༢༠༢༦ ལོའི་རྒྱ་གར་རྡ་རམ་ས་ལའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགོ་བྱེད་དང་འཐུས་མིའི་འོས་བསྡུ།
༢༠༢༦ ལོའི་རྒྱ་གར་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐྱབས་བཅོལ་བ་བོད་མི་འབུམ་གཅིག་ལྷག་ཙམ་གྱི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་རྒྱ་གར་རྡ་རམ་ས་ལར་གནས་ཆགས་པ་དེའི་འགོ་བྱེད་གསར་པ་སྲིད་སྐྱོང་ཞེས་པ་དང་ལས་དོན་བྱ་ཕྱོགས་ཀྱི་ཁྲིམས་སྒྲིག་བཟོ་མཁན་འཐུས་མི་ལྷན་ཚོགས་སྤྱི་འཐུས་ཟེར་བ་བཅས་ཀྱི་འོས་བསྡུ་བྱ་བའི་དུས་ཚོད་འཁེལ་གྱི་ཡོད། སྒྲིག་འཛུགས་དེའི་འོག་གི་ཚོགས་མིའི་བཅའ་ཁྲལ་ལག་དེབ་ལྗང་ཁུ་འཁྱེར་མཁན་འཛམ་གླིང་ས་གནས་གར་ཡོད་ནས་འོས་འཕེན་གྱི་ཡོད་པ་དང་། དེའི་སྔོན་འགྲོ་དང་དངོས་གཞིའི་འོས་མི་བཅས་ཀྱི་ཆེད་མི་མང་སོ་སོ་ནས་རང་རང་འདོད་མོས་ཀྱི་ཕྱོགས་ཁག་ཕན་ཚུན་ཡར་འཐེན་མར་འཐེན་གྱིས་དྲིལ་བསྒྲགས་དང་བགྲོ་གླེང་དངོས་ཤུགས་བརྒྱུད་གསུམ་ནས་བྱེད་པ་དང་ལྷག་པར་སྤྱི་ཚོགས་དྲ་རྒྱའི་ཐོག་ནས་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་ཀུན་གྱི་མཐོང་གསལ་ལྟར་རེད།
བགྲོ་གླེང་ནང་ཆོས་ལུགས་ཀྱི་སྤྱི་འཐུས་མི་དགོས་ཟེར་ནས་འབོད་སྒྲ་ཤུགས་ཆེན་ཐོན་གྱི་ཡོད་པདང། ཡང་འགའ་ཞིག་ནས་ཆོས་སྲིད་ཟུང་འབྲེལ་དེ་དམངས་གཙོའི་ལམ་ལུགས་དང་མཐུན་དང་མི་མཐུན་སྐོར་ལ་བསམ་ཚུལ་མང་པོ་བཤད་བཞིན་ཡོད།
ཡང་ཉེ་ཆར་གཞུང་བསྟེན་དགྲ་ལྷ་གནས་ཆུང་གིས་སྐུ་རྟེན་བརྒྱུད་ནས་དགེ་ལུགས་སྤྱི་འཐུས་གཉིས་ནས་༧གོང་ས་མཆོག་དབུས་བླ་ཆེན་རྣམ་པའི་མཚན་གནས་ལ་གནོད་གཞིའི་སྤྱོད་ཚུལ་ལེགས་པོ་མེད་པ་བྱས་ཡོད་པ་ལུང་བསྟན་གནང་བས་སྤྱི་ཚོགས་ནང་དེའི་སྐོར་གླེང་སློང་མང་པོ་བྱས་ཡོད།
ལྷག་པར་དུ་རྒྱ་གར་ནང་ཡོད་འབྲས་སྤུངས་དགོན་པའི་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་ནས་སྲུང་མར་དགོངས་སེལ་ཞུ་དགོས་པའི་བརྡ་ཁྱབ་བཏང་བས་སྤྱི་ཚོགས་ནང་འོས་བསྡུའི་སྐོར་དང་ཆོས་ལུགས་སྤྱི་འཐུས་སྐོར་སྐད་ཆ་མང་པོ་འཕེལ་བར་འགྱུར་བ་དང་། དེ་རྗེས་དགེ་ལུགས་སྤྱི་འཐུས་གཉིས་ནས་སྲུང་མར་དགོངས་སེལ་ཞུས་ནས་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་བཟོས།
འོན་ཀྱང་ཐོག་མར་ཆོས་ལུགས་ཀྱི་སྤྱི་འཐུས་ཇི་ལྟར་བྱུང་བ་ཡིན་ནམ་དང་། བཅའ་ཁྲིམས་ནང་ཆོས་སྲིད་ཟུང་འབྲེལ་ཇི་ལྟར་བྱུང་བཅས་་ཀྱི་སྐོར་ལ་བགྲོ་གླེང་བྱེད་མཁན་མི་འདུག
ཡང་ཆོལ་སུམ་གྱི་སྤྱི་འཐུས་ཀྱིས་བོད་མི་མང་གི་ཚབ་མཚོན་ཐུབ་ཀྱི་ཡོད་དམ་མེད། ཡང་ཨ་རི་དང་ཡུ་རོབ་སོགས་ཀྱི་གནས་ཡུལ་ས་གནས་གཞིར་བཞག་པའི་སྤྱི་འཐུས་འཕར་མ་ཁག་ཅིག་དགོས་དོན་གང་ཡིན་ནམ་བཅས་ཀྱི་སྐོར་ལ་ཡང་བགྲོ་གླེང་བྱེད་མཁན་དཀོན།
འདིར་ཆོལ་ཁའི་སྤྱི་འཐུས་ཀྱིས་མི་མང་གི་སྐུ་ཚབ་མཚོན་ཐུབ་པ་བྱེད་དགོས་པའམ། ཡང་ན་ས་གནས་གཞིར་བཞག་པའི་འཐུས་མིས་སྤྱི་འཐུས་གོ་ཆོད་པ་བྱེད་དགོས། དེ་མིན་ཨ་རི་ལྟར་རྒྱ་གར་དང་བལ་ཡུལ་འབྲུག་བཅས་ཀྱི་ས་གནས་གཞིར་བཞག་པའི་སྤྱི་འཐུས་མེད་པ་གང་ཡིན་ནམ། ཐབས་ལམ་གཞན་ནི་ཆོལ་ཁ་དང་ས་འཐུས་བཅས་འཐུས་མི་ཁག་གཉིས་ཀྱི་བགྲོས་ཚོགས་གོང་འོག་གཉིས་བཟོ་དགོས་པ་དེ་ཡིན།
རྡ་རམ་ས་ལའི་བོད་མིའི་སྒྲིགས་འཛུགས་དེ་གལ་ཏེ་མ་འོངས་པར་དེང་རབས་ཀྱི་དམངས་གཙོ་ཚད་ལྡན་མི་གཅིག་འོས་གཅིག་གི་འདྲ་མཉམ་ལྡན་པ་དང་། ཆོས་ལུགས་དང་མ་འབྲེལ་བའི་སྒྲིག་འཛུགས་ཏེ། ཆོས་བྱེད་པ་ཡིན་མིན་རིས་སུ་མ་ཆད་པའི་མི་མང་ཡོངས་ལ་ཁྱབ་པ་དཔེར་ན་གནས་ཡུལ་རྒྱ་གར་དང་རོགས་སྐྱོར་བ་ཨ་རིའི་དམངས་གཙོ་ལྟ་( Secular Democracy)བུར་འགྱུར་དགོས་ན། གོང་གསལ་གྱི་དྲི་བ་དེ་དག་གི་ཐོག་ལ་བགྲོ་གླེང་བྱེད་དགོས་པ་དང་བཅའ་ཁྲིམས་ཀྱི་གཞི་རྩའི་དོན་ཚན་ཁག་གཅིག་ལ་བསྒྱུར་བཅོས་ཇི་ལྟར་གཏོང་དགོས་མིན་སྐོར་ལ་མི་དམངས་ནས་བགྲོ་གླེང་དང་ཐབས་ལམ་འཚོལ་དགོས་གལ་ཆེ།
གལ་ཏེ་གོང་དུ་བཀོད་པའི་དྲི་བ་དེ་དག་གི་ནང་དོན་ལ་དོགས་སློང་དང་བགྲོ་གླེང་གཏིང་ཟབ་བྱས་ན། མི་མང་ནང་གི་སྤྱི་འཐུས་དང་འབྲེལ་བའི་གླེང་སློང་ཁག་ཅིག་རྣམ་སྤྱོད་དང་ཁྲིམས་སྒྲིག་དང་ལྡན་པའི་ཐོག་ནས་བཅོས་བསྒྱུར་བྱེད་ཐུབ་པ་དང་། ནང་ཁུལ་གྱི་དམ་ཚིག་གོང་བུ་གཅིག་སྒྲིལ་ལ་ཕན་ནུས་ཤུགས་ཆེ་ཡོང་ངེས།
ལྷག་པར་སྲིད་སྤྱིའི་འོས་བསྡུའི་སྒྲིགས་གཞིའི་སྐོར་ལ་མི་མང་དམིགས་བསལ་ཚོགས་འདུའི་ཐོག་ནས་བགྲོ་གླེང་ཟབ་རྒྱས་གནང་ཏེ་མི་མང་ནས་ཐད་ཀར་མང་མོས་འོས་བསྡུའི་ལམ་ནས་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུའི་སྒྲིག་གཞི་གསར་པ་བཟོ་དགོས་པ་དང་། མི་མང་ནས་ཐད་ཀར་མང་མོས་ཀྱི་ཐོག་ནས་བཟོས་པའི་སྒྲིག་གཞི་དེ་གཞིར་བཟུང་ནས་སྲིད་སྤྱི་གསར་པའི་འོས་བསྡུ་བྱ་དགོས་པ་ཡིན།།
ཐོག་མ་རྒྱ་གར་ལ་འབྱོར་རྗེས་སྤྱི་འཐུས་ལྷན་ཚོགས་བཟོ་སྐབས་ནས་སྤྱི་འཐུས་ཀྱི་ཡོང་ཁུང་ཆོལ་ཁ་དང་ཆོས་ལུགས་གཞིར་བཞག་པ་དེས་བཙན་བྱོལ་སྤྱི་ཚོགས་ནང་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་གྱི་བསམ་བློ་འཕེལ་བ་དང་། མདོར་ན་ནང་མི་ནང་ཁུལ་དང་དགའ་ཉེ་ཕན་ཚུན་དབར་ཡང་མི་མཐུན་པ་སྤེལ་བར་ཤུགས་སྐྱེན་ཆེན་པོ་བཟོས་ཡོད་པས། ད་ཆ་སྔར་གྱི་ལོ་མང་ཉམས་མྱོང་ལས་དེང་དུས་ཀྱི་ཡར་ཐོན་སྤྱི་ཚོགས་ནས་ལེགས་ཆ་ལེན་དགོས་པ་དང་། ད་ཡོད་སྤྱི་འཐུས་ཀྱི་གྲོམ་གཞི་ཆ་ཚང་སྐྱར་བཅོས་བྱས་ནས་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་དང་དབྱེ་འབྱེད་ཀྱི་བསམ་བློ་ཡོང་གཞིའི་རིགས་དེ་དག་མི་མང་དང་སྤྱི་འཐུས་བགྲོས་ཚོགས་ནང་མེད་པར་བཟོ་དགོས་པ་ཡིན།
ད་ཡོད་སྤྱི་འཐུས་འོས་བསྡུའི་སྒྲིགས་གཞི་ལ་འགྱུར་བ་མ་བཏང་བར་དང་ལྷག་པར་སྤྱི་འཐུས་ཡོང་ཁུང་གི་དོན་ཚན་ལ་བསྒྱུར་བཅོས་མ་བྱས་བར་དུ་དབུས་བོད་མིའི་སྒྲིག་འཛུགས་དེ་འདྲ་མཉམ་དང་དེང་དུས་ཅན་གྱི་དམངས་གཙོར་འགྱུར་ཐབས་མེད་པ་ཡིན་ནོ།།
ཡང་གནས་ཚུལ་གསར་པ་ཞིག་ལ། ཉེ་བའི་ཆར་གོང་དུ་མིང་འཁོད་བཙན་བྱོལ་སྤྱི་ཚོགས་ནང་གི་དགེ་ལུགས་པའི་འཐུས་མི་གཉིས་དང་འབྲེལ་བའི་རྒྱ་གར་འབྲས་སྤུངས་དགོན་པར་གནས་ཆུང་གི་ལུང་བསྟན་གནང་བ་དེའི་དགོངས་དོན་གཞིར་བཟུང་ནས་དོ་བདག་གིས་བཤགས་འདོམས་དམ་བཅའ་བཅས་ཆ་ཚང་ཞུས་ཚར་བའི་རྗེས་སུ། ཉེ་ལམ་རྡ་སར་འཐུས་མིའི་བགྲོས་ཚོགས་སྐབས་སུ་སྔར་གྱི་སྙོག་མ་གཏིང་བླངས་བྱས་ནས་དགེ་ལུགས་འཐུས་མི་གཉིས་ནས་དེ་སྔའི་གནས་ཆུང་གི་ལུང་བསྟན་དེ་རྫུན་མ་ཡིན་པ་དང་གནས་ཆུང་སྐུ་རྟེན་གྱིས་རང་བཟོ་ཡིན་པ་ལས་གནས་ཆུང་གི་ལུང་བསྟན་མ་ཡིན་པའི་དཔེར་༼དགུ་རྫོགས་གནམ་གངས་ཡིན་ད་༽ཟེར་བའི་སྔར་གྱི་ལུང་བསྟན་དེ་ཡང་རྫུན་མ་རེད་ཟེར།
མདོར་ན་གནས་ཆུང་ཕེབས་གསོལ་ཞུས་སྐབས་ཀྱི་ལུང་བསྟན་ལ་ཡིད་ཆེས་བྱ་འོས་པ་དང་མི་འོས་པའི་ཁག་གཉིས་ཡོད་པ་བཤད་ནས་སྤྱི་ཚོགས་ནང་གླེང་ཀློང་མང་པོ་བཟོས་ནས་ད་ཆ་སྤྱི་ཚོགས་ནང་སྔར་གྱི་ལུང་བསྟན་དེའི་ཁ་ཕྱོགས་གར་འགྲོ་མི་ཤེས་པའི་ངང་ཚུལ་དུ་འགྱུར་བ་དང་། དགེ་ལུགས་འཐུས་མི་གཉིས་ལྟར་ན་དེ་སྔའི་ལོ་རྒྱུས་ནང་གི་གནས་ཆུང་ཕེབས་གསོལ་ཞུས་སྐབས་ཀྱི་ལུང་བསྟན་གནང་བ་རྣམས་ལ་སྐྱར་ཞིབ་བྱ་དགོས་པ་ལྟ་བུའི་གནས་ལྟངས་སུ་འགྱུར་སྲིད་པ་ཡང་རེད་སྙམས་སོ།།
