ཆེ་ཞེས་པ་སྟེ། ང་ཚོས་རང་ཉིད་ལ་གདེང་ཚོད་ཡོད་པའི་བྱ་བ་སྒྲུབ་དགོས་པ་དང༌། དེ་ཡང་ཁ་མ་སྔ་ལག་སྔ་དགོས་པའི་དོན་བསྟན་ཡོད། གལ་ཏེ་བྱ་བ་མ་གྲུབ་པའི་གོང་ནས་ཁ་ཤོམ་ཆེན་པོ་ལབ་ནས། ཕྱིས་སུ་ལག་ལེན་མ་ཐུབ་པའམ་གྲུབ་འབྲས་མ་ཐོན་ན་ཁ་སྟོང་ནང་གི་ཚིག་སྟོང་ཡིན་པས། ངོ་མའི་སྐབས་འགྲུབ་མི་འགྲུབ་དང༌། བཟང་ངན་ཅི་འགྱུར་ལ་ངེས་པ་མེད་པའོ། །
བུ་སོགས་གཉེན་ལ་བྱམས་དྲགས་ངན་སྲོལ་ཡོང༌། །
འཕྲུལ་དྲྭར་ཡང༌། བྱམས་དྲགས་པ་བུ་ལ་ཡང་མ་བྱེད། སྲོལ་དུ་མི་ཚུད་པ་ཡིན།
ཞེས་པ་སྟེ། རང་གི་བུ་དང་ཕ་མ་ལ་སོགས་པའི་གཉེན་ཉེ་ལའང་ཧ་ཅང་བྱམས་པ་ཐལ་དྲགས་པར་གྱུར་ན་དེ་ཉིད་རང་བཞིན་གྱིས་གོམས་སྲོལ་ངན་པར་ཆགས་ནས་གཅེས་ལང་དང་ངན་པ་ལང་ཤོར་དུ་འགྱུར་བའི་སྐྱོན་ཡོད་པས་བྱམས་སྐྱོང་བྱེད་མ་ཤེས་ན། ཁ་དཔེར། གཅེས་མ་ཤེས་གཅེས་ཕྲུག་གཅེར་བུར་བཏང༌། ཞེས་པར་འགྱུར་བཞིན་པ་མཐོང་བས་སོ། །
དགྲ་ལ་ཧ་ཅང་སྡང་ན་རང་ལ་མཚུངས། །
འཕྲུལ་དྲྭར་ཡང༌། སྡང་དྲགས་པ་དགྲ་ལ་ཡང་མ་བྱེད། ཐུབ་ཀྱང་ལ་ཡོག་འོང་བ་ཡིན།
ཞེས་པ་སྟེ། དེ་ནི་ངའི་དགྲ་བོ་ཡིན་ཞེས་ཕར་ལ་སྡང་སེམས་བྱེད་པ་ཐལ་དྲགས་ན་ཡང་མི་རུང་སྟེ། ཕ་རོལ་དེས་ཀྱང་ཚུར་རང་ལ་སྡང་སེམས་ཇེ་ཆེ་དང་གནོད་ལན་འཇལ་བའི་བྱ་བ་བྱེད་པར་འགྱུར་བ་མཚུངས་པའོ། །ཞེས་དང་ཡང་ན་དགྲ་ལ་ཧ་ཅང་སྡང་བར་བྱེད་པ་དེ་ནི་རང་ཉིད་རང་ལ་སྡང་བར་བྱེད་པ་དང་མཚུངས་པ་སྟེ། རང་སེམས་རབ་ཏུ་འཁྲུགས་པར་གྱུར་ནས་རང་གིས་རང་མ་སྐྱིད་པར་འགྱུར་བས་སོ། །ཞེས་ཀྱང་གོ་བར་བྱའོ། །
གཉེན་ལ་རལ་སྤྱོད་ཆེས་ན་ནམ་ཕུགས་འཁོན། །
འཕྲུལ་དྲྭར་ཡང༌། རས་ཆོད་ཆེན་པོ་གཉེན་ལ་ཡང་མ་བྱེད། ནམ་ཕུགས་འཁོན་དུ་འགྲོ་བ་ཡིན།
ཞེས་ཏེ། འདི་དག་ནི་རང་གི་གཉེན་ཡིན་པས་ངས་ཅི་བྱས་ཀྱང་སྐྱོན་མེད་བསམས་ནས། རལ་སྤྱོད་དམ་ཚུལ་མིན་འཆལ་སྤྱོད་གང་བྱུང་མང་བྱུང་བསྟན་པ་ཡིན་ན་ནམ་ཕུགས་ཏེ་དུས་མཐའ་འམ་དུས་ནམ་ཞིག་གི་ཚེ་ན་ཕན་ཚུན་མི་མཐུན་འཁོན་པར་འགྱུར་བར་བསྟུན་ཤེས་པར་བྱ་དགོས་སོ། །
བྲན་ལ་འབར་ཤ་ཆེས་ན་འཁོར་མཁན་དཀོན། །
འཕྲུལ་དྲྭར་ཡང༌། འབར་འཐབ་དྲག་པོ་བྲན་ལ་ཡང་མ་བྱེད། འཁོར་མཁན་མི་ཡོང་བ་ཡིན།
ཞེས་ཏེ། འདི་དག་ནི་ངའི་བྲན་དང་གཡོག་ཡིན་སྙམ་ནས་མཐོང་ཆུང་གིས་འབར་ཤའམ་སྡིགས་དམོད་བྱེད་པ་མང་ཆེས་ན་རིམ་པས་འཁོར་མཁན་སུ་ཡང་མེད་པར་གྲོགས་མེད་ཁེར་རྐྱང་དུ་འགྱུར་བས། བྲན་ལ་ཡང་བྱམས་སྐྱོང་དགོས་པའོ། །
འཁོར་ལ་ཆེས་ཆེར་རྩུབ་ན་སྙིང་སྐྲན་འཇུག །
འཕྲུལ་དྲྭར་ཡང༌། ཐོག་རྫིས་དྲག་པོ་བྲན་ལ་ཡང་མ་བྱེད། ཞེ་ལ་བཞག་པ་ཡིན།
ཞེས་ཏེ། བྲན་ལ་སོགས་པའི་ནང་འཁོར་རྣམས་ལའང་གཤེ་བ་དང་རྡེག་པ་སོགས་ཆེས་ཆེར་རྩུབ་པའི་ཉེས་ཆད་རིགས་བཏང་ན་ཁོ་ཚོར་སྙིང་སྐྲན་འཇུག་པ་སྟེ་སྙིང་ནད་ལངས་ཏེ་མཐར་རང་ཉིད་ལ་ངོ་ཡ་བྱེད་པར་འགྱུུར་བས། འཁོར་ལ་བྱམས་སྐྱོང་བྱེད་དགོས་པ་ནི་རང་གི་རྒྱན་ནོ།།
གྲོགས་ལ་རྔན་ཆེན་མང་ན་ཞེ་བཞག་ཡོང༌། །
འཕྲུལ་དྲྭར་ཡང༌། ངན་བཅད་དྲག་པོ་གྲོགས་ལ་ཡང་མ་བྱེད། སེམས་སྣད་འགྲོ་བ་ཡིན།
ཞེས་ཏེ། རང་གི་འདྲིས་པའི་གྲོགས་པོ་དག་ལའང་རྟག་ཏུ་སྐྱོན་བརྗོད་དང་མཐོང་ཆུང་སོགས་བྱས་ན་སེམས་ལ་གནོད་འགྲོ ཐ་ན་ཕ་མ་ཡིན་ཡང་རང་གི་ཕྲུ་གུར་རྟག་ཏུ་གཤེ་གཤེ་དྲག་པོ་བཏང་ན་སེམས་ཕམ་དང་མ་དགའ་བ་ཡོང་གིན་ཡོད། དེ་བས་ཤ་ཚ་ནའང་ཤ་ཚས་བསླབ་བྱ་གནང་སྟངས་ཤེས་རྒྱུ་གལ་ཆེའོ། །
དཔེ་ངན་གཞན་ལ་བཏོད་ན་རང་ལ་འཁོར། །
འཕྲུལ་དྲྭར་ཡང༌། དཔེ་ཁྲིམས་ངན་པ་གཞན་ལ་ཡང་མ་བསླབ། རང་ལ་ཡང་གནོད་པ་ཡིན།
ཞེས་ཏེ། འགོ་ཁྲིད་རང་གིས་ལམ་ལུགས་སྲོལ་ངན་པའི་མིག་དཔེ་གཞན་ལ་བསྟན་པ་ཡིན་ན། གཞན་དག་གིས་ཀྱང་མ་རབས་སྤྱོད་ངན་རིགས་བྱས་ཏེ་མཐར་ཁྱེད་རང་གིས་ཀྱང་འདི་འདྲ་བྱས་པས་ལན་ནོ་ཞེས་སྐྱོན་གཡོགས་པར་བྱེད།
ཁ་དགྲ་མི་གསག་གནག་པ་སེམས་ལ་ཞོག །
འཕྲུལ་དྲྭར་ཡང༌། ཁ་འཐབ་རྒྱལ་ཡང་དགྲ་མི་ཐུབ་པས། བརྣག་པ་དེ་ཞེ་ལ་འཆང༌།
ཞེས་ཏེ། གཞན་དག་གི་བྱ་བྱེད་སོགས་ལ་མ་དགའ་བ་བྱུང་ན་ཡང་དོན་མེད་དུ་ངན་བཤད་བྱེད་པ་ལ་སོགས་པས་རང་གི་དགྲར་འགྱུར་བའི་ཉེས་པ་གསག་པར་མི་བྱ་བར་གནག་པའམསྡང་སེམས་བྱུང་ན་ཡང་དེ་སེམས་ལ་སྦས་ནས་ཞོག་ཅིག་ཅེས་བསྐུལ་བའོ། །དེ་ལྟར་བྱས་ན་ཕྱི་ནས་རང་ཉིད་ལ་དགྲ་ཉུང་བ་དང༌། དགྲ་ངོ་མ་གང་ཡིན་མ་བརྗེད་པར་སེམས་ལ་བཟུང་བ་དེས་དགྲ་ལ་དོགས་ཟོན་ལྷོད་པར་མི་འགྱུར་བས་གནོད་པར་རྩོམ་དཀའ་བའི་དགེ་མཚན་ཡོད་པ་ཡིན།
གཉེན་ལ་མི་བསྟོད་བྱམས་པ་ཡིད་ལ་འཛིན། །
འཕྲུལ་དྲྭར་ཡང༌། ངོ་བསྟོད་ཀྱིས་གཉེན་མི་བསྐྱང་བས། བྱམས་པ་དེ་སེམས་ལ་ཞོགས།
ཞེས་ཏེ། རང་གི་གཉེན་ཉེའི་རིགས་ལ་ཁ་ཡག་ངོ་དགའ་ལྟ་བུའི་བསྟོད་པ་མི་བྱེད་པར་ཚུར་ལ་བྱམས་ཤིང་བརྩེ་བ་དང་དྲིན་སོགས་མི་བརྗེད་པར་ཡིད་ལ་འཛིན་དགོས་པ་སྟེ། ནམ་ཞིག་དཀའ་ངལ་སོགས་བྱུང་དུས་ཕན་ངེས་ཀྱི་རོགས་པ་བྱེད་དགོས་པ་ཡིན།
ངན་བློ་ཡོད་ཀྱང་ཕྱི་རུ་འཇམ་སྐད་སྙན། །
འཕྲུལ་དྲྭར་ཡང༌། ངན་ཁོག་ན་ཡོད་ཀྱང་ཁ་རུ་འཇམ་སྐད་ཐོན། མི་ལ་མཛེས་པ་ཡིན།
ཞེས་ཏེ། རང་ལ་གནོད་པའི་ཕ་རོལ་བ་གང་དེར་གནོད་པ་གང་ཞིག་བྱེད་འདོད་པའི་ངན་སེམས་ཡོད་ན་ཡང༌། ཕྱི་ཚུལ་ནས་སྣང་མེད་ཀྱི་ཚུལ་གྱིས་ངག་འཇམ་པོས་གཏམ་སྙན་པར་སྨྲས་ཏེ་བསླུ་བར་བྱེད་དགོས་པ་སྟེ། དེ་ནི་མི་མངོན་པའི་རྒྱལ་ཁ་ལེན་ཚུལ་ཡིན་ནོ། །
གདོང་ཐུག་དྲག་པོས་དགྲ་བོ་ཐུལ་དཀའ་བས། །སྣ་ཚོགས་ཐབས་ཀྱིས་འདུན་མ་རླབས་ཀྱིས་ཆོད། །
འཕྲུལ་དྲྭར་ཡང༌། སྡང་གདུག་དྲག་ཀྱང་དགྲ་མི་ལྡོག འདུན་མ་སྟབས་ཀྱི་ཆོད།
ཞེས་ཏེ། དམག་འཁྲུག་སོགས་གདོང་ཐུག་དྲག་པོ་ཁོ་ནས་དགྲ་ཆེན་པོ་དག་ཐུལ་དཀའ་བས་ན། ཞི་དྲག་གི་ཐབས་ཚུལ་སྣ་ཚོགས་པའི་སྒོ་ནས་རང་ཕྱོགས་ཀྱི་འདུན་མ་སྟེ་ཕུགས་འདུན་ནམ་དམིགས་ཡུལ་དག་སྒྲུབ་པ་ལ། རྒྱ་མཚོའི་རླབས་ཤུགས་ལྟ་བུའི་ནུས་སྟོབས་ཡོད་ཚད་བཏོན་ནས་སྒྲུབ་དགོས་པ་སྟེ། རྒྱལ་ཁ་ལེན་པར་གཙོ་བོ་གཡོ་ཐབས་ལ་བྱང་དགོས་པ་བསྟན་པའོ། །
གཏམ་མགོ་འཛུམ་བསུ་མཇུག་མ་དལ་གྱིས་ལོངས། །དགོས་དོན་ཕིགས་སྨྲ་འཚམ་ཞིང་མཛེས་པར་བརྗོད། །
འཕྲུལ་དྲྭར་ཡང༌། གཏམ་མགོ་འཛུམ་གྱིེས་སུས། གཏམ་གཞུག་འཛུམ་ལ་ཞོགས། དགོས་དོན་ཕིག་པར་སྨྲོས། རན་ལ་མཛེས་པ་ཤོད་ཨང༌། ཞེས་ཏེ། གྲོས་མོལ་སོགས་བྱེད་དུས་ཀྱང་སེམས་ལྷོད་ཅིང་དགའ་བའི་ངང་ཀུ་རེ་རྩེད་མོ་དང་བཅས་པའི་གཏམ་གྱིས་སྔུན་བསུས་ཏེ་གླེང་བར་བྱ་ཞིང༌། སྐད་ཆའི་མཇུག་དེ་དལ་གྱིས་སམ་རིམ་པས་རྒྱ་ཆེ་རུ་དང་གཏིང་བ་སར་འདྲེན་དགོས་ལ། སྐབས་སུ་བབ་པའི་དགོས་དོན་སྙིང་པོ་རྣམས་གཏིང་ཕིགས་པ་གསལ་ཐག་ཆོད་པ་སྨྲ་དགོས་ན་ཡང༌། དེ་ཡང་མང་ཉུང་དང་བཤད་སྟངས་འཚམ་ལ་སྐད་གདངས་ཀྱང་རན་པ་བཅས་རྣ་བར་འབབ་པར་བརྗོད་དགོས་པ་སྟེ། མགོ་མཇུག་མེད་པ། དོན་མེད་ཉོག་བཤད་དང༌། འབྲེལ་མེད་དོན་གཞན། ཕྲག་དོག་ང་རྒྱལ། ཚིག་རྩུབ་དྲག་སྐད་སོགས་མི་ཆེན་དག་གི་རྒྱན་མ་ཡིན་ནོ། །
སེར་སྣ་ཙམ་གྱིས་ཟས་ནོར་གསོག་དཀའ་བས། །བརྒྱ་བཤིག་སྟོང་འགུགས་སྤྱི་བྱམས་བློ་རྒྱ་བསྐྱེད། །
འཕྲུལ་དྲྭར་ཡང༌། སེརསྣ་ཆེ་ཡང་ནོར་མི་སོགས། ཕྱི་བརླབས་དང་བློ་རྒྱ་བསྐྱེད་ལ་ཚོལ།
ཞེས་ཏེ། ལོངས་སྤྱོད་འཕེལ་འདོད་ན་ཡང་མུག་ཟ་མུག་འཐུང་གི་སེར་སྣ་བྱེད་པ་ཙམ་གྱིས་ཟས་ནོར་ལོངས་སྤྱོད་རྒྱ་ཆེན་པོ་གསོག་དཀའ་བས་ན། དཔེར་ན་རང་གི་སྒོར་མོ་བརྒྱ་བཏང་ནས་ཚུར་ཁེ་བཟང་སྒོར་མོ་ཆིག་སྟོང་ཡོང་བ་ལྟ་བུའི་བརྒྱ་བཤིག་སྟོང་འགུགས་ཏེ་ཉུང་གཏོང་མང་ལེན་གྱི་ཉོ་ཚོང་བརྗེ་རེས་ཀྱི་ཚོང་ལས་ལ་བྱང་དགོས་ཤིང༌། དེ་ཡང་དཔོན་པོ་ཚོས་སྒེར་དོན་ཁོ་ནའི་ཧམ་སེམས་མ་རུངས་ཁོག་བཅངས་མ་ཡིན་པར་འབངས་མི་སྤྱི་ལ་བྱམས་སྐྱོང་གི་བསམ་པས་བློ་རྒྱ་ཆེན་པོས་རྒྱལ་ཁབ་ཕན་ཚུན་བར་ལའང་བཟོ་ཚོང་ལས་རིགས་ཀྱི་འབྲེལ་ལམ་གནང་དགོས་པ་སྟེ། དཔལ་འབྱོར་ཚོང་ལས་སྒྲུབ་དགོས་པ་བསྟན་པའོ། །
བུ་ལ་ཉེས་སྐྱོན་བཤད་ན་རྗེས་སུ་ཕན། །
འཕྲུལ་དྲྭར་ཡང༌། སྙིང་དུ་བུ་ཚ་སྡུག་ཀྱང་ཉེས་འདུག་ན་རྒོལ་དང༌། ཕུགས་སུ་བྱམས་པ་ཡིན།
ཞེས་ཏེ། བུ་ཕྲུག་དག་ལ་བསྟོད་པ་བྱེད་པའམ་ཡང་ན་གཤེ་རྡུང་བྱེད་པ་དག་ལས་ཁོ་ཚོའི་ཉེས་སྐྱོན་གྱི་རིགས་རྣམས་ལེགས་པར་བཤད་དེ་རང་སྐྱོན་ངོས་འཛིན་ཐུབ་པ་བྱས་ནས་ལེགས་ཉེས་བླང་དོར་གྱི་བསླབ་བྱ་བཏང་བ་ཡིན་ན། རྗེས་སུ་ལམ་ལོག་པར་མི་འགྲོ་བར་ཡ་རབས་སྤྱོད་བཟང་དུ་འགྱུར་བར་ཕན་པའོ། །
རང་ལ་ཆེ་བསྟོད་སྤངས་ན་ནམ་ཕུགས་བྲིན། །
འཕྲུལ་དྲྭར་ཡང༌། བདག་ལ་ཡོན་ཏན་ཡོད་ཀྱང་རང་འདོད་སྤོངས་དང༌། ནམ་ཕུགས་རིང་བ་ཡིན།
ཞེས་ཏེ། ང་ཉིད་ལ་གཞན་ལས་ལྷག་པའི་ཡོན་ཏན་དང་ལྷག་བསམ་དང་འཇོན་ཐང་སོགས་བྱས་རྗེས་ཆེན་པོ་དག་ཡོད་ན་ཡང་རྟག་ཏུ་དེ་དག་ངོམས་ཏེ་རང་གིས་རང་ལ་ཆེ་བསྟོད་བྱེད་པ་སྤངས་པ་ཡིན་ན་མི་རྣམས་ཀྱི་མཐོང་སྣང་ལ་མཛེས་པས་དུས་གཏན་དུ་ཆེ་མཐོང་མི་བརླག་པར་རིན་ཐང་ཆེ་བ་ཡིན་ནོ། །དེས་ན་དཔོན་པོ་སོགས་ཀྱིས་རང་གི་བུ་ཕྲུག་རྣམས་ཉེས་ཅན་བྱེད་གཏེ་རུ་མི་འགྱུར་བ་ཞིག་ཅིས་ཀྱང་བྱེད་དགོས་ལ། རང་ཆེ་རང་རློམ་མེད་པར་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་རྒྱུར་འབད་དགོས་སོ། །
རང་འདོད་ཞེ་བཞག་སྤྱི་གཙིགས་ཕྱིར་བྱས་བཙུན། །
འཕྲུལ་དྲྭར་ཡང༌། ཡིད་ལ་རང་འདོད་ཡོད་ཀྱང་གཙོ་བོར་སྤྱིའི་ཆིས་གྱིས་དང༌། ཕྱི་ཕུགས་བཙུན་པ་ཡིན།
ཞེས་ཏེ། རང་ཁེའི་རང་དོན་གང་ཞིག་སྒྲུབ་དགོས་ན་ཡང་དེ་ཉིད་སེམས་ནང་ལ་བཞག་ནས་མི་མངོན་པར་བྱས་ཏེ་སྤྱི་དོན་གལ་ཆེར་བརྩིས་ཏེ་བྱས་པ་ཡིན་ན་བཙུན་པའམ་རང་ཉིད་ཀྱི་སྤྱོད་ཚུལ་མཛེས་པ་ཡིན་ལ། གཞན་དོན་བསྒྲུབས་པའི་ཞོར་དུ་རང་དོན་འགྲུབ་པའང་ཡིན་པས་དོན་ཆེན་སྒྲུབ་ཐུབ་མཁན་གྱི་གྲུང་པོ་ཡིན།
བུད་མེད་གྲོས་དབང་མ་གཏོང་རང་ཐག་ཆོད། །
འཕྲུལ་དྲྭར་ཡང༌། འདུན་མ་ཆུང་མ་མཁས་ཀྱང་གྲོས་དབང་རང་གིས་ཟུང༌། རང་ཆེར་འགྲོ་བ་ཡིན།
ཞེས་ཏེ། སྤྱིར་བུད་མེད་རྣམས་ཤེས་རབ་ཅན་ཡིན་པས་གྲོས་མོལ་བྱེད་འོས་ན་ཡང་བུད་མེད་ནང་ན་གཡོ་སྒྱུ་ཅན་ཡང་མང་བས། གྲོས་ཀྱི་དབང་ཚད་འཛིན་དུ་མི་འཇུག་པར་ཐ་མའི་གྲོས་ཐག་དེ་དཔོན་པོ་རང་གིས་བརྟགས་ཏེ་ཐག་ཆོད་ཅེས་པའོ། །
རྨོངས་པར་གྲོས་དང་ངན་ལ་དབང་མ་བསྐུར། །
འཕྲུལ་དྲྭར་ཡང༌། ངན་པ་ལ་དབང་མ་བསྐུར། བླུན་པོ་གྲོས་སར་མ་བཞག
ཅེས་ཏེ། ལེགས་ཉེས་དབྱེ་བ་མི་ཤེས་མཁན་གྱི་བླུན་པ་དག་ལ་ནམ་ཡང་གྲོས་སྡུར་བྱེད་མི་འོས་ལ། མི་ངན་པ་དག་ལ་དབང་ཆ་སྤྲོད་མི་འོས་ཏེ་ཕན་ལས་གནོད་ཆེའོ། །
གྲོས་ལ་མི་དབང་མི་ལ་གྲོས་མ་འཆད། །
འཕྲུལ་དྲྭར་ཡང༌། གྲོས་ལ་མི་དབང་བའི་མི་གྲོས་སར་མ་འབོད། གྲོས་སྟབས་ལ་མི་ཕེབས་པ་ཡིན།
ཞེས་ཏེ། ཉེས་ཅན་ནམ་དོགས་པ་ཅན་སོགས་གྲོས་བྱེད་པའི་དབང་ཚད་མེད་པའམ་མི་འཚམ་པ་རྣམས་ལ་གྲོས་མོལ་ཅི་བྱས་ཀྱི་གསང་བ་འཆད་མི་འོས་པ་ཡིན།
དཀྲུག་ཤིང་བྱེད་མཁན་གྲོས་ཀྱི་ཁྱུར་མ་འཇུག །
འཕྲུལ་དྲྭར་ཡང༌། གྲོས་ལ་མི་དགའ་བའི་མི་མ་བཀུག གྲོས་ཀྱི་དཀྲུགས་ཤིང་བྱེད་པ་ཡིན།
ཞེས་ཏེ། མི་མང་ནང་ལ་ཕུང་དཀྲུག་གཏོར་བརླག་གཏོང་མཁན་སུ་ཡིན་ཡང་གྲོས་མོལ་དང་གྲོས་ཚོགས་ནང་དུ་ལེན་མི་ཉན། ལ་ལས་ཁ་བདེ་མགོ་བདེ་དག་སྲིད་དོན་མི་སྣར་འཚམ་པར་བསམ་ནས་ཆེད་དུ་བདམས་པ་ནི་ཧ་ཅང་ནོར་རོ། །
མཁས་དང་རྒན་རབས་ཉམས་ཆེན་ཤ་ཚར་དྲིས། །
འཕྲུལ་དྲྭར་ཡང༌། རྒན་རིམས་ལ་གྲོས་དྲིས་ན་མི་འགྱོད་པ་ཡིན། ཤ་ཚ་བ་ལ་གྲོས་བསྡུར་དུ་བཏུབ་པ་ཡིན། ཉམས་ཅན་ལ་གྲོས་དྲི་ན་ཐ་ཆོད་པ་ཡིན།
ཞེས་ཏེ། ལུགས་གཉིས་ལ་མཁས་པའི་དམ་པ་རྣམས་དང༌། །རྒན་པོ་ཉམས་མྱོང་ཅན་སྡེ་བར་ཤ་ཚ་ཡོད་པ་ཚོར་བཀའ་སློབ་ལམ་སྟོན་གྱི་གྲོས་འདྲི་འོས། །
གྲོས་མཐིལ་རེ་ཞིག་མ་བཤད་བསྒྱུར་ཏུ་བཏུབ། །
འཕྲུལ་དྲྭར་ཡང༌། གྲོས་མ་བཤད་ན་གང་དུ་ཡང་བསྒྱུར་དུ་བཏུབ་པ་ཡིན།
ཞེས་ཏེ། གྲོས་ཚོགས་ཀྱི་སྙིང་དོན་རྣམས་དེ་འཕྲལ་འུར་སྒྲོག་བྱེད་མི་འོས། གལ་ཏེ་འགྱུར་བ་གཏོང་དགོས་བྱུང་ན་ཡང་ལས་སླ་བོར་རྙོག་དྲ་མེད་པར་བསྒྱུར་ཐུབ་པ་ཡིན།
གྲོས་ལ་བསམ་གཞིགས་མང་བཏང་ཧང་བུག་ཆུང༌། །
འཕྲུལ་དྲྭར་ཡང༌། གྲོས་ལ་བསམ་གཞིག་བཏང་ན་འཕར་འབུབ་ཆུང་བ་ཡིན།
ཞེས་ཏེ། དེ་ལྟར་དོན་ཆེན་ལ་གྲོས་མོལ་ཞིབ་ཚགས་བསམ་གཞིགས་མང་པོ་བཏང་བ་ཡིན་ན་ནོར་འཁྲུལ་དང་སྐྱོན་ཆ་ཉུང་ཞེས་པའོ། །
གོང་གསལ་འདི་རྣམས་ཀྱིས་གཙོ་བོར་དཔོན་པོ་ཚོས་སྡེ་བ་ཚོ་བའི་དོན་ཆེན་ལ་གྲོས་མོལ་བྱེད་པའི་ཚུལ་ལ་གདམས་པའོ། །
མི་དཔེ་རང་ལ་བཀབ་ནས་ཞིབ་མོར་དཔྱོད། །
གཏམ་དཔེར་ཡང༌། རང་སྐྱོན་རི་བོ་མི་མཐོང་གཞན་སྐྱོན་ཤིག་མཐོང་བ་ཞེས་པ་བཞིན། སྤྱིར་མི་རྣམས་གཞན་ལ་ཁ་གཏོང་བ་ལས་རང་ཉིད་ལ་སྐྱོན་བརྗོད་པ་ཉུང་ཞིང་རང་ཉིད་ཀྱི་སྐྱོན་ངོས་མི་ཟིན་པ་མང་བས། མི་གཞན་དག་གི་བསམ་ཚུལ་དང་སྤྱོད་ཚུལ་བཟང་ངན་གྱི་ཁྱད་པར་ལས་བྱུང་བའི་མཐའ་འབྲས་དང་གཞན་དག་གི་སྐྱོན་ཡོན་དག་ལ་དཔེ་བལྟས་ནས་རང་ཐོག་ལའང་སྐྱོན་ཡོན་གྱི་ཆ་གང་དག་ཡོད་པར་བསམ་བློ་ཞིབ་ཏུ་གཏོང་འོས། །
ཕྲན་བུའི་ཁེ་ལ་བལྟས་ནས་ཉེན་བསྡམ་དང༌། །གཏམ་ངན་མི་བསམ་འདོད་ལ་སྲེད་པས་ཕུང༌། །
འཕྲལ་གྱི་ཁེ་ཕན་ཆུང་ངུ་ཞིག་ལ་བལྟས་ཏེ་ཉེན་ཁར་མི་འཛེམས་པ་བླུན་རྟགས་ཡིན་པས་ཉེན་ཁ་ལས་རང་ཉིད་རང་གིས་འགོག་པ་དང༌། རང་ལ་གཏམ་ངན་པའམ་སྐྱོན་གང་ཞིག་གླེང་འོང་བསམ་ནས་དེ་འདྲ་མི་འདོད་པའི་སེམས་ཁྲལ་བྱེད་པ་དང༌། ཡང་འདོད་པའི་ཡོན་ཏན་དག་ལ་ཆགས་སྲེད་ཆེ་ན་རང་ཉིད་འཕུང་བར་འགྱུར། དེས་ན་གཏམ་ངན་མི་འདོད་ན་རང་དོན་ཁོ་ནའི་འདོད་སྲེད་ཆུང་དགོས་ལ་འདོད་པ་ལ་དགའ་ཞིང་ཆགས་ན་གཏམ་ངན་ཡང་འཁུར་ཐུབ་དགོས་པ་ཡིན་ནོ། །
ཡ་རབས་དུས་བསྟུན་དམའ་སར་འབེབས་མི་རུང༌། །
འཕྲུལ་དྲྭར་ཡང༌། ཡ་རབས་དམན་སར་མ་བཞག
ཅེས་པ་སྟེ། དེ་ཡང་གཏམ་དཔེར། ཡར་དཔེ་ཞྭ་ལ་བྱེད། ཞྭ་ལུང་དར་གྱིས་བྱེད། མར་དཔེ་ལྷམ་ལ་བྱེད། ལྷམ་ཀྲད་སྐུད་པས་མཛེས། ཞེས་པ་བཞིན། ཡ་རབས་ཀྱི་སྐྱེ་བོ་སུ་ཞིག་ཡིན་ན་ཡང་དུས་དང་བསྟུན་ནས་བསྟོད་པ་དང་བཀུར་བ་སོགས་བྱེད་པ་ལས་དམན་སར་ནམ་ཡང་འབེབས་མི་འོས།
མ་རབས་ཆེ་སར་བཏོན་ན་གཉའ་བ་རེངས། །
ཡང་མ་རབས་རྣམས་ལ་དཔོན་གནས་སྤྲོད་པ་སོགས་ཆེ་སར་བཏོན་ན་ང་རྒྱལ་ཆེ་རུ་དང་རྒྱུད་གྱོང་དུ་སོང་ནས་ལྷག་པར་གནོད་སྐྱོན་ཡོང་བས་སྐྱོན་བརྗོད་དང་དམའ་སར་བཞག་ན་འོས་སོ། །
མཁས་པ་རེས་བོར་ཡོན་ཏན་ལྡན་པ་དཀོན། །
འཕྲུལ་དྲྭར་ཡང༌། མཁས་པ་རས་སུ་མ་བོར།
ཞེས་པ་སྟེ། མཁས་པའི་ནང་ན་ཡང་ཕྱོགས་རིས་བོར་བའམ་མེད་པའི་བློ་གཟུ་བོར་གནས་པའི་ཡོན་ཏན་དང་ལྡན་པ་ནི་ཤིན་ཏུ་དཀོན་པའམ་ཆེས་རྩ་ཆེ་བའོ། །
མི་མང་དགྲ་རུ་མི་ལེན་གཉེན་དུ་འགུགས། །
འཕྲུལ་དྲར་ཡང༌། སྤྱི་མི་དགྲ་རུ་མ་ལེན།
ཞེས་ཏེ། དགའ་ཉེ་ཕྱོགས་ཞེན་གྱིས་མི་མང་མི་དགའ་བའི་དགྲ་རུ་ལངས་པ་ཞིག་ཅིས་ཀྱང་མི་བྱེད་པར་རང་གི་གཉེན་ནམ་གྲོགས་སུ་འགུགས་ཐུབ་པའི་བྱམས་སྐྱོང་ལ་འབད་དགོས་སོ། །
མི་འགྲུབ་ཁས་ལེན་མ་ཆེ་དེར་མི་འཇུག །
འཕྲུལ་དྲར་ཡང༌། མི་འགྲུབ་པ་ལ་ཁས་མ་ལེན། མི་ལྕོགས་པའི་ལས་མ་འཇུག
ཅེས་ཏེ། ནམ་ཡང་མི་འགྲུབ་པའམ་བསྒྲུབ་མི་ཐུབ་པའི་བྱ་བ་རྣམས་རང་གི་འགན་དུ་ལེན་པའི་ཁས་ལེན་ཆེན་པོ་བྱེད་མི་འོས་ལ་རང་གཞན་གཉིས་ཀའང་དེ་འདྲའི་ཕན་མེད་ཀྱི་བྱ་བའི་གནས་སུ་མི་འཇུག་པར་བྱ་དགོས།
གཅེས་ནོར་འདོད་ཅན་མི་ལ་མི་སྟོན་གསང༌། །
འཕྲུལ་དྲར་ཡང༌། འདོད་པ་ཅན་ལ་ནོར་མ་བསྟན།
ཞེས་ཏེ། སོ་སོའི་ཆེས་རྩ་ཆེ་བའི་རྒྱུ་ནོར་རྣམས་མི་ཧམ་སེམས་ཅན་དག་ལ་མི་སྟོན་པར་གསང་ན་ལེགས་ཏེ་རྐུ་ལ་འཆོར་དཀའ།
ཚོད་མེད་ལ་གྲོས་ངན་སེམས་ཅན་ལ་བློ། །མི་གཏོད་སྙིང་གཏམ་ཁ་མང་ཅན་ལ་གསང༌། །
འཕྲུལ་དྲྭར་ཡང༌། ངན་སེམས་ཅན་ལ་བློ་མ་གཏད། ཚོད་མེད་པོ་ལ་གྲོས་མ་དྲི། ཁ་མང་པོ་ལ་སྙིང་གཏམ་མ་བྱེད།
ཅེས་ཏེ། མི་རང་ཚོད་མི་ཟིན་པ་བསམ་བློ་གཏོང་མི་ཤེས་པ་དག་ལ་གྲོས་ཁ་སྡུར་མི་ཉན་ཏེ་གྲོས་དོན་ལ་གནས་དེ། ངན་སེམས་ཅན་རྣམས་ལ་ཡིད་ཆེས་བློ་གཏོད་བྱེད་མི་ཉན་ཏེ་ཚུར་བསླུ་ཉེན་ཡོད། གསང་བའི་སྙིང་གཏམ་སོགས་མི་ཁ་མང་ལ་གསང་དགོས་ཏེ་གསང་བ་ཀུན་གྱིས་ཤེས་ཉེན་ཆེ།
སྣ་ཐུང་ཀུ་རེ་མི་ཐུབ་ལ་བསྡམ་སྤོང༌། །
འཕྲུལ་དྲྭར་ཡང༌། རྣོ་ཐུང་བ་ལ་ཀུ་རེ་མ་བྱེད། ཅེས་དང༌། ཡང༌། བློ་ཁོག་ཆུང་ལ་སྣ་ཐུང་བའི་མི་ལ་ཀུ་རེ་མ་བྱེད།
ཅེས་ཏེ། མི་སྣ་ཐུང་ངམ་སྤོ་ཐུང་ཁོང་ཁྲོ་ལངས་སླ་བ་མིང་འདོགས་དང་འཕྱ་སྨོད་སོགས་ཀུ་རེ་རྩེད་མོ་ཡང་སེམས་ལ་མི་ཤོང་བ་ཚོར་ངག་བསྡམ་ནས་ཀུ་རེ་སྤོང་དགོས་ཞེས་པའོ། །དེ་ལྟར་རང་གཤིས་མི་འདྲ་བའི་མི་རྣམས་དང་མཐུན་འགྲོགས་བྱེད་ཚུལ་ལ་གཟབ་དགོས་པར་གདམས་སོ། །
མི་བདེན་པ་ལ་ཡུས་ཀྱིས་ཤགས་མ་འདེབས། །
འཕྲུལ་དྲྭར་ཡང༌། མི་བདེན་པ་ལ་ཤགས་མ་འདེབས།
ཞེས་ཏེ། སུ་ཞིག་གིས་དྲང་བདེན་མི་བྱེད་པའམ་བདེན་དོན་གང་ཡང་མེད་པ་ཞིག་ལ་རང་གིས་བྱས་རབས་དང་རང་ཉིད་བདེན་རབས་མང་པའི་ཡུས་བཤད་དེ་རྩོད་པ་བྱས་ཀྱང་ཕན་མི་ཐོགས། གལ་ཏེ་ཤགས་བརྒྱབ་ན་སྡུག་ཏུ་འགྲོ་ཉེན་ཆེ་བས་སོ། །
མི་ཉན་གྲོས་འདེབས་མེད་ལ་ཁྱེར་ཤོག་དང༌། །མི་ཡོང་ལས་འཆོལ་མི་ཤེས་ཀོ་ལོང་དོར། །
འཕྲུལ་དྲྭར་ཡང༌། མི་ཉན་པ་ལ་གྲོས་མ་འདེབས། མེད་པའི་ནོར་ལ་ནན་མ་ཆེ། མི་འོང་བ་ལ་ལས་མ་བཅོལ། མི་ཤེས་པ་ལ་ཀོ་ལོང་མ་བསྡམ།
ཁ་ལ་མི་ཉན་པའམ་བཤད་ཀྱང་མི་གོ་བའི་རིགས་ལ་ཡང་ཡང་གྲོས་འདེབས་པ་སྟེ་ཁ་ཏ་བསླབ་བྱ་མང་པོ་བྱེད་པ། དཔལ་འབྱོར་ཞན་པ་ཚོ་ལ་དཔྱ་ཁྲལ་སོགས་བསྡུ་བ་དང་ཡང་ན་དོམ་ཞིག་ཡོད་ན་ཡང་སྤྲོད་རྒྱུ་མེད་ན་ཡང་ཡང་ཁྱེར་ཤོག་ཅེས་བཙན་བཀའ་གཏོང་བ། ལས་ཀ་སྒྲུབ་མི་ཐུབ་མཁན་མི་འཇོན་པ་ཚོར་ཨུ་ཚུགས་ཀྱིས་ལས་ཀ་བཅོལ་བ། བསམ་བློ་གཏོང་མི་ཤེས་པའམ་ཤེས་རྒྱ་ཆུང་བ་ཚོར་ཀོ་ལོང་སྟེ་རྩོད་པ་བྱེད་པ་བཅས་ནི་ཕན་མི་ཐོགས་པ་མ་ཟད་ད་དུང་གནོད་པར་འགྲོ་ཉེན་ཆེ་བས་དོར་ཅིག་ཅེས་གདམས་སོ། །
དྲིན་འདྲེན་མང་ན་དགའ་བའི་དུང་སེམས་འཆོར། །གྱོང་ཆེན་མང་ན་གཉེན་ཡང་ཞེན་པ་ལྡོག །
རང་གིས་གཞན་ཞིག་ལ་ཕན་བཏགས་ནས་དྲིན་ཆེན་པོ་ཡིན་ན་ཡང༌། རྟག་པར་ངས་ཁྱོད་ལ་རོགས་རམ་མང་པོ་བྱས་རབས་དང་ང་ཁྱོད་རང་གི་དྲིན་ཆེན་པོ་ཡིན་ཚུལ་མང་པོ་ལབ་ན་ཕ་རོལ་པ་དེ་ཡང་སུན་པའམ་ངོ་ཚ་ནས་ཁྱོད་ལ་དགའ་བའམ་དུངས་པ་ཉམས་པར་འགྱུར་ཉེན་ཆེ་བ་དང༌། ཡང་ཕ་རོལ་པ་ལ་བརྟེན་པའམ་གཞན་དག་བཀོལ་ནས་ཁོ་ཚོར་གྱོང་ཆེན་པོ་ཡང་ཡང་བཏང་ན་ནམ་ཞིག་རང་གི་གཉེན་ཉེ་རིགས་ཀྱང་མ་དགའ་བར་ཞེན་པ་ལྡོག་པར་འགྱུར་ན་གཞན་དག་བཤད་ཅི་དགོས། ད་དུང་ཚུར་གནོད་ཀྱང་བསྐྱལ་སྲིད་དོ། །
དེ་ལྟ་ན་རྟག་ཏུ་གཞན་ལ་ཕན་རོགས་ཅི་བྱས་ཀྱང་ངོམ་སོ་མི་བྱེད་པ་དང༌། གཉེན་ལ་སོགས་པར་ཕར་ལ་གྱོང་ཆེན་པོ་ཡང་གཏོང་མི་འོས་པར་གདམས་སོ། །
གཞན་སྡུག་སྙིང་ཚིམ་མ་བྱེད་རང་ལ་འཁོར། །
འཕྲུལ་དྲྭར་ཡང༌། གཞན་སྡུག་པ་སྙིང་ཚིམས་མ་བྱེད། སྡུག་པ་རང་ལ་ཡང་འོང༌།
རང་སྐྱིད་མ་ངོམ་གཞན་གྱིས་དེ་ལན་འཇལ། །
འཕྲུལ་དྲྭར་ཡང༌། རང་སྐྱིད་པ་གཞན་ལ་མ་ངོམ། སྐྱིད་པ་གཞན་ལ་ཡང་འོང༌།
ཞེས་པ་སྟེ། རང་གི་དགྲ་ལ་སོགས་མི་སུ་ཞིག་ལ་དཀའ་སྡུག་ཅིག་བྱུང་ན་དེ་ཏག་ཏག་ཡིན་བསམ་ནས་ཡིད་ཚིམ་པ་བྱེད་མི་རུང་སྟེ་རང་ལ་རྒྱུ་འབྲས་འཁོར་ཡོང༌། དེ་བཞིན་རང་ཉིད་ལ་བདེ་སྐྱིད་ཆེན་པོ་ཞིག་བྱུང་ན་ཡང་དགྲ་ལ་སོགས་པར་ངོམ་ནས་མཐོང་ཆུང་དང་བརྙས་བཅོས་སོགས་བྱ་མི་འོས་ཏེ། ནམ་ཞིག་ཁྱོད་རང་ལ་དཀའ་སྡུག་ཅིག་བྱུང་ཚེ་ཡང་རོགས་རམ་དང་གདུང་སེམས་མཉམ་བསྐྱེད་བྱེད་མཁན་མེད་པ་མ་ཟད་ཚུར་མཐོང་ཆུང་སོགས་སྔར་ལན་འཇལ་ཡོང་ངོ༌། །དེས་ན་གཞན་ལ་དཀའ་སྡུག་བྱུང་དུས་སྙིང་རྗེ་རོགས་རམ་དང་རང་ལ་སྐྱིད་པོ་བྱུང་དུས་གཞན་ལའང་དེ་བཞིན་ཡོང་བར་བསམ་དགོས་པར་གདམས་པའོ། །
གྲོས་ཉེས་འགྱོད་ཐལ་མི་བྱ་ཕྱིན་ཆད་གཟབ། །
འཕྲུལ་དྲྭར་ཡང༌། གྲོས་ཉེས་པ་ལ་འགྱོད་པ་མ་བཟླ། འཁྲུལ་བ་རང་ལ་ཡང་འོང༌།
ཞེས་ཏེ། སྔར་གྲོས་མོལ་དང་འཆར་གཞི་གང་ཞིག་འཐེན་པ་ལ་མཐའ་འབྲས་ཡག་པོ་མ་བྱུང་བར་འགྱོད་པ་སྐྱེ་དགོས་པ་ཞིག་ཆགས་ན་ཡང་ཐལ་དྲགས་པའི་འགྱོད་གདུང་བྱས་ན་ཕན་ལས་གནོད་པ་ཆེ་བས་འགྱོད་སེམས་དྲག་པོས་རང་ཉིད་ཉམས་ཉེས་སུ་མི་གཏོང་བར་ཉམས་མྱོང་བསླབ་བྱར་བླངས་ཏེ་ཕྱིན་ཆད་ནོར་འཁྲུལ་དེ་རིགས་མི་འབྱུང་བར་གཟབ་དགོས་པར་གདམས་པའོ། །
དགོས་མེད་ཕོག་ཐུག་གཏམ་གྱིས་དགྲ་བོ་འགུགས། །ཕ་རོལ་བསམ་པ་རྟོགས་ཕྱིར་ཡུན་དུ་སེམས། །
འཕྲུལ་དྲྭར་ཡང༌། སྤྱང་གླེན་ཕ་རོལ་གྱི་དགོངས་པ་ལོན་མ་ལོན་ལ་བྱེད་པ་ཡིན། ཡུན་རིང་དུ་སོམས།
ཞེས་ཏེ། དོན་མེད་དགོས་མེད་གཞན་གྱི་སེམས་ལ་ཕོག་ཐུག་འགྲོ་ཉེན་ཆེ་བའི་སྐད་ཆས་དགྲ་བོ་ཚུར་འགུགས་པའམ་ཁ་དགྲ་གསོག་ཉེན་ཆེ་བས་གཏམ་སྨྲ་བར་གཟབ་དགོས་ལ། ཕ་རོལ་པའི་བསམ་ཚུལ་ཤེས་པར་བྱ་བའི་ཆེད་དུ་ཡུན་རིང་བརྟག་ཅིང་དཔྱོད་པ་ནི་སྤྱང་པོ་དང༌། ལམ་སང་དོགས་སློང་དང་འོལ་ཚོད་ཀྱིས་འདྲ་མིན་ཁ་ནས་ཐོན་པའམ་ཡིན་མིན་གྱི་ཐག་གཅོད་སྔ་བ་ནི་བླུན་རྟགས་ཡིན། ཞེས་པའོ། །
རང་མགོ་ཐོན་པའི་འཕྲུལ་ཅན་གྲུང་པོ་ཡིན། །
འཕྲུལ་དྲྭར་ཡང༌། ཡུན་རིང་དུ་སོམས། སེམས་གྲུང་མི་གྲུང་རང་མགོ་ཐོན་མི་ཐོན་ལ་བྱེད་པ་ཡིན། རང་མགོ་ཐོན་པར་གྱིས།
ཞེས་པ་སྟེ། མི་སུ་ཞིག་ཡིན་ན་ཡང་རྟག་པར་གཞན་ལ་བརྟེན་ནས་སྡོད་མི་དགོས་པར་བྱ་བ་ཚང་མར་རང་གིས་བསམ་བློ་བཏང་ནས་རང་གིས་ཐག་བཅད་ཅིང་འགན་བླངས་ནས་སྒྲུབ་ཐུབ་མཁན་གྱི་རིག་འཕྲུལ་ཅན་ནི་འཇིག་རྟེན་པའི་ཕོ་རྒོད་གྲུང་པོ་ཡིན་པས་རང་མགོ་རང་གིས་ཐོན་པ་ཞིག་བྱེད་དགོས།
ཆེན་པོར་སླེབས་ཚེ་ཁེངས་དང་ང་རྒྱལ་སྨད། །
འཕྲུལ་དྲྭར་ཡང༌། མི་ཆེ་དུས་སུ་ཁེང་བསྐྱུང་དགོས་པ་ཡིན། ཨང་ལྡིར་མ་ཆེ། ཡོན་ཏན་འགྲན་དུས་སུ་དྲེགས་པ་བསྐྱུང་དགོས་པ་ཡིན། དྲེགས་པ་དང་ང་རྒྱལ་མ་ཆེ།
ཞེས་པ་སྟེ། གལ་ཏེ་ནམ་ཞིག་རང་ཉིད་དཔོན་ས་ཆེན་པོར་སླེབས་པའི་ཚེ་ན་ང་ཆེ་ང་བཙན་སྙམ་པའི་དབང་གི་ཁེངས་སེམས་མཐོན་པོ་འཛིན་མི་འོས་ལ་ག་རེའི་ཕྱོག་ལ་ཡང་ང་རྒྱལ་ཆུང་དུ་གཏོང་དགོས་པ་སྟེ། དཔོན་ཉམས་རིང་ལུགས་ལ་མི་མང་མི་དགའ་ཞིང་དཔོན་གྱི་ཆེ་མཐོང་ཡང་བརླག་པར་འགྱུར་བས་སོ། སྨད་ཅེས་པ་ནི་མགོ་བོ་མར་ལ་སྨད་པ་བཞིན་ཁེངས་པ་དང་ང་རྒྱལ་ཆུང་རུའམ་དམའ་རུ་གཏོང་བའི་དོན་ནོ། །
ཀུན་གྱིས་འཁུར་དུས་འོག་འཛུལ་འཇུག་བདེ་བྱེད། །
འཕྲུལ་དྲྭར་ཡང༌། བཀུར་མི་མང་དུས་སུ་འོག་ཏུ་འཛུལ་དགོས་པ་ཡིན། སྤྱོད་པ་གཟོབ།
ཞེས་ཏེ། མི་ཚང་མས་རང་ཉིད་གོང་དུ་བཀུར་ཅིང་བརྩི་བའི་དུས་སུ་རང་གིས་དམན་ས་བཟུང་ནས་འགྲོགས་བདེ་དང་ལས་ཀ་བྱེད་བདེ་བོ་ཡོང་བ་བྱེད་དགོས།
འགྲུབ་ཚད་མི་བྱེད་ཚོད་འཛིན་ཁེ་ཉེན་བསམ། །
ལས་ཀ་བསྒྲུབ་ཐུབ་པ་ཞིག་ཡིན་ན་ཡང་འགྲུབ་ཚད་ཚང་མ་བྱེད་རྒྱུ་མེད་པར་ཚོད་འཛིན་ཤེས་པ་དང་ལྷག་པར་བྱ་བ་གང་དེ་བྱས་ན་ཁེ་ཕན་དང་ཉེན་ཁ་གང་ཡོད་བསམས་ནས་བླང་དོར་འབྱེད་དགོས་ཞེས་པའོ། །
དཔོན་དུ་གྱུར་ཚེ་འདོད་ཆུང་སྤྱི་གཙིགས་ངོས། །སྒེར་དུ་ལྟོས་རྣམས་མི་མངོན་ཤུགས་ཀྱིས་སྐྱོང༌། །
འཕྲུལ་དྲྭར་ཡང༌། དཔོན་བཅོལ་དུས་སུ་རང་འདོད་བསྐྱུང་དགོས་པ་ཡིན། སྤྱི་ཆིས་གྱིས།
ཞེས་ཏེ། ནམ་ཞིག་དཔོན་པོ་ཆགས་པའི་སྐབས་དེ་ནས་རང་འདོད་ཆུང་དུ་བཏང་ནས་ཆོག་ཤེས་བསྟེན་ནས་སྤྱི་བའི་དོན་དག་འགངས་ཆེར་བཞག་པའི་ཐོག་ནས། སྒེར་གྱི་བྱ་བ་རྣམས་མངོན་གསལ་དོད་པོ་མ་ཡིན་པར་ཤུགས་སམ་ཞར་དང་ཞོར་ལ་སྒྲུབ་ན་འོས་ཤིང་འཚམས་པ་ཡིན་ཞེས་པའོ། །
ཤར་ཚད་ལག་ཏུ་མི་ལེན་བླངས་ཕྱིན་ཆད། །ཞི་དྲག་ཐབས་ཀྱིས་བྱ་བ་མཐའ་རུ་ཐོན། །
འཕྲུལ་དྲྭར་ཡང༌། དྲན་ཚད་ལག་ཏུ་མ་ལེན། ལེན་ཚད་མགོ་ཐོན་པར་གྱིས།
ཞེས་ཏེ། ཡིད་ལ་གང་ཤར་ཚང་མ་ལག་ལེན་བྱ་མི་རུང་ལ་དོན་ཆེན་གང་ཞིག་ཁས་བླངས་ཚར་བའི་རྗེས་ལ་ཞི་དྲག་གི་ཐབས་ཚུལ་གང་འོས་སྤྱད་དེ་མཐའ་འཁྱོངས་པ་བྱེད་དགོས་ཞེས་པའོ། །
ཟེར་ཚད་བདེན་པར་མི་འཛིན་དཔྱད་པར་གྱིས། །
གཞན་དག་གིས་གང་བཤད་ཅི་ཟེར་ཚང་མ་བདེན་པར་མི་འཛིན་པར་སྐད་ཆ་ཚང་མ་ཉན་ནས་ལེགས་པར་དཔྱད་དགོས། ལྷག་པར་དཔོན་པོ་ཚོས་མི་མང་གི་ཞུ་གཏུགས་འདྲ་མིན་ལ་གཟབ་གཟབ་ཀྱིས་ཐག་གཅོད་དགོས། ཞེས་པའོ། །
ཟས་ཞིམ་མིར་བྱིན་ནོར་བཟང་རང་གིས་ཆོངས། །
འཕྲུལ་དྲྭར་ཡང༌། ཟས་ཁ་རུ་ཞིམ་པ་དེ་མི་ལ་བྱིན། ནོར་ཡིད་དུ་འོང་བ་དེ་རང་གིས་ཚོང༌། ཟས་ལ་ངོ་ཡོད་པས་བྱིན། ནོར་ལ་དགྲ་ཡོད་པས་སྦོས།
ཞེས་པ་སྟེ། ཟ་མ་ཡག་པོ་མགྲོན་པོ་ལ་བྱིན་ནས་མགྲོན་བསུ་སྣེ་ལེན་བཟང་པོ་བྱས་ན་མགྲོན་པོ་དགའ་ཞིང་འབྲེལ་བ་བཟང་དུ་འགྲོ་བ་སོགས་ངོ་ཡོད་པར་འགྱུར། འོན་ཀྱང་རྒྱུ་ནོར་རྩ་ཆེན་རིགས་གཞན་ལག་ལ་མ་ཤོར་བར་གཅེས་ཉར་དམ་པོ་བྱེད་དགོས་ཏེ། རྐུ་བའི་ཉེན་ཆེའོ། །
དེ་ཡང་མགྲོན་པོ་ནི་གནས་སྐབས་ཙམ་གྱི་སྡོད་མི་ཡིན་པས་དེ་ལ་བཟའ་བཏུང་ལེགས་པོས་སྣེ་ལེན་བྱས་ན་འཐུས་པས། རང་ལ་གང་མཁོ་བ་དང་མགྲོན་ལ་གང་དགོས་པའི་ཁྱད་པར་ཤེས་དགོས་ལ། མགྲོན་རྩིས་ཆེ་བ་ནི་ང་ཚོའི་ཡ་རབས་ཀྱི་ལུགས་སྲོལ་ཞིག་ཀྱང་ཡིན་ལ། རང་གི་ཡོན་ཏན་ཞིག་ཀྱང་ཡིན། འདིས་རང་སྐྱིད་གཞན་དགའི་མཐུན་འགྲོགས་བཟང་པོ་ཡོང་བར་ཡང་ཕན་ནོ། །
མི་སྙིང་གཅོད་པའི་གཏམ་དེ་ལྕེ་ནས་བཟུང། །
སྡང་དགྲའི་ནོར་ལ་མ་བལྟ་བརྗེད་མ་གཞུག །
འཕྲུལ་དྲར་ཡང༌། གཏམ་སྙིང་ལ་རྣོ་བ་དེ་ལྕེ་རྩར་ཟུང༌། དགྲ་རང་འགྲས་བ་དེ་བརྗེད་དུ་མ་གཞུག ཅེས་ཏེ།
གཞན་གྱི་སེམས་ལ་གནོད་པའི་ཚིག་རྩུབ་བཤད་མི་འོས་ཏེ། ཁོག་ལ་ཤར་ཡང་ཁ་ནས་མ་ཤོར་བ་དགོས། གལ་ཏེ་དགྲ་བོས་བསླུ་བའི་ཆེད་དུ་རྒྱུ་ནོར་རྩ་ཆེན་རིགས་རྔན་པར་སྤྲད་ན་དེ་ལ་ཆགས་ཏེ། ངོ་ལྟ་བ་སོགས་བྱེད་མི་འོས་པར་རང་ལ་གནོད་མཁན་གྱི་དགྲ་ཡིན་པ་མ་བརྗེད་པ་བྱེད་དགོས་ཏེ། གཟབ་གཟབ་དང་དོགས་ཟོན་བྱས་ན་ཚུར་གནོད་དཀའ་བ་ཡིན། ཞེས་པའོ། །
མ་ཞིམ་སྣ་གཉེར་ཞིམ་ལ་ཧབ་ཤ་དང། །
མ་མགུར་འཕྲལ་དུ་མཆུ་མུག་མིག་ལྡོག་སྤོང། །
འཕྲུལ་དྲྭར་ཡང༌། མི་ཞིམ་པའི་ཟས་ལ་སྣ་མ་བསྙེར། ཞིམ་པ་ལ་ཧབ་མ་ཆེ། མ་མགུ་བ་ལ་མིག་ལོག་དང་མཆུ་བུག་མ་བྱེད། དགའ་བ་ལ་ཨ་ནུས་གཅེས་གཅེས་མ་བྱེད། ཅེས་ཏེ།
སུ་ཞིག་གིས་རང་ལ་བཟའ་བཏུང་གིས་མགྲོན་བསུ་བྱས་ན་དེ་ཞིམ་པོ་མེད་ན་སྣ་བསྙེར་ནས་མ་དགའ་བར་བྱེད་པ་དང་ཞིམ་པོ་ཞིག་ཡིན་ན་ཧབ་ཐོབ་བརྒྱབ་ནས་ཟ་བ་ནི་མི་འོས་ལ༑ ཡིད་མ་ཚིམ་པའམ་མ་དགའ་ན་དེ་མ་ཐག་མཆུ་ཏོ་མུག་མུག་དང་མིག་ལོག་གིས་བལྟ་བ་སོགས་མི་འོས་ཏེ་སྤོང་དགོས། ལྷག་པར་མི་ཆེན་ཚོས་མི་མང་དང་འབྲེལ་འདྲིས་སྐབས་སྤྱོད་ལམ་དེ་དག་ལ་ངེས་པར་གཟབ་དགོས། ཞེས་པའོ། །
དོན་མེད་ལས་ལ་བརྩོན་འགྲུས་རང་ངལ་ཡིན། །
འཕྲུལ་དྲྭར་ཡང༌། དོན་མེད་ལས་ལ་བརྩོན་འགྲུས་མ་ཆེ།
རང་གཞན་གང་ཞིག་ལ་ཁེ་ཕན་དེ་ཙམ་མེད་པའི་དོན་མེད་ཀྱི་ལས་ཀའི་རིགས་ལ་འབད་བརྩོན་བྱེད་པ་ནི་རང་ཉིད་ངལ་བའི་རང་སྡུག་རང་ཡིན་པས། དཀའ་ལས་རྒྱག་ན་དོན་ཆེན་སྒྲུབ་པ་ལ་འབད་འོས་ཞེས་པའོ། །
གསོད་བརྡུང་ངེས་པར་དགོས་ལ་སྙིང་མ་ཆུང། །
འཕྲུལ་དྲྭར་ཡང༌། གསོད་རྟིང་དགྲ་ལ་སྙིང་ཁམས་མ་ཆུང༌། ཞེས་པ་སྟེ།
རྒྱལ་ཁབ་དང་མི་རིགས། སྡེ་དོན་སོགས་མི་མང་དང༌། སྤྱི་ཚོགས་ཁྱོན་ཡོངས་ལ་གནོད་པའི་ཕས་རྒོལ་ཀྱི་དགྲ་ཇག་དང་བཅོས་སུ་མེད་པའི་ཉེས་ཆེན་པ་གང་ཞིག་བྱུང་ན་ཡང་གཞན་གྱི་ངོ་ལ་ལྟ་བའམ། བྱེ་བྲག་པར་སྙིང་རྗེ་ནས་གུ་ཡངས་གཏོང་བ་སོགས་བྱེད་མི་རུང་བར་བློ་ཐག་ཆོད་པོས་སྲོག་ཆད་དམ་ཉེས་རྡུང་ཅི་རིགས་ཀྱི་ཆད་པ་དྲག་པོའི་རིགས་ཀྱང་ངེས་པར་གཏོང་ཐུབ་པའི་སྙིང་སྟོབས་བསྐྱེད་དགོས། ཞེས་པའོ། །
དེ་ལྟར་མ་ནུས་ན་དོན་ཆེན་མི་འགྲུབ་པ་དང་ཉེན་ཁ་ཆེན་པོ་འབྱུང་བ་སྲིད་པས། ཆེན་པོའི་ཆེད་དུ་ཆུང་ངུ་བློས་གཏོང་བ་ནི་ཆོས་ཀྱི་རྒྱལ་པོའི་ཐབས་ལ་མཁས་པའི་སྤྱོད་ཚུལ་ཡིན་པ་ལས་ཡ་ང་སྙིང་རྗེ་བྲལ་བའི་དམར་གསོད་སོགས་དང་ངོ་བོ་མི་འདྲ་བ་ཤེས་དགོས། དེ་བཞིན་སྤྱིར་བཏང་མི་ཞིག་ཡིན་ན་ཡང་རང་གི་སྲོག་ལ་རྒོལ་མཁན་བྱུང་ན་རང་སྲུང་འཐབ་རྩོད་བྱེད་འོས་ལ་དེ་ལ་རྩ་ཁྲིམས་ཀྱི་ཆད་པའང་མི་འབབ་པ་ཡིན་ནོ། །
འབབ་ངེས་ཁྲལ་དང་ལག་འདོན་ཡང་མི་འཇུག །
འཕྲུལ་དྲྭར་ཡང༌། འབབ་ངེས་པའི་ཁྲལ་བཞིན་དུ་གྱིས། ཞེས་ཏེ།
མི་མང་གི་འཚོ་བའི་གནས་སྟངས་ལེགས་པར་ཤེས་པར་བྱས་ནས་མི་ཚང་སོ་སོར་འབབ་ངེས་པའི་ཁྲལ་རིགས་རྣམས་བསྡུ་ལེན་བྱེད་འོས་པ་དང། དོན་མེད་ཀྱི་འགྲོ་སོང་སོགས་ལ་ལག་པ་ཡང་པོ་བྱེད་མི་འོས་ཏེ་བསྲི་ཚགས་གྲོན་ཆུང་གི་ཐབས་ཚུལ་ལ་མཁས་དགོས་ཞེས་པའོ། །
དགོས་མེད་འབངས་རྣམས་མནར་བའི་ལས་མི་བྱེད། །
སྤྱི་དོན་དང་དགོས་པ་གལ་ཆེ་མིན་པའི་དཔོན་གྱི་རང་དོན་སོགས་དགོས་པ་མེད་པའི་བྱ་བར་བསྐུལ་ནས་མི་མང་ལ་དཀའ་ངལ་མནར་སྡུག་མྱོང་དུ་འཇུག་མི་རུང་སྟེ་རྒྱལ་པོའི་འོས་འགན་ནི་མི་མང་ལ་བདེ་སྐྱིད་སྤྲོད་པ་ལས་སྡུག་བསྔལ་བར་བྱེད་པ་མིན་ཞེས་པའོ། །གལ་ཏེ་དོན་མེད་དོན་ཆུང་གི་ཆེད་དུ་མི་མང་ལ་བརྡབ་གསིག་བྱས་ན་རང་གཞན་གཉིས་ཀ་འཕུང་བར་འགྱུར་བའང་ཡིན་ནོ། །
ཕྲད་མ་ཐག་པའི་མི་ལ་ངོ་ཤེས་དང། །
འདྲིས་མ་ཐག་པའི་མི་ལ་བློ་གཏོད་དང། །
སེམས་ལ་བབས་འཕྲལ་དགའ་བའི་འཛུམ་སྟོན་དང། །
མ་བབས་འཕྲལ་བཞིན་སྡུད་རྣམས་ཀླད་ཆུང་ཡིན། །
འཕྲུལ་དྲྭར་ཡང༌། འཕྲད་མ་ཐག་ཏུ་ངོ་ཤེས་མ་བྱེད། འདྲིས་མ་ཐག་ཏུ་བློ་མ་གཏད། དགའ་མ་ཐག་ཏུ་འཛུམ་མ་བསྟན། ཁྲོ་མ་ཐག་ཏུ་བཞིན་མ་བསྡུ། ཞེས་ཏེ།
ངོ་མི་ཤེས་པའི་མི་ཞིག་དང་ཐུག་མ་ཐག་པ་ནས་ངོ་ཤེས་གྲོགས་པོ་བྱེད་པ་དང། ཕན་ཚུན་འགྲོགས་འདྲིས་བྱུང་ཙམ་ནས་དེ་ལ་ཡིད་ཆེས་བློ་གཏད་བྱེད་པ་དང། སྐད་ཆ་སོགས་གང་ཞིག་རང་གི་ཡིད་ལ་བབ་པ་དང་འཕྲལ་དུ་དགའ་ཐག་ཆོད་དེ་འཛུམ་དམུལ་དམུལ་བྱེད་པ། ཡང་དེ་རྗེས་རང་གི་སེམས་ལ་མ་བབ་པ་ཞིག་བྱུང་བ་དང་ལམ་སང་དགའ་འཛུམ་བསྡུས་ནས་གདོང་པ་ནག་པོ་སྟོན་པ་བཅས་ནི་མི་ཀླད་མེད་བྱབ་ཆུང་དག་གི་བྱ་སྤྱོད་ཡིན་པས་སྤོང་དགོས་ཞེས་པའོ། །
དྲག་པོ་དྲག་ཁྱེར་མ་མཁས་ནམ་ཕུགས་ཕུང། །
འཕྲུལ་དྲྭར་ཡང༌། དྲག་པོ་དྲག་ཁྱེར་མ་མཁས་ན་ཞན་པར་འགྲོ་བ་ཡིན། ཞེས་ཏེ།
མི་གཏུམ་དྲག་ཅན་ཚོས་སྐབས་གང་ཞིག་ལ་མི་སུ་ཞིག་དྲག་པོ་བྱེད་འོས་པ་མི་འོས་པ་མ་ཤེས་པར་དྲག་སྤྱོད་སྤེལ་ན་གནས་སྐབས་རིང་རྒྱལ་ཁ་རེ་ལོན་ན་ཡང་དུས་ནམ་ཞིག་གམ་ཕུགས་ལ་གཞན་གྱིས་གསོད་པ་དང་ཁྲིམས་ལ་སྦྱོར་བ་སོགས་རང་ཉིད་འཕུང་བར་འགྱུར་ཅེས་པ་དང།
མཛའ་བ་མཛའ་ཁྱེར་མ་མཁས་ནམ་ཕུགས་འཁོན། །
འཕྲུལ་དྲྭར་ཡང༌། མཛའ་བ་མཛའ་ཁྱེར་མ་མཁས་ན་འཁོན་དུ་འགྲོ་བ་ཡིན། ཞེས་ཏེ།
མཛའ་ཞིང་བརྩེ་བ་ཅན་ཡང་ཧ་ཅང་མཛའ་དྲགས་པ་དང་མཛའ་མཐུན་འགྲོགས་ལུགས་མ་ཤེས་ན་ཐ་མར་གཉེན་སོགས་ལའང་འཁོན་པར་འགྱུར་ཅེས་པའོ། །
མཁས་པ་མཁས་ཁྱེར་མ་མཁས་ནམ་ཕུགས་བླུན། །
འཕྲུལ་དྲྭར་ཡང༌། མཁས་པ་མཁས་ཁྱེར་མ་མཁས་ན་བླུན་པར་འགྲོ་བ་ཡིན། ཞེས་ཏེ།
མཁས་པ་ཞིག་ཡིན་ན་ཡང་བླང་དོར་ཇི་བཞིན་མི་འབྱེད་པ་དང་ཆགས་སྡང་ཕྱོགས་ལྷུང་སོགས་བློ་གཟུ་བོར་གནས་པའི་མཁས་པའི་ངང་ཚུལ་ལས་ལོག་ན་ཐ་མར་རང་དོན་ཡང་བརླགས་ཏེ་ཅི་བྱེད་མི་ཤེས་པའི་བླུན་པོ་ལྟ་བུར་འགྱུར་ཅེས་པའོ། །
བཙུན་པ་བཙུན་ཁྱེར་མ་མཁས་ནམ་ཕུགས་འཆལ། །
འཕྲུལ་དྲྭར་ཡང༌། བཙུན་པ་བཙུན་ཁྱེར་མ་མཁས་ན་འཆལ་བར་འགྲོ་བ་ཡིན། ཞེས་ཏེ།
ཁས་བླང་དམ་ཚིག་སོགས་དང་ལྡན་པའི་ལུས་ངག་གི་སྤྱོད་པ་བཙུན་པའི་སྐྱེ་བོ་རྣམས་ཀྱང་ཁས་ལེན་བྱ་རུང་མི་རུང་སོགས་མ་ཤེས་པར་དམ་སྡོམ་མི་འོས་པའི་རིགས་བྱས་པ་དང་ཆང་འཐུང་བ་སོགས་ཉེས་ན་ནམ་ཞིག་ཡ་རབས་བཟང་པོའི་ལུགས་ལས་ལྡོག་པའི་སྤྱོད་པ་འཆལ་བོར་འགྱུར་ཡང་སྲིད་ཅེས་པའོ། །
ཆེ་བ་ཆེ་ཁྱེར་མ་མཁས་ནམ་ཕུགས་དམའ། །
འཕྲུལ་དྲྭར་ཡང༌། ཆེན་པོ་ཆེ་ཁྱེར་མ་མཁས་ན་དམའ་བར་འགྲོ་བ་ཡིན། ཞེས་ཏེ།
མི་ཆེན་དཔོན་ཆེན་རིགས་རྣམས་ཀྱང་རིགས་མཐོ་བའི་སྤྱད་ཚུལ་ལ་མ་གནས་པ་དང་མ་ཤེས་པར་ཡར་མར་ཚང་མར་འགྲོགས་ཤིང་འདྲ་མིན་སྣ་ཚོགས་བྱས་ན་ཐ་མར་ཆེ་མཐོང་བརླགས་ཏེ་དམན་སར་ལྷུང་ཡོང་ཞེས་པའི་དོན་ནོ། །
གཏམ་ལ་རྒྱུ་མཚན་ཡོད་པས་གཞན་ཁ་མྱུལ། །
བག་ཕེབས་ངག་འཇམ་སྙན་པོས་བློ་བྲིད་ནས། །
གཞན་མཚང་ཐབས་ཀྱིས་བྲུས་ནས་ཆམ་ལ་འབེབས། །
འཕྲུལ་དྲྭར་ཡང༌། གཏམ་ལ་རྒྱུ་མཚན་ཡོད་པ་ཡིན་པས་ཆེད་དུ་ཟུང༌། ཞེས་ཏེ།
གནས་ཚུལ་ཉོག་འཛིང་སོགས་ཀྱི་སྐབས་སུ་ལེགས་ཉེས་འབྱེད་ཐབས་སུ། སྐྱེ་བོ་རྣམས་ཀྱིས་སྒྲོག་པའི་གཏམ་དག་ལ་རྒྱུ་མཚན་གང་ཞིག་ཡོད་ངེས་པས་རྟག་ཏུ་མི་གཞན་དག་གི་ཁ་མྱུལ་བ་སྟེ་སྐད་ཆ་འདྲི་ཞིང་ཉན་དགོས་ལ། ལྷག་པར་འབྲེལ་ཡོད་མི་སྣ་གཡོ་ཅན་དག་དང་འགྲོགས་ཏེ། བྲེལ་འཚུབ་མེད་པར་ལུས་སེམས་གཉིས་ཀ་བག་ལྷོད་པོའི་ངང་ནས་ངག་འཇམ་སྐད་ཆ་སྙན་མོས་བསླུ་བ་སོགས་ཐབས་ཚུལ་མཁས་པའི་སྒོ་ནས། གཞན་དག་གི་གསང་བ་སོགས་བདེན་རྫུན་གསལ་བོ་ཤེས་པ་བྱས་ནས་དེ་དག་གི་མཚང་བྲུས་པ་སྟེ་སྐྱོན་བསྔོགས་ནས་ཕམ་པར་རྒྱག་དགོས། ཞེས་པའི་དོན་ནོ། །
མ་བཤད་ཕས་ཀྱང་མི་གོ་ལྷོད་པར་སྨྲ། །
འཕྲུལ་དྲྭར་ཡང༌། མ་བཤད་ན་ཕས་ཀྱང་མི་གོ་བས་ལྷུག་པར་ཤོད། ཅེས་ཏེ།
གནས་ཚུལ་དང་རྒྱུ་མཚན་སོགས་གསལ་བཤད་མ་བྱས་ན་རང་གི་ཕ་ཡིན་ཡང་བདེན་ལུགས་མི་གོ་བས་དོན་རྐྱེན་རྒྱུ་མཚན་མཐའ་དག་ཞིབ་ཚགས་ལྷོད་པར་ཀུན་ལ་སྨྲ་དགོས་པའོ། །
མ་འབར་བུས་ཀྱང་མི་ཉན་རན་པར་རྒོལ། །
འཕྲུལ་དྲྭར་ཡང༌། མ་བསྐུལ་ན་བུས་ཀྱང་མི་ཉན་པས་སྐུལ། ཞེས་ཏེ།
སྐབས་རེར་གཤེ་གཤེ་དང་རྡུང་རྡེག་ཅུང་ཟད་རེ་མ་བྱས་ན་རང་གི་བུ་ཡིན་ཡང་ཁ་ལ་མི་ཉན་པ་མ་ཟད་ལོག་པར་སྤྱོད་པའི་གནས་ཚུལ་ཡང་འབྱུང་བས་འཁོར་སོགས་ལ་ཡང་མཚམས་ལ་ལར་བཀའ་བཀྱོན་གནང་བ་སོགས་རན་པའམ་འཚམ་པར་རྒོལ་ལན་སློག་དགོས་སོ། །
མ་བསླབ་སུས་ཀྱང་མི་གོ་ལེགས་པར་བསླབ། །
འཕྲུལ་དྲྭར་ཡང༌། མ་བསླབས་ན་སུས་ཀྱང་མི་ཤེས་པས་མཁས་པ་སློབས། ཞེས་ཏེ།
ལས་ཀ་ཅི་ཞིག་ཡིན་ཡང་མ་བསླབས་པར་རང་བཞིན་གྱིས་ཤེས་པ་སུ་ཡང་མེད་པས་ཐོག་མར་ལེགས་པར་བསླབས་ཏེ་ཧ་གོ་བར་བྱས་ནས་ལས་ཀ་བཅོལ་དགོས།
མ་བྱིན་གཉེན་ཡང་མི་འཁོར་བག་རེ་སྟེར། །
འཕྲུལ་དྲྭར་ཡང༌། མ་བྱིན་ན་བུ་ཡང་འཁོར་དུ་མི་འདོད་པའི་བག་ཙམ་རེ་བྱིན། ཞེས་ཏེ།
གླ་རྔན་ཅི་ཡང་མེད་པར་རྟག་ཏུ་ལས་ཀར་བཀོལ་ན་མཚམས་ཤིག་ནས་རང་གི་གཉེན་ཉེ་ཚོ་ཡང་རང་ལ་མི་འཁོར་བར་ཁ་ཐག་རིང་འགྲོ་བས་ན་འཁོར་གཡོག་ཚོར་ཡང་གླ་རྔན་བག་རེའམ་ཅུང་ཟད་རེ་སྟེར་དགོས་ཞེས་པའོ། །
ཡང་ཡང་སྦྱིན་སར་རྟག་འགྲོ་བྱམས་པ་ཟད། །
དྲིན་ཅན་མི་དེ་སུན་དུ་མ་འཇུག་མཛངས། །
འཕྲུལ་དྲྭར་ཡང༌། སྟེར་བའི་སར་གཏན་དུ་མ་འགྲོ། བྱམས་པའི་མི་སུན་དུ་མ་བཅུག འབྲེལ་ཆད་པ་ཡིན། ཞེས།
རང་ཉིད་ལ་རྔན་པའམ་དངོས་པོ་སོགས་མང་པོ་སྦྱིན་མཁན་གྱི་ས་ལ་ཡང་རྟག་ཏུ་ངོ་ཚ་མེད་པར་ཧམ་པ་ཆེན་པོས་སོང་བ་ཡིན་ན་སྦྱིན་བདག་དེ་ཡང་ནམ་ཞིག་བྱམས་སེམས་ཆུང་བའམ་མེད་པར་འགྱུར་བས། རང་གི་བཀའ་དྲིན་ཅན་གྱི་མི་དེའི་ཡིད་སུན་དུ་མ་བཅུག་པར་བསྟེན་ཚུལ་ཤེས་པར་བྱེད་པ་ནི་ཐབས་མཁས་པ་ཡིན་ནོ། །
གཉའ་བར་འཆོར་བའི་དགྲ་བོ་རེངས་མ་འཇུག །
འཕྲུལ་དྲྭར་ཡང༌། སྡང་བའི་དགྲ་ཉེ་སར་མ་བཞག རང་གི་གོང་དུ་ཤོར་བ་ཡིན། ཞེས་ཏེ།
གང་ཞིག་མཁས་ཤིང་འཇོན་པ་གཞན་དག་གི་མགོ་ལ་འཆོར་བའམ་གཉའ་བར་ཞོན་པའི་དགྲའམ་མི་ངན་དེ་དག་རེངས་པ་སྟེ་རྒྱུད་གྱོང་ངན་པ་ལངས་ཤོར་དུ་འགྲོ་འཇུག་མི་ཉན་པར་གནོན་དགོས་ཞེས་པའོ། །
སུས་ཕན་མི་ཤེས་ཉམས་ཆུང་རིས་མ་བོར། །
འཕྲུལ་དྲྭར་ཡང༌། མི་གང་ལ་ཡང་ངན་བཅད་མ་བྱེད། ཕན་སུས་ཐོགས་མི་ཤེས། ཞེས་ཏེ།
ཡང་མི་སུ་སུས་རང་ལ་ཕན་ཐོགས་མིན་མི་ཤེས་པས་ཉམ་ཆུང་ཚོར་མཐོང་ཆུང་དང་རིས་སུ་བོར་བ་སྟེ། ཕན་མེད་ནུས་མེད་དུ་བརྩིས་ནས་འདོར་མི་རུང་བར་བྱམས་ཀྱིས་སྐྱོང་དགོས་ཞེས་པའོ། །
གང་བཅོལ་གོ་ཆོད་བྱུང་བ་བྲན་གྱི་རབ། །
འཕྲུལ་དྲྭར་ཡང༌། བཅོལ་བའི་ལས་གོ་ཆོད་པ་གྱིས། རང་མགོ་ཐོན་འོང་བ་ཡིན། ཞེས་ཏེ།
བྱ་བ་གང་ཞིག་བཅོལ་ན་ཡང་ཇི་བཞིན་འགྲུབ་པའི་མི་གོ་ཆོད་པའམ་ཕན་ཐོགས་པ་བྱུང་ན་དེ་ནི་བྲན་གཡོག་ནང་གི་རབ་ཡིན་པས། བདག་གཅེས་ཡག་པོ་བྱེད་དགོས་པ་ཡིན་ནོ། །
རྫུན་དང་གཡོ་སྒྱུ་མི་ཤེས་ནམ་ཕུགས་བྲིན། །
འཕྲུལ་དྲྭར་ཡང༌། བརྫུན་དང་གཡོ་སྒྱུ་སྤོངས་དང་གར་ཡང་འགྲིམས་པ་ཡིན། ཞེས་ཏེ།
མི་སུ་ཞིག་གིས་རྟག་ཏུ་རྫུན་མི་བཤད་པར་བདེན་པར་སྨྲ་བ་དང། རང་སྐྱོན་སྦེད་པའི་གཡོ་དང་ཡོན་ཏན་ཅི་ཡང་ཡོད་ཚུལ་སྟོན་པའི་སྒྱུ་སྟེ། མགོ་སྐོར་གཏོང་མི་ཤེས་པའམ་བྱ་ངན་དེ་དག་མི་བྱེད་པའི་མི་དེ་ནི་སྐབས་རེར་གྱོང་རེ་རག་ན་ཡང་ཐ་མར་བྲིན་པ་སྟེ་མི་གཞུང་བཟང་ཡ་རབས་དམ་པ་ཞེས་ཀུན་གྱིས་དགའ་ཞིང་འགྲོགས་ལ་ཡིད་རྟོན་བྱེད་པར་འགྱུར་རོ། །
ཁ་ཉུང་ལག་པ་གཙང་བ་ཡོན་ཏན་མཆོག །
འཕྲུལ་དྲྭར་ཡང༌། ཁ་ཉུང་ལ་ལག་གཙང་བར་གྱིས་དང་ཐམས་ཅད་རང་ལ་བྱམས་པ་ཡིན། ཞེས་ཏེ།
ཁ་ཉུང་བ་སྟེ་ནམ་རྒྱུན་འདྲ་མི་འདྲ་དང་ཤེས་མི་ཤེས་མང་པོ་མི་བཤད་པར་སྐད་ཆ་ཉུང་བའི་མི་ཁ་དམ་པོ་ཅན་དང། ལག་པ་གཙང་བ་སྟེ་རྐུ་མི་བྱེད་པ་འདི་གཉིས་ནི་མི་ཞིག་གི་ལྷན་སྐྱེས་ཡོན་ཏན་བཟང་པོ་ཡིན། ཞེས་པའོ། །
བྱས་ཡུས་ཆེ་ན་ལས་ལ་ངོ་སོ་ཆུང། །
འཕྲུལ་དྲྭར་ཡང༌། ཕན་བཏགས་པ་ལ་དྲིན་མ་འདྲེན། བྱས་པ་ཡལ་ནས་འགྲོ་བ་ཡིན། ཞེས་ཏེ།
སོ་སོས་ལས་ཀ་ཡག་པོ་ཞིག་བསྒྲུབས་པ་ཡིན་ཡང་རྟག་པར་ངས་བྱས་རབས་སོགས་ཀྱི་ཡུས་བཤད་པ་མང་དྲགས་ན་ལས་ཀ་བྱས་པ་དེར་ཡང་ངོ་སོ་ཆུང་བར་འགྱུར་བས་བྱས་ཡུས་མང་དུ་མི་སྨྲའོ། །
ཁ་གདངས་སྦར་བསྡམས་མི་དང་འབྲེལ་བྱེད་ཕུང། །
ཚང་མ་ང་ལ་དགོས་ཞེས་ཧམ་སེམས་ཀྱི་ཁ་ཆེན་པོ་གདངས་ཤིང་སྤར་མོའི་ཁ་དམ་པོར་བསྡམས་ཏེ་ཁབ་སྐུད་ཙམ་ཡང་གཏོང་མི་ཕོད་པ་སྟེ། འདོད་རྔམ་སེར་སྣ་ཅན་དང་འབྲེལ་བ་བྱས་ན་རང་ཉིད་ཀྱི་ལག་པ་སྟོང་བ་བཟོས་ནས་འཕུང་བར་འགྱུར་ཅེས་པའོ། །
མཐོན་པོ་ང་རྒྱལ་ཅན་གྱི་མཚང་མ་འབྲུ། །
འཕྲུལ་དྲྭར་ཡང༌། མཚང་ནས་འདྲུ་མ་བསླབས། ཞེས་པ་སྟེ།
དྲང་པོར་བཤད་ན་མི་མི་དགའ། ཞེས་པ་བཞིན། སྤྱིར་མི་ལ་ངན་བརྗོད་དང་ལྷག་པར་དུའང་གོ་ས་མཐོན་པོ་དང་ང་རྒྱལ་ཆེན་པོ་ཅན་ཚོའི་སྐྱོན་མཚང་དམར་འདོན་བྱས་ན། ཉམ་ཆུང་དག་ལ་ཕྱིར་སྐྱོན་འཛུགས་དང་རྡུང་རྡེག་སོགས་རང་སྡུག་རང་གིས་ཉོ་བར་འགྱུར་ཅེས་པ་སྟེ། སྤྱི་ཚོགས་རྙིང་པར་ངེས་པར་དེ་ལྟར་ཡིན་པར་མ་ཟད། དེང་སང་ཡང་ཉེན་ཁ་མེད་པ་མིན། ཡིན་ཡང་གནས་ལུགས་ཡོད་པ་དང་ཁྲིམས་མཐུན་གྱིས་སྐྱོན་མཚང་བརྗོད་རྒྱུ་ནི་དམངས་གཙོའི་སྤྱི་ཚོགས་སུ་གལ་ཆེའོ། །
བསམ་ངན་ཕྱི་ཐག་ཐུང་དང་གྲོས་མ་བྱེད། །
འཕྲུལ་དྲྭར་ཡང༌། ཕྱི་ཐག་ཐུང་བའི་མི་དང་འཕྲལ་ཉམས་དགའ་ཡང་མ་འགྲོགས། ཞེས་ཏེ།
མི་བསམ་ངན་བརྩེ་འདང་ཆུང་བ་ཅན་དང་མཉམ་དུ་གསང་གཏམ་སྨྲ་བ་དང་དོན་ཆེན་མཉམ་སྒྲུབ་སོགས་ཀྱི་གྲོས་བྱེད་མི་རུང་སྟེ་རང་ཉིད་ལ་ཆག་སྒོ་འབྱུང་ཞེས་པའོ། །
ཞེ་སྡང་ཁ་འཇམ་ཅན་ལ་རང་ཟོན་ཆུག །
འཕྲུལ་དྲྭར་ཡང༌། ཞེ་ནག་པའི་མི་འཕྲལ་ཁ་འཇམ་ཡང་བློ་མ་གཏད། ཅེས་ཏེ།
མི་ཞེ་སྡང་ཆེན་པོ། ཁ་འཇམ་ཁོག་རྩུབ་གཡོ་སྒྱུ་ཅན་རིགས་ལ་རང་ཉིད་དངོས་ཀྱིས་རྟག་ཏུ་དོགས་ཟོན་གཟབ་གཟབ་བྱས་ན་གནོད་པ་བྱེད་དཀའ་ཞེས་པའོ། །
དོན་མེད་གཏམ་ལ་ཡང་ཡང་བསྐྱོར་བཟློས་སྤོང། །
འཕྲུལ་དྲྭར་ཡང༌། གལ་ཆུང་བའི་མི་དང་གཏམ་ཁ་སྐྱར་མ་བཤད། ཅེས་ཏེ།
ཕན་ཐོགས་མེད་པའི་སྐད་ཆ་དང་ལྷག་པར་ཚིག་རྩུབ་གཏམ་ངན་སོགས་ཡང་བཤད་བསྐྱར་བཤད་བྱས་ན་སྙིང་པོ་མེད་པས་སྤོང་ཞེས་པའོ། །
ཕྱུག་པོ་ནོར་ལ་སྤྱོད་ཤེས་སླད་ནས་འཕེལ། །
འཕྲུལ་དྲྭར་ཡང༌། ཕྱུག་པོ་སྤྱོད་ཤེས་པ་གྱིས། མི་ལྟོགས་པ་ཙམ་དུ་བསྲི་ཤེས་པ་གྱིས། ཞེས་ཏེ།
ཕྱུག་པོ་རྣམས་རང་གིས་ཟ་ཤེས་འཐུང་ཤེས་ཐོག་དཀོན་མཆོག་ལ་མཆོད་པ་དང་ཉམ་ཐག་ཚོར་སྦྱིན་གཏོང་སོགས་དང་གསོག་སྲུང་སྤེལ་གསུམ་བཅས་རྒྱུ་ནོར་ལ་ལོངས་སུ་སྤྱོད་ཚུལ་ཤེས་ན་མུ་མཐུད་དེ་ལོངས་སྤྱོད་གནས་པ་ཙམ་དུ་མ་ཟད་བསོད་ནམས་ཀྱི་སྟོབས་ལས་སྐྱེ་བ་སླད་མར་ཡང་རྒྱུ་
ནོར་འཕེལ་བར་འགྱུར་ཅེས་པའི་དོན་ནོ། །
མི་ལྟོགས་བསྲིས་ཞིབ་བྱས་ན་རང་སྡུག་ཆུང། །
དབུལ་ཡང་སྡུག་ཐེག་བྱས་ནས་ཕོ་བཟོ་བྱེད། །
འཕྲུལ་དྲྭར་ཡང༌། མི་ལྟོགས་པ་ཙམ་དུ་བསྲི་ཤེས་པ་གྱིས། ཕོངས་ན་སྡུག་ཁྱགས་པ་གྱིས་ཨང༌། ཞེས་ཏེ།
མི་ཚང་ཕལ་བ་ཚོས་ཀྱང་རང་ཉིད་མི་ལྟོགས་མི་འཁྱག་པ་ཞིག་ཡོང་བའི་ཐོག་བསྲི་ཚགས་གྲོན་ཆུང་གི་ཐབས་ལ་མཁས་ན་བཟའ་ཚང་གི་ཁ་མི་སོས་པའི་སྤྲང་འཁྱམ་ལ་འགྱུར་བའི་དཀའ་སྡུག་མི་ཡོང་ལ། ལྷག་པར་སྐྱེས་པ་ཚོས་རང་གི་མི་ཚང་ཇི་ལྟར་དབུལ་ཞིང་སྐྱོ་བོར་གྱུར་ན་ཡང་དཀའ་སྡུག་འཁུར་ཐུབ་པ་བྱས་ནས་ཕོ་ཁྱོ་གའི་བཟོ་ལྟ་མ་ཤོར་བ་བྱས་ན་ནམ་ཞིག་དཀའ་ངལ་སེལ་ཐུབ་ཅེས་པའོ། །
ནོར་ཡོད་མེད་པོར་མ་བརྫུ་ཀུན་གྱིས་ཤེས། །
རྒྱུ་ནོར་ཡོད་མཁན་ཚོས་སེར་སྣའི་དབང་གིས་ནོར་མེད་དབུལ་བོ་ཡིན་མདོག་བྱས་ནས་ཁེ་ཕན་ཞིག་དོན་དུ་གཉེར་ན་ཡང་རྒྱུ་ཅན་ཡིན་པ་ཚང་མས་ཤེས་ཡོད་པས་ངོ་ཚ་ཡོང། ཞེས་སོ། །
ངན་པ་ཆེ་སྐད་མ་འདོན་ཁྲེལ་གད་ཡོང། །
འཕྲུལ་དྲྭར་ཡང༌། ངན་པ་སྐད་ཆེ་མ་ཆེ། གཞན་གྱི་ཁྲེལ་འོང་བ་ཡིན། ཞེས་ཏེ།
གཡོ་ཅན་མི་ངན་པ་ཚོས་རང་གི་ཡོན་ཏན་ཆེར་སྒྲོག་མ་བྱེད་པ་ཁ་རོག་ཡིབ་ནས་བསྡད་ན་འཚམ། དེ་ལྟ་མིན་ན་མི་མང་གིས་ལྷག་པར་ཁྲེལ་དགོད་འཕྱ་སྨོད་བྱས་འོང་ཞེས་པའོ། །འདི་འདྲ་བ་ཁ་སང་དེ་རིང་ཡང་རང་རེའི་སྤྱི་ཚོགས་ཁྲོད་དུ་མི་ཉུང་ངོ། །
གདོང་པར་ཁྲག་མེད་གཉེན་ལ་རེ་བ་ལས། །
ངོ་ཚ་ཁྲེལ་ཡོད་ཤེས་པའི་དགྲ་བོ་དགའ། །
འཕྲུལ་དྲྭར་ཡང༌། ལར་གསར་གྲོགས་ཆེ་བའི་གཉེན་བས། ཕྱི་ཐག་རིང་བའི་དགྲས་དགའ་བ་ཡིན།
གདོང་པར་ཁྲག་མེད་པ་སྟེ་ངོ་ཚ་ཁྲེལ་གཞུང་བྲལ་བའི་རང་གི་ཉེ་དུ་དག་ལས་ངོ་ཚ་དང་ཁྲེལ་ཡོད་པའི་དགྲ་བོ་སྟེ་རང་གི་མི་མཐུན་ཕྱོགས་གྱུར་ཞིག་ལ་དོན་དག་ཅིག་བཅོལ་དགོས་བྱུང་ན་ཡང་དེ་བཟང་ཞེས་པའོ། །
བློ་གཏད་མི་ཐུབ་སྤུན་དང་བཟའ་ཚང་ལས། །
གསང་ཐུབ་བློ་ལྡན་གྲོགས་དང་གྲོང་པ་བཟང། །ཞེས་ཏེ།
བློ་གཏད་ཡིད་ཆེས་བྱེད་མི་ཐུབ་པའམ་བྱས་ན་ཉེན་ཁ་ཡོད་པའི་རང་གི་སྤུན་མཆེད་དང་བཟའ་ཟླ་དག་ལས་ཀྱང་གསང་བ་ཉར་ཐུབ་མཁན་གྱི་བློ་གྲོས་ཅན་གྱི་གྲོགས་དང་གྲོང་པ་ཁྱིམ་མཚེས་ལ་དོན་ཆེན་དང་གསང་བ་སོགས་བཤད་ན་བཟང་ཞེས་པའོ། །
ཡོན་ཏན་མེད་པའི་ཚོགས་ཀྱི་སློབ་དཔོན་ལས། །
ཤེས་རབ་ལྡན་པའི་གྲྭ་སློབ་བྱས་ན་འཚེངས། །
འཕྲུལ་དྲྭར་ཡང༌། ཡོན་ཏན་མེད་པའི་གྲལ་མགོ་བས་བཟང་པའི་གྲལ་མཇུག་དགའ་བ་ཡིན། ཞེས་ཏེ།
ཡོན་ཏན་བཟང་པོ་མི་ལོབ་པའི་སློབ་ཚོགས་མང་པོའི་སློབ་དཔོན་ནམ་དགེ་རྒན་བྱེད་པ་ལས་ཤེས་རབ་ཡོན་ཏན་ཅན་གང་ཞིག་གི་གྲྭ་བའམ་སློབ་བུ་བྱས་ན་དེ་ཁེ་ཕན་ཡོད་ཅེས་པའོ། །
དེ་ཡང་ཕར་ལ་ཡོན་ཏན་མི་འབྱོར་བའི་ཐོག་ད་དུང་དམ་ཉམས་སྡོམ་ཤོར་སོགས་བྱུང་ན་རང་གཞན་གཉི་གར་ཉེས་པ་འབྱུང་བ་སོགས་ཕན་ལས་གནོད་པ་ཆེ་བས་སྤྱིར་བཏང་གི་གྲྭ་སློབ་ཅིག་བྱས་ན་མ་མཐར་ཡང་ཉེས་པ་དེ་དག་མི་འབྱུང་བས་ན་དགོས་པ་ཆེ་བ་ཤེས་པར་བྱའོ། །འཚེངས་ཞེས་པ་ཁེ་བཟང་ངམ་ཕན་པ་དང། རྒྱལ་ཁ། ཡིད་ཚིམ་པ་བཅས་ལ་འཇུག
མི་ཉན་ཁ་འདུས་མང་པོའི་དཔོན་པོ་ལས། །
ཡ་རབས་བཟང་སྤྱོད་ལྡན་པའི་གཡོག་པོ་སྐྱིད། །
འཕྲུལ་དྲྭར་ཡང༌། ངན་པའི་དཔོན་བས་བཟང་པོ་གཡོག་གི་དགའ་བ་ཡིན། ཞེས་ཏེ།
ཅི་ཙམ་བཤད་ཀྱང་མི་གོ་བ་ཁ་ལ་མི་ཉན་པའི་མགོ་སྟོང་རྐྱལ་སྟོང་ཁ་མཐུན་མང་པོ་འདུས་པའི་དཔོན་པོ་བྱེད་པ་ལས་ཡ་རབས་བཟང་སྤྱོད་ཅན་གང་ཞིག་གི་ལས་གཡོག་བྱས་ན་ད་དུང་སྐྱིད་སྣང་དེ་ཆེ་ཞེས་པའོ། །དེ་ཡང་གོ་བ་མེད་པའི་མི་གཅིག་ཡིན་ན་ཡང་ལམ་བཟང་ལ་འཇུག་དཀའ་ན་དེ་འདྲའི་མི་མང་པོ་འདུས་ན་ཕར་ལམ་སྟོན་བྱེད་པ་ལས་ཚུར་ལམ་ལོག་དང་ལུས་སེམས་གཉི་གར་དཀའ་ངལ་མང་པོ་མྱོང་འཇུག་ཉེན་ཡོད་པས་ན་དཔོན་དེ་འདྲ་ལས་གཡོག་སྐྱིད་པ་ཡིན་ནོ། །
ལང་ཤོར་རྐུན་པོ་མི་ཡི་ཁྱུར་མི་ཚུད། །
འཕྲུལ་དྲྭར་ཡང༌། ལག་མི་གཙང་ན་མི་ཁྱུར་མི་ཚུད་པ་ཡིན། མི་བཟང་དུ་གྱིས། ཞེས་ཏེ།
ཆུང་དུས་ནས་དངོས་པོ་ཙག་ཙིག་རིགས་བརྐུས་ནས་ལག་པ་ངན་ལང་ལ་ཤོར་བའི་རྐུན་མ་ལག་རིང་ཆགས་ཚར་དུས་ནམ་ཡང་ཡ་རབས་མི་ཡི་ཚོགས་ནང་ལ་ཚུད་པའི་གོ་སྐབས་མེད་དོ། །
བློ་གྲོས་གཟབ་དང་མགོ་འཐོམས་ནོར་ས་ཡོད། །
འཕྲུལ་དྲྭར་ཡང༌། མི་སྤྱང་པོ་དང་མགོ་སྟོང་ལ་ནོར་ས་ཡོད། ཅེས་པ་སྟེ།
མི་ཞི་དུལ་བློ་གྲོས་ཅན་དོན་དག་གང་ལ་ཡང་གཟབ་གཟབ་དང་ཞིབ་ཚགས་བྱེད་མཁན་གྱི་བྱ་སྤྱོད་དེ་གང་ཡིན་ཅི་ཡིན་ཧ་མ་གོ་བར་འཐོམ་མེར་འགྲོ་བའི་བླུན་པོ་དང་འདྲ་བོ་ཡོད་པས་སྐབས་རེར་ཕན་ཚུན་ནོར་ས་ཡོད་པས་བརྟག་དགོས།
ཀླད་ཆུང་མི་དང་ཕོ་གྲུང་ནོར་ས་ཡོད། །
འཕྲུལ་དྲྭར་ཡང༌། ཕོ་འབྲིང་གླེན་པ་དང་འཇམ་ཁོང་ནས་ཟབ་ཚོལ་བ་ནོར་ས་ཡོད། ཅེས་པ་སྟེ།
མི་ཀླད་ཆུང་ཚོས་བྱ་བ་གང་ཡིན་ཡང་བྱེད་ཐུབ་ཚུལ་དང་ཤེས་ཚུལ་སོགས་ལབ་ཅིང་བསམ་བློ་གཏོང་མི་ཤེས་པས་སྐབས་འཕྲལ་གྱི་ལས་ཀ་དག་ལ་ལམ་སང་འཇུག་པར་བྱེད་པས་ན་ཕོ་གྲུང་པོ་འཇོན་པོ་དང་ནོར་ས་ཡོད་པས་བརྟག་དགོས་པའོ། །
མ་ནུས་ཇོ་བཟང་རྫུ་ཆེ་ནོར་ས་ཡོད། །
འཕྲུལ་དྲྭར་ཡང༌། བརྫུ་བག་དང་མི་ཤེས་པ་ནོར་ས་ཡོད། ཅེས་པ་སྟེ།
ལས་ཀ་སོགས་བྱེད་མི་ནུས་ཤིང་མི་ཐུབ་པའི་ཇོ་བཟང་སྟེ་རང་གིས་མི་ཤེས་མི་ཐུབ་པའི་ལས་ལ་ཤེས་མདོག་ཐུབ་མདོག་མི་བྱེད་པའི་གཞུང་དྲང་གི་བྱ་སྤྱོད་དེ་དང་ཤེས་ཤིང་འཇོན་ན་ཡང་ཁེངས་པ་སྐྱུང་བའི་རྫུ་ཆེན་པོ་བྱེད་མཁན་གཉིས་པོའང་འདྲ་ས་དང་ནོར་ས་ཡོད་པས་བརྟག་པར་བྱའོ། །
བློ་ཤེད་ཅན་དང་དོ་ཐུང་ནོར་ས་ཡོད། །ཅེས་ཏེ།
བློ་ཤེད་ཅན་ཏེ་བློ་སྟོབས་སམ་སེམས་ཤུགས་དང་སྙིང་སྟོབས་ཆེ་བའི་མི་དང་དོ་ཐུང་སྟེ་ཁྲོ་ཐུང་ང་རྒྱལ་ཅན་གཉིས་ཀྱང་སྐབས་རེར་ནོར་སའི་ཆ་ཡོད་པ་སྟེ། དཔེར་ན། གཅིག་གིས་སེམས་ཤུགས་དང་སྙིང་སྟོབས་ཀྱིས་ལས་ཀ་ཞིག་ལ་རྩོད་པ་དང་ཅིག་ཤོས་ཀྱིས་ང་རྒྱལ་དང་ཁོང་ཁྲོས་རྩོད་པ་བྱེད་པ་ལྟ་བུའོ། །གཞན་ཡང་བློ་ཤེད་ཅན་ནི་རང་འདོད་ཨུ་ཚུགས་ཅན་ལའང་གོ་བའི་སྐབས་ཡོད་དོ། །
རང་བཞིན་བཟང་དང་འདོ་མེད་ནོར་ས་ཡོད། །
འཕྲུལ་དྲྭར་ཡང༌། ཕོ་མཐའ་མགོ་སྟོང་དང་ཁོང་ནས་ཟབ་ཚོལ་བ་ནོར་བ་ཡང་མཐོང་ངོ༌༑ ༑ཞེས་ཏེ།
མི་རང་བཞིན་གཤིས་ཀ་བཟང་པོ་ཅན་ག་རེ་དགོས་ཀྱང་སྟེར་མཁན་དང་ངོ་ཤེས་མི་ཤེས་སོགས་ལའང་རང་ལ་ཅི་ཡོད་སྟེར་བའི་མི་ལག་ཡངས་སྔ་ཕྱིར་བསམ་བློ་གཏོང་མི་ཤེས་པའི་འདོ་མེད་མགོ་སྟོང་གཉིས་ཀྱང་སྐབས་རེར་ནོར་ས་ཡོད་པས་དཔྱད་དགོས་པའོ། །
དྲང་པོའི་མི་དང་གླེན་པ་ནོར་ས་ཡོད། །
འཕྲུལ་དྲྭར་ཡང༌། དྲང་པོ་དང་གླེན་པ་ལ་ནོར་ས་ཡོད། ཅེས་པ་སྟེ།
མི་གཞུངས་དྲང་ངང་བཟང་དང་བླང་དོར་མི་ཤེས་པར་གཞན་གྱི་ཅི་བཤད་བཞིན་བྱེད་པའི་གླེན་པ་གཉིས་ཀྱང་སྐབས་རེར་ནོར་ས་ཡོད་པས་དཔྱད་དགོས་སོ། །
ཚུལ་འཆོས་ཅན་དང་བཙུན་པ་ནོར་ས་ཡོད། །
འཕྲུལ་དྲྭར་ཡང༌། ཚོད་ཅན་དང་ནོག་པོ་ནོར་ས་ཡོད། ཅེས་པ་སྟེ།
མ་ཡིན་ཡིན་མདོག་གི་གཡོ་སྒྱུར་བྱང་བའི་མི་ཚུལ་མིན་ཚུལ་བཞིན་འཆོས་པའི་ནོག་པོ་དང་གཡོ་སྒྱུ་དང་བྲལ་བའི་ཚོད་ཟིན་་ཚུལ་ལྡན་གྱི་བཙུན་ཚུགས་ལྡན་པ་གཉིས་ཀྱང་སྐབས་རེར་འདྲ་ནོར་འབྱུང་བས་དཔྱོད་དོ། །
ཚེ་བློས་ཐོངས་དང་ཟོག་པོ་ནོར་ས་ཡོད། །ཅེས་ཏེ།
འཇིག་རྟེན་པའི་བྱ་བའམ་མི་ཚེ་བློས་བཏང་བའི་ཆགས་བྲལ་ཆོས་པ་དང་མགོ་སྟོང་རྐྱལ་སྟོང་གཡོ་ཅན་ཟོག་པོ་གཉིས་ཀྱང་སྐབས་རེར་འདྲ་ནོར་ཐེབས་ས་ཡོད་པས་གཟབ་དགོས་སོ། །
བརྫུ་བག་ཅན་དང་མཁས་པ་ནོར་ས་ཡོད། །
འཕྲུལ་དྲྭར་ཡང༌། ཕོ་རབ་ཁོང་ཡངས་དང་བརྫུ་ཁོང་ནས་ཟབ་ཚོལ་བ་ནོར་ས་ཡོད། ཅེས་ཏེ།
མ་ཡིན་ཡིན་མདོག་དང་མི་ཤེས་ཤེས་མདོག་བྱེད་མཁན་གྱི་རྫུ་བག་གཡོ་སྒྱུར་བྱང་བ་དང་མཁས་པའམ་ཕོ་རབ་ཁོག་ཡངས་གཉིས་ཀྱང་ལན་རེར་ནོར་ས་ཡོད་པས་གཟབ་དགོས་སོ། །
དེ་ལྟར་ཚེ་འདིའི་འདུན་མ་བསྒྲུབ་པ་ལ། །
བླང་དང་དོར་བྱའི་སྐྱོན་ཡོན་ཤེས་བྱས་ནས། །
དཔའ་མཛངས་རྟུལ་ཕོད་སྣ་ཚོགས་གཡོ་འཕྲུལ་གྱིས། །
རང་ཉིད་རྒྱལ་བའི་སྒྱུ་ཐབས་ཧུར་ལེན་གཅེས། །ཞེས་པ་སྟེ།
གོང་དུ་མང་པོ་བརྗོད་པ་དེ་ལྟར་འཇིག་རྟེན་པའི་མི་ཚེའི་འདུན་མའི་བྱ་གཞག་རྣམས་བསྒྲུབ་པར་བྱ་བ་ལ་ཡང་འཇིག་རྟེན་མི་ཆོས་དང་མཐུན་པའི་སྒོ་ནས་བླང་བྱའི་ཡོན་ཏན་དང་དོར་བྱའི་སྐྱོན་གཉིས་མ་ནོར་བར་འབྱེད་ཤེས་པ་བྱས་ནས། ད་གཟོད་དཔའ་ངར་རྟུལ་ཕོད་ལྡན་པའི་ངང་ཐབས་ཤེས་སྣ་ཚོགས་ཀྱི་གཡོ་འཕྲུལ་ལ་བརྟེན་ནས་རང་ཉིད་ཕ་རོལ་བ་དག་ལས་རྒྱལ་ཁ་ཐོབ་པའི་སྒྱུ་འཕྲུལ་གྱི་ཐབས་ལམ་ལ་བརྩོན་པ་གལ་ཆེ་ཞེས་པའོ། །
གཞུང་གི་དོན་གཉིས་པ་དམ་པའི་ཆོས་ལུགས་སྐོར་གྱི་བསླབ་བྱ་གནད་བསྡུས་ལའང།
ཐོག་མར་སྲིད་པའི་ལོངས་སྤྱོད་མི་རྟག་པའི་ངང་ཚུལ་གྱིས་འཁོར་བར་ངེས་འབྱུང།
ཚོགས་གསོག་དགེ་སྒྲུབ་ལ་འབད་དགོས་པ།
ཕར་ཕྱིན་དྲུག
རྒྱལ་སྲིད་ཆོས་བཞིན་སྐྱོང་ཚུལ་ལ་གདམས་པ་སོགས་སོ། །
དང་པོ་ལའང༌།
ཀ༽ ལྷ་མིའི་གཙོ་བོ་དབང་ཐང་བླ་ན་མེད་པའི་རིགས་སུ་གྱུར་ཡང་ཡིད་བརྟན་མེད་པ་མི་རྟག་པའི་ངང་ཚུལ་ནི།
འོན་ཏེ་ཚངས་པ་བརྒྱ་བྱིན་འཁོར་ལོས་སྒྱུར། །
ལྷ་མིའི་དཔལ་འབྱོར་ཀུན་ལ་ལོངས་སྤྱད་མཐར། །
སླར་ཡང་ལྕགས་བསྲེག་ས་གཞིར་དམྱལ་བའི་མེ། །
འབར་བའི་བུད་ཤིང་བྱེད་སྲིད་ཡིད་བརྟན་ཅི། །ཞེས་ཏེ།
དེ་ལྟར་གཞན་ཕམ་རང་རྒྱལ་གྱི་གནས་སྐབས་དབང་གྲགས་སོགས་ཐོབ་པ་ཡིན་ན་ཡང། འགྲོ་བ་དྲུག་གི་གཙོ་བོ་ལྷ་ཆེན་པོ་ཚངས་པ་དང། ལྷའི་དབང་པོ་བརྒྱ་བྱིན། གཞན་ཡང་གསེར་དངུལ་ཟངས་ལྕགས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་རྣམས། མདོར་ན་ལྷ་དང་མི་ཡི་དཔལ་དང་འབྱོར་བ་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པར་ལོངས་སུ་སྤྱོད་པའི་མཐའ་མར། སླར་ཡང་སྔོན་ཆད་མང་དུ་མྱང་ཟིན་པའི་ལྕགས་སྲེག་གི་ས་གཞི་ཚ་དམྱལ་མེ་དཔུང་འབར་བའི་ནང་དུ་རང་ལུས་ཀྱིས་བུད་ཤིང་བྱེད་སྲིད་པ་སྟེ་དགེ་བའི་ལས་ཟད་དེ་སྡུག་པའི་ལས་ཚབས་ཆེན་བསགས་པར་གྱུར་ན་དམྱལ་བ་ཚ་གྲང་གི་སྡུག་བསྔལ་མྱོང་བར་འགྱུར་བས་འཇིག་རྟེན་ཆོས་བརྒྱད་དོན་དུ་གཉེར་ཅིང་རང་རྒྱལ་གཞན་ཕམ་གྱི་སྐད་གྲགས་ཇི་ལྟར་ཆོད་ཀྱང་དེ་ལ་ཡིད་བརྟན་དང་སྙིང་པོ་མེད་ཅེས་པའི་དོན་ནོ། །
དེ་བཞིན་དུ་བཤེས་སྤྲིངས་ལས་ཀྱང༌། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང༌། །འཁོར་ལོས་བསྒྱུར་བ་ཉིད་དུ་གྱུར་ནས་ཀྱང༌། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ཅེས་གསུངས་སོ། །
ཁ།༽ གཟི་བརྗིད་ཀྱི་དཔལ་དུ་གྱུར་ཀྱང་མི་རྟག་པའི་ངང་ཚུལ།
འཇིག་རྟེན་གསལ་བར་བྱེད་པའི་ཉི་ཟླ་ཡང། །
སྔོན་བསགས་བཟང་པོའི་འཕེན་པ་རྫོགས་པའི་མཐར། །
རང་གི་ལག་པ་བརྐྱང་བསྐུམ་མི་མཐོང་བའི། །
མུན་པའི་མལ་དུ་ཉལ་འབྱུང་མཆི་མ་དཀུ། །ཞེས་པ་སྟེ།
འཇིག་རྟེན་ཁམས་འདི་གསལ་བར་བྱེད་པའི་རང་གི་དཀྱིལ་འཁོར་འོད་ཀྱིས་ཁེངས་པའི་ཁང་བཟངས་མཆོག་ན་བཞུགས་པའི་ཉི་མ་དང་ཟླ་བའི་ལྷ་དེ་དག་ཀྱང། ཚེ་རབས་སྔོན་མའི་དགེ་བའི་ཚོགས་བསགས་བཟང་པོའི་འཕེན་བྱེད་ཀྱི་ལས་ཟད་དེ་ཚར་བའི་མཐའ་མར་རང་གི་ལག་པ་བརྐྱང་བསྐུམ་རང་གིས་མི་མཐོང་བའི་མུན་པ་སྟུག་པོའི་མལ་དུ་ཉལ་བའམ་ལྷུང་བར་འགྱུར་བ་ནི་སྙིང་རྗེའི་མིག་ཆུ་འབྱུང་བའི་ངང་ཚུལ་ཡིན་ཞེས་པ་འདིས། འཇིག་རྟེན་གྱི་བསོད་ནམས་བླ་ན་མཐོ་བའི་ཉི་ཟླའི་ལྷ་ཡང་མཐར་འཁོར་བའི་མུན་པར་ལྷུང་སྲིད་པས་དེ་ཡང་སྙིང་པོ་མེད་པའི་ལས་ཀྱི་མཐའ་བསྟན་པའོ། །
དེ་ཡང་བཤེས་སྤྲིངས་སུ། ཉི་མ་ཟླ་བ་ཉིད་ཐོབ་རང་ལུས་ཀྱི། །འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བྱས་ཏེ། །སླར་ཡང་མུན་ནག་སྨག་ཏུ་ཕྱིན་གྱུར་ནས། །རང་གི་ལག་པ་བརྐྱང་པའང་མི་མཐོང་འགྱུར། །ཅེས་གསུངས་པ་ལྟར་རོ། །
ག༽ འཁྲིག་བདེའི་ལོངས་སྤྱོད་མི་རྟག་པའི་ངང་ཚུལ།
པད་མའི་འདབ་འདྲའི་གོས་ཀྱི་རེག་བྱས་ཀྱང། །
ལུས་ལ་རྩུབ་སྙམ་བྱེད་པའི་སྨིན་ལེགས་མ། །
བདག་པོའི་རོ་དང་ལྷན་ཅིག་སྲེག་ཁང་དུ། །
རབ་འབར་མེ་ཡིས་བསྲེག་པ་སུ་ཡིས་བཟོད། །ཅེས་ཏེ།
པད་མའི་འདབ་དང་འདྲ་བའི་དར་གོས་འཇམ་པོའི་རེག་བྱ་དེས་ཀྱང་རང་ལུས་ལ་རྩུབ་སྣང་འཆར་བའི་ལང་ཚོ་སྨིན་པའི་མཛེས་མ་གང་དག་ཀྱང། སྐབས་རེར་རང་གི་བདག་པོའམ་ཁྱོ་ག་གྲོངས་པའི་རོ་དང་ལྷན་ཅིག་རོ་སྲེག་ཁང་དུ་བཅུག་ནས་མེ་ལྕེ་དྲག་ཏུ་འབར་བས་གསོན་པོར་བསྲེག་པར་བྱེད་པའི་ངང་ཚུལ་དེ་ཡང་སྐྱེ་བོ་སུ་ཞིག་ལྟར་བཟོད་དེ་མི་བཟོད་ཅེས་པའོ། །རྒྱ་གར་དང་བལ་ཡུལ་དུ་གནའ་དུས་རྒྱལ་པོ་ཁག་ཅིག་ལ་དེ་འདྲའི་ལུགས་སྲོལ་ཡ་ང་བ་དག་ཡོད་པར་བཤད། འདིས་རེ་ཞིག་མིའི་རྒྱལ་པོའི་བདེ་སྐྱིད་ཆེན་པོ་ཐོབ་ན་ཡང་སྔོན་བསགས་ལས་ཀྱི་མཐུ་ཟད་ན་དམྱལ་བ་ཡང་མི་ཡུལ་རང་དུ་མྱོང་བར་འགྱུར་བའི་ངང་ཚུལ་བསྟན་ནས་དེ་ཡང་སྙིང་པོ་མེད་པར་བསྟན་ཅིང། ལས་ཀྱི་རྣམ་པར་སྨིན་ཚུལ་ནི་བསམ་གྱིས་མི་ཁྱབ་པའི་རང་བཞིན་བསྟན་པའང་ཡིན་ནོ། །
གཞན་ཡང་བཤེས་སྤྲིངས་སུ། མཐོ་རིས་བུ་མོའི་ནུ་མ་རྐེད་པ་ལ། །རེག་པའི་བདེ་བ་ཡུན་རིང་མྱོང་ནས་སླར། །དམྱལ་བར་འཐག་གཅོད་དབད་པའི་འཁྲུལ་འཁོར་གྱིས། །རེག་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཞེས་སོགས་གསུངས་པ་བཞིན་ལྷ་དང་མིའི་ཕུན་ཚོགས་འདོད་ཡོན་གང་དག་ཐོབ་ཀྱང་བསོད་ནམས་ཟད་ན་ཚེ་འདི་ཕྱི་གང་རུང་དུ་འབྲས་བུ་སྨིན་པར་འགྱུར་བའོ། །
ང༌།༽ རྒྱུ་ནོར་ལོངས་སྤྱོད་མི་རྟག་པའི་ངང་ཚུལ།
ནོར་བུའི་གླིང་དུ་བགྲོད་པའི་ཚོང་ཟོག་གིས། །
རྣམ་ཐོས་བུ་ལ་འགྲན་པའི་དེད་དཔོན་ཡང། །
འཇུར་འགེགས་གནས་སུ་སྐྱེས་ནས་ཟས་སྐོམ་གྱིས། །
བཀྲེས་ཤིང་སྐོམ་པའི་ངང་ཚུལ་ཀྱེ་མ་ཧུད། །ཅེས་ཏེ།
ནོར་བུ་རིན་པོ་ཆེ་དུ་མའི་ཁེངས་པའི་རྒྱ་མཚོའི་གླིང་ཕྲན་དག་ཏུ་དཀའ་བ་དུ་མས་བགྲོད་ཅིང་རྙེད་པའི་ཚོང་ཟོག་དངོས་པོ་རིན་ཐང་ཅན་མང་པོའི་མཛོད་ཀྱིས་རྣམ་ཐོས་བུ་ནོར་ལྷའི་དཔལ་འབྱོར་གྱི་སྟོབས་ལའང་འགྲན་ཐུབ་པ་ལྟ་བུའི་དེད་དཔོན་ནམ་ཚོང་དཔོན་ཆེན་པོ་དག་ཀྱང་བསོད་ནམས་ཟད་རྗེས། འཇུར་འགེགས་གནས་ཏེ་ཡི་དྭགས་ཀྱི་གནས་སུ་སྐྱེས་ནས་ཟས་མ་ཐོབ་པས་བཀྲེས་པའམ་ལྟོགས་ཤིང་སྐོམ་མམ་བཏུང་བ་མ་རྙེད་པས་ཁ་སྐོམ་པའིསྡུག་བསྔལ་དྲག་པོས་མནར་པའི་ངང་ཚུལ་ནི་བསམ་མི་ནུས་པའི་སྙིང་རྗེའི་ཡུལ་ཡིན་པ་སྟེ། ཀྱེ་མ་ཧུད་ཅེས་ཤིན་ཏུ་སྙིང་རྗེས་མ་བཟོད་པའི་སྡུག་སྐད་ཐལ་བའོ། །
ཅ།༽ འཆི་བ་མི་རྟག་པའི་ངང་ཚུལ།
དགྲ་འདུལ་གཉེན་སྐྱོང་མངའ་ཐང་ལོངས་སྤྱོད་སོགས།
བླ་ནས་བླར་འཕེལ་ཕོ་རྒོད་གྲུང་པོ་ཡི། །
གྲངས་སུ་ཚུད་ཀྱང་ཚེ་ནི་ནམ་མཁའི་གློག །
རྨི་ལམ་ཙམ་གྱི་བདེ་བས་ཅི་ཞིག་བྱ། །ཅེས་ཏེ།
ཕྱིའི་དགྲ་བོ་འདུལ་བའི་དམག་འཁྲུག་སོགས་དང་ནང་གཉེན་འཁོར་མི་སེར་བདག་སྐྱོང་བྱས་ནས་རྒྱལ་སྲིད་ཀྱི་མངའ་ཐང་དང་དཔལ་འབྱོར་ལོངས་སྤྱོད། རིག་གནས་ལ་སོགས་གོང་ནས་གོང་དུ་འཕེལ་བའི་ཤེས་འཇོན་ཅན་ཏེ། འཇིག་རྟེན་ན་ཕོ་རྒོད་གྲུང་པོར་བརྩི་བ་རྣམས་ཀྱི་གྲངས་སུ་ཚུད་ན་ཡང༌། སོ་སོའི་མི་ཚེའི་དུས་ཚོད་ནི་སྐད་ཅིག་རེ་རེ་ནས་འཆི་བར་ཉེ་རུ་འགྲོ་བའམ་ཡང་ན་འཇིག་རྟེན་པའི་འདུ་འཛི་ལང་ལོང་གྲངས་དང་མཐའ་མེད་དང་བསྡུར་ན་ཚེ་ལོ་བརྒྱ་བ་འདི་ནི་ཆེས་ཐུང་བ་ནམ་མཁའི་སྤྲིན་རུམ་དུ་གཡོ་བའི་གློག་ཞགས་ལྟ་བུ་ཡིན་པས། སྙིང་པོ་མེད་པ་རྨི་ལམ་ལྟ་བུའི་དུས་ཐུང་གི་བདེ་དགའ་དེ་ཙམ་གྱིས་ཅི་ཡང་མི་ཕན་པའོ། །ཞེས་འཇིག་རྟེན་པའི་ཚོལ་སྙེག་དང་ཡིད་སྨོན་དུ་བརྩི་བའི་དབང་གྲགས་འབྱོར་བ་ཀུན་ལ་སྙིང་པོ་མེད་ཅིང་མི་ཚེ་དེ་ཡང་ཧ་ཅང་ཐུང་བ་བསྟན་ནས་ཤུགས་སུ་དུས་ཐུང་གི་མི་ཚེ་འདིར་ཚེ་འདིའི་བདེ་དགའ་ཙམ་མ་ཡིན་པར་དེ་ལས་ལྷག་པའི་བདེ་བ་ཆེན་པོའམ་གཏན་འདུན་གྱི་བདེ་བ་འཚོལ་དགོས་པ་གོ་བར་བྱའོ། །
གཞན་ཡང༌། ལེགས་བཤད་རིན་པོ་ཆེའི་གཏེར་ལས། མི་རྣམས་ཚེ་ཐུང་དེ་ཡི་ཕྱེད། །མཚན་མོ་གཉིད་ལོག་ཤི་དང་འདྲ། །ན་རྒས་སྡུག་བསྔལ་སྣ་ཚོགས་ཀྱིས། །ཕྱེད་པོ་འང་བདེ་བར་སྤྱད་དུ་མེད། །ཅེས་གསུངས་པ་ལྟར། འཆི་བ་མི་རྟག་པའི་ངང་ཚུལ་ནི་སུ་ལའང་གསལ་མོད། ནམ་འཆི་ངེས་མེད་ཀྱི་ཚུལ་ལ་མི་བསམ་པའམ་ང་ད་དུང་མི་འཆི་བསམ་ནས་དུས་ཚོད་གང་མང་ཆུད་ཟོས་སུ་གཏོང་བཞིན་པའང་ཚོར་གྱིན་མེད།
མདོར་ན། འཆི་བ་མི་རྟག་པའི་ངང་ཚུལ་གཅིག་པུར་ངེས་ཤེས་ཟབ་མོ་ཐོབ་ན་གཞན་དག་བསམ་མི་དགོས་པར་སྙིང་པོ་མེད་ཚུལ་འཆར་ངེས་པས། ང་ཚོས་སྐབས་སུ་བབ་པའི་སློབ་སྦྱོང་དང༌། མི་རིགས་དང༌། སྤྱི་ཚོགས། སྣོད་བཅུད་འགྲོ་བ་ཡོངས་ལ་ཕན་པའི་བྱ་བ་རེ་ཉིན་རེ་བཞིན་དུ་སྒྲུབ་དགོས་པ་ལས་རྗེས་མ་ཞིག་ལ་བསྒྲུབ་ཆོག་སྙམ་ནས་སྡོད་པ་ནི་ཧ་ཅང་བླུན་རྟགས་ཏེ། ས་པཎ་གྱིས། ཁྱོད་ཀྱི་བྱ་བ་ཟིན་ནམ་ཞེས། །འཆི་བདག་སྡོད་པར་མི་འགྱུར་བས། །ངེས་པར་བྱ་དགོས་ཡོད་ན་ནི། །དེ་རིང་ཉིད་དུ་བསྟུན་ལ་གྱིས། །ཞེས་གསུངས་པ་བཞིན་རང་གཞན་ཀུན་ལ་ཕན་པའི་ལས་རྣམས་ལ་མྱུར་དུ་འཇུག་ཅིང་རྟག་ཏུ་བརྩོན་པར་རིགས་སོ། །
ཆ།༽ སྤྱིར་འཁོར་བའི་ངང་ཚུལ་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་པར་སྟོན་པའི་གསུང་དང་རང་གི་མྱོང་བས་རྟོགས་ཚུལ་ནི།
བསམ་གྱིན་ནམ་ཡང་རྫུན་ཟོག་མི་གསུང་བ། །
འོ་སྐོལ་རྣམ་འདྲེན་ཟས་གཙང་སྲས་པོ་དེས། །
འཁོར་བར་གནས་ཕྱིན་སྡུག་བསྔལ་རང་བཞིན་དུ། །
བསྟན་ཚུལ་བསམ་ན་སྙིང་ཡང་དུམ་བུར་འགས། །ཞེས་ཏེ།
དེ་ལྟར་མངོན་མཐོ་ལྷ་མིའི་ལོངས་སྤྱོད་བདེ་དགའ་རྣམས་ཀྱང་མི་བརྟན་ཞིང་ལོངས་སུ་སྤྱོད་ཚུལ་སོགས་མ་ཤེས་ན་ངན་སོང་དུ་སྐྱེ་བའི་རྒྱུར་ཡང་འགྱུར་བ་སོགས་རྒྱུ་ལས་ཉོན་གྱི་དབང་གིས་འབྲས་བུ་སྡུག་བསྔལ་བ་ལ་ལོངས་སུ་སྤྱོད་ཚུལ་གྱི་ལས་འབྲས་མི་བསླུ་བའི་ངང་ཚུལ་དག་ལ་ཡང་ཡང་བསམ་ན། དུས་ནམ་ཡང་རྫུན་ཚིག་དང་གཡོ་སྒྱུའི་སྐད་ཆ་ཙམ་ཡང་མི་གསུང་བ། དོན་དམ་པའི་བདེན་པའི་ལམ་ཟབ་མོ་ནས་བདེ་བ་ཆེན་པོའི་སར་གཤེགས་པའི་འོ་སྐོལ་ལམ་བདག་ཅག་གི་སྟོན་པ་འཁོར་བ་བ་རྣམས་རང་ཉིད་ཇི་ལྟར་བགྲོད་པའི་ལམ་ནས་སངས་རྒྱས་ཀྱི་ས་ལ་རྣམ་པར་འདྲེན་པ་ཆེན་པོ་མང་བཀུར་རིགས་ཀྱི་རྒྱལ་པོ་ཟས་གཙང་མ་ཞེས་བྱ་བ་གང་གི་སྲས་སུ་སྐུ་འཁྲུངས་པའི་གཞོན་ནུ་དོན་ཀུན་གྲུབ་པ་དེ་ཉིད་ཀྱིས། རིགས་དྲུག་གི་སྐྱེ་གནས་ཁམས་གསུམ་འཁོར་བ་གང་ཞིག་ཏུ་གནས་པའི་ཕྱིན་ཆད་ལ། སྡུག་བསྔལ་གྱི་སྡུག་བསྔལ་ལམ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་པོ་གང་རུང་གི་རང་བཞིན་དུ་མ་གནས་པ་མེད་པའི་ལས་འབྲས་ཀྱི་རྣམ་གཞག་བསྟན་པའི་ཚལ་དེ་ལ་ཡང་ཡང་བསམ་ན། རང་གི་སྙིང་དམར་པོ་འདི་ཡང་དུམ་བུ་དུམ་བུར་འགས་ཏེ་འཆི་བར་འགྱུར་རོ། །ཞེས་སྡུག་བསྔལ་བསམ་ཞིང་དྲན་ནས་སྡུག་བསྔལ་ལ་འཇིགས་ཤིང་ཞེན་ལོག་ནས་དེ་ལས་ཐར་བའི་ལམ་འཚོལ་དགོས་པའི་གནས་ལུགས་བསྟན་པ་ཡང་ངོ། །
འདི་བར་གྱིས་སྲིད་པའི་ལོངས་སྤྱོད་མི་རྟག་པའི་ངང་ཚུལ་གྱིས་འཁོར་བར་ངེས་འབྱུང་བསྐྱེད་ཚུལ་བསྟན་ཏོ། །
གཉིས་པ་ལའང༌།
ཀ༽ སྡུག་བསྔལ་ལས་ཐར་བའི་ཐབས་ལམ་བསླབ་པ་གསུམ་ལ་སློབ་དགོས་པར་གདམས་པ།
བཟོད་དཀའི་སྡུག་བསྔལ་འདི་ལས་སླན་ཆད་དུ། །
མི་ལྡོག་ཐར་པའི་ཁང་པར་འཇུག་པའི་ཐབས། །
དཀར་ནག་ལས་འབྲས་བསམ་ནས་བླང་དོར་ངོས། །
བསླབ་པ་རྣམ་གསུམ་ཉམས་ལེན་གྲུང་པོ་ཡིན། །ཞེས་ཏེ།
དེ་ལྟར་ལན་གྲངས་དུ་མར་མྱོང་དགོས་པའི་བཟོད་བསྲན་དཀའ་བའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་འདི་དག་ལས་སྐྱེ་བོ་འདིའི་སླན་ཆད་དམ་རྗེས་མ་ནས་བཟུང་སྟེ། འཁོར་བ་འདིར་ལས་དང་ཉོན་མོངས་དབང་གིས་སླར་ཡང་ཕྱིར་ལྡོག་ནས་ཡོང་བ་མེད་པར་འཁོར་བ་ལས་ཐར་བའི་ཞི་བ་གཏན་བདེའི་ཁང་པ་ལ་འཇུག་པའི་ཐབས་ཚུལ་མ་ནོར་བ་དཀར་པོ་དགེ་བའི་ལས་ཀྱི་འབྲས་བུར་བདེ་བ་དང་ནག་པོ་སྡིག་པའི་ལས་ཀྱི་འབྲས་བུར་སྡུག་བསྔལ་འབྱུང་བའི་ཚུལ་ལ་ཡང་ཡང་བསམ་ནས་གནས་ལུགས་གོ་བར་བྱས་ཏེ། སྡིག་སྤང་དགེ་སྒྲུབ་ཀྱི་བླང་དོར་མ་ནོར་བའི་ཐོག་ནས། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང། ཤེས་རབ་བཅས་ལམ་བསླབ་པ་གསུམ་པོར་ཐོས་བསམ་སྒོམ་གསུམ་སྒོས་ཉམས་ལེན་གཤའ་མ་གནང་ཐུབ་ན། ད་གཟོད་དོན་ངོ་མའི་ཕོ་རྒོད་གྲུང་པོ་ཆགས་པ་ཡིན། ཞེས་པའོ། །
ཁ།༽ དད་ཅིང་མཆོད་པས་བསོད་ནམས་གསོག་ཚུལ།
སངས་རྒྱས་སྲས་བཅས་མངོན་སུམ་མཐོང་དཀའ་ཡང། །
དེ་དག་ཞལ་སྐྱིན་གསུང་དང་ཐུགས་རྟེན་ལ། །
མེ་ཏོག་བདུག་སྤོས་མར་མེ་ལྷ་བཤོས་སྒྲ། །
འཕན་གདུགས་ཕྱེ་ཕུར་ལ་སོགས་མཆོད་སྤྲིན་དབུལ། །ཞེས་ཏེ།
འོ་ན། ང་ཚོ་འཇིག་རྟེན་པ་སྤྱི་དང་ལྷག་པར་རྒྱལ་པོ་སོགས་འབྱོར་ལྡན་ཚོས་བསོད་ནམས་ཚོགས་གསོག་བྱེད་སྟངས་ཅི་འདྲ་ཡིན་གང་དག་ནུས་ཤེ་ན། ང་ཚོ་ཕལ་བའི་མི་རྣམས་ཀྱིས་སངས་རྒྱས་དང༌། སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་མངོན་སུམ་དུ་མཐོང་ཞིང་མཇལ་བར་དཀའ་ན་ཡང། དེ་དག་གི་ཞལ་སྐྱིན་ནམ་སྐུ་ཚབ་སྟེ། གསུང་གི་རྟེན་བཀའ་བསྟན་གྱི་དམ་ཆོས་རྣམས་དང། ཐུགས་ཀྱི་རྟེན་མཆོད་རྟེན་སོགས་དང། སྐུ་བརྙན་སོགས་སྐུའི་རྟེན་རྣམས་ལ། སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས་དྲི་ཞིམ་སྨན་གྱི་མེ་ཏོག་རིགས་དང། བདུག་སྤོས། མར་མེ། ལྷ་བཤོས། སྒྲ་སྙན། འཕན། གདུགས། ཕྱེ་མ་ཕུར་མ་ལ་སོགས་པ་སྟེ། མདོར་ན་ང་ཚོ་མིའི་ལོངས་སུ་སྤྱོད་པའི་འདོད་ཡོན་སྣ་ལྔའི་མཆོད་པའི་སྤྲིན་ནམ་མཆོད་པ་རྒྱ་ཆེན་པོ་འབུལ་དགོས། ཞེས་སོ། །
ག༽ དགེ་འདུན་པའི་ཞབས་སུ་སྒྲུབ་པའི་བསོད་ནམས་གསོག་ཚུལ།
བསླབ་གསུམ་ལྡན་པའི་དགེ་འདུན་བསྙེན་བཀུར་ནས། །
ཐུབ་གསུང་སྒྲོག་སོགས་ཆོས་སྤྱོད་རྣམ་བཅུའི་ལས། །
རྣམ་གསུམ་འཁོར་ལོའི་བྱ་བ་ཆེར་སྤེལ་བའི། །
བསོད་ནམས་ཚོགས་ཆེན་གསོག་པ་གནད་དུ་ཆེ། །ཞེས་ཏེ།
བསླབ་པ་གསུམ་ལ་ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་དང་ལྡན་པའི་འཕགས་པའི་དགེ་འདུན་པའི་ཚོགས་ལ་བསྙེན་བཀུར་བྱས་ནས། སྟོན་པ་ཐུབ་པའི་དབང་པོའི་གསུང་རབ་སྒྲོག་འདོན་བྱེད་འཇུག་པ། རང་གིས་ཁ་ཏོན་བྱེད་པ། ཡི་གེར་འབྲི་བ། བློ་ལ་འཛིན་པ། གཞན་ལ་འཆད་པ། མཆོད་པ་འབུལ་བ། སྦྱིན་པ་གཏོང་བ། གསུང་ཆོས་ལ་ཉན་པ། ཆོས་ཀྱི་དོན་སེམས་པ་དང་དོན་སྒོམ་པ་བཅས་ཆོས་ཀྱི་སྤྱོད་ལམ་རྣམ་པ་བཅུ་བའི་ལས་ལ་བརྩོན་པ་དང། ཀློག་པ་ཐོས་བསམ་དང། སྤོང་བ་བསམ་གཏན་དང། བྱ་བ་ལས་ཀྱི་འཁོར་ལོ་སྟེ་རྣམ་གསུམ་འཁོར་ལོའི་བྱ་བ་རྒྱ་ཆེན་པོར་སྤེལ་བའི་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་གསོག་པ་ནི་གལ་གནད་ཆེའོ། །ཞེས་སོ། །
འདི་བར་གྱིས་ཚོགས་གསོག་དགེ་སྒྲུབ་ལ་འབད་དགོས་ཚུལ་བསྟན་ཏོ། །
གསུམ་པ་ལའང༌།
ཀ༽ སྦྱིན་པས་ཚོགས་གསོག་ཚུལ།
དབུལ་ཕོངས་སྐྱེ་རྒུ་ཀུན་ལ་སྦྱིན་པ་གཏོང། །
ཉམ་ཐག་ནད་པར་གོས་ཟས་སྨན་གྱིས་བསྐྱང། །
འཆི་ངེས་དུད་འགྲོ་གསོད་འོས་ནག་ཆེན་མི། །
སྲོག་བླུ་མི་འཇིགས་སྐྱབས་ཀྱི་སྦྱིན་པ་བྱ། །ཞེས་ཏེ།
སྤྲང་པོ་སོགས་དབུལ་ཕོངས་སྐྱེ་བོ་སུ་ཞིག་ཡིན་ན་ཡང་ཁྱད་པར་མེད་པར་ཀུན་ལ་སྙིང་རྗེ་ནས་སེར་སྣ་མེད་པའི་སྦྱིན་པ་གཏོང་བ་དང། ཉམ་ཐག་པའི་ནད་པ་ལ་གོས་དང། བཟའ་བཏུང། སྨན་སོགས་གྱིས་ཕན་འདོགས་པ་དང། ངེས་པར་འཆི་ལ་ཉེ་བའི་དུད་འགྲོའི་རིགས་ཤིག་མཐོང་ན་སྲོག་བླུ་བ་དང། ཉེས་མེད་ཁྲིམས་གཅོད་ཕོག་པའི་མི་ཞིག་ཡིན་ན་བཤད་ཅི་དགོས། ལག་དམར་སོགས་ཁྲིམས་འགལ་གྱི་ཉེས་ཆེན་པ་གསོད་འོས་པ་ཞིག་ཡིན་ན་ཡང་སྲོག་བླུས་ཏེ། མི་འཇིགས་པའི་སྐྱབས་ཀྱི་སྦྱིན་པས་འཇིགས་ཉེན་ཆེན་པོ་ལས་ཐར་བའི་དགའ་བ་སྦྱིན་པ་ལའང་འབད་པར་བྱ། ཞེས་འཇིག་རྟེན་པ་ཚོས་ནུས་པའི་སྦྱིན་པ་ལ་འབད་པར་གདམས་པའོ། །
ཁ།༽ ཚུལ་ཁྲིམས་ཀྱིས་ཚོགས་གསོག་ཚུལ།
ལྷ་མིའི་རྟེན་བཟང་ཐོབ་པའི་རྒྱུའི་གཙོ་བོ།
བྱ་སླ་ཚེགས་ཆུང་ཡན་ལག་བརྒྱད་པའི་ཁྲིམས། །
ཉ་སྟོང་བརྒྱད་གསུམ་རྣམས་ལ་ལེགས་བླངས་ནས། །
དམ་བཅའ་སྡོམ་པ་ཚུལ་བཞིན་སྲུང་བར་མཛོད། །ཅེས་ཏེ།
བདེ་འགྲོའི་གཙོ་བོ་ལྷ་དང་མི་ཡི་ལུས་རྟེན་བཟང་པོ་འདི་འདྲ་ཐོབ་པའི་བསོད་ནམས་ཚོགས་གསོག་གི་རྒྱུ་གཙོ་བོ་ནི། བྱ་སླ་བ་དཀའ་ཚེགས་མེད་པ་ཡན་ལག་བརྒྱད་པའི་ཁྲིམས་ཏེ། སྲོག་གཅོད་དང། མ་བྱིན་ལེན། ལོག་གཡེམ། རྫུན། ཆང་འཐུང་བ། སྟན་མཐོན་པོར་འདུག་པ། གླུ་གར་བྱེད་པ་སོགས་དང། ཕྱི་དྲོའི་ཟས་བཅས་པ་སྤོང་བའི་ཉིན་ཞག་གཅིག་གི་སྡོམ་པ་སྟེ། དེ་ཡང། ཟླ་བ་ཉ་གང་བའི་ཚས་བཅོ་ལྔ་དང། གནམ་གང། ཚེས་བརྒྱད་གསུམ་ནི་གཟའ་སྐར་གཞན་ལས་ལྷག་པར་དགེ་སྟོབས་འཕེལ་བའི་རྟེན་འབྲེལ་གྱི་དུས་བཟང་ཞིག་ཡིན་པས། བླ་མའམ་རྟེན་གྱི་དྲུང་དུ་དད་པས་སྟན་དམའ་བར་བསྡད་དེ་ཚུལ་བཞིན་ལེགས་པར་བླངས་ནས། གོང་གི་སྤང་བྱ་བརྒྱད་པོ་སྤང་བར་དམ་བཅས་པའི་སྡོམ་པ་ཚུལ་བཞིན་གཙང་མར་སྲུང་བར་མཛོད་ཅིག ཅེས་ཁྱིམ་པ་ཚོས་སྲུང་བའི་སོ་ཐར་གྱི་སྡོམ་པའམ་ཚུལ་ཁྲིམས་སྲུང་བར་གདམས་པའོ། །
ག༽ བཟོད་པས་ཚོགས་གསོག་ཚུལ།
ཚིག་རྩུབ་མཚོན་ལ་ཅི་མི་སྙམ་པའི་གོ །
བཙན་པོར་གྱོན་ན་རང་རྒྱུད་མི་འཁྲུགས་པས། །
རྣམ་པར་དགེ་བའི་སྲོག་རྩ་མི་གཅོད་ཅིང། །
སྔར་བསགས་འཕེལ་བའི་ཐབས་ཚུལ་འདི་ལ་བརྩོན། །ཞེས་ཏེ།
གཞན་གྱིས་གཤེ་བ་སོགས་ཚིག་རྩུབ་མོ་མཚོན་ཆ་ལྟ་བུ་གང་ཞིག་ཐོས་ན་ཡང་བྲག་ཅ་ལྟར་ཅི་ཡང་མི་སྙམ་པའི་བཟོད་བསྲན་གྱི་གོ་ཆ་བཙན་པོའམ་ཁྲབ་མཁྲེགས་པོ་དེ་གྱོན་པ་ཡིན་ན༑ གོ་ཁྲབ་ཀྱིས་གྲི་མདུང་བཀག་ནས་ལུས་ལ་མི་གནོད་པ་ཇི་བཞིན་དུ། ཚིག་རྩུབ་དག་གིས་ཀྱང་རང་རྒྱུད་འཁྲུགས་པར་མི་འགྱུར་བ་སྟེ། རང་སེམས་མ་བདེ་མ་སྐྱིད་པར་འཚིག་པ་ཟ་བ་དང་ཁོང་ཁྲོ་ལང་བར་མི་འགྱུར་བར་བག་ལྷོད་པོར་གནས་ཐུབ་ལ། དེ་ལྟར་ཁོང་ཁྲོ་སྐྱེ་མ་བཅུག་པས་རྣམ་དཀར་དགེ་བའི་སྲོག་རྩ་མི་གཅོད་པ་སྟེ། ཁོང་ཁྲོ་ཆེན་པོས་སྔར་བསགས་དགེ་བ་འཇོམས་པར་འགྱུར་བའི་ཉེས་པ་ཆེན་པོའང་འགོག་ཐུབ་པ་མ་ཟད། སྔར་བསགས་པའི་དགེ་བ་ལྷག་པར་འཕེལ་བར་འགྱུར་བའི་ཐབས་ཚུལ་བཟང་པོ་མཐུ་ལྡན་འདི་ལ་བརྩོན་ཅིག ཅེས་ཁྲོ་བའི་ཉེས་པ་འགོག་པའི་བཟོད་པ་སྒོམ་པ་ལ་གདམས་པའོ། །
ང༌།༽ བརྩོན་འགྲུས་ཀྱིས་ཚོགས་གསོག་ཚུལ།
སྒྱིད་ལུག་ལེ་ལོ་བཏང་སྙོམས་དབང་སོང་ན། །
ལེགས་པའི་ཡོན་ཏན་གང་ཡང་འགྲུབ་དཀའ་བས། །
དལ་མེད་བརྩོན་པ་ཆེན་པོས་འབད་བྱས་ན། །
ཆེས་ཆེར་དཀའ་བའི་ལས་ཀྱང་ལྷུན་གྱིས་འགྲུབ། །ཅེས་ཏེ།
ལས་ཀ་བྱེད་འདོད་མེད་པའི་སྒྱིད་ལུག་དང་རྣམ་པར་གཡེང་བའི་ལེ་ལོ། ཡང་ན་གང་བྱུང་ཡང་བྱུང་། ཅི་བྱས་ཀྱང་བྱས་སྙམ་པའི་བཏང་སྙོམས་བཅས་ཀྱི་གཞན་དབང་དུ་སོང་བ་ཡིན་ན༑ བསོད་ནམས་ཚོགས་གསོག་སོགས་ཀྱི་དགེ་བ་དང། ཡི་གེ་སློབ་པ་སོགས་ཀྱི་ལེགས་པའི་ཡོན་ཏན་གང་ཡང་འགྲུབ་དཀའ་བ་ཡིན་པས། དལ་བའམ་སོས་བདེ་བོར་མི་སྡོད་པར་དགེ་བའི་ལས་ལ་བརྩོན་པ་ཆེན་པོས་འབད་པར་བྱས་ན། ཧ་ཅང་དཀའ་བའི་ལས་ཀ་དག་ཀྱང་རིམ་བཞིན་ངང་གིས་འགྲུབ་པར་འགྱུར་པར་འགྱུར་རོ། །ཞེས་བྱ་བ་མཐའ་དག་བརྩོན་པའི་རྗེས་སུ་འགྲོ་བས་དགེ་བའི་ལས་ལ་བརྩོན་འགྲུས་རྩོམ་པར་གདམས་པའོ། །
ཅ།༽ ཏིང་འཛིན་གྱིས་ཚོགས་གསོག་ཚུལ།
དེ་བཞིན་གཤེགས་སྐུ་ལ་སོགས་དམིགས་རྟེན་ལ། །
མ་ཡེངས་གཞོལ་བའི་ཏིང་འཛིན་བརྟན་པོའི་རྒྱུན། །
ཆད་མེད་བསྟར་ན་ཉོན་མོངས་མངོན་གྱུར་མགོ །
ཟིལ་གནོན་ལུས་སེམས་ལས་རུང་བསམ་གཏན་རྙེད། །ཅེས་ཏེ།
དེ་ལྟར་དགེ་ལ་སྤྲོ་བའི་བརྩོན་འགྲུས་ཆེན་པོ་བརྩམས་ཐུབ་པ་ན། བསམ་གཏན་སྒོམ་པ་སོགས་ཀྱང་འགྲུབ་པས་དེ་དག་ལ་གཞོལ་བར་གདམས་པ་ནི། དེ་བཞིན་གཤེགས་པ་དང་བླ་མ་ཡི་དམ་གང་ཞིག་གི་སྐུ་རྟེན་ལ་དམིགས་པ་གཏད་དེ། སེམས་མ་ཡེངས་པར་དེ་ཉིད་སྒོམ་པ་ལ་གཞོལ་བའམ་བརྩོན་པ་ནས་རིམ་བཞིན་བྱམས་པ་དང་སྙིང་རྗེ་ལ་སོགས་པ་དགེ་བའི་ཆོས་སྒོམ་པའི་ཏིང་འཛིན་བརྟན་པོའི་རྒྱུན་ཡུན་རིང་མཚམས་མ་ཆད་པར་ཉིན་བཞིན་འཕྲོ་བསྟར་ཐུབ་པ་ཡིན་ན། འདོད་ཆགས་ཞེ་སྡང་སོགས་ཉོན་མོངས་མངོན་འགྱུར་རགས་པ་རྣམས་ཀྱི་མགོ་ཟིལ་གྱིས་གནོན་ཐུབ་པའི་ལུས་སེམས་ལས་སུ་རུང་བ་སྟེ། ལུས་བདེ་བའི་ངང་རང་སེམས་གང་ལ་རྩེ་གཅིག་ཏུ་འཇུག་པའི་ཁ་ལོ་སྒྱུར་ནུས་པའི་བསམ་གཏན་རྙེད་པའམ་ཐོབ་པར་འགྱུར་རོ། །ཞེས་ཉོན་མོངས་འགོག་ཅིང་དགེ་བ་དང་ཤེས་རབ་འཕེལ་བའི་ཐབས་མཆོག་ཞི་གནས་སམ་བསམ་གཏན་སྒོམ་པ་གདམས་པའོ། །
ཆ།༽ ཤེས་རབ་ཀྱིས་ཚོགས་གསོག་ཚུལ།
ཆོས་རྣམས་སོ་སོའི་གདགས་གཞིའི་སྟེང་ཙམ་ན། །
རྟོག་པས་བཏགས་པ་ལས་གཞན་དོན་དམ་དུ། །
མ་རྙེད་རྟེན་ཅིང་འབྲེལ་འབྱུང་དབུ་མའི་ལམ། །
ཤེས་རབ་མཚོན་གྱིས་འཁོར་བའི་རྩ་བ་གཅོད། །ཅེས་ཏེ།
གང་ཟག་དང་བཅས་པའི་ཆོས་ཐམས་ཅད་སོ་སོའི་མིང་གི་གདགས་གཞིའི་སྟེང་དེ་ཙམ་ན། ང་ཚོས་རྟོག་པས་བཏགས་པའི་དགེ་སྐྱོན་སོགས་ཀུན་རྫོབ་བདེན་པ་ལས་གཞན་དུ༑ རང་ངོས་ནས་གདོད་མ་ནས་གྲུབ་པའི་དོན་དམ་པའི་བདེན་པའི་ཆོས་ཅི་ཡང་རིགས་པས་རྙེད་དུ་མེད་པར་རང་བཞིན་གྱིས་སྟོང་པས་རྒྱུ་འབྲས་མེད་པར་ལྟ་བའི་ཆད་པའི་མཐའ་ལ་མ་ལྷུང་བ་དང། ཆོས་ཐམས་ཅད་སྒྱུ་མ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་སྣང་བའི་རང་བཞིན་ཅན་ཡིན་པས་རྟག་པའི་མཐར་མ་ལྷུང་བའི་དབུ་མའི་ལམ་དེ་ཉིད། འཇོག་སྒོམ་དང་བཅས་པའི་སོ་སོར་དཔྱོད་པའི་ཤེས་རབ་ཀྱི་མཚོན་རྣོན་པོ་དེ། ཏིང་ངེ་འཛིན་གྱི་མཐུ་ལ་བརྟེན་པའི་ཞི་ལྷག་ཟུང་འབྲེལ་གྱི་བདག་མེད་རྟོགས་པའི་ཤེས་རབ་དེ་ཉིད་ཀྱིས། འཁོར་བའི་རྩ་བ་སྟེ་ཉོན་མངས་ཀུན་གྱི་གཞི་རྩ་བདག་འཛིན་མ་རིག་པ་དྲུངས་ནས་འབྱིན་པའམ་གཅོད་པར་བྱེད་དགོས། ཞེས་འཁོར་བ་དོང་ནས་སྤྲུགས་པ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་དགོས་པར་གདམས་པ་ལགས་སོ། །
འདི་བར་གྱིས་ཐེག་པ་ཆེན་པོའི་ལམ་ཕ་རོལ་དུ་ཕྱིན་པ་དྲུག་གི་ཐབས་ཤེས་ཟུང་དུ་འབྲེལ་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གསོག་ཚུལ་བསྟན།
བཞི་པ་ལའང༌།
ཀ༽ བར་གཅོད་བཟློག་ཅིང་མཐུན་རྐྱེན་སྒྲུབ་ཕྱིར་ཡི་དམ་དང་ཆོས་སྐྱོང་བསྟེན་གསོལ་དགོས་པར་གདམས་པ།
ཡིད་སྲུབ་སྡེ་བཅས་མཐར་བྱེད་གསང་བའི་བདག །
དྲན་པས་འཆི་བདག་དཔུང་འཇོམས་ཚེ་དཔག་མེད། །
བླ་མགོན་དབྱེར་མེད་མྱུར་མཛད་ཕྱག་དྲུག་པ། །
འདི་ཕྱི་བར་དོའི་སྐྱབས་ཡིན་རྟག་ཏུ་བསྟེན། །ཞེས་ཏེ།
ཡིད་སྲུབ་སྟེ། འདོད་པའི་ཡོན་ཏན་གྱི་འཕྲུལ་གྱིས་འདོད་ལྡན་སྐྱེ་བོའི་ཚོགས་ཀྱི་ཡིད་འཁྲུགས་པར་བྱེད་པའི་འདོད་ལྷ་དགའ་རབ་དབང་ཕྱུག་སྡེ་དང་བཅས་པ་འཇོམས་པར་བྱེད་པའི་གསང་བ་སྔགས་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་དང། མཚན་ཙམ་དྲན་པས་ཀྱང་འཆི་བདག་དཔུང་འཇོམས་ཏེ་དུས་མིན་འཆི་བའི་འཇིགས་པ་ལས་སྐྱོབ་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པ། རང་གི་རྩ་བའི་བླ་མ་དང་མགོན་པོ་དབྱེར་མེད་པ་འཕྲིན་ལས་མཐའ་དག་མྱུར་བར་མཛད་པ་པོ་ཡེ་ཤེས་ཀྱི་སྲུང་མ་མགོན་པོ་ཕྱག་དྲུག་པ་བཅས། ཚེ་འདི་དང་སྐྱེ་བ་ཕྱི་མ། བར་དོའི་གནས་སྐབས་དང་བཅས་པའི་བར་ཆད་ཀུན་སེལ་ཞིང་བསམ་དོན་ཆོས་བཞིན་འགྲུབ་པར་བྱེད་པའི་སྐྱབས་དང་མགོན་ཉིད་ཡིན་པས་རྟག་ཏུ་ཕྱག་འཚལ་དང་འཕྲིན་བཅོལ་གསོལ་འདེབས་དགོས་ཚུལ་བསྟན་པའོ། །འདི་དང་འོག་མ་དག་ནི་གཙོ་བོ་སྐུལ་པ་པོར་དགོངས་ནས་གསུངས་སམ་སྙམ།
ཁ།༽ རྒྱལ་པོས་རྒྱལ་སྲིད་ཆོས་བཞིན་སྐྱོང་རྒྱུ་གལ་ཆེ་བར་གདམས་པ།
དེ་ཡང་གནམ་དང་ས་ཡི་དཀྱིལ་འཁོར་ལ། །
དབང་ཕྱུག་མི་ཡི་རྒྱལ་པོ་ཆེན་པོ་རྣམས། །
རང་ཉིད་གཅིག་པུར་དགེ་སྦྱོར་ལ་གཞོལ་ལས། །
བསྟན་འགྲོའི་བདེ་ཐབས་བསྒྲུབ་པ་མཆོག་ཏུ་བསྔགས། །ཞེས་ཏེ།
དེ་ལྟ་ན་ཡང་གནམ་སའི་ཁྱོན་ལ་དབང་སྒྱུར་བའི་བསོད་ནམས་དང་མཐུ་སྟོབས་ཀྱི་བདག་པོ་འགྲོ་བ་མིའི་རྒྱལ་པོ་ཆེན་པོ་རྣམས་ཀྱིས། རྒྱལ་སྲིད་སྐྱོང་བའི་བྱ་བ་སྤངས་ཏེ་རང་ཉིད་གཅིག་པུར་གནས་ཤིང་དགེ་སྦྱོར་ལ་བརྩོན་པ་དེ་ལས། སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བ་དང་རང་གི་འབངས་སོགས་འགྲོ་བ་མང་པོའི་བདེ་སྐྱིད་ཀྱི་ཐབས་ཚུལ་བསྒྲུབ་པ་ནི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་པོ་རྣམས་ཀྱི་མཛད་པ་མཆོག་ཏུ་གྱུར་བར་བསྔགས་སོ། ། ཞེས་ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་སྲིད་སྐྱོང་བ་ལ་གདམས་པའོ། །
ག༽ རྒྱལ་ཁབ་ཚང་མ་འཆམ་མཐུན་མཉམ་གནས་དང་སྲིད་ལུགས་བཟང་པོས་རྒྱལ་འབངས་སྐྱོང་བར་གདམས་པ།
ཉི་འོག་མི་ཡི་བདག་པོ་ཆེ་རྣམས་དང། །
ཕན་ཚུན་མཉེས་གཤིན་བྱམས་པའི་སེམས་བཟང་པོས། །
རང་རང་མངའ་རིས་རྣམས་ཀྱིས་ཆོག་ཤེས་ཤིང། །
འབངས་ཀུན་བདེ་ཕྱིར་བཟང་པོའི་གཞུང་བཟང་སྤེལ། །ཞེས་ཏེ།
ཉི་མའི་དཀྱིལ་འཁོར་ཆེན་པོའི་འོག་གམ། ཡང་ན། གནམ་འོག་གི་མི་བདག་རྒྱལ་པོ་ཆེན་པོ་རྣམས་དང། ཕན་ཚུན་ཐུགས་མཉེས་ཤིང་གཤིན་པ་མཛའ་གྲོགས་སུ་བསྡེབས་ཤིང། ཀུན་ལ་བྱམས་པའི་སེམས་པ་བཟང་པོས་རྒྱལ་པ་རང་རང་སོ་སོའི་མངའ་རིས་སམ་མངའ་ཐང་ལོངས་སྤྱོད་ཅི་ཙམ་ཡོད་པ་དེས་ཆོག་ཤེས་པ་གནང་ནས། འབངས་མི་རིགས་ཚང་མ་བདེ་ཞིང་སྐྱིད་པའི་ཆེད་དུ། རང་གི་གཞུང་དེ་ཉིད་ཡ་རབས་ཁྲིམས་བཟང་དང་ལྡན་པའི་ངང་ནས་ཡར་རྒྱས་གོང་འཕེལ་གཏོང་དགོས་པའོ། །
ང༌།༽ ཆོས་ལུགས་རིས་མེད་ཀྱིས་སྲིད་སྐྱོང་བར་གདམས་པ།
སངས་རྒྱས་ཐུགས་རྗེ་ཕྱོགས་བྲལ་འགྲོ་བ་ལ། །
འཇུག་ཕྱིར་ཡང་དག་ཆོས་ལ་རིས་མེད་ཀྱང། །
གནའ་བོའི་དུས་ནས་དར་བའི་ཡབ་མེས་ཀྱི། །
ཆོས་ལུགས་གྲུབ་པའི་མཐའ་དེ་ཤིན་ཏུ་ཤིས། །ཞེས་ཏེ།
སངས་རྒྱས་ཀྱི་ཐུགས་རྗེ་ནི་ཕྱོགས་རིས་བྲལ་བ་འགྲོ་བ་ཀུན་ལ་སྙོམ་པར་འཇུག་པ་ཅན་ཡིན་པས། ཡང་དག་པའི་དམ་པའི་ཆོས་དེ་ཡང་སུ་ཞིག་གིས་འཛིན་སྐྱོང་སྤེལ་བ་གནང་ཆོག་པ་ལས་མི་རིགས་དང་རིགས་རུས་སོགས་ཀྱི་ཁྱད་པར་དང་དབྱེ་བ་ཕྱེ་བའི་ཕྱོགས་རིས་མེད་ན་ཡང། གནའ་བོའི་དུས་ནས་དར་བའི་མི་རིགས་སོ་སོའི་ཡབ་མེས་ཀྱི་ཆོས་ལུགས་མི་འདྲ་བའི་རིགས་ཀྱི་ལྟ་གྲུབ་གང་ཡན་པ་དེ་ནི་ཡུལ་དེའམ་མི་རིགས་དེ་ལ་ཤིན་ཏུ་བཀྲ་ཤིས་པར་འགྱུར་པའི་དགེ་མཚན་ཆེའོ། །ཞེས་རྒྱལ་པོ་ཚོས་ཆོས་ལུགས་གྲུབ་མཐའ་མི་འདྲ་བ་སོ་སོ་རང་སོར་བཞག་ནས་སྲུང་སྐྱོབ་དགོས་པར་གདམས་སོ། །
ཅ།༽ སོག་ཡུལ་དུ་དགེ་ལུགས་པའི་ཆོས་བརྒྱུད་དར་ཚུལ་བསྟན་པ།
བྱང་ཕྱོགས་ཆེན་པོ་ཧོར་གྱི་རྒྱལ་ཁམས་སུ། །
ཨལ་ཐན་ཆོས་ཀྱི་རྒྱལ་པོའི་ཏི་ཤི་རིར། །
བསོད་ནམས་མཚན་ལྡན་ཏཱ་ལའི་བླ་མ་གང། །
བྱོན་ནས་དེང་བར་ཞྭ་སེར་ཅན་གྱིས་ཁྱབ། །ཅེས་ཏེ།
སྐབས་སུ་བབ་པ། ལེགས་བཤད་རྩོམ་པར་སྐུལ་བ་བོའི་ཕ་ཡུལ་བོད་གངས་ཅན་གྱི་བྱང་ཕྱོགས་སྟོབས་ཆེན་ཧོར་གྱི་རྒྱལ་ཁམས་སུ། ཨལ་ཐན་ཆོས་རྒྱལ་གྱི་དབུ་བླ་ལ། བསོད་ནམས་རྒྱ་མཚོའི་མཚན་ཅན་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་དེ་ཉིད་བྱོན་ནས་དམ་པའི་ཆོས་སྤེལ་བ་དེ་ནས་བཟུང་དེང་སང་གི་བར་དུ། འདིར་ལྔ་པ་ཆེན་པོ་རང་གི་སྐབས་སོག་ཡུལ་ལ་ཞྭ་སེར་ཅན་རི་བོ་དགེ་ལུགས་པའི་གྲུབ་མཐའ་འཛིན་མཁན་མང་པོ་འབྱུང་བཞིན་པའི་ལོ་རྒྱུས་མདོར་བསྟན་པའོ། །
ཆ།༽ དགེ་ལུགས་པའི་ཐུན་མིན་སྲུང་མ་བསྟེན་པར་གདམས་པ།
རྒྱུ་མཚན་དེས་ན་འཇམ་མགོན་ཙོང་ཁ་པའི། །
བསྟན་པ་རིན་ཆེན་བཀུར་ན་ཕྱག་དྲུག་མགོན། །
ལས་གཤིན་འདོད་ཁམས་མ་སོགས་ཆོས་སྲུང་གིས། །
རྟག་ཏུ་སྲུང་ཞིང་མངའ་ཐང་བདེ་སྐྱིད་འཕེལ། །ཞེས་ཏེ།
དོན་དངོས་རྒྱུ་མཚན་དེ་ལ་བརྟེན་ནས། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་རྗེ་བློ་བཟང་གྲགས་པའི་དཔལ་གྱི་བསྟན་པ་རིན་པོ་ཆེར་གུས་ཤིང་བཀུར་བ་ཡིན་ན། མགོན་པོ་ཕྱག་དྲུག་པ་དང། ལས་གཤིན་དམ་ཆེན་ཆོས་རྒྱལ། འདོད་ཁམས་བདག་མོའམ་དཔལ་ལྡན་ལྷ་མོ། རྣམ་ཐོས་སྲས་སོགས་ནས་རྟག་ཏུ་འགལ་རྐྱེན་དུ་མ་ལས་སྲུང་ཞིང་རྒྱལ་པོའི་མངའ་ཐང་ལོངས་སྤྱོད་དག་ཀྱང་འཕེལ་ནས་རྒྱལ་ཁམས་བདེ་ཞིང་སྐྱིད་པར་འགྱུར། ཅེས་པའོ། །
སྐབས་འདིར་ཞོར་དུ་ངེས་པར་གླེང་དགོས་པ་ནི། ཁ་ཅིག་གིས་རི་བོ་དགེ་ལུགས་པའི་ཐུན་མིན་སྲུང་མ་དོལ་རྒྱལ་ཡིན་པར་བསྒྲགས་ཤིང་སྐྱབས་སུ་འགྲོ་བ་ནི། བླ་མ་རེ་འགའི་ནོར་འཁྲུལ་ལམ་བྱས་ཉེས་ཀྱིས་བྱུང་ཞིང༌། རིམ་བཞིན་རྒྱ་དམར་གྱི་སྲིད་དོན་དང་ཉོག་མར་འདྲེས་པའི་བོད་སྤྱིའི་བསྟན་སྲིད་ལ་གནོད་ཚབས་ཆེ་བའི་ནད་ཡམས་ཤིག་ཡིན་ཚུལ། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་དཔར་འགྲེམས་གནང་བའི་དོལ་རྒྱལ་གྱི་བྱུང་རིམ་དང་རྙོག་གླེང་ལ་དཔྱད་པ་གཡའ་སེལ་མེ་ལོང་ཞེས་པར་གཟིགས་དང་ཧ་ཅང་གསལ་ལོ། །
ཇ།༽ ཆོས་སྲིད་ཟུང་འབྲེལ་ནི་འདི་ཕྱི་ཀུན་དགེའི་ལུགས་བཟང་ཡིན་པར་གདམས་པ།
ལུགས་གཉིས་ཟུང་འབྲེལ་ཡབ་མེས་རྒྱལ་པོའི་ཁྲི། །
མནན་ནས་ས་ཆེན་འཇམ་དར་ཡུག་གཅིག་དང། །
ཕ་རོལ་ཕྱིན་དྲུག་སྤྱོད་པ་ཉེར་སྤྱད་པས། །
འདི་ཕྱི་གཏན་གྱི་འདུན་མ་ལྷུན་གྱིས་འགྲུབ། །ཅེས་ཏེ།
གནའ་སྔ་མོ་ཞིག་ནས་རྒྱ་དཀར་ནག་དང་བོད་སོག་གཉིས་སུ་སངས་རྒྱས་ཆོས་ལུགས་ཀྱི་དགེ་བཅུའི་ཁྲིམས་སྲོལ་གྱིས་གཙོས་རྒྱལ་སྲིད་ཆོས་བཞིན་སྐྱོང་ཚུལ་གྱི་ལུགས་གཉིས་སྐྱོང་བར་མཛད་པའི་ཡབ་མེས་གོང་མ་དག་གི་རྒྱལ་པོའི་སྲིད་ཁྲི་ཞབས་ཀྱིས་མནན་ནས། རང་རང་གི་རྒྱལ་ཁོངས་སྐབས་དོན་གཙོ་བོ་ཆེན་པོ་ཧོར་ས་ཆེན་པོའི་ཁོར་ཡུག་ཀུན་ཆོས་ཁྲིམས་འཇམ་དར་ཡུག་གཅིག་གིས་ཁེབས་པར་གནང་ཞིང། སྦྱིན་སོགས་གོང་དུ་སྨྲས་པའི་ཕར་ཕྱིན་དྲུག་གི་ཐེག་པ་ཆེན་པོའི་ཆོས་ཀྱང་ལེགས་པར་བསྒྲུབས་ན། དེ་དག་གི་དགེ་བའི་མཐུ་ཆེན་པོས་ཚེ་འདིའི་རྒྱལ་སྲིད་ཀྱི་བྱ་བ་དང༌། ཕྱི་མ་མངོན་མཐོ་དང་ངེས་ལེགས་གཏན་གྱི་འདུན་མ་ཡང་ལྷུན་གྱིས་འགྲུབ། ཅེས་པའོ། །
གོང་གསལ་འདི་དག་གིས་རྒྱལ་སྲིད་ཆོས་བཞིན་སྐྱོང་ཚུལ་ལ་གདམས་སོ། །
ཐ་མ་མཇུག་གི་གཏམ།
ཀ༽ དམ་པའི་ཆེ་བ་ཁེངས་པ་བསྐྱུངས་པའི་ཡོན་ཏན།
དེ་ལྟར་ཆོས་སྲིད་བླང་དོར་རང་ཉིད་ལ། །
མི་ལྡན་ནེ་ཙོའི་བརྗོད་པ་ལྟ་བུའི་ཚིག །
སྨྲ་ལ་མཁས་རྣམས་ཁྲེལ་ཡང་སྟོན་ཟླ་ལྟར། །
ཆེས་དཀར་སེམས་བཟང་བ་ལ་ཉེས་པ་མེད། །ཅེས་ཏེ།
གོང་དུ་ལུགས་གཉིས་ཀྱི་བྱ་བར་གདམས་པ་དེ་ལྟར་ཡང། རྩོམ་པ་པོ་རང་ཉིད་ལ་ཆོས་སྲིད་བླང་དོར་གྱི་མཁྱེན་དཔྱོད་དང་ཡོན་ཏན་ཆེན་པོ་མི་ལྡན་ན་ཡང༌། འཕགས་པ་ཀླུ་སྒྲུབ་དང་ས་པཎ་སོགས་ལུགས་གཉིས་ལ་མཁས་ཤིང་མཛངས་པ་དག་གི་ལེགས་བཤད་གཞིར་བཞག་གིས་ནེ་ཙོའི་ལད་ཟློས་ལྟར་བསྐྱར་དུ་བཟློས་པ་འདིཙམ་ལ། ལུགས་གཉིས་སྨྲ་བའི་མཁས་དབང་རྣམས་ཁྲེལ་བའམ་འཕྱ་སྨོད་དུ་འགྱུར་ན་ཡང༌། རབ་དཀར་སྟོན་མཚན་གྱི་ཟླ་བ་ཉ་གང་བའི་འོད་ཀྱིས་གངས་ཀྱི་རི་བོ་སོགས་ལྷག་པར་གསལ་ཞིང་མཛེས་པར་འགྱུར་བའི་དཔེ་ལྟར། འདིར་ཡང་རྒྱལ་པོ་གང་གིས་བསྐུལ་ངོ་མ་བཟློག་ཅིང། ཁོང་དང་གཞན་དག རྗེས་རབས་པ་ཚོར་ཡང་ཅུང་ཟད་ཕན་པར་འགྱུར་བར་སྙམ་པའི་ལྷག་བསམ་ཁོ་ནས་སྨྲས་པས་ན། རང་གནོང་གི་ཉེས་པ་ཅི་ཡང་མེད། ཅེས་པའོ། །
དོན་དངོས་སུ། ྋགོང་ས་ལྔ་པ་ཆེན་པོ་ནི་སྐབས་དེའི་རྒྱ་སོག་གི་རྒྱལ་བློན་འབངས་གསུམ་གྱིས་ཀྱང་བརྩི་བཀུར་དང་མན་ངག་ཞུ་སའི་ལུགས་གཉིས་ཀྱི་མཁྱེན་རྩལ་ཕུལ་དུ་བྱུང་ལ་མཛངས་པའི་ཕྱག་རྗེས་ཅན་ཞིག་ཡིན་བཞིན་དུའང་འདི་ལྟར་རང་ཉིད་དམན་སར་འབབ་པ་ནི་དམ་པའི་ཆེ་རྟགས་ཅི་ལ་མིན།
ཁ།༽ ཤིས་པར་སྨོན་པ།
འདིས་མཚོན་དགེ་བས་གནམ་བསྐོས་མི་ཡི་བདག །
བཙུན་མོ་སྲས་བཅས་བློན་འབངས་རབ་བརྟན་ཅིང། །
མངའ་ཐང་དཔལ་འབྱོར་རྣམ་མང་ཐོས་སྲས་དང། །
མཚུངས་པའི་སྐལ་བ་བཟང་པོར་འགྱུར་བར་ཤོག །ཅེས་ཏེ།
ལེགས་བཤད་འདིས་མཚོན་བདག་གི་དགེ་བ་ཇི་སྙེད་པའི་མཐུས། རྡོ་རྗེའི་ལུང་གིས་ཟིན་པའི་གནམ་བསྐོས་མི་ཡི་བདག་པོ་གུ་ཤྲི་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་བཙུན་མོ་སྲས་དང་བཅས་པ་དང། གང་གི་བློན་པོའི་ཚོགས་དང་འབངས་མི་སེར་བཅས་པའི་ཚེ་སྲོག་རབ་ཏུ་བརྟན་ཅིང། སྲིད་ཀྱི་མངའ་ཐང་རྒྱས་ཤིང༌། དཔལ་འབྱོར་ལོངས་སྤྱོད་ནོར་ལྷ་རྣམ་ཐོས་སྲས་དང་མཚུངས་པའི་བདེ་དགའི་སྐལ་བ་བཟང་པོར་འགྱུར་བར་ཤོག་ཅིག ཅེས་དགེ་བ་བསྔོས་ཏེ་བཀྲ་ཤིས་པར་བརྗོད་པའོ། །
ག༽ ཞོར་དུ་བསླབ་བྱ་འདི་ཉིད་ཇི་ལྟར་བརྩམས་པའི་ཚུལ་སོགས།
དེ་ལྟར་ལུགས་གཉིས་དང་འབྲེལ་བའི་བསླབ་བྱའི་རིམ་པ་མུ་ཐི་ལའི་འཕྲེང་བ་འདི་ནི་ཚེ་རིང་གནམ་གྱི་ཤེ་མོང་གིས་སྟོབས་ཀྱི་དབང་ཕྱུག་ཆིང་གིས་རིགས་ལས་ཁལ་ཁ་ཐུ་ཤེ་ཡེ་ཐུ་རྡོ་རྗེ་རྒྱལ་པོས་རི་ཁ་བ་ཅན་གྱི་ལྗོངས་སུ་དཀོན་མཆོག་གསུམ་ལ་བླ་མར་བཟུང་སྟེ་མཆོད་པར་བྱོན་པའི་ཚེ་རྩོམས་ཤིག་ཅེས་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་རིགས་ལས་སྡེ་སྣོད་གསུམ་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་ཕོ་བྲང་ཆེན་པོ་པོ་ཏཱ་ལར་སྦྱར་བའི་ཡི་གེ་བ་ནི་འཕྱོངས་རྒྱས་བཀྲས་རབ་ཕུན་ཚོགས་དབང་པོའོ།། །།
ཞེས་པའི་ཚིག་དོན་གོ་སླ་ཡང༌། ལོ་རྒྱུས་ཀྱི་གནས་ཚུལ་ཞིབ་པ་ནི། རང་རྣམ་དཱུ་ཀུ་ལའི་གོས་བཟང་དུ་གསལ་བས་གཟིགས་པར་འཚལ་ལོ། །(ཆ་ཚང་རྫོགས་སོ།།)
(ཆབ་བྲག་ལྷ་མོ་སྐྱབས་ལགས་ནི། བོད་མི་མང་སྤྱི་འཐུས་དང་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན།)