Friday, 10 June 2022

དགེ་བཤེས་དགེ་འདུན་མཐར་ཕྱིན་གྱི་ཆོས་ཀྱི་ཟིན་བྲིས།

དགེ་བཤེས་དགེ་འདུན་མཐར་ཕྱིན་གྱི་ཆོས་ཀྱི་ཟིན་བྲིས།
 


ཆོས་ཀྱི་སྡོམ་བཞི།
རྒྱུ་དང་རྐྱེན་འདུས་ནས་བྱས་པའི་ཆོས་རྣམས་མི་རྟག་པ་སྟེ་སྐད་ཅིག་སྐད་ཅིག་ནས་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན།།
ལས་དང་ཉོན་མོངས་ཀྱི་ཟག་པའམ་ཉེས་པ་དང་བཅས་པའི་ཆོས་གང་ཞིག་སྡུག་བསྔལ་གྱི་རང་བཞིན་ཏེ་ཡིད་མི་བདེ་བ་སྟེར་བར་བྱེད།།
འཁོར་བ་དང་མྱང་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་སྟེ་བློས་ཕར་བཏགས་ཙམ་ལས་རང་ངོས་ནས་གྲུབ་པ་གང་ཡང་མེད་པས་བདག་མེད་པ་ཡིན།།
མྱ་ངན་གྱི་སེམས་ལས་འདས་པའམ་བདག་འཛིན་གྱི་འཁྲུལ་སྣང་གི་སྡུག་ངལ་མེད་པའི་སེམས་ནི་ཞི་བདེ་མཐར་ཐུག་པ་ཡིན།།


ཆོས་ཀྱི་ལམ།
ཆོས་ཀྱི་སྙིང་དོན་གྱིས་འཁོར་བ་འདི་བཟང་པོར་འགྱུར་བར་བྱེད་པས་མྱ་ངན་ལས་འདས་པའི་གོ་འཕང་དང་མཉམ་གནས་ཐུབ་པར་དང་། སྡུག་བསྔལ་བདེ་བ་དང་མཉམ་གནས་ཐུབ་པར་དང་། སྐྱིད་པོ་དང་སྡུག་པོ་མཉམ་གནས་ཐུབ་པར་བཅས་བྱེད།

ཆོས་ནི་འཁོར་བ་ལས་བྲོས་བྱོལ་བྱས་ནས་འགྲོ་བའི་ཐབས་ལམ་ཞིག་མ་ཡིན་ལ། དེ་ལས་བཟློག་སྟེ་ཉིན་རེའི་འཚོ་བའི་ནང་འཁོར་བ་དེ་མྱ་ངན་ལས་འདས་པའི་གོ་འཕང་དུ་འགྱུར་བར་བྱེད་པའི་སྨན་རྫས་ཞིག་ཡིན།

འཇིག་རྟེན་གྱི་ཐེག་པ་ཞེས་པ་གཞན་ཕན་གྱི་བསམ་པ་རྣམ་པར་དག་པ་དང་། ཉན་རང་གི་ཐེག་པ་ཞེས་པ་རང་ཉིད་ཀྱི་ང་འདི་ལ་ཞེན་ཆགས་མེད་པའི་བསམ་པ་བདག་མེད་རྟོགས་པའི་བློ་དང་སྙིང་རྗེའི་བསམ་པ་བཟུང་འབྲེལ། ཐེག་པ་ཆེན་པོ་ཞེས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས། གསང་སྔགས་ཀྱི་ཐེག་པ་ཞེས་པ་སྣང་སྟོང་རྟེན་འབྲེལ་རྟོགས་པའི་བློའི་མོས་པའམ་ཡིད་མོས་ཀྱི་སྟོབས་ཀྱིས་སྐད་ཅིག་ཉིད་དུ་མ་དག་པའི་སྣོད་བཅུད་རྣམས་དག་པའི་ཞིང་ཁམས་སུ་འགྱུར་བར་བྱེད་པའི་སེམས་ཀྱི་སྟོབས་སམ་བློའི་ནུས་པ་བཅས་ལ་ཆོས་ཟེར།

དེ་དག་གི་ཉམས་ལེན་ནི་རང་རང་གི་བློ་ནུས་དང་བསྟུན་ཏེ་ཐོས་བསམ་གོམས་གསུམ་གྱི་ཐབས་ལམ་འབད་བརྩོན་བྱེད་པས་གོང་གི་བློ་དེ་དག་མངོན་དུ་འགྱུར་བར་བྱེད་པ་དང་བློ་དེས་མི་ཚེའི་རྣ་འདྲེན་བྱེད་ཐུབ་པ་ལ་ཟེར།



ཉམས་ལེན།
ཆོས་ཀྱི་ཉམས་ལེན་བྱ་འདོད་པས།།
ཆོས་ཀྱི་གོ་དོན་འཚོལ་བར་བྱོས།།
ཆོས་ཀྱི་གནད་དོན་ཤེས་པར་བྱོས།།
ཆོས་ཀྱི་སྙིང་པོ་གོམས་པར་བྱོས།། 

ཆོས་ནི་འཇིག་རྟེན་གྱི་སྙིང་པོ།།
ཆོས་ནི་སེམས་ཅན་ཀུན་ལ་ཁྱབ།།
ཆོས་ནི་སེམས་ཀྱི་རྩ་བ་སྟེ།།
ཆོས་ནི་འཁོར་འདས་མཉམ་བྱེད་ཡིན།།

ཆོས་ཀྱི་ཉམས་ལེན་བྱ་འདོད་པས།།
སྐྱེ་འགྲོའི་སྡུག་བསྔལ་ཤེས་པར་བྱོས།།
མི་རྟག་འཁོར་བའི་རང་བཞིན་བལྟོས།།
སྣང་སྟོང་རྟེན་འབྲེལ་བལྟ་བ་གོམས།།

འགྲོ་ཀུན་སྙིང་རྗེས་ཁྱབ་པར་བྱོས།།
བྱང་ཆུབ་སེམས་མཆོག་བསྐྱེད་པར་བྱོས།།
བསོད་ནམས་ཡེ་ཤེས་ཚོགས་གཉིས་བསྐྲུན།།
ཆོས་ཀུན་སྒྱུ་མ་ལྟ་བུར་བསོམས།།

དགེ་བ་དེས་གཙོས་རང་གཞན་གྱི།།
དུས་གསུམ་དགེ་བ་ཇི་སྙེད་པ།།
འགྲོ་བ་སེམས་ཅན་ཐམས་ཅད་དང་།།
བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོས།།

སེམས་ཀྱི་ཞི་བདེ་ཐར་པ་སྟེ།།
སེམས་ཀྱིས་བསྐྲུན་ཅིང་སེམས་དུ་གནས།།
སེམས་སྟོང་དབྱེར་མེད་བདེ་བ་ཆེ།།
སེམས་ཅན་ཀུན་གྱི་ཡོན་ཏན་མཆོག།



མི་ཚེ།
མི་ཚེ་ནི་གདོང་ལེན་མང་པོ་བྱེད་དགོས་པའི་གནས་སྟངས་དང་ཡ་མཚན་གྱི་གནས་སྟངས་མང་པོ་ཡོད་པའི་ལས་ཀྱིས་བསྐྲུན་པའི་འཁོར་བའི་ལམ་ཐག་རིང་མོ་ངེས་བརྟན་མེད་པ་མི་རྟག་པའི་རང་བཞིན་ཅན་དང་རྒྱུས་མེད་ཀྱི་ཡུལ་གང་ཞིག་དུ་འབྱོར་གྱི་ཡོད་པ་ཡང་མི་ཤེས་པའི་འགྲུལ་ཞུད་ཞིག་ཡིན།། འོན་ཀྱང་མི་ཚེའི་ནང་ངེས་བརྟན་ཡོད་པ་ཞིག་ནི་སེམས་ཀྱི་ཡོན་ཏན་ལོངས་སུ་སྤྱད་ནས་ད་ལྟ་བའི་སྐད་ཅིག་འདིར་ཟབ་མོ་ཆོས་ཀྱི་དབྱིངས་ཀྱི་དྲན་ཤེས་དང་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་ཞུགས་ནས་ཞི་བའི་དབྱིངས་སུ་མུ་མཐའ་མེད་པར་གནས་ཐུབ་པ་དེ་ཡིན་ནོ།། །།


ནམ་དུས་བཞི་དྲན།
དབྱར་ཀ་ཚ་བའི་དུས་སུ་དགུན་དུས་དྲན།།
དགུན་ཀ་གྲང་བའི་དུས་སུ་དབྱར་དུས་དྲན།།
དཔྱིད་ཀ་རླུང་ཚུབ་དུས་སུ་སྟོན་དུས་དྲན།།
སྟོན་ཀའི་མཁའ་རླུང་ཆ་མཉམ་རྟག་དུ་འདོད།།

སྐྱིད་པའི་དུས་སུ་སྡུག་བསྔལ་དྲན་པ་དང་།།
སྡུག་པའི་དུས་སུ་བདེ་བ་དྲན་པ་དང་།།
དགའ་སྡུག་ཆ་མཉམ་སྐབས་སུ་་བཏང་སྙོམས་དྲན།།
སེམས་ཀྱི་རང་ཆོས་བཏང་སྙོམས་བདེ་བ་ཐོབ།།

དྲན་པའི་སེམས་འདི་སྙམས་པར་མ་བཞག་ཚེ།།
དྲན་པ་དེ་ཉིད་མི་བརྟན་སེམས་སུ་འགྱུར།།
དྲན་པས་འདོད་པའི་འཚོར་བ་རྒྱུན་མཐུད་སྟེར།།
དྲན་པ་འཁྱམ་པོ་གར་སོང་གར་འགྲོ་མེད།།

ཤེས་བཞིན་མེད་པའི་དྲན་པ་རྐྱང་པ་དེ།།
གྲུ་མཁན་མེད་པའི་ཆུ་ནང་གྲུ་ཆེན་འདྲ།།
ཤེས་བཞིན་སེམས་ཀྱི་གྲུ་མཁན་ཆེན་མོ་སྟེ།།
དྲན་པ་སྙམས་པར་འཇོག་མཁན་དགེ་སྐོས་ཡིན།། །།


སྒོམ་ལ་ཞི་བར་གནས་པ་དགོས།

ལུས་ལ་ངལ་གསོ་དགོས།
སེམས་ལ་ཞི་བ་དགོས།
སྙིང་ལ་བདེ་བ་དགོས།
རྣམ་ཤེས་ལ་ཞི་འཇམ་དགོས།
ཡིད་ལ་ཤེས་རབ་དགོས།
ཚང་མར་མཉམ་གནས་དགོས།
རིག་པར་གསལ་སྣང་དགོས།
དྲན་ཤེས་ལ་རང་ཤེས་དགོས།
བརྩེ་གཅིག་སེམས་ལ་ཡང་དག་དམིགས་པ་དགོས།
ཆོས་ལ་རྣལ་མའི་ངང་ཚུལ་དགོས།
ལས་ལ་ཆགས་མེད་སེམས་པ་དགོས།
ཚེ་ལ་བཅོས་མིན་རང་ཚུལ་དགོས།
འགོ་འཁྲིད་ལ་ཉམས་ཆུང་ཀུན་སྤྱོད་དགོས།། །།


སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་གསུམ།
སངས་རྒྱས་པའི་ཆོས་ལུགས་ཀྱི་བལྟ་གྲུབ་ལྟར་ན། ནང་སེམས་ཀྱི་ཞི་བདེ་ནི་ཉོན་མོངས་ལས་སངས་བའི་སེམས་ཡིན་པས་སངས་རྒྱས་དང་། སེམས་ཀྱི་ཡོན་ཏན་གྱི་གཙོ་བོ་ཡིན་པས་ཆོས།  རང་གཞན་ཀུན་བདེ་བར་གནས་པར་བྱེད་པའི་གྲོགས་ཡིན་པས་དགེ་འདུན་བཅས་སྐྱབས་གནས་རིན་པོ་ཆེ་གསུམ་ཀ་ཡིན།། །།



ཐར་པ་མྱང་འདས།
བཅོས་མིན་སྙིང་རྗེའི་བསམ་པ་དེ།།
མཐའ་མེད་འཕེལ་བའི་ནུས་པ་ལས།།
སེམས་ཀྱི་རང་བཞིན་འཇིག་རྟེན་ཀྱི།།
ཁམས་དང་དབྱེར་མེད་གཅིག་ཏུ་འགྱུར།།

ཉམས་མྱོང་ཆོས་ཀུན་ཤེས་རབ་དང་།།
སྟོང་པ་ཉིད་ཀྱི་ངོ་བོར་ཤར།།
འོད་གསལ་སྣང་བས་རང་སེམས་དེ།།
ཉོན་སྒྲིབ་ཤེས་སྒྲིབ་གཉིས་ལས་ཐར།། །།


མི་ཚེ་དང་ཁོར་ཡུག
མི་ཚེ་ནི་བཟང་པོ་དང་སྙིང་བརྩེའི་རང་བཞིན་ཅན་ཡིན་པས་དཀའ་སྙོག་ཅན་ཞིག་མིན། མི་ཞིག་གི་བདེ་ཐབས་དང་རང་སྲུང་གི་ཆེད་དུ་ང་ཚོས་རང་འབྱུང་ཁོར་ཡུག་གཏོར་བཅོམ་དང་། དམག་འཁྲུག་དང་། འགྲོ་བ་མི་ཡི་རང་བཞིན་ལས་འདས་པའི་ང་རྒྱལ་དང་། གནོད་འཚེའི་བསམ་པ་བསྐྲུན་དགོས་ཀྱི་མེད། ང་ཚོས་ག་རེ་བྱས་ནས་དངོས་པོའི་སྐྱེ་མཆིའི་གནས་ལྟངས་རྣམས་དྲན་ཤེས་བཞིན་དང་སྙིང་རྗེའི་ བསམ་པས་རང་བཞིན་དངོས་པོའི་གཤིས་ལུགས་སུ་གཏོང་མི་ཐུབ་པ་གང་ཡིན་ནམ།། །།


སེམས་དང་བསམ་བློའི་རང་དབང་། 
རང་དབང་ནི་བདེ་བའི་མཆོག་ཡིན་པ་དང་། ལྷག་པར་སེམས་ཀྱི་བསམ་བློའི་རང་དབང་ནི་རང་ཆས་ཀྱི་རང་དབང་སྟེ་གཞན་ལ་བལྟོས་མེད་ཀྱི་རང་ཉིད་ལ་བསམ་པ་བཟང་པོ་རྒྱ་བསྐྱེད་དང་དགའ་བདེའི་བསམ་པ་མཐའ་མེད་དུ་སྤེལ་པའི་ནུས་པ་ཆ་ཚང་ཡོད། ལུས་ཀྱི་བདེ་སྡུག་གི་གནས་སྐབས་ལ་མ་བལྟོས་པར་སེམས་དང་བསམ་བློའི་རང་དབང་ནི་བློ་སྦྱོང་རིག་པའི་རྣམ་གཞག་གྱི་ཤེས་རབ་དང་རྩེ་གཅིག་པའི་བསམ་གཏན་ཀྱི་སྒོམ་གྱི་ཉམས་ལེན་ལས་ཐོབ་ནུས། དེ་ལྟ་བུའི་སེམས་དང་བསམ་བློའི་རང་དབང་ནི་འགྲོ་བ་སྤྱིའི་རང་ཆས་སྐྱེས་སྟོབས་ཀྱི་ཡོན་ཏན་ཁྱད་པར་ཅན་ཞིག་ཡིན་ནོ།། །།


སྙིང་རྗེའི་སེམས་ནི་ཡོངས་ཁྱབ་ཀྱི་ཞི་བདེ་ཡིན།
འཇིག་རྟེན་གྱི་ཁམས་མཐའ་མེད་དུ་གནས་པའི་འགྲོ་བ་ཀུན་གྱི་ལུས་སེམས་ཀྱི་འཚོར་བ་བདེ་སྡུག་བཏང་མཉམ་ལ་དམིགས་ཏེ་བདག་གཞན་མཉམ་བརྗེའི་བསམ་པས་སེམས་ཅན་དེ་དག་ལ་སྙིང་རྗེའི་བསམ་པ་རྒྱུན་མར་བསྐྱེད་པར་བྱ་བ་ནི། རང་ཉིད་ཀྱི་མི་ཚེའི་ཀུན་ཀློང་གི་བསམ་པ་རྒྱ་བསྐྱེད་པར་བྱེད་པས་ཉོན་མོངས་སྡུག་གསུམ་གྱི་འཚོར་ཤུགས་རང་ཞིར་འགྲོ་བ་དང་། རང་ཉིད་ཀྱི་སྒོ་གསུམ་གྱི་བྱ་བ་ཀུན་རང་ཤུགས་ཀྱིས་རང་གཞན་ཕན་བདེའི་རྒྱུར་འགྱུར་བར་བྱེད།། །།


བྱམས་བརྩེའི་ནུས་པ། 
བྱམས་བརྩེའི་སེམས་ནི་བསམ་བློ་དང་སྨྲ་བརྗོད་རང་དབང་གི་སྙིང་པོ་ཡིན་པས་འཇིག་རྟེན་གྱི་ཁམས་མཐའ་མེད་དུ་གནས་པའི་དབང་སྟེར་པར་བྱེད།། །།


བདེ་བའི་འཇིག་རྟེན།
དོན་དངོས་སུ་འཇིག་རྟེན་གྱི་ཁམས་སུ་བདེ་བ་ཁོ་ན་ལས་སྡུག་བསྔལ་མེད་པ་ཡིན། བདེ་བ་ནི་འཇིག་རྟེན་ཁམས་ཀྱི་ལྷན་སྐྱེས་ཀྱི་ཡོན་ཏན་ཡིན་པ་དང་། མི་ཚེའི་ནང་བདེ་བ་ནི་སྐད་ཅིག་རེ་ལ་བྲལ་མེད་དུ་ཡོད། བདེ་བའི་རྒྱུ་ནི་མཐའ་མེད་ཅིང་ཟད་པ་མེད་པ་ཡིན་ལ་ལྷན་སྐྱེས་སུ་ཡོད། དེ་འདྲའི་བདེ་བ་དེ་ལུས་སེམས་ཀྱི་སྟེང་དུ་འཚོར་བར་བྱེད་པའི་གསང་བའི་ལྡེ་མིག་ནི་རང་སེམས་རང་ཤེས་ཀྱི་དྲན་ཤེས་ཀྱི་རིག་པ་གསོ་གནས་སུ་མངོན་པར་བྱེད་པའི་སྒོམ་གྱི་ཉམས་ལེན་དེ་ཡིན། སྒོམ་ཞེས་པ་ནི་མདོར་ན་རང་ལུས་ཀྱི་དབུགས་དབྱུང་རྔུབ་ལ་དྲན་པས་ཟིན་པར་བྱས་པའི་ལུས་སེམས་ཀྱི་བདེ་དྲོད་ལས་སྒོ་གསུམ་རྣམ་པར་དག་པར་བྱེད་པའི་རྩོལ་བ་ཞིག་ལ་ཟེར།། །།


རྩོལ་མེད་ལས་ཀྱི་རྣལ་འབྱོར།
འགའ་ཞིག་ཚེ་འདིའི་འདུན་མ་དོན་དུ་གཉེར།།
འགའ་ཞིག་ཕྱི་མའི་འདུན་མ་དོན་དུ་གཉེར།།
འགའ་ཞིག་དག་པའི་གཞིང་ཁམས་དོན་དུ་གཉེར།།
འགའ་ཞིག་ཐར་པའི་གོ་འཕང་དོན་དུ་གཉེར།།

དོན་གཉེར་གང་ཞིག་བདག་འཛིན་ལས་བྱུང་བ།།
དོན་གཉེར་དེ་ཉིད་སྡུག་བསྔལ་ཉིད་དུ་འགྱུར།།
སྡུག་བསྔལ་འཕེལ་ཞིང་བདག་འཛིན་བརྟན་པར་བྱེད།།
རང་སེམས་བདེ་བར་གནས་པའི་གོ་སྐབས་དབེན།།

བདག་ལ་ཆགས་པའི་འདོད་འདུན་ལ་གནས་པས།།
ལས་ནི་རྒྱུན་མི་ཆད་པར་བསགས་པར་བྱེད།།
ལས་རྒྱུན་ཆད་པར་བྱེད་པའི་སྤྱོད་པ་ནི།།
རྩོལ་མེད་ལས་ཀྱི་རྣལ་འབྱོར་ལ་གནས་བྱོས།། །།


རྡོ་རྗེ་ཐེག་པ་གནད་བསྡུས།
ཡང་དག་པའི་བལྟ་བ་རྟེན་འབྱུང་གི་སྟོང་པ་ཉིད་དང་བྱམས་དང་སྙིང་རྗེའི་རྟོགས་པ་ལྡན་ཞིག་གིས་འགྲོ་བ་མི་ཡི་ཕུང་ཁམས་སྐྱེ་མཆེད་ཕྲ་རགས་ཀྱི་ངོ་བོ་དང་གནས་ལུགས་ཏེ་གནས་པ་རྩ་དང་གཡོ་བ་རླུང་། བཀོད་པ་བྱང་སེམས་ཐིག་ལེའི་རྣམ་གཞག་ལེགས་པར་ངོས་འཛིན་པར་བྱས་ནས། རྡོ་རྗེ་ཐེག་པའི་ལམ་ལུས་སེམས་ཕྲ་རགས་ལ་གནད་དུ་གནུན་པའི་ཐབས་རྒྱུད་སྡེ་གོང་འོག་གི་ལྷའི་རྣལ་འབྱོར་ལ་བརྟེན་ནས་དབུག་དབྱུང་རྔུབ་དང་བཟླས་བརྗོད་ཀྱི་ཐབས་ལས་ལུས་སེམས་རགས་པའི་བརྩོལ་བ་ལས་གྲོལ་ཏེ། རླུང་ལུས་དང་སེམས་ཕྲ་བ་རྣམས་རྩ་དབུ་མའི་ནང་དུ་ཞུགས་པ་ལས་ཐ་མལ་པའི་ལུས་ཀྱི་ཉེ་བར་ལེན་པ་ལས་གྲོལ་བ་དང་། རླུང་ལུས་དང་སེམས་ཕྲ་བ་རྣམས་རྩ་དབུ་མའི་ནང་དུ་གནས་པ་ལས་ཐ་མལ་པའི་ངག་གི་ཉེ་བར་ལེན་པ་ལས་གྲོལ་བ་དང་། རླུང་ལུས་དང་སེམས་ཕྲ་བ་རྣམས་མཐར་སྙིང་ཁའི་མི་ཤིགས་ཐིག་ལེར་ཤིན་ཏུ་ཕྲ་བའི་གདོད་མའི་རླུང་སེམས་ངོ་བོ་དབྱེར་མེད་ལ་ཐིམ་པས་ཐ་མལ་བའི་སེམས་ཀྱི་ཉེ་བར་ལེན་པ་ལས་གྲོལ་ནས། གང་སྣང་སྟོང་པ། སྟོང་པ་བདེ་བ། བདེ་བ་ལྷ་སྐུར་འཆར་བ་དང་། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུར་འཆར་ནུས། ནམ་ཞིག་ན་རླུང་སེམས་ཙམ་ལ་བཏགས་ནས་བཞག་པའི་ང་དེ་མཐར་འོད་གསལ་ཆོས་སྐུའི་དབྱིངས་སུ་འགྱུར། དེ་ལས་སྐུ་དག་པ་སྒྱུ་མའི་ལུས་དང་ཐུགས་དག་པ་དོན་གྱི་འོད་གསལ་འདུས་པ་ལས། སྐུ་ཐུགས་ངོ་བོ་དབྱེར་མེད་ཀྱི་ཟུང་འཇུག་གི་གོ་ཕང་དུ་འགྱུར་བ་དང་། དེ་ལས་གང་ལ་གང་འདོད་ཀྱིས་སྤྲུལ་པའི་སྐུའི་རྣམ་པར་ཤར་ནས་གཞན་དོན་འབད་མེད་ལྷུན་འགྲུབ་ངང་དུས་ཀྱི་མཐའ་མེད་དུ་གནས་པར་འགྱུར་བ་ཡིན།། །།


དག་སྣང་གསང་སྔགས།
ཕུང་པོ་ལྔ་ནི་རིགས་ལྔའི་སངས་རྒྱས་ཏེ།།
ཕུང་ལྔའི་ཡོན་ཏན་བླ་མེད་ཡེ་ཤེས་ལྔ་།།
ཕུང་ལྔའི་ངོ་བོ་དེ་ལྟར་དག་པ་སྟེ།།
མོས་པས་དག་པར་ལྡན་པ་ས་ལམ་པ།། 
རང་བཞིན་གྱིས་དག་ལྟ་བ་ཐུགས་སུ་ཆུད།།
དག་པ་དེ་ཡང་སྟོང་པ་ཉིད་ཡིན་ལ།།
སྟོང་པ་བལྟོས་སྟོང་གཅིག་ལ་གཅིག་མེད་མིན།།
མེད་པའི་སྟོང་པ་ངོ་བོ་ཉིད་མེད་དང་།། 
བཅོམ་པའི་སྟོང་པ་རྡུལ་ཕྲར་གྲུབ་པ་དང་།།
རང་བཞིན་མེད་དང་དངོས་པོ་མེད་པ་དང་།།
དམིགས་པ་མེད་པ་བལྟ་བ་སྙིང་པོའི་དོན།།
ཤེས་པའི་ཤེས་རབ་ལྟ་བ་ཡང་དག་གོ། །།

 
འཇིག་རྟེན་འཁྲུལ་སྣང་གི་སྡུག་བསྔལ།
ཆོས་རྣམས་སྟོང་པའི་ངང་དུ་ཤེས་པ་ལས།།
རང་བཞིན་བཏང་སྙོམས་སེམས་ཀྱི་བདེ་བ་ཤར།།
སེམས་ཀྱི་བདེ་སྟོང་མཐའ་མེད་དུ་གནས་པས།།
འགྲོ་ཀུན་འཁྲུལ་སྣང་སྡུག་བསྔལ་ལས་ཐར་ཤོག། །།


སྙིང་རྗེའི་སེམས།
ཉི་མའི་འོད་ནི་ཀུན་སློང་ལ་བལྟོས་མེད་ཀྱིས་འཇིག་རྟེན་ཁམས་ཀྱི་མུན་པ་སེལ་བ་ལྟར་སྙིང་རྗེའི་སེམས་ཀྱིས་འཇིག་རྟེན་ཁམས་སུ་བྱམས་བརྩེས་ཁྱབ་པར་བྱེད། ཉི་མའི་དྲོད་ལྟ་བུའི་ཞི་བདེའི་སེམས་ནི་སྙིང་རྗེའི་སེམས་ལས་འབྱུང་། སྙིང་རྗེའི་སེམས་ནི་འགྲོ་བའི་རིགས་ཀྱི་རང་ཆས་སུ་ཡོད་པའི་སེམས་ཀྱི་ཡོན་ཏན་ཡིན་པས་དེ་ལ་གཅེས་སྐྱོང་བྱེད་པ་ནི་རང་གཞན་འཁོར་ཡུག་དང་བཅས་པ་དུས་ཀུན་དུ་ཕན་བདེའི་ས་ལ་གནས་པར་བྱེད་པའི་བྱ་བ་དོན་ཆེན་ཞིག་ཡིན།། །།


ཞི་བདེ་དང་དམག་འཁྲུག
སེམས་ནང་གི་དམག་འཁྲུག་ནི་དམག་འཁྲུག་ཀུན་གྱི་རྒྱལ་པོ་ལྟ་བུ་ཡིན།
སེམས་ནང་གི་ཞི་བདེ་ནི་ཞི་བདེའི་གཙོ་བོ་ཡིན།
སྒོམ་སྒྲུབ་ཀྱི་ཉམས་ལེན་ནི་སེམས་ཀྱི་ཞི་བདེ་ཡིན་ཅིང་།
ཤེས་རབ་དང་རྩེ་གཅིག་པའི་སེམས་ཀྱིས་སྙིང་རྗེ་དང་ཡོངས་ཁྱབ་ཀྱི་ཞི་བདེ་འཛིན་པར་བྱེད།། །།



མཐའ་མེད་ཆོས་དབྱིངས།
དུས་གསུམ་དུས་མེད་རྟོགས་པས་མཐའ་མེད་ཤེས།། 
དུས་གསུམ་ད་ལྟར་རྟོགས་པས་མཐའ་མེད་གནས།།
དུས་གསུམ་སྟོང་པར་རྟོགས་པས་ཆོས་དབྱིངས་ཤེས།།
དུས་གསུམ་དུས་མེད་ཆོས་དབྱིངས་ཟབ་མོ་གོམས།། །།



རང་སྣང་འོད་གསལ།
བཅོམ་ལྡན་འདས་ཀྱིས་༼རང་ཉིད་རང་གི་མགོན་ཡིན་ནོ།།༽གསུངས་པ་ལྟར་མཐར་གང་ཟག་ཐམས་ཅད་རང་ཉིད་སོ་སོའི་བླ་མ་དང་སློབ་མ་གཉིས་ཀར་འགྱུར་དགོས། ང་ཚོའི་སེམས་འདི་ལ་རང་སྟོབས་ཀྱིས་ཡུལ་དང་ཡུལ་ཅན་གཉིས་གཅིག་སྒྱུར་དུ་འགྱུར་བའི་ནུས་པ་ཡོད། དེ་ལ་གཉིས་སྣང་མེད་པའི་སེམས་ཟེར་བ་ཡིན་ལ་སེམས་ཀྱི་གནས་ལུགས་རང་སྣང་འོད་གསལ་ཟེར། དེ་ཡང་སྨོས་མེད་ལྟར་སྦྱིན་སོགས་ཕར་ཕྱིན་དྲུག་གི་དྲན་སེམས་རྒྱུན་བརྟན་གྱི་ཉམས་ལེན་ལས་འབྱུང་དགོས་སོ།། །།



རང་སེམས་རང་རིག་ཡེ་ཤེས།
སྟོང་པ་ཉིད་ནི་སེམས་ཀྱི་ཕྱི་རུ་མེད།།
ཐར་པ་ཞེས་པ་སེམས་ཀྱི་ཕྱི་རུ་མེད།།
འཁོར་པ་དེ་ཡང་སེམས་ཀྱི་ཕྱི་རུ་མེད།།
རང་སེམས་ཤེས་པས་ཐམས་ཅད་མཁྱེན་པར་འགྱུར།། 

རང་སེམས་རང་རིག་ཡེ་ཤེས་ཆེན་པོ་དེ།།
རང་སེམས་རང་མཐོང་ཏིང་ངེ་འཛིན་གྱི་སེམས།།
རང་སེམས་རང་རིག་སྙམ་བཞག་ལ་གནས་པས།།
རང་སེམས་རང་ཤར་སེམས་ཀྱི་ཆོས་དབྱིངས་འཆར།། །། 



ཚེའི་དོན་སྙིང་།
གང་ཞིག་ཚེ་ཡི་དོན་སྙིང་འཚོར་འདོད་ན།།
བསམ་པ་རྙིང་རྗེའི་ཀུན་སློང་བསྐྱེད་པར་བྱ།།
ཀུན་རྫོབ་དོན་དམ་བྱང་སེམས་བསྐྱེད་པར་བྱ།།
རྩེ་གཅིག་ཟབ་མོའི་སྟིང་འཛིན་བསྐྱེད་པར་བྱ།། །།


སེམས།
སེམས་ཀྱིས་སེམས་མི་མཐོང་བ་མ་རིག་སྟེ།།
སེམས་ཀྱིས་སེམས་མཐོང་བ་ནི་དྲན་ཤེས་ཡིན།།
སེམས་ཀྱིས་སེམས་ལ་བལྟ་བ་སྒོམ་སེམས་སྟེ།།
སེམས་ལས་གཡེང་བའི་སེམས་ནི་རྣམ་གཡེང་ཡིན།། །།



གསང་སྔགས།
 ༆ གང་སྣང་སྟོང་པ། སྟོང་པ་བདེ་བ། བདེ་བ་ལྷ་སྐུར་འཆར་བ་དང་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུར་ཤར་བ་ནི་གསང་སྔགས་ཀྱི་ཐེག་པ་སྤྱིའི་མྱུར་ལམ་གྱི་ཆོས་ཁྱད་པར་ཅན་ཞིག་ཡིན་པ་དང་། དེ་ཡང་མདོ་ཕྱོགས་ཀྱི་སྟོང་པ་ཉིད་ཀྱི་བལྟ་བའི་གོ་བ་ཡང་དག་པ་ཞིག་མེད་པར་ཡོང་ཐབས་མེད་པ་ཡིན་ནོ།། །།



ཡོངས་ཁྱབ་འགན་འཁུར།
༆ དེང་སང་གི་དུས་འདིར་འཛམ་གླིང་སྤྱི་ཚོགས་འདི་སའི་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་དང་། ཏོག་དབྱིབས་གཉན་རིམས ༡༩ དང་། ཡུག་ཁེ་རེན་ནང་གི་དམག་འཁྲུག་བཅས་ཀྱི་ཤུགས་རྐྱེན་ཆེན་པོའི་འོག་གནས་བཞིན་ཡོད། གནོན་ཤུགས་དེ་དག་གིས་རྐྱེན་པས་འཛམ་གླིང་འདིར་འདི་དེ་སྔ་བྱུང་མ་མྱོང་བའི་དཀའ་ངལ་རང་འབྱུང་འཁོར་ཡུག་གི་ཉམས་ཆག་དང་། གཞི་རིམ་དགོས་མཁོའི་རིན་ཚད་འཕར་བ་དང་། གློག་ནུས་ཀྱི་རིན་ཚད་ཇེ་མཐོར་འགྲོ་བཞིན་པ་བཅས་ཀྱི་དཀའ་ངལ་ནང་ལྷུང་ཀྱིན་ཡོད།།

ས་སྟེང་འདིའི་མི་དམངས་མི་རེ་ངོ་རེ་ནས་འགན་འཁུར་ཏེ་སའི་གོ་ལའི་འཁོར་ཡུག་ལ་གུས་བརྩེས་གཅེས་སྐྱོང་བྱེད་པ་དང་། གཉིས་པ་དེར་ནང་མི་གཅིག་གི་བུ་སྤུན་ལྟར་མི་རེ་ངོ་རེ་ནས་མི་དམངས་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱེད་པ་དང་། གསུམ་པ་དེར་རང་རང་སོ་སོའི་ཐོབ་ཐང་གི་འཚོ་བར་གུས་བརྩི་དང་ལྡན་པས་འབྱུང་འགྱུར་མི་རབས་རྗེས་མ་རྣམས་ཀྱི་ཆེད་དུ་འཇམ་གླིང་འདི་སྔར་ལས་ལེགས་པ་ཞིག་བསྐྲུན་པའི་བྱ་བར་འབད་བརྩོན་བྱེད་དགོས་པ་ཡིན།།

དེ་ལྟ་བུའི་རིམ་པ་གསུམ་གྱི་མིའི་རིན་ཐང་ལ་བརྩོན་འགྲུས་ཀྱིས་འབད་བརྩོན་བྱས་པ་ལ་བརྟེན་ནས་ང་ཚོས་འཇིག་རྟེན་ཁམས་ཀྱི་དབུལ་ཕོངས་དང་། གྲོགས་མེད་འཁེར་རྐྱང་གི་དངངས་འཚབ་དང་། མི་ཚེའི་འཇིགས་པ་བཅས་ལས་རྣམ་པར་རྒྱལ་ཐུབ་པ་ཡིན།།

ལས་འགུལ་འདི་ནི་མི་རེ་ངོ་རེ་ནས་ད྄ང་བས་བླངས་ཏེ་རང་ཉིད་ལས་འགུལ་འདི་ཐོག་མ་འགོ་འཛུགས་སའི་རྩ་བ་ཡིན་པར་བསམ་ནས་བྱེད་པ་ལས་གཞན་ཞིག་ལ་གུགས་བསྡད་པས་ཡོང་ཐབས་དཀའ་འོ།། །།



བཟང་སྤྱོད་གཙོ་བོ།
རང་འབྱུང་འཁོར་ཡུག་ལ་གནོད་འཚེ་མི་བྱེད་པ་ནི་བཟང་སྤྱོད་ཀྱི་གཙོ་བོ་ཡིན་ནོ།། །།



ཡོངས་ཁྱབ་ཀྱི་ཆོས་ལུགས།
༆ འགྲོ་བ་མིའི་བར་གྱི་བརྩི་བཀུར་ནི་འགྲོ་བ་མིའི་ཡོངས་ཁྱབ་ཀྱི་ཆོས་ལུགས་སྟེ་ལྷ་དང་དག་ཞིང་དང་དཀོན་མཆོག་འདྲ་མིན་ལ་ཡིད་ཆེས་བྱེད་པའི་སྤྱི་བཏང་གི་ཆོས་ལུགས་དང་ཡུལ་སྲོལ་ཐམས་ཅད་ཀྱི་གོང་ན་ཡོད་དོ།། །། 



ང་དང་ངའི།
༆  ང་ཞེས་པ་དེ་་ལ་ཐོག་མ་དང་མཐའ་མའི་མཐའ་མེད་ཀྱང་། 
ཆོས་རྣམས་ཀྱི་ཐོག་མ་དེ་ང་ནས་འགོ་ཚུགས་ཤིང་མཐར་ང་ལ་ཐིམས་པར་བྱེད་དོ།། །།
ང་ཞེས་པ་དེ་ཇི་སྲིད་ཡོད་པ་དེ་སྲིད་དུ་ངའི་ཞེས་པ་དེ་ཡོད།
ངའི་ཆོས་རྣམས་ང་ཞེས་པ་དེ་ལ་རྟེན་ནས་བྱུང་བ་ཡིན། 
ང་ཞེས་པ་དེ་མེད་པར་གྱུར་ཚེ་ངའི་ཆོས་རྣམས་ཀྱང་མེད་པར་འགྱུར། 
ང་དེ་ལ་སྣང་བའི་ཆོས་ཐམས་ཅད་ནི་ང་དེའི་ལས་དབང་གིས་ཤར་བའི་སྣང་བ་ཙམ་ཡིན་ནོ།། །།



སེམས་ཀྱི་དཀྱིལ་འཁོར།
༆ སེམས་ཀྱི་དཀྱིལ་འཁོར་རྒྱ་མཚོ་ཆེན་པོ་དེར།།  
སེམས་ཀྱི་ངོ་བོ་ད྄ང་གསལ་ཆུ་དང་མཚུངས་།།
ཚ་ཆུའི་རོ་ནི་སེམས་ཀྱི་ཉོན་མོངས་འདྲ།།
ཆུ་ཡི་རླབས་ནི་སེམས་ཀྱི་རྣམ་རྟོག་བཞིན།།

རྒྱ་མཚོའི་བྱ་བ་གཞན་ཕན་གཙང་མ་སྟེ།།
སྲོག་ཆགས་གྲངས་ལས་འདས་པར་བདེ་བ་སྟེར།།
འཁོར་བའི་སེམས་ནང་དགེ་སེམས་གཡོ་བ་ལྟར།།
རྒྱ་མཚོར་གྲུ་ཆེན་གྲུ་ཆུང་འགྲུལ་ཞུགས་བྱེད།།

རྒྱ་མཚོའི་དེ་ནི་རྩེ་གཅིག་སེམས་ལྟར་བརྟན།།
རྒྱ་མཚོ་བྱང་སེམས་ལྟར་གྱི་ཐེག་པ་ཆེ།།
རྒྱ་མཚོ་མི་འགྱུར་བརྟན་ལ་རྒྱུན་མར་གཡོ།།
མཉམ་རྗེས་སེམས་གཉིས་བཟུང་དུ་འབྲེལ་དང་མཚུངས།།

རྒྱ་མཚོའི་མཐའ་ལས་འགལ་བའི་མཐའ་མེད་ནམ་མཁའི་དབྱིངས་སུ་ནི།།
གྲངས་ཡས་འཇིག་རྟེན་ཁམས་རྣམས་རྡུལ་ཕྲ་གཅིག་གི་གོ་ས་རུ།།
རང་སེམས་ཆོས་གྱི་དབྱིངས་དང་དབྱེར་མེད་རོ་གཅིག་ངང་ཉིད་དུ།།
མཉམ་པར་བཞགས་པ་རོ་མཉམ་བདེ་སྟོང་ཆོས་ཉིད་ཤར།། །།



གནམ་གཤིས་མི་རྟག་པ།
༆ གནམ་གཤིས་འགྱུར་བ་མི་རྟག་རང་བཞིན་དེ།།
ད་ལྟ་ཉི་མ་ད་ལྟ་སྤྲིན་པ་དང་།།
ད་ལྟ་ཆར་པ་ད་ལྟ་རླུང་ཚུབ་དང་།།
ད་ལྟ་གྲང་ལ་ད་ལྟ་ཚ་བ་སྟེར།།

ལུས་པོ་གྲང་ཚེ་སེམས་པས་དྲོད་པར་བྱེད།།
སེམས་པ་གྲང་ཚེ་ལུས་པོས་དྲོད་པར་བྱེད།།
ལུས་སེམས་གཉིས་ཀ་ཟས་ཀྱིས་དྲོད་བར་བྱེད།།
ལུས་སེམས་གཉིས་ཀ་གོས་ཀྱིས་སྐྱིད་བར་བྱེད།། །།


ནང་ཆོས་འགོ་འཛུགས་དཔེ་དེབ།
༆ ནང་ཆོས་ལ་དོ་སྣང་གསར་པ་གནང་མཁན་དང་ནང་ཆོས་ལ་ཐོག་མ་སློབ་སྦྱོང་གནང་མཁན་མང་པོའི་སེམས་ནང་རང་བཞིན་གྱིས་ཡོང་བའི་དྲི་བ་ཐུན་མོང་བ་ཞིག་ཡོད་པ་ནི་ནང་ཆོས་ཀྱི་དཔེ་དེབ་གང་འདྲ་ཞིག་ནས་འགོ་འཛུགས་བྱ་དགོས་སམ་ཞེས་པ་དེ་ཡིན། ང་རང་གི་ཉམས་མྱོང་གི་ཐོག་ནས་བལྟས་ཚེ། ནང་ཆོས་སློབ་གཉེར་པ་གལ་ཏེ་སྤྱིར་ལྟངས་གཞི་རིམ་གྱི་ཤེས་ཡོན་གང་མཚམས་ཡོད་མཁན་ཞིག་ཡིན་ན་དཔེ་དེབ་ཨང་ཀི་དང་པོ་ནི་བཅོམ་ལྡན་འདས་ཀྱི་བཀའ་འགྱུར་ནང་ཚན་གྱི་མདོ་རྒྱུད་ལེ་ཚན་གང་འདོད་ཞིག་གི་ཐོག་ནས་འགོ་འཛུགས་བྱ་དགོས་པ་དང་ཐད་ཀར་དེའི་ནང་དོན་ཤེས་ཐབ་བྱ་ཡ་དེ་ཡིན།།
གལ་ཏེ་དེ་ལྟར་མ་ཐུབ་ན་རང་འདོད་ཀྱི་བསྟན་འགྱུར་གྱི་ལེ་ཚན་གང་ཞིག་ནས་འགོ་འཛུགས་བྱ་དགོས་པ་དང་། གལ་ཏེ་བཀའ་འགྱུར་དང་བསྟན་འགྱུར་གྱི་ལེ་ཚན་གང་ཞིག་ནས་ཐད་ཀར་འགོ་འཛུགས་མ་ཐུབ་ཚེ། རང་རང་གི་བློའི་ནུས་པ་དང་རིག་གཞུང་གི་རྒྱབ་ལྗོངས་ལ་བལྟོས་ཏེ་འོས་ཤིང་མཚམས་པའི་དཔེ་དེབ་གང་ཡང་རུང་བ་ནས་འགོ་འཛུགས་བྱ་བ་དང་། གསུང་རབ་དེ་དག་གི་ནང་དོན་ལ་ཐོས་བསམ་སྒོམ་གསུམ་བྱས་པས་རིམ་གྱིས་སངས་རྒྱས་ཀྱི་བཀའི་དགོངས་དོན་ཤེས་ཐུབ་པར་འགྱུར་རོ།། །། 


ནང་ཆོས་དང་མི་ཚེ་བཟང་པོ།
༆ ནང་ཆོས་ཀྱི་བསླབ་བྱས་མིའི་ཉིན་རེའི་མི་ཚེ་དང་དཔལ་འབྱོར། འཁོར་ཡུག་བཅས་ལ་ཕན་པའི་ལམ་སྟོན་བཟང་པོ་གང་ཞིག་སྟེར་ཐུབ་བམ་ཞེས་པའི་དྲི་བ་འདི་ནང་ཆོས་རྗེས་འཇུག་པ་མང་པོའི་སེམས་ནང་ཡོད་སྲིད།།

རྒྱུན་ལྡན་ནང་ཆོས་འཆད་པ་པོ་རྣམས་ཀྱིས་ཚེ་འདིའི་བདེ་སྐྱིད་བློས་གཏོང་དགོས་པ་དང་། ཚེ་ཕྱི་མར་སྐྱེ་བ་བཟང་པོ་ལེན་དགོས་པ་དང་། འཁོར་བ་འདི་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་པ་དང་ཉིན་ལྟར་འཆི་བ་དྲན་དགོས་པ་བཅས་བཤད་པ་དེས་སྤྱིར་ལྟངས་ཀྱི་མི་དམངས་ནང་པའི་ཆོས་ཀྱི་བལྟ་གྲུབ་ཀྱི་གོ་བ་མཐོན་པོ་མེད་མཁན་ཚོའི་སེམས་ནང་མི་ཚེ་འདིར་འཇིགས་སྐྲག་དང་སེམས་སྡུག་མང་པོ་གཏེར་བ་ལས་སེམས་ནང་ཞི་བདེ་སྟེར་བ་དཀའ། །

ནང་ཆོས་ཀྱི་ལམ་སྟོན་རིམ་པ་དང་པོ་ནི་འཇིག་རྟེན་གྱི་ཐེག་པ་ཅེས་པ་མི་ཡི་ལུས་རྟེན་གྱི་རིན་ཐང་ཤེས་པར་བྱེད་པ་དང་། དེ་ལ་མི་ཚེ་འདིར་རང་གཞན་མང་པོར་ལུས་སེམས་ཀྱི་ཞི་བདེ་བསྐྲུན་ཐུབ་པའི་ནུས་པ་ཡོད་པ་དང་། ལྷག་པར་སེམས་པ་བཟང་པོ་དང་གཞན་ཕན་གྱི་སེམས་ལ་བརྟེན་ནས་མི་ཚེ་དོན་དང་ལྡན་པར་འགྱུར་བས་མཐར་འཆི་བའི་སྐབས་སུ་ཡང་སེམས་འགྱོད་མེད་པ་ཡོང་ཐུབ་པ་བཅས་ཀྱི་གོ་རྟོགས་སྤེལ་ཡ་ཡིན་ནོ།། །།


ཆོས་ཀྱི་འཁོར་ལོ།

༆ སངས་རྒྱས་ཤྭཀྱ་ཐུབ་པས་ཆོས་ཀྱི་འཁོར་ལོ་དང་པོར་གདུལ་བྱ་རྣམས་ལ་འཕགས་པའི་བདེན་པ་བཞི་བསྟན་པར་མཛད། དེ་ཡང་།

སྡུག་བསྔལ་༼ནད་ན་ཚ་དང་རྒས་པ་དང་འབྱུང་བ་མ་མཉམ་པ་ལས་བྱུང་བའི་སྡུག་བསྔལ་གྱི་སྡུག་བསྔལ། ཟས་དང་ལོངས་སྤྱོད་ཀྱི་བདེ་བ་ལས་བྱུང་བའི་འགྱུར་བའི་སྡུག་བསྔལ། མི་ཚེའི་ཆ་ཤས་སུ་གཏོགས་པ་ལྡོག་ཏུ་མེད་པའི་འཁོར་བའི་གནས་ལྟངས་ལས་བྱུང་བ་ཁྱབ་པ་འདུ་བྱེད་གྱི་སྡུག་བསྔལ་བཅས་༽ཤེས་པར་བྱ་བ། 

ཀུན་འབྱུང་༼སྡུག་བསྔལ་དེ་གསུམ་གྱི་རྒྱུ་ལས་དང་ཉོན་མོངས་པ་རྣམས་༽ སྤང་བར་བྱ་བ། 

འགོག་པ་༼སྡུག་བསྔལ་སྤངས་པའི་ཞི་བ་མྱང་འདས་༽ མངོན་དུ་བྱ་བ། 

ལམ་ ༼ ཆོས་ཀྱི་འཁོར་ལོས་མཚོན་པའི་འཕགས་ལམ་ཡན་ལག་བརྒྱད་དང་ལྷག་པའི་བསླབ་པ་གསུམ་༽བསྒོམ་པར་བྱ་བ། 

ཅེས་ནད་པ་ཞིག་གི་ནད་ངོས་འཛིན་དགོས་པ་དང་། ནད་ཀྱི་རྒྱུ་སྤང་བྱ་ཡིན་པ་དང་། ནད་ལས་གསོས་པའི་བདེ་བ་ཐོབ་བྱ་ཡིན་པ་དང། སྨན་བཅོས་བསྟེན་དགོས་པ་བཅས་ཀྱི་དཔེ་ལྟར་ཡིན་ནོ།། །།



སྨོན་ལམ་འདེབས་པ།

༆ སྨོན་ལམ་འདེབས་པ་ནི་ཆོས་ལུགས་ཞིག་གི་དད་པ་ཙམ་མ་ཡིན། སྨོན་ལམ་འདེབས་པ་ནི་མིའི་སེམས་ཀྱི་བདེ་སྐྱིད་དང་གཞན་ཕན་གྱི་སེམས་བསྐྱེད་ཞིག་ཡིན་ནོ།། །།



ལུས་སེམས་ཀྱི་བདེ་བ།

༆ སེམས་པ་ལྷོད་པ་རྒྱ་མཚོ་ལྟ་བུ་དང་གུ་ཡངས་པ་ནམ་མཁའ་ལྟར་དང་ལྡན་པ་ནི་ལུས་སེམས་གཉིས་ཀ་བདེ་བར་གནས་པར་བྱེད་པའི་སྨན་མཆོག་ཡིན་ནོ།། །།



སྙིང་རྗེའི་སེམས།

༆ སྙིང་རྗེའི་སེམས་ནི་ཉི་མ་ལྟ་བུ་སྟེ། མ་རིག་པའི་མུན་པ་སེལ་བར་བྱེད་ཅིང་ཤེས་རབ་ཀྱི་སྣང་བ་སྟེར་བར་བྱེད་དོ།། །། 



འདོད་ཆུང་ཆོག་ཤེས།

༆ འདོད་ཆུང་ཆོག་ཤེས་ཀྱི་སེམས་ནི་ཤིང་གི་སྡོང་པོ་ལྟ་བུ་སྟེ། ས་ཀློན་དྲོད་རླུང་བར་སྣང་བཅས་ཀྱི་འབྱུང་བ་རྣཾས་རང་ལ་གང་དགོས་ཙམ་ལེན་ཅིང་། དེ་ལས་ལྷག་པ་ལོངས་སུ་མི་སྤྱོད་དོ།། །།



བྱམས་སེམས།

༆ བྱམས་སེམས་ནི་ཤིང་གི་སྒྲིབ་སིལ་ལྟ་བུ་སྟེ། ལན་ལ་རེ་འདོད་མེད་པར་གཞན་ལ་སིལ་བ་སྟེར་བར་བྱེད་དོ།། །།



ངེས་འབྱུང་གི་སེམས།

༆ ངེས་འབྱུང་གི་སེམས་ནི་འདམ་ནང་གནས་པའི་མེ་ཏོག་པདྨའི་ས་བོན་ལྟ་བུ་སྟེ། ས་བོན་དེས་འདམ་གྱི་ནུས་པ་ལས་མེ་ཏོག་ལོ་འདབ་འབྲས་བུ་དང་བཅས་རྒྱས་པར་བྱེད་པ་བཞིན། ས་བོན་ངེས་པར་འབྱུང་བའི་སེམས་ཀྱིས་འཁོར་བའི་གནས་ཀྱི་ནུས་པ་ལས་ལོ་འདབ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་དང་མེ་ཏོག་རྒྱལ་སྲས་ཀྱི་སྤྱོད་པ་དང་འབྲས་བུ་བྱང་ཆུབ་གསུམ་བཅས་བསྐྲུན་པར་བྱེད་དོ།། །།



ཆོས་ཀྱི་སྡོམ་བཞི།

༆  དམ་པའི་ཆོས་ཀྱི་སྡོམ་བཞིའམ་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ནི། འདུས་བྱས་ཐམས་ཅད་མི་རྟག་པ།། ཟག་བཅས་ཐམས་ཅད་སྡུག་བསྔལ་བ།། ཆོས་རྣམས་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་ཞི་བའོ།། ཅེས་བོད་རྒྱུད་ནང་དོན་རིག་པའི་ཆོས་ཀྱི་འཁོར་ཡུག་ནང་ཡོངས་སུ་གྲགས་པ་ཞིག་ཡིན། པྭ་ལིའི་མདོ་ལས། (dukkha anicca anatta) སྡུག་བསྔལ། མི་རྟག བདག་མེད་བཅས་གསུམ་ལ་ཆོས་ཀྱི་མཚོན་རྟགས་སམ་ཁྱད་ཆོས་ཅེས་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་ལྟ་བུར་ཡོངས་སུ་གྲགས་ཡོད། གང་ལྟར་ཁྱད་ཆོས་གསུམ་མམ་ཡང་ན་ཁྱད་ཆོས་བཞི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ནང་དོན་གཅིག་ཏུ་བསྡུས་པའི་སྡོམ་ཚིག་བཀོད་པ་ལ་ཟེར།།

གོ་དོན་ནི། ཉོན་མོངས་པའི་རྒྱུ་དང་རྐྱེན་འདུས་པ་ལས་བྱས་པའི་ཚོར་བ་དང་འཁོར་དང་ལོངས་སྤྱོད་འཇིག་རྟེན་གྱི་ཁམས་དང་བཅས་པ་ཐམས་ཅད་སྔ་ཕྱི་མ་གཏོགས་འཇིག་པར་འགྱུར་བ་མི་རྟག་འི་རང་བཞིན་ཡིན་པ་ཤེས་པར་བྱ་དགོས་པ་དང་། དེ་ལྟར་ཤེས་ནས་ཉོན་མོངས་པའི་ལྷད་ཞུགས་པ་རྐྱོན་གྱི་ཟག་པ་དང་བཅསཔའི་ཆོས་དེ་དག་ཐམས་ཅད་མཐར་སེམས་ལ་སྡུག་ངལ་སྟེར་ར་བྱེད་པ་ཡིན་པ་ངོས་འཛིན་དགོས་པ་ཡིན། དེ་ནས་སྲོག་ལྡན་གྱི་འགྲོ་བ་དང་སྲོག་ལྡན་མ་ཡིན་པའི་དངོས་པོའི་ཆོརྣམས་བདག་འཛིན་མ་རིག་པའི་བློའི་འཛིན་སྟངས་བཞིན་རང་ངོས་ནས་གྲུབ་པ་ཅུང་ཟད་ཀྱང་མེད་པས་རང་བཞིན་སྟོང་པ་ཉིད་ཡིན་ཞིང་དོན་དམ་པར་དག་ཏུ་བཟུང་བར་བྱ་བ་མེད་པ་སྒོམ་པར་བྱ་དགོས་པ་དང་། དེ་ལྟར་སྒོམ་པ་ལ་བརྟེན་ནས་རིམ་པས་རང་རྒྱུད་ཀྱི་ཉོན་མོངས་པའི་རྩ་བ་བདག་འཛིན་མ་རིག་པའི་བློ་དག་སྟེ་རང་སེམས་དེ་ཉིད་མཐར་འཁོར་བའི་སྡུག་བསྔལ་དང་མྱ་ངན་གྱི་ཚོགས་ལས་གྲོལ་བའི་ཞི་བ་མྱ་ངན་འདས་ཞི་དམ་པའི་གོ་འཕང་དམ་པར་འགྱུར་ཐུབ་ཅེས་པ་ཡིན་ནོ།། །།



ཐབས་དང་ཤེས་རབ།

༆  ཐབས་དང་ཤེས་རབ་གཉིས་ནི་བོད་ཀྱི་དམ་པའི་ཆོས་ཉམས་ལེན་པའི་ནང་དུ་ཡོངས་གྲགས་ཀྱི་ཐ་སྙད་ཞིག་ཡིན། སྤྱིར་ཐབས་ནི་སྙིང་རྗེའི་སེམས་དང་ཤེས་རབ་ནི་གནས་ལུགས་མཐར་ཐུག་རྟོགས་པའི་རིག་པ་ལ་ཟེར། ཉན་རང་གི་ཐེག་པའི་ལམ་གྱི་རིམ་པའི་སྐབས་སུ་ཐབས་ནི་སྙིང་རྗེའི་སེམས་དང་ཤེས་རབ་ནི་བདག་མེད་རྟོགས་པའི་བློ་ལ་ཟེར། བྱང་སེམས་ཀྱི་ཐེག་པའི་དབང་དུ་བྱས་ན་ཐབས་ནི་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་སྟོང་པ་ཉིད་རྟོགས་པའི་བློ་ལ་ཟེར། གསང་སྔགས་ཀྱི་ཐེག་པའི་སྐབས་སུ་ཐབས་ནི་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ལ་གོ་བ་ཡིན།།

སྙིང་རྗེའི་སེམས་ལ་ཉན་རང་གི་ལམ་གྱི་གནས་སྐབས་སུ་སྙིང་རྗེ་ཚད་མེད་དང་། བྱང་སེམས་དང་གསང་སྔགས་ཀྱི་སྐབས་སུ་སྙིང་རྗེ་ཆེན་པོ་ཡིན། སེམས་ཅན་ཙམ་ལ་དམིགས་པའི་སྙིང་རྗེ་དང་མི་རྟག་པའི་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་སྟོང་པ་ཉིད་དམ་བདག་མེད་པའི་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་བཅས་སྙིང་རྗེ་སྒོམ་ཚུལ་རིམ་པ་གསུམ་ཡོད།།

སྟོང་ཉིད་དང་བདག་མེད་ཟེར་བའི་ཐ་སྙད་འདི་ཐེག་པ་གསུམ་དང་གྲུབ་མཐའ་བཞི་གསང་སྔགས་དང་བཅས་ཚང་མར་ཡོངས་གྲགས་ཀྱི་ཆོས་སྐད་ཞིག་ཡིན་ན་ཡང་དེའི་གོ་དོན་འགྲེལ་བཤད་ལ་ཐེག་པ་སོ་སོ་དང་གྲུབ་མཐའ་སོ་སོ་བཅས་ནས་ངོས་འཛིན་ཚུལ་མི་འདྲ་བ་ཡོད། དེ་ཡང་རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པ་ལ་བདག་མེད་དང་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་བདག་མེད་དང༌། གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་དང༌། ཆོས་ཐམས་ཅད་རང་མཚན་གྱིས་ཡོད་ཀྱང་དོན་དམ་པར་ངོ་བོ་ཉིད་མེད་པ་དང༌། ཆོས་ཐམས་ཅད་ཐ་སྙད་དུ་ཡང་རང་མཚན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པ་ལ་རྒྱུ་འབྲས་འཆིང་གྲོལ་གྱི་བྱ་བྱེད་ཐམས་ཅད་བཞག་ཆོག་པའི་བདག་མེད་ཀྱི་རིམ་པ་རྣམས་ཕྱི་མ་ཕྱི་མ་ལས་སྔ་མ་སྔ་མ་རྟོགས་སླ་བས༌སྔ་མ་རྣམས་ཕྱི་མ་ལ་འཇུག་པའི་ཐབས་སུ་བསྟན་པ་ཡིན་ཅིང་། སྐབས་རེ་ལྟ་བ་སླ་བ་སྔོན་དུ་བསྟན་ནས་རིམ་གྱིས་གོང་མར་ཁྲིད་པར་འགྱུར་བ་། ཡང་ཐོག་མ་ཉིད་ནས་ལྟ་བ་མཐོན་པོ་བསྟན་ན་ཕན་པ་ལས་གནོད་པ་ཆེ་བར་འགྱུར་བའང་ཡོད།།

གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་དང་སྟོང་ཉིད་འཇོག་ཚུལ་མི་འདྲ་བ་འདི་དག་ཐམས་ཅད་བདག་འཛིན་གྱི་བློའི་གཉེན་པོར་ཉམས་ལེན་པ་རང་རང་གི་དབང་པོ་དང་ཁམས་དང་མོས་པ་ལ་བལྟོས་ཏེ་རྣམ་དཔྱོད་ཀྱི་ཐེམ་པ་རིམ་འཛེགས་ཀྱིས་མཐར་འཁོར་བའི་རྩ་བ་མ་རིག་པའི་མུན་པ་ལས་གྲོལ་ཏེ་ཡེ་་ཤེས་ཀྱི་མིག་ཐོབ་པར་བྱེད་པའི་ཐབས་ཁྱད་པར་ཅན་ཡིན་ནོ།། །།



བོད་ཀྱི་ལྟ་གྲུབ།

༆ བོད་ཀྱི་དམ་པའི་ཆོས་ནི་རྒྱ་གར་ནས་ཁ་ཆེའི་ཡུལ་གྱི་སྔགས་འཆང་གུ་རུ་པདྨ་སམ་བྷ་བ་དང་ནལེནྡྲ་ནས་ཕེབས་པའི་མཁན་ཆེན་ཞི་བ་འཚོ་དང་བྷེང་གྷ་ལིའི་སློབ་དཔོན་དཔལ་ལྡན་ཨ་ཏི་ཤ་སོགས་བོད་ནང་དངོས་སུ་ཕེབས་པ་དང་། ཡང་མར་པ་ལོ་ཙྭ་བ་བརྒྱུད་གྲུབ་ཆེན་ཏི་ལོ་པ་དང་ན་རོ་པ་དང་མཻ་ཀྲི་པ་སོགས་ཀྱི་གདམ་པ་དང་།།

གཞན་ཡང་བོད་ཀྱི་ལོ་ཙྭ་བ་ལོ་ཆེན་བྷེ་རོ་ཙ་ན་དང་ཀ་ཅོག་ཞང་གསུམ་དང་ལོ་ཆེན་རིན་ཆེན་བཟང་པོ་སོགས་ཁག་གཅིག་རྒྱ་གར་ནལེནྡྲར་བསླབ་གཉེར་དུ་ཕེབས་ནས་བླངས་པའི་གདམ་པ་བཅས་ལས་བྱུང་བ་ཞིག་ཡིན། ཆོས་ཀྱི་བརྒྱུད་རིམ་རྣམས་ཕྱལ་སྲོལ་གྱི་རྒྱུད་པའི་གསོལ་འདེབས་ཁག་ལས་ཤེས་ཐུབ། དེ་ལྟར་བསྟན་པ་སྔ་དར་དང་ཕྱི་དར་སོགས་དུས་སྐབས་སོ་སོར་བོད་ནང་ཐེག་པ་གསུམ་སྔགས་དང་བཅས་པ་དང་རྒྱ་གར་གྱི་ནང་པའི་གྲུབ་མཐའ་བཞི་བཅས་ཀྱི་་གདམ་པའི་རྒྱུན་དུས་ད་ལྟའི་བར་གནས་མུས་རེད། །

 རིམ་པས་མཁས་པ་སོ་སོའི་རྒྱུད་རིམ་གྱི་ཕྱག་སྲོལ་འདྲ་མིན་ལ་བརྟེན་ནས་བོད་ནང་དམ་པའི་ཆོས་ཀྱི་ལུགས་སྲོལ་ཆེ་བ་བཞི་སྟེ་སྙིང་མ་དང་བཀའ་རྒྱུད་དང་ས་སྐྱ་དང་དགེ་ལུགས་བཅས་དང་དེ་དག་གི་ནང་ཁུལ་དུ་ཡང་ཚན་པ་དུ་མ་ཡོད། དེ་དག་དབར་གྱི་ཁྱད་པར་ནི་ཨིན་སྐད་དུ་ (same, same, but different) ཟེར་བ་ལྟར་ནང་དོན་གཅིག་ཡིན་རུང་མི་འདྲ་བའི་ཁྱད་པར་ཡང་ཡོད།།

མདོར་ན་སྐབས་འདིར་བརྗོད་པར་འདོད་པ་ཞིག་ནི་མི་ལོ་སྟོང་ལས་ལྷག་པ་བོད་པས་ནང་པའི་ལྟ་གྲུབ་ལ་སྦྱོང་དར་བྱས་པའི་མཐའ་མའི་གྲུབ་དོན་ཨིན་སྐད་དུ་ "Thesis" འདྲ་བ་གང་ཞིག་རྣམ་དཔྱོད་གསར་པ་བསྐྲུན་ཐུབ་ཡོད་དམ་ཞེས་པ་འདི་དུས་རབས་ཀྱི་དྲི་པ་གནད་དོན་ཅན་ཞིག་རེད། དཔེར་ན། མགོན་པ་ཀླུ་སྒྲུབ་ཀྱིས་ཡུམ་གྱི་མདོ་དོན་དབུ་མའི་ལམ་དུ་སྲོལ་གཏོད་པར་མཛད་པ་དང་། ཟླ་བ་གྲགས་པས་ཡུམ་གྱི་མདོ་དོན་དབུ་མ་ཐལ་འགྱུར་བར་སྤྲོས་པ་དང་། ལེགས་ལྡན་འབྱེད་ཀྱིས་ཡུམ་གྱི་མདོ་དོན་དབུ་རང་རྒྱུད་པར་སྤྲོས་པ་དང་། སློབ་དཔོན་ཐོག་མེད་ཀྱིས་མདོ་དོན་སེམས་ཙམ་པའི་ལྟ་བར་གསལ་བ་སོགས་རྒྱ་གར་ལྟ་གྲུབ་མཁས་པས་ཐུབ་པའི་དགོངས་པ་རང་རང་གི་ལྟ་གྲུབ་སྣ་ཚོགས་སུ་སྲོལ་གཏོད་པ་ལྟར།།

བོད་ཀྱི་མཁས་པས་ཐུབ་པའི་དགོངས་པ་བོད་རང་གི་ལྟ་གྲུབ་གང་ཞིག་དུ་སྲོལ་གཏོད་པ་བྱུང་ཡོད་དམ། དེ་མིན་སྔར་གྱི་རྒྱ་གར་གྱི་ལྟ་གྲུབ་སྙིང་པ་དེ་དག་བོད་སྐད་ཐོག་དུས་རབས་ནས་དུས་རབས་སྐྱར་བཟློས་ཡང་བཟློས་བྱས་ནས་བོད་རང་གི་ལྟ་གྲུབ་གང་ཡང་མེད་པར་གསེར་གྱི་བྱ་མོ་ལས་སྒོང་ང་རྫོགས་མེད་ལེན་པའི་རེ་བའི་སྒྲུང་ལྟར་གནས་རྒྱུ་ཡིན་ནམ།།

བོད་རང་གི་ལྟ་གྲུབ་མེད་པ་དང་། བོད་ཀྱི་ངོ་བོ་མཚོན་བྱེད་ཀྱི་རིག་གཞུང་ཐུན་མོང་མ་ཡིན་པ་ཞིག་མེད་པ་ནི་བོད་མི་རིགས་ཀྱི་འདས་པའི་ལོ་རྒྱུས་ཀྱི་སྟོང་ཆ་ཆེ་ཤོས་ལྷག་པ་དེ་ཡིན་པར་མངོན།།


བདག་འཛིན་དང་ངར་འཛིན།

༆  ཨིན་སྐད་དུ་ Ego ཞེས་པ་དེ་རིག་གཞུང་གི་འཁོར་ཡུག་དང་གནས་དུས་ལ་བསྟུན་ཏེ་དུས་སྐབས་སོ་སོར་གོ་དོན་མ་འདྲ་བ་ཡོད་པ་ཡིན། ནང་དོན་རིག་པའི་འཁོར་ཡུག་བོད་ཀྱི་ཆོས་སྐད་དུ་ངར་འཛིན་དང་ཡང་ན་བདག་འཛིན་ལ་གོ་ཐུབ། ངར་འཛིན་གྱི་ང་དང་གང་ཟག་བདག་འཛིན་གྱི་བདག་ནི་ང་དང་བདག་ཞེས་པ་ཞིག་ཕུང་པོ་ལྔ་པོ་གང་ལ་ཡང་མ་བརྟེན་ པའི་ངའམ་བདག་རང་དབང་བའམ་རང་བཞིན་ཚུགས་ཐུབ་པ་ཞིག་ཤར་གྱི་ཡོད་པ་ཡིན། 

ནང་པའི་ཆོས་ཀྱི་བལྟ་གྲུབ་དགོངས་དོན་ལྟར་ན་ང་དང་བདག་དང་གང་ཟག་ཞེས་པ་ཕུང་པོ་ལྔ་ལ་བརྟེན་ནས་གྲུབ་པའི་གཟུགས་ཤེས་གང་ཡང་མ་ཡིན་པའི་མི་ལྡན་པའི་འདུས་བྱས་ཞིག་ཡིན། དེ་འདྲའི་ངའམ་བདག་དེ་ཕུང་པོ་ལྔ་ཚོགས་པ་དང་ཕུང་པོ་ལྔ་པོ་རེ་རེ་ནས་གང་ཡང་མ་ཡིན་ལ་ཕུང་པོ་ལྔའི་ཕྱི་རོལ་དུ་ཡང་མེད།། 

ངར་འཛིན་གྱི་བློ་ནི་འཁོར་བའི་སེམས་དང་རང་ཆས་སུ་ཡོད་པའི་འཁྲུལ་བློ་ནུས་སྟོབས་ཆེ་བས་འགྲོ་བ་རྣམས་རང་ཤུགས་ཀྱིས་དེའི་དབང་འོག་ཏུ་ལྷུང་གི་ཡོད། ལས་དང་པོ་པས་ངར་འཛིན་ནམ་བདག་འཛིན་གྱི་བློ་དེ་ལ་དངོས་སུ་གདོང་ཐུག་གིས་མ་འཐབ་པར་བློ་དེའི་འཛིན་སྟངས་དང་རྣམ་པ་བཅས་ལ་དྲན་པས་མུ་མཐུད་ནས་བརྟག་དཔྱད་ལེགས་པར་བྱས་ནས་བདག་འཛིན་ནམ་ངར་འཛིན་གྱི་བློ་དེའི་འཁྲུལ་བའི་རང་བཞིན་ཤེས་པར་བྱ་བ་དང་དེའི་འཛིན་སྟངས་བཅོས་ཐབས་བྱ་དགོས་པ་ཡིན། བདག་འཛིན་མ་རིག་པའི་བློ་དེ་ནི་ཉོན་མོངས་པའི་བློ་ཐམས་ཅད་ཀྱི་གཙོ་བོ་དང་གཞི་རྩ་ཡིན་པས་དེས་གང་ཟག་དེ་དང་འབྲེལ་ཡོད་གྱི་དངོས་པོ་དང་ཉེ་འཁོར་གྱི་ཆོས་གང་ལ་ཡང་མ་བརྟེན་པའི་རང་བཞིན་ཚུགས་ཐུབ་ཀྱི་བདག་རང་སྐྱ་བ་ཞིག་དུ་འཚོར་བའི་འཁྲུལ་བའི་སྣང་བ་བསྐྲུན་པར་བྱེད།།

བདག་གམ་ང་ཞེས་པའི་རང་བཞིན་ངོ་མ་ནི་ངར་འཛིན་གྱི་འཛིན་སྟངས་ལས་ཡོངས་སུ་ལྡོག་སྟེ་སེམས་ནང་ཟབ་མོའི་སྟིང་ངེ་འཛིན་གྱི་ལམ་ནས་གསལ་ཐུབ་པའི་རྟེན་འབྱུང་སྙིང་པོའི་ཆོས་ང་དང་བདག་ཞེས་པ་འཇིག་རྟེན་གྱི་ཁམས་ཀྱི་ཆོས་སྤྱི་དང་བྱེ་བྲག་ཐམས་ཅད་དང་འབྲེལ་ནས་གནས་པའི་རང་བཞིན་འཁྲུལ་བའི་བློས་མ་སླད་པའི་ཡུལ་གཞི་གྲུབ་ཀྱི་གང་ཟག་ཞིག་ལ་འཇོག་གོ། །།



རྒྱལ་བའི་བསྟན་པ་སྤྱི་དང་ཐེག་པ་གསུམ།

༆ རྒྱལ་བའི་བསྟན་པ་རིན་པོ་ཆེའམ་སངས་རྒྱས་ཀྱི་བསྟན་པ་སྤྱིའི་ཉམས་ལེན་ནི་བདེན་བཞིའི་ཆོས་འཁོར་དུ།  ༆ དེ་ལ་བཅོམ་ལྡན་འདས་ཀྱིས། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། ། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། །འདི་ནི་འགོག་པ་འཕགས་པའི་བདེན་པའོ། །འདི་ནི་ལམ་འཕགས་པའི་བདེན་པའོ། །སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ། སྡུག་བསྔལ་ཤེས་པར་བྱ་སྟེ་ཤེས་པར་བྱར་མེད། ཀུན་འབྱུང་སྤང་བར་བྱ་སྟེ་སྤང་བར་བྱར་མེད། འགོག་པ་མངོན་དུ་བྱ་སྟེ་མངོན་དུ་བྱར་མེད། ལམ་བསྒོམ་པར་བྱ་སྟེ་བསྒོམ་པར་བྱར་མེད་་་།། ཅེས་པའི་བདེན་བཞིའི་ངོ་བོ་དང༌། བྱ་བ། བྱ་བ་འབྲས་བུ་དང་བཅས་པ་བསྟན་པ་ལྟར་སྡུག་བསྔལ་ཤེས་པར་བྱ་བ་དང་། ཀུན་འབྱུང་སྤང་བར་བྱ་བ་དང་། ལམ་བསྒོམ་པར་བྱ་བ་དང་། འགོག་པ་མངོན་དུ་བྱ་བ་བཅས་ཀྱི་ཉམས་ལེན་གྱི་རིམ་པ་འདི་ལ་གཅིག་མཐུན་ཡིན།། 

གདུལ་བྱ་རང་རང་གི་ཁམས་དང་མོས་པ། དབང་པོ་དང་བལྟ་གྲུབ་བཅས་ལ་བལྟོས་ཏེ་ཉན་རང་གི་ཐེག་པ་དང་། བྱང་སེམས་ཀྱི་ཐེག་པ། རྡོ་རྗེ་ཐེག་པ་བཅས་ཐེག་པ་རིམ་པ་གསུམ་དུ་བསྟན་ཡོད། ཉན་རང་གི་ཐེག་པ་ནི། ངེས་འབྱུང་གི་བསམ་པས་ཀུན་སློང་ལས་བྱང་ཕྱོགས་སོ་བདུན་གྱི་ལམ་ལ་བརྟེན་ནས་ཉན་རང་གི་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ་བཅས་དང་། མཐར་མི་སློབ་ལམ་ཞི་བ་མྱང་འདས་མངོན་དུ་བྱེད་པའི་ཐབས་ལམ་ཡིན། བྱང་སེམས་ཀྱི་ཐེག་པ་ནི། ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ཏེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངས་ནས་སྦྱིན་སོགས་ཕར་ཕྱིན་བཅུའི་ཉམས་ལེན་ལས་ཐེག་པ་ཆེན་པོའི་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ་དང་། མཐར་མི་སློབ་ལམ་མི་གནས་པའི་མྱང་འདས་མངོན་དུ་བྱེད་པའི་ལམ་གྱི་རིམ་པ་ཡིན། རྡོ་རྗེ་ཐེག་པ་ནི། ངེས་འབྱུང་གི་སེམས་ཁྱད་པར་བ་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ་ལྷའི་རྣལ་འབྱོར་དང་བཟུང་འབྲེལ་གྱིས་ལམ་ལ་ཉམས་ལེན་བྱས་པས་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ་དང་། མཐར་མི་སློབ་ལམ་རྒྱལ་བ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པའི་ས་ལམ་གྱི་རིམ་པ་ཡིན།།

སྤྱི་ཡོངས་ཀྱི་ཆ་ནས་བཤད་ན། ཚོགས་ལམ་ཞེས་པ་ནི་ཐེག་པ་རང་རང་གི་ལམ་ལ་བསྟེན་ནས་གཙོ་བོ་བསོད་ནམས་ཀྱི་ཚོགས་སྦྱིན་པ། ཚུལ་ཁྲིམས། བཟོད་པ་བཅས་ཀྱི་ཉམས་ལེན་རྫོགས་པ་ལ་བརྩོན་པའི་གནས་སྐབས་ཡིན། སྦྱོར་ལམ་ནི་ཐེག་པ་རང་རང་གི་བལྟ་གྲུབ་ལ་བལྟོས་ཏེ་བལྟ་བ་ཡང་དག་པ་རྟོགས་པར་བརྩོན་པའི་གནས་སྐབས་དང། སྦྱོར་ལམ་ཞེས་པ་མཐོང་ལམ་ལ་སྦྱོར་བྱེད་ཀྱི་ལམ་ཏེ་བལྟ་བ་ཡང་དག་པ་དོན་སྤྱིའི་ཚུལ་དུ་རྟོགས་པ་ལ་ཟེར། མཐོང་ལམ་ཞེས་པ་བལྟ་བ་ཡང་དག་པ་ཡིད་ཀྱི་མངོན་སུམ་ལ་མཐོང་བའམ་མཇལ་བ་ལ་ཟེར་བས་ཐེག་པ་རང་རང་གི་བལྟ་གྲུབ་ལ་བལྟོས་ཏེ་བལྟ་བ་མཐར་ཐུག་མངོན་སུམ་དུ་རྟོགས་པའི་ཤེས་རབ་ནི་མཐོང་ལམ་ཡིན། སྒོམ་ལམ་ནི་མཐོང་ལམ་མངོན་སུམ་ཚད་མ་དེ་མུ་མཐུད་ནས་གོམས་པར་བྱེད་པའམ་བརྟན་པར་གནས་པར་བྱེད་པའི་ལམ་ཡིན། དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པ་ན་མཐར་མི་སློབ་ལམ་ཏེ་ཐེག་པ་རང་རང་གི་གྲུབ་མཐའི་རྣམ་གཞག་ལྟར་གྱི་སྡུག་བསྔལ་དང་ཀུན་འབྱུང་ལས་གྲོལ་བའི་རྣམ་གྲོལ་གྱི་གོ་འཕང་ལ་ཟེར།།

ཐེག་པ་རང་རང་གི་བལྟ་གྲུབ་ལ་བལྟོས་ཏེ་ཤེས་རབ་ཕར་ཕྱིན་ཀྱི་ཡུལ་བལྟ་བ་མཐར་ཐུག་ལ་མིང་བརྡས་བརྗོད་ཚུལ་ཅུང་མི་འདྲ་བ་ཡོད་པ་ཡིན། སྤྱིར་ཉན་རང་གི་ཐེག་པ་ནི་བལྟ་གྲུབ་མདོ་སྡེ་བ་དང་སེམས་ཙམ་གྱི་ལུགས་ཀྱི་རྟག་གཅིག་རང་དབང་ཅན་གྱི་བདག་མེད་པ་དང་གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་སྟོང་པ་དང་ཕུང་པོ་ལྔ་དང་ཕུང་པོ་ལྔ་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པའི་སྟོང་པ་བཅས་ཀྱི་གནས་ལུགས་མཐར་ཐུག་རྟོགས་པ་ལ་བལྟ་བ་ཡང་དག་པ་རྟོགས་པར་ངོས་འཛིན་པ་ཡིན།  སྤྱིར་བྱང་སེམས་ཀྱི་ཐེག་པ་ནི་དབུ་མ་རང་རྒྱུད་པའི་་ལུགས་ཀྱི་རང་ང་བཞིན་གྱིས་གྲུབ་པའི་བདེན་གྲུབ་ཀྱིས་སྟོང་པའི་ཆོས་དང་གང་ཟག་གི་བདག་མེད་པའི་བདག་མེད་དང་ཐལ་འགྱུར་པའི་ལུགས་ཀྱི་ཆོས་ཐམས་ཅད་མིང་བརྡས་ཕར་བཏགས་ཙམ་ལས་རང་ངོས་ནས་གྲུབ་པའི་ཆ་རྡུལ་ཙམ་ཡང་མེད་པའི་སྟོང་ཉིད་ཆོས་དང་གང་ཟག་གི་བདག་མེད་བཅས་རྟོགས་པ་ལ་གནས་ལུགས་མཐར་ཐུག་རྟོགས་པ་འདོད།  སྤྱིར་རྡོ་རྗེ་ཐེག་པ་ནི་ཐལ་འགྱུར་བའི་བལྟ་བ་གཞིར་བཅོལ་བའི་གསལ་སྟོང་བཟུང་འཇུག་དང་བདེ་སྟོང་བཟུང་འཇུག་དང་བདེན་གཉིས་བཟུང་འཇུག་གི་བལྟ་བ་རྟོགས་པ་ན་གནས་ལུགས་མཐར་ཐུག་རྟོགས་པར་ངོས་འཛིན་པ་ཡིན།། 

འོན་ཀྱང་དམིགས་བསལ་གྱི་དབང་དུ་བཏང་ན་ཉན་ཐོས་མདོ་སྡེ་བ་རྡོ་རྗེ་འཛིན་པ་དང་རང་རྒྱལ་སེམས་ཙམ་པ་རྡོ་རྗེ་འཛིན་པ་ཡོད་ཅིང་། ཉན་རང་རང་རྒྱུད་པ་དང་ཐལ་འགྱུར་པ་ཡང་ཡོད། དེ་བཞིན་སྔགས་པ་བྱེ་བྲག་སྨྲ་བ་སོགས་རང་རང་སོ་སོའི་ཁམས་དང་མོས་པ་ལ་བལྟོས་ཏེ་ལམ་གྱི་རྣམ་གྲངས་མཐའ་ཡས་པ་ཡོད་པ་ལྟར་ཉམས་ལེན་གྱི་རིམ་ཡང་གྲངས་ལས་འདས་པ་ཡོད་པ་ཡིན།། 

དེ་དག་ཐམས་ཅད་མཐར་རང་གཞན་འཁོར་བ་ལས་གྲོལ་བར་བྱེད་པའི་ལམ་པོ་ཆེར་འདུས་པས་ན་གྲུབ་མཐའ་དང་ཐེག་པ་སྣ་ཚོགས་པ་ནི་མིང་བརྡས་བརྗོད་ཚུལ་ཅུང་མི་འདྲ་བ་ཙམ་ལས་ངེས་དོན་ནི་མདོ་ལས། ༆ བཅོམ་ལྡན་འདས་ཅིའི་སླད་དུ་ལམ་གྱི་རྣམ་པ་འཚལ་བ་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལགས། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང་སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ལམ་ཐམས་ཅད་ཤེས་པར་བྱའོ། །དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱ་ཞིང་དེ་དག་གིས་ལམ་གྱི་བྱ་བ་ཡང་བྱ་ལ།། །།ཞེས་གསུངས་པ་ལྟར་ཐེག་པ་སྣ་ཚོགས་པ་ཐམས་ཅད་འཁོར་བའི་ངལ་དུབ་ལས་སྒྲོལ་བའི་ཞི་བསིལ་ལྡན་པའི་མི་ཚེ་བཟང་པོའི་སྤྱི་ཚོགས་དང་རང་གཞན་ཐམས་ཅད་སྡུག་བསྔལ་ལས་ཐར་པའི་ཞི་བའི་བདེ་བ་དང་རྣམ་ཀུན་མཁྱེན་པའི་ཡེ་ཤེས་ཀྱི་སར་འགོད་པར་བྱེད་པའི་ཐབས་ལམ་དགོངས་དོན་གཅིག་མཚུངས་ཡིན་ནོ།། །།



དམ་པའི་ཆོས་ཀྱི་རིན་ཐང་།

༆ ཟབ་མོའི་ཆོས་ནི་མི་ཚེ་དང་འཇིག་རྟེན་ཁམས་ཀྱི་སྙིང་པོ་ཡིན་པ་དང་རྒྱ་ཆེ་ལ་གནས་ལུགས་བསམ་ཡུལ་ལས་འདས་པ་ཞིག་ཡིན། འོན་ཀྱང་རྡུལ་ཕྲན་གཅིག་གི་གོ་སར་འཇིག་རྟེན་གྱི་ཁམས་ཡོངས་རྫོགས་ཚུད་ཐུབ་ཀྱི་ཡོད་པ་ལྟར་མིའི་སེམས་ཀྱིས་དབུགས་དབྱུང་རྔུབ་ཀྱི་སྒོམ་ཙམ་གྱི་ཐོག་ནས་ཀྱང་དམ་པའི་ཆོས་ཀྱི་རིན་ཐང་རྣམས་བཟུང་ཐུབ་པ་དང་། དེ་ལྟར་ཀུན་སློང་བཟང་པོས་ཉམས་ལེན་ལ་བརྟེན་ནས་ནམ་ཞིག་འགྲོ་བ་མི་ཡི་སེམས་ཀྱི་འཁྲུལ་སྣང་ལས་འབྱུང་བའི་ངལ་དུབ་དང་འཁོར་བའི་འཇིགས་སྣང་ལས་གྲོལ་ཐུབ་བོ།། །།



བྱམས་སོགས་ཚད་མེད་བཞི།

༆ བོད་ཀྱི་ནང་ཆོས་ལས་སེམས་བཅོས་ཐབས་ཀྱི་ཉིན་རེའི་ཉམས་ལེན་༼བྱམས་སོགས་ཚད་མེད་བཞི།༽འམ་ ༼ཚངས་པའི་གནས་བཞི།༽སྒོམ་པ་ནི་ཁྱབ་ཆེའི་མང་ཚོགས་ནང་ཡོངས་སུ་གྲགས་པ་ཞིག་ཡིན། ཚད་མེད་བཞི་ནི། བྱམས་པ་ཚད་མེད། སྙིང་རྗེ་ཚད་མེད། དགའ་བ་ཚད་མེད། བཏང་སྙོམས་ཚད་མེད་བཅས་ཡིན།།

དང་པོ་ནི། ༼སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག༽ ཅེས་པའི་ཚིག་དོན་དྲན་པའི་ངང་ནས་རང་གཞན་སེམས་ཅན་ཐམས་ཅད་ལུས་སེམས་བདེ་བའི་ཚོར་བ་སྤྱི་དང་ཁྱད་པར་དུ་དལ་འབྱོར་མངོན་མཐོ་དང་ངེས་ལེགས་ཀྱི་བདེ་བ་དང་ལྡན་པར་སྨོན་པ་དང་དེ་ལྟར་གནས་པར་བྱེད་པའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་ལྡན་པར་གྱུར་པ་སྨོན་འདུན་ཤུགས་དྲག་སེམས་ཀྱི་ཚོར་བ་ཆེན་པོས་བྱེད་པ་དང་མོས་པ་སྒོམ་པ་ལ་ཟེར།། 

གཉིས་པ་སྙིང་རྗེ་ཚད་མེད་ནི། ༼སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག༽ཅེས་པའི་ཚིག་དོན་དྲན་པའི་ངང་ནས་རང་གཞན་སེམས་ཅན་ཐམས་ཅད་ལུས་སེམས་སྡུག་བསྔལ་གྱི་ཚོར་བ་སྤྱི་དང་ཁྱད་པར་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་པའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་དང་། དེ་དག་གི་རྒྱུ་ཀུན་འབྱུང་ལས་དང་ཉོན་མོངས་པ་བཅས་ལས་བྲལ་བའི་གོ་འཕང་ལ་འཁོད་པར་གྱུར་བར་སྨོན་འདུན་དང་དེ་ལྟར་གྱུར་བར་མོས་པས་སེམས་རྩེ་གཅིག་པས་སྒོམ་པ་ལ་ཟེར།།

གསུམ་པ་དགའ་བ་ཚད་མེད་ནི། ༼སེམས་ཅན་ཐམས་ཅད་སྡུག་བསྔལ་པ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག༽ ཅེས་པའི་ཚིག་དོན་དྲན་པའི་ངང་ནས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་སྡུག་བསྔལ་སྤྱི་དང་ཁྱད་པར་དུ་འཁོར་བའི་སྡུག་བསྔལ་དང་བྲལ་བའི་ཐར་པ་དམ་པའི་གོ་འཕང་གི་བདེ་བ་དང་མི་འབྲལ་བར་གནས་པར་མོས་པ་དང་གཞན་གྱི་བདེ་བ་ལ་རྗེས་སུ་ཡིད་རངས་སམ་དགའ་བ་སྒོམ་པ་ལ་ཟེར།། 

བཞི་པ་བཏང་སྙོམ་ཚད་མེད་ནི། ༼སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག༽ཅེས་པའི་ཚིགས་དོན་དྲན་པའི་ངང་ནས་རང་གཞན་སེམས་ཅན་ཐམས་ཅད་བདེན་འཛིན་འཁྲུལ་བའི་དབང་གིས་རང་རང་གི་གཉེན་ཕྱོགས་ལ་ཆགས་སེམས་གྱི་བློ་དང་དགྲ་ཕྱོགས་ལ་སྡང་སེམས་ཀྱི་བློ་འབྱུང་བ་གཉིས་ཀ་ལས་བྲལ་ཏེ་འགྲོ་བ་སེམས་ཅན་ཐམས་ཅད་བཏང་སྙོམས་ཞི་བའི་དབྱིངས་ཆེན་པོ་ལ་གནས་པར་སྨོན་འདུན་དང་དེ་ལྟར་མོས་པས་སྒོམ་པ་ལ་ཟེར།། 

དེའི་སྟེང་དུ། འགྲོ་བ་སེམས་ཅན་མ་ལུས་པ་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པ་དང་། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བ་དང་།  བདེ་བ་དང་བདེ་བའི་རྒྱུ་དང་མི་འབྲལ་བ་དང་། བཏང་སྙོམས་ལ་གནས་པ་བདག་གིས་བྱའོ་ཞེས་རང་ཉིད་ཀྱི་འཁུར་དུ་འཁྱེར་བ་ལ་ཐེག་པ་ཆེན་པོའམ་བྱང་སེམས་ཀྱི་ཐེག་པའི་ཚད་མེད་བཞིའི་བློ་སྦྱོང་ཟེར། ཡང་ཚད་མེད་བཞི་སྒོམ་པ་པོ་རང་ཉིད་དང་སྒོམ་བྱ་ཚད་མེད་བཞི་དང་སྒོམ་ཡུལ་སེམས་ཅན་བཅས་ཏེ་འཁོར་གསུམ་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཤར་བའི་ངང་ནས་ཟབ་མོའི་བལྟ་བ་དང་འབྲེལ་ནས་སྒོམ་པ་ནི་འཁོར་གསུམ་རྣམ་པར་དག་པས་སྒོམ་ཚུལ་ཡིན།

གསང་སྔགས་རྡོ་རྗེ་ཐེག་པ་ལྟར་ན་འཕགས་པ་སྤྱན་རས་གཟིགས་སོགས་ལྷའི་རྣལ་འབྱོར་དང་འབྲེལ་ནས་སྒོམ་པ་ཡིན།།

དེ་ལྟར་ཉིན་རེར་བྱམས་སོགས་ཚད་མེད་བཞིས་བློ་སྦྱོང་བའི་སྒོམ་ཀྱི་ཉམས་ལེན་ལ་བརྟེན་ནས་རང་རང་སོ་སོའི་སེམས་ཀྱི་བྱམས་པ་དང་།  སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཆེན་པོ་བཅས་གོང་འཕེལ་དུ་བཏང་བའི་ཐོག་ནས་སེམས་ཇེ་བཟང་དུ་བཅོས་ཐབས་ལ་བརྩོན་པ་ནི་ཉིན་རེའི་འཚོ་བའི་ནང་དུ་སེམས་ལྷོད་པ་དང་བདེ་བ། དགའ་བ་དང་སྐྱིད་པ་བཅས་ཀྱི་ཕན་འབྲས་ཆེན་པོ་ཐོབ་ཐུབ་པ་ཡིན་ལ། དེ་ལ་བརྟེན་ནས་རང་ཤུགས་ཀྱིས་ཉེ་འཁོར་བལྟོས་བཅས་ཀྱི་སེམས་ཅན་ཐམས་ཅད་ལ་ཕན་པ་ཡང་བསྐྲུན་ཐུབ་པ་ཡིན།།

བྱམས་སོགས་ཚད་མེད་བཞིའི་ཉམས་ལེན་ནི་བསམ་པ་དང་མོས་པ་དང་སྒོམ་པ་ཙམ་མ་ཡིན་པར་དེའི་སྟེང་རྒྱུན་ལྡན་ཉིན་རེའི་འཚོ་བའི་ནང་གཞན་ལ་ཆོས་དང་ཟང་ཟིང་སྦྱིན་པ། གཞན་ལ་འཚེ་བའི་ཀུན་སྤྱོད་སྤངས་པ་ཚུལ་ཁྲིམས། གཞན་དོན་བྱེད་པའི་དཀའ་ཐུབ་ལ་བཟོད་པ། རྣམ་དཀར་གྱི་བྱ་བར་སྤྲོ་བའི་སེམས་བརྩོན་གྲུས། སེམས་གཡོ་བ་མེད་པ་བསམ་གཏན། མི་རྟག་པ་དང་སྟོང་པ་དང་བདག་མེད་པའི་བལྟ་བ་ལས་མི་བྲལ་བའི་ཤེས་རབ་ཀྱི་བློ་བཅས་ཕར་ཕྱིན་དྲུག་ཀྱི་སྤྱོད་པ་ཉམས་ལེན་ལ་གནས་གང་ཐུབ་བྱ་དགོས་པ་ཡང་ཡིན།།

བོད་ཀྱི་ནང་པའི་ཆོས་ལུགས་ཀྱི་ཆོ་ག་ཕྱག་ལེན་གྱི་ནང་དུ་བོད་ཀྱི་གདོད་མའི་ཆོས་ལུགས་བོན་གྱི་ཕྱག་བཞེས་དཔེར་ན། བསངས་དང་དར་ཆོག་དང་ལྷ་རྒྱལ་འབོད་པ་དང་སླུད་གཏོང་བ་སོགས་མང་པོ་ཚུད་ཡོད་པ་ཡིན་ནོ།། །།



བོད་ཀྱི་ནང་ཆོས།

༆ བོད་ཀྱི་ནང་ཆོས་ནི་བོད་ཀྱི་བརྡ་སྤྲོད་ལྟར་ན་རིག་གནས་ཆེ་བ་ལྔའི་ཡ་གྱལ་ནང་དོན་རིག་པ་ཞེས་ཟེར། དེ་ནི་ནང་སེམས་བཅོས་ཐབས་ཀྱི་རིག་གནས་སམ་རིག་གཞུང་ངམ་སྒྱུ་རྩལ་ཞིག་ཏུ་གོ་དགོས་པ་ཡིན། ནང་དོན་རིག་པ་སྒྲ་ཟོ་ཡངས་པའི་དབང་དུ་བྱས་ན་ཆོས་ལུགས་སྤྱི་དང་སེམས་ཁམས་རིག་པ་སོགས་འགྲོ་བ་མི་ཡི་ནང་སེམས་ཡར་རྒྱས་སམ་སེམས་བཅོས་ཐབས་སམ་སེམས་ཀྱི་ནུས་པ་གོང་འཕེལ་གཏོང་བའི་རིག་རྩལ་དང་རིག་གནས་གང་ཞིག་ལ་གོ་ཐུབ་པ་ཡིན། ནང་ཆོས་སམ་ནང་དོན་རིག་ཞེས་པ་སྒྲ་ཟོ་དོགས་པའི་དབང་དུ་བྱས་ན་དེ་ལྟ་བུའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུངས་དང་རྟོགས་པའི་བསྟན་པ་ལ་གོ་བ་ཡིན།། 

བོད་དུ་དར་བའི་སངས་རྒྱས་ཀྱི་བསྟན་པ་ནི་འཕགས་པ་འཇལ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མདོ་ལས། ༼ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །༽ཞེས་བ་ལྟར། མདོར་བསྡུ་ན། སངས་རྒྱས་ཀྱི་ཐེག་པ་གསུམ་ཀའི་སྙིང་པོ་ཐེག་པ་གཅིག་ཏུ་བྱས་པ་གསང་སྔགས་རྡོ་རྗེ་ཐེག་པ་ཡིན་པ་དང་། དེ་ཡང་འདུས་རྒྱུད་ལས། ༼བླ་མ་སངས་རྒྱས་བླ་མ་ཆོས།།དེ་བཞིན་བླ་མ་དགེ་འདུན་ཏེ།། ཀུན་གྱི་བྱེད་པོ་བླ་མ་སྟེ།། བླ་མ་དཔལ་ལྡན་རྡོ་རྗེ་འཆང་།།༽ ཞེས་གསུངས་པ་ལྟར་གསང་སྔགས་བླ་མེད་ཀྱི་བླ་མའི་རྣལ་འབྱོར་རྩ་བར་བྱས་པའི་ས་ལམ་གྱི་རིམ་པའི་ནང་ཉན་རང་གི་ཐེག་པའི་ཉམས་ལེན་བྱང་ཕྱོགས་སོ་བདུན་དང་། བྱང་སེམས་ཀྱི་ཐེག་པའི་ཉམས་ལེན་ཕར་ཕྱིན་དྲུག་དང་ས་བཅུ། རྡོ་རྗེ་ཐེག་པ་རྒྱུད་སྡེ་བཞིའི་ཉམས་ལེན་བཅས་བསྡུས་པའི་གཞི་འཕགས་པའི་བདེན་པ་བཞི་ནས་བླ་མའི་རྣལ་འབྱོར་བར་གྱི་མདོ་སྔགས་ཀྱི་ལམ་རིམ་བལྟ་ཐོག་གཅིག་ཏུ་གོམས་པར་བྱེད་པའི་རྣལ་འབྱོར་གྱི་ཉམས་ལེན་གཅིག་དུ་གྲིལ་བའི་ལུངས་རྟོགས་གྱི་བསྟན་པ་ཡིན་པ་དང་། དེ་ཡང་ཇི་སྐད་དུ་བྱང་ཆུབ་ལམ་གྱི་སྒྲོན་མ་ལས། ༼གནས་བརྟན་མར་མེ་མཛད་དཔལ་གྱིས༑ །མདོ་སོགས་ཆོས་ལས་བཤད་མཐོང་བ། །བྱང་ཆུབ་འོད་ཀྱིས་གསོལ་བཏབ་ནས། །བྱང་ཆུབ་ལམ་བཤད་མདོར་བསྡུས་བྱས། །༽ ཞེས་ཇི་སྐད་གསུངས་པ་ལྟར་མདོ་རྒྱུད་བསྟན་བཅོས་བཅས་ཀྱི་དགོངས་དོན་གཅིག་ཏུ་འདུས་པ་མདོ་སྔགས་ཟུང་འབྲེལ་གྱི་སྐྱེ་བུ་གསུམ་གྱི་ལམ་གྱི་རིམ་པ་ཆ་ཚང་བ་ཞིག་ལ་ངོས་འཛིན་པ་ཡིན། ཇོ་བོ་རྗེའི་བྱང་ཆུབ་ལམ་སྒྲོན་ནང་མདོ་སྔགས་ཟུང་འབྲེལ་གྱི་ལམ་གྱི་རིམ་པ་ཆ་ཚང་བ་བསྟན་པ་ལྟར་དེའི་འགྲེལ་བྱེད་བོད་ཀྱི་བླ་མ་རྣམས་ཀྱིས་ཀྱང་དེའི་དགོངས་དོན་རྣམས་མདོ་སྔགས་ཟུང་དུ་འབྲེལ་བའི་ལམ་གྱི་རིམ་པར་བཀྲལ་བར་མཛད་ཡོད་པ་ཡིན།།

རྗེ་ཙོང་ཁ་པས་མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོར་གྲགས་པ་དང་སྔགས་རིམ་ཆེན་མོར་གྲགས་པ་གཉིས་ཀ་ལམ་སྒྲོན་གྱི་འགྲེལ་བར་ནང་དོན་རྣམས་སྐྱེ་བུ་གསུམ་གྱི་ལམ་གྱི་རིམ་པར་བསྡུས་ཏེ་མདོ་སྔགས་ཟུང་འབྲེལ་གྱི་ལམ་རིམ་དུ་བཀྲལ་བ་ཞིག་ཡིན། རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོ་ནི་ཁོང་གི་སྔགས་རིམ་ཆེན་མོའི་སྔོན་འགྲོའི་ཉམས་ལེན་བསྟན་པའི་གཞུང་དང་སྔགས་རིམ་ཆེན་མོའི་ནང་ཚན་རྒྱུད་སྡེ་བཞི་ཡང་རྒྱུད་སྡེ་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་སྔོན་འགྲོའི་ཉམས་ལེན་ཡིན་པར་གསུངས་ཡོད། དེ་ལྟར་ན་ལམ་རིམ་ཆེན་མོ་ནི་བལྟ་བ་མདོ་སྔགས་ཐུན་མོང་བའི་བལྟ་བ་མཐར་ཐུག་དབུ་མ་ཐལ་འགྱུར་བ་གཞིར་བཞག་དང་སྤྱོད་པ་བྱང་ཆུབ་ཀྱི་སེམས། ལམ་གྱི་རྩ་བ་བཤེས་གཉེན་རྟེན་ཚུལ་སོ་ཐར་བྱང་སེམས་གསང་སྔགས་བཅས་ཟུང་དུ་འབྲེལ་བའི་བླ་མའི་རྣལ་འབྱོར་གཞིར་བཅོལ་ནས་གསུངས་ཡོད་པས་ལམ་རིམ་ཆེན་མོ་ནི་མདོ་རྐྱང་པའི་གཞུང་མ་ཡིན་པར་མདོ་སྔགས་ཟུང་འབྲེལ་གྱི་གཞུང་དུ་ངོས་འཛིན་དགོས་པ་ཡིན།།

སྐྱབས་འགྲོ་ལྟ་བུ་ལ་མཚོན་པ་ཡིན་ན། བོད་ཀྱི་ནང་ཆོས་ཀྱི་ཉམས་ལེན་ནང་སྐྱབས་འགྲོ་གསུངས་སྐབས་༼བླ་མ་ལ་སྐྱབས་སུ་མཆིའོ།། སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཆོས་ལ་སྐྱབས་སུ་མཆིའོ།། དགེ་འདུན་ལ་སྐྱབས་སུ་མཆིའོ།།༽ ཞེས་སྐྱབས་འགྲོ་བཞི་སྐོར་རམ་ཡང་ན་དེའི་སྟེང་༼ཡིད་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ།། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ།།༽ ཞེས་པ་གསང་སྔགས་བླ་མེད་ཀྱི་སྐྱབས་འགྲོ་གསུང་སྲོལ་དེའི་ནང་མདོ་ལུགས་ཀྱི་སྐྱབས་འགྲོ་གསུམ་སྐོར་ཡང་ཚུད་ཡོད་པ་དེས་བོད་ཀྱི་ནང་ཆོས་ཉམས་ལེན་མདོ་སྔགས་ཟུང་འབྲེལ་ཡིན་པར་མཚོན་གྱི་ཡོད་དོ།། །།



ཉིན་རེའི་ཀུན་སློང་བཟང་པོ། 

༆ ཉིན་རེའི་ཀུན་སློང་བཟང་པོར་བཅོས་པ་ནི་ཉིན་དེའི་བྱ་བ་ཧ་ཅང་གལ་ཆེ་བ་ཞིག་ཡིན་པ་སྟེ། ཉིན་མ་དེེའི་ཐོག་མའི་བྱ་བར་ངོས་འཛིན་དགོས་པ་དང་ཉིན་དེའི་བདེ་སྐྱིད་ཀྱི་རྩ་བ་ཡང་ཡིན། ཉིན་མ་དེའི་རིང་གི་བྱ་བཞག་སྤྱི་ཡོངས་ཚུད་པའི་སྔ་དྲོའི་ཐོག་མའི་ཀུན་སློང་དེ་ལ་རྒྱུ་དུས་ཀྱི་ཀུན་སློང་ཟེར་བ་དང་། དེའི་རྗེས་ཉིན་དེའི་ནང་གི་བྱ་བ་གང་ཞིག་གི་དེ་མ་ཐག་སྔོན་གྱི་དང་ཡང་ན་ལྷན་གཅིག་དུ་འབྱུང་བའི་ཀུན་སློང་ལ་ཉིན་དེའི་ཐོག་མའི་ཀུན་སློང་ལ་བལྟོས་ཏེ་འབྲས་དུས་ཀྱི་ཀུན་སློང་ཟེར།  དེ་ལྟར་ཉིན་རེའི་བྱ་བ་གང་ཞིག་ཀུན་སློང་གཉིས་ལྡན་གྱིས་བསྐུལ་བ་ལ་རྟེན་ནས་ཡོང་གི་ཡོད་པས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།། ཞེས་པ་ལྟར་ཉིན་རེའི་ཆུ་ཚད་ཉི་ཤུ་རྩ་བཞིའི་ནང་གི་ཀུན་སློང་བཟང་པོར་བཅོས་པ་ལ་བརྟེན་ནས་ཉིན་རེའི་སེམས་སྐྱིད་པ་དང་ལྷོད་པ་ཡོང་ཐབས་བྱེད་ཡེ་དང་། དེ་ལ་བརྟེན་ནས་ཉིན་རེའི་ལུས་ངག་ཡིད་གསུམ་གྱི་བྱ་བ་གང་ཞིག་དོན་དང་ལྡན་པ་དང་ལམ་ལྷོང་ཡོང་ཐུབ་པ་བཅས་ནི་ནང་ཆོས་ཀྱིས་བསྟན་པའི་བསླབ་བྱའམ་ལམ་སྟོན་བཟང་པོ་ཞིག་ཡིན། དེ་ལྟར་ཉིན་རེ་དང་བདུན་རེ། ཟླ་རེ་དང་ལོ་རེ། མི་ཚེ་གཅིག་དང་ཚེ་རབས་དུ་མ་བཅས་ཀྱི་ཀུན་སློང་གཉིས་ཀྱི་རྣམ་གཞག་ཤེས་པར་བྱས་ནས་གནས་སྐབས་དང་རང་གི་སེམས་ཚོད་ལ་བསྟུན་ནས་རྒྱུ་དུས་དང་འབྲས་དུས་ཀྱི་ཀུན་སློང་གཉིས་བཟང་པོར་བཅོས་པས་མདོར་ན་དབུགས་དབྱུང་རྔུབ་ཚུན་ཆད་དགེ་བར་འགྱུར་བ་དང་རང་གཞན་གྱི་དོན་གཉིས་ལྷུན་གྱིས་འགྲུབ་པའི་གསོས་སུ་འགྱུར་བ་ཡིན་ནོ།། །།



ལྷག་མཐོང་གི་གོ་དོན།

༆ ང་ཚོས་ངའམ་བདག་གི་དྲན་སེམས་གསལ་པོ་ལ་མ་གནས་པའི་སྐབས་སུ་བློ་ངན་པའི་གོམས་གཤིས་ཀྱི་དབང་གིས་ངར་འཛིན་གྱི་བདག་དེ་ལ་ངའམ་བདག་ཏུ་ངོས་འཛིན་གྱི་ཡོད་པ་ཡིན།  ང་ཚོས་བདག་གམ་ང་ཡི་དྲན་སེམས་གསལ་པོ་ལ་གནས་པའི་སྐབས་སུ་བདག་གམ་ང་དེ་ངར་འཛིན་གྱི་བདག་གམ་ང་དེ་ལས་ལོགས་སུ་འཆར་གྱི་ཡོད།  དྲན་སེམས་ཀྱི་ངོར་བདག་ཞེས་པ་དེ་གཟུགས་ཤེས་གང་ཡང་མ་ཡིན་པའི་ཕང་པོ་ལྔ་ལས་ཤར་བའི་མི་ལྡན་པའི་འདུས་བྱས་ཞིག་ཡིན་ན་ཡང་ཕུང་པོ་ལྔ་པོ་གང་རུང་དང་ཚོགས་པ་གང་ཞིག་བདག་གམ་ངར་ངོས་འཛིན་ཐུབ་ཀྱི་མེད། དེ་ལྟར་ན་བདག་གམ་ང་ཞེས་པ་དེ་ཆོས་གང་འདྲ་ཞིག་ཡིན་ནམ་ཞེས་པའི་དྲི་པ་གལ་ཆེན་འདི་ལ་མུ་མཐུད་ནས་བདག་མེད་པའི་དོན་མ་རྟོགས་བར་དུ་བསམ་བློ་གཏོང་བ་འདི་ལ་ལྷག་མཐོང་གི་བལྟ་བ་འཚོལ་བར་ངོས་འཛིན་པ་ཡིན་ནོ།། །།



འཁོར་འདས་ཀྱི་བྱེད་པ་པོ་ནི་རང་སེམས་ཡིན།

༆ གང་ཟག་སོ་སོའི་འཁོར་བའི་སྡུག་བསྔལ་ཀྱི་སྣང་བ་དང་མྱང་འདས་ཀྱི་བདེ་བའི་ཚོར་བ་གཉིས་ཀའི་བྱེད་པ་པོ་ནི་རང་ཉིད་ཀྱི་སེམས་ཡིན་པ་དང་། ཀུན་རྫོབ་རྒྱུ་འབྲས་ཀྱི་གནས་ཚུལ་ནི་ཆོས་རྣམས་ཀྱི་གནས་ལུགས་སྟོང་ཉིད་གྱི་རྣམ་འགྱུར་འཆར་བ་ཙམ་ཡིན། དེ་ལྟར་ཡིན་པའི་ཁུངས་ནི་ཆོས་རྣམས་བདེན་པར་མེད་པའི་རང་བཞིན་གཅིག་ཡིན་ཀྱང་ཀུན་རྫོབ་དུ་རྣམ་པ་འདྲ་མིན་སྣ་ཚོགས་སུ་འཆར་བ་དེའི་བྱེད་པ་པོ་རང་་ཉིད་ཀྱི་སེམས་ལས་གཞན་མེད་པས་སོ།། 



ཚེ་འདི་སྣང་གི་འཁྲུལ་བ་ལས་སེམས་པ་བཟང་པོ།

༆ ༆  ཆོས་ཐམས་ཅད་བདག་གམ་ང་འམ་གང་ཟག་གི་སྟོང་པ་ཉིད་སེམས་ཀྱི་མེ་ལོང་དུ་ཤར་བའི་གཟུགས་བསྙན་ཙམ་ཡིན། སེམས་ཇི་ཙམ་གྱི་གསལ་བའམ་བཟང་བའམ་གཙང་བ་དེ་ཙམ་གྱིས་གཟུགས་བསྙན་ཇེ་གསལ་དུ་འཆར་བ་དང་བདག་གམ་ང་འམ་གང་ཟག་གི་གནས་ལུགས་དོན་དམ་བདེན་པའི་ངང་དུ་གསལ་གནས་ཐུབ་པ་ཡིན། དེ་ལྟར་བས་ན་སྒོམ་དང་དྲན་ཤེས་ཀྱི་ཉམས་ལེན་གྱིས་སྙིང་རྗེ་དང་ཤེས་རབ་གོང་སྤེལ་རྒྱུན་སྐྱོང་བྱ་བ་ནི་ཤིན་དུ་གལ་ཆེ། 

དེ་ཡང་ཟབ་མོ་སྟོང་པ་ཉིད་ཀྱི་བལྟ་བའི་ཐོག་འཁོར་གསུམ་སྟོང་པའི་རང་བཞིན་དུ་ཤར་བའི་ངང་ནས་བྱམས་སོགས་ཚད་མེད་བཞིའི་སྒོམ་སྦྱིན་སོགས་ཕར་ཕྱིན་དྲུག་དང་བཅས་ཉམས་ལེན་བྱ་བ་ནི་སེམས་བཅོས་པར་ཕན་ནུས་ཆེ། 

ཇི་སྲིད་འཛམ་གླིང་འདིར་གནས་པ་དེ་སྲིད་དུ་འཇིག་རྟེན་ཁམས་ཀྱི་ཉེས་དམིགས་ལས་གཡོལ་ཐབས་མེད། དེ་བས་འཇིག་རྟེན་འདིར་གནས་པ་ནི་ཆོས་ཀྱི་གོ་སྐབས་དང་རྣམ་དཔྱོད་ཀྱི་ཤེས་རབ་གོང་དུ་སྤེལ་བའི་གཞི་རྩར་ལོངས་སུ་སྤྱོད་དགོས་པ་ཡིན་ནོ།། །།



སེམས་ཀྱི་རང་དབང་།

༆ གལ་ཏེ་རང་དབང་འདོད་ཚེ། བསམ་བློའི་རང་དབང་སྲུང་སྐྱོབས་བྱེད་པ་དང་རང་དབང་བསམ་གཏོང་བ་བྱས་ནས་གཞན་ཟེར་རྗེས་འབྲངས་མ་བྱས་པར་རང་ཉིད་ཀྱི་བསལ་ཚུལ་ཡོད་པ་དང་རང་སྟོབས་ཀྱིས་ལྟ་གྲུབ་དང་གནས་ལུགས་བསྐྲུན་དགོས་པ་ཡིན་ནོ།། །།



འགྲོ་བ་མི་ཡི་རང་བཞིན་མཐར་ཐུག

༆ གཞན་ཕན་ནི་འགྲོ་བ་མི་ཡི་བཟང་པོའི་རང་བཞིན་མཐར་ཐུག་ཡིན་ནོ།། །།



སེམས་ངོ་ཤེས་པ།

༆ དམ་པའི་ཆོས་ནི་སེམས་ཀྱི་ཚན་རིག་སྟེ། སྒོམ་གྱི་ཐོག་ནས་མེ་ལོངས་གཉིས་ཕན་ཚུན་མདུན་ནས་འཁྲད་པ་བཞིན་སེམས་ཀྱིས་སེམས་ངོ་ཤེས་པར་བྱེད་དོ།། །།



སེམས་ཀྱིས་སེམས་བཅོས།

༆ སངས་རྒྱས་པའི་ཆོས་ལུགས་ཀྱི་བལྟ་ཚུལ་ལ་སེམས་ནི་གང་ཟག་སྒྲུབ་བྱེད་ཀྱི་ཆོས་གཞན་གཙོ་བོ་ལུས་དང་ཤེས་པ་བཅོས་པར་བྱེད་པའི་ལྡེ་མིག་ཡིན་ནོ།། །།



སེམས་ཀྱི་རིན་ཐང་།

༆ སྙིང་རྗེ་ཆེན་པོ་ནི་སེམས་ཀྱི་རིན་ཐང་གཙོ་བོ་ཡིན་པ་སྟེ། དེས་འཇིག་རྟེན་གྱི་ཁམས་ཡོངས་རྫོགས་བྱམས་པའི་སེམས་ཀྱིས་བལྟ་ཐུབ་བོ།། །།



ཞི་བའི་སྒྲོན་མེ།

 རང་ཉིད་ཞི་བའི་སྒྲོན་མེར་འགྱུར་ནས་གཞན་ལ་ཞི་བའི་འོད་ཀྱིས་ཁྱབ་པར་བགྱིས།། །།




ཆོག་ཤེས། སྙིང་རྗེ། ཤེས་རབ།

༆ མི་རྟག་པའི་རང་བཞིན་རྟོགས་ནས་འདོད་ཆུང་ཆོག་ཤེས་སྒྲུབ་པར་བྱ།

སྡུག་བསྔལ་གྱི་རང་བཞིན་ཤེས་ནས་སྙིང་རྗེ་སྒྲུབ་པར་བྱ།

རྟེན་འབྱུང་གི་འཇིག་རྟེན་ཤེས་ནས་ཤེས་རབ་སྒྲུབ་པར་བྱ།

སྡུག་བསྔལ། མི་རྟག རྟེན་འབྱུང་རྟོགས་པ་གསུམ་འཛོམས་ཀྱིས་བྱང་ཆུབ་ཀྱི་གོ་འཕང་སྒྲུབ་པར་བྱ།། །།



ལྷད་མེད་པའི་རང་འབྱུང་།

༆ འགྲོ་བ་རྣམས་རེ་རེ་ནས་རྒྱ་མཚོ་ཆུ་ཐིག་གཅིག་གི་ནང་དུ་གནས་པའམ་ཆུ་ཐིག་གཅིག་རྒྱ་མཚོའི་ནང་དུ་གནས་པ་ལྟ་བུ་ཡིན།

རང་འབྱུང་གི་ཆོས་ནི་ལྷད་ཀྱིས་མ་གོས་པ་དང་།  

ལྷད་མེད་པ་ནི་རང་འབྱུང་ཡིན། 

དེ་བཞིན་གང་ཟག་རྣམས་ཀྱང་ལྷད་མེད་པའི་རང་འབྱུང་ཡིན་ནོ།། །།



མི་ཚེའི་སྙིང་པོ།

༆ འདམ་ལས་པདྨ་འབྱུང་བ་ལྟར། འཁོར་བ་ལས་མྱང་འདས་འབྱུང་བ་དང་། རྣམ་རྟོག་ལས་ཤེས་རབ་འབྱུང་བས། མི་ཚེའི་དཀའ་ངལ་ཆེ་ཤོས་ཀྱི་གནས་སྐབས་ཀྱང་མཐོང་ཆུང་བྱ་མི་རུང་ངོ་།། །།



མི་ཚེའི་འཐབ་རྩོད།

༆ མི་ཚེའི་འཐབ་རྩོད་ནི་འདམ་ལྟ་བུ་ཡིན། འདམ་གྱི་ནང་དུས་ཀུན་དུ་པདྨའི་ས་བོན་འགའ་ཉུ་གུ་གསར་པ་སྟེར་བར་བགུག་བཞིན་ཡོད། དྲན་པ་ཉེ་བར་བཞག་པ་དང་སྙིང་རྗེའི་ཉམས་ལེན་ལས་མི་ཚེ་དོན་དང་ལྡན་པར་འགྱུར་ཐུབ་བོ།། །།



མཉམ་གནས།

༆ རང་ཉིད་མཉམ་གནས་སུ་འགྱུར་བར་བྱེད་པ་ནི་འཇིག་རྟེན་མཉམ་གནས་བཟོ་བའི་ཐབས་ལམ་གཅིག་པོ་ཡིན་ནོ།། །།



ངར་འཛིན་གྱི་ང་།

༆ ངའོ་སྙམ་པའི་ང་ནི་རྟོག་བཟོས་ཞིག་ཡིན་པ་སྟེ། འཁྲུལ་སྣང་ངར་འཛིན་གྱིས་བསྐྲུན་པའི་སེམས་ཀྱི་སྣང་བསྙན་ཞིག་ཡིན་ནོ།། །།


སེམས།

 སེམས་ཀྱི་སྙིང་པོ་བྱང་ཆུབ་སེམས།།

སེམས་ཀྱི་རྩ་བ་སྟོང་པ་ཉིད།།

སེམས་ཀྱིས་སེམས་མེད་ཤེས་པ་ན།།

སེམས་ནི་མ་རིག་པ་ལས་སངས།།



 

 

Thursday, 12 May 2022

སྤྱི་ལོ་ ༢༠༢༢ ལོའི་རྒྱལ་སྤྱིའི་ས་ཟླའི་དུས་ཆེན་གྱི་ཉིན་མོ།


 ༆ ཟླ་བ་འདིའི་ནང་འཛམ་གླིང་གང་སར་གནས་པའི་རྒྱལ་བ་ཤྭཀྱ་ཐུབ་པའི་རྗེས་འཇུག་པ་རྣམས་ནས་ས་ཟླའི་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད།  


ས་ཟླའི་དུས་ཆེན་ནི་ལོ་རྒྱུས་འབྱུང་ཁུངས་ཀྱི་ལོ་ཐོ་ལྟར་ཟླ་བ་བཞི་པའི་ཚེས་བཅོ་ལྔ་ལ་འཁེལ་གྱི་ཡོད་པས་ཡོངས་གྲགས་སུ་ཝེ་སག་དུས་ཆེན་དུ་གྲགས། ནུབ་ཕྱོགས་པའི་སྤྱི་ལོ་ལྟར་ན་ཟླ་བ་ངེས་མེད་ནང་འཁེལ་གྱི་ཡོད། དེ་བཞིན་ཤར་ཕྱོགས་ནང་པའི་ས་ཁུལ་ཁག་ཀྱང་སོ་སོའི་ལོ་ཐོ་བརྩི་སྲོལ་འདྲ་མིན་གྱི་དབང་གིས་ཟླ་དུས་གཅིག་མཚུངས་སུ་འཁེལ་གྱི་མེད། 

སྤྱི་ལོ་ ༢༠༠༠ ནང་འཛམ་གླིང་རྒྱལ་སྤྱི་ལྷན་ཚོགས་ནས་ས་ཟླའི་དུས་ཆེན་བརྩི་སྲུང་གི་བགྲོས་ཆོད་ཞིག་གཏན་ལ་ཕབས་པ་ལྟར་ལོ་རེའི་སྤྱི་ཟླ་ལྔ་པའི་ཉ་གང་གི་ཉིན་མོར་རྒྱལ་སྤྱིའི་ས་ཟླའི་དུས་ཆེན་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར། འདི་ལོ་རྒྱལ་སྤྱིའི་ས་ཟླའི་དུས་ཆེན་ནི་སྤྱི་ཟླ་ ༥ པའི་ ཚེས་ ༡༦ ཉིན་ཡིན། 

ས་ཟླའི་དུས་ཆེན་སྲུང་བརྩི་བྱེད་ཚུལ་ལེགས་ཤོས་ཤིག་ནི་སྟོན་པའི་རྣམ་པར་ཐར་པ་རྗེས་སུ་དྲན་པར་བྱེད་པ་དེ་ཡིན་པ་དང་། སྟོན་པ་རང་ཉིད་ནས་སྟོན་པ་མྱ་ངན་ལས་འདས་རྗེས་སུ་རྗེས་འཇུག་པ་རྣམས་ལ་གང་གི་སྐུ་ཚེའི་མཛད་པ་དྲན་བྱེད་གནས་མཆོག་བཞི་རྡོ་རྗེ་གདན་ནི་བདག་ཅག་གི་སྟོན་པ་མངོན་པར་སངས་རྒྱས་པའི་གནས། ལིམ་བི་ནི་སྐུ་འཁྲུངས་པ། ཝཱ་ར་ཎཱ་སི་ཆོས་འཁོར་བསྐོར་བ། རྩྭ་མཆོག་གྲོང་མྱ་ངན་ལས་འདས་པའི་གནས་ཏེ། མདོ་ལས་གསུངས་པའི་སངས་རྒྱས་ཀྱི་གནས་ཆེན་པོ་བཞི་ཡིན། ༽མཇལ་དགོས་པ་གདམས་ཡོད།།
 



Sunday, 27 February 2022

༢༡༤༩ བོད་ཀྱི་ལོ་གསཪ། TIBETAN LOSAR 2022 བཀྲིས་བདེ་ལེགས། TASHI DELEK

བཀྲིས་བདེ་ལེགས། 
༢༡༤༩ ཆུ་སྟག་བོད་ཀྱི་ལོ་གསཪ་གྱི་དགའ་སྟོན་དུ་རྒྱལ་ཁམས་བཀྲིས་པ་དང། འགྲོ་བ་རྣམས་ལུས་སེམས་བདེ་ཞིང་།  རང་གཞན་སེམས་ཅན་ཐམས་ཅད་ཆོས་སྤྱོད་ལེགས་ཚོགས་འཕེལ་བའི་སྨོན་འདུན་ཞུ།། 
གངས་ལྗོངས་བོད་མི་རིགས་ཀྱི་ཁྱད་མཐོན་ལོ་རྒྱུས་དང་རིག་གནས་མཚོན་པའི་ལོ་གསར་དགའ་སྟོན་ནི་བོད་མི་རྣམས་ཀྱི་ཕ་མེས་ཀྱི་སྙིང་སྟོབས་དང་གཟི་བརྗིད་རྗེས་དྲན་གྱི་དུས་སྐབས་དམིགས་བསལ་ཅན་ཞིག་ཡིན།


Thursday, 1 April 2021

མི་ཆོས་གཙང་མ་བཅུ་དྲུག། 十六人道,十六人德

 

 མི་ཆོས་གཙང་མ་བཅུ་དྲུག།

十六人道,十六人德 

 

༡ དཀོན་མཆོག་གསུམ་ལ་གུས་པས་མཆོད་པ། 1敬信三宝。

༢ དམ་པའི་ཆོས་སྒྲུབ་པ། 修法。

༣ ཕ་མ་ལ་བཀུར་བ། 敬父母。

༤ ཡོན་ཏན་ཅན་ལ་གོང་དུ་བཀུར་བ། 4尊贵有德。

༥ རིགས་མཐོ་བ་དང་རྒན་པ་རྣམས་ལ་སྲི་ཞུ་ཕུ་དུད་བྱེད་པ། 5尊贵敬老。

༦ མཛའ་བཤེས་ལ་གཞུང་རིང་བ། 6义深亲友。 

༧ ཡུལ་མི་ཁྱིམ་མཚེས་ལ་ཕན་འདོགས་པ། 7李济乡邻。

༨ ཡིད་དྲང་བ། 8诚实。 

༩ མི་ཡ་རབས་ལ་ལྟ་བ། 9向道德高上的人观学。

༡༠ ཟས་ནོར་ལ་སྤྱོད་ཤེས་པ། 10 不过份饮食和使用财务。 

༡༡ དྲིན་ཅན་ལ་ཕན་ལན་སློག་པ། 11 有恩报恩。 

༡༢ བྲེན་སྲང་ལ་གཡོ་སྒྱ་མེད་པ། 12 称斗无恩。 

༡༣ སྤྱི་སྙོམས་ཤིང་ཕྲག་དོག་མེད་པ། 13 齐与众,无妒忌。 

༡༤ ངན་པའི་གྲོས་ལ་མི་ཉན་ཞིང་རང་ཚུགས་འཛིན་པ། 14 不听从恶。自我觉忌。

༡༥ ངག་འཇམ་ཞིང་སྨྲ་བ་ཉུང་བ། 言柔语少。 

༡༦ ཐེག་པ་ཆེ་ཞེང་བློ་ཁོག་ཡངས་པ། 16 担负重任,气量宽宏。麦拉

 

 

Sunday, 27 December 2020

ཕྱི་ལོ་ ༢༠༢༡ གསར་ཚེས་ལ་བཀྲིས་སྨོན་འདུན་ཞུ། Happy New Year - Buon Anno - 2021

ཕྱི་ལོ་ ༢༠༢༡ གསར་ཚེས་ལ་བཀྲིས་སྨོན་འདུན་ཞུ།

ཕྱི་ལོ་ ༢༠༢༠ ལོར་གློ་བུར་ནད་ཡམས་ཁྱབ་འཕེལ་གྱིས་རྐྱེན་པས་འཛམ་གླིང་ཁྱོན་ཡོངས་ལ་ཛས་མཚོན་གྱི་འཇིགས་བསྐུལ་འོག་གནས་པ་འདྲ་བའི་ཁོར་ཡུག་གི་ཚོར་བ་དང་། མིའི་ཚེ་སྲོག་མང་པོ་བཤོར་བ་དང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་གྱོང་གུན་ཆེན་པོ་བཟོས། 

མཐའ་མེད་འཇིག་རྟེན་གྱི་ཁམས་སུ་གྲུབ་པའི་འགྲོ་བ་མི་ཡི་སེམས་ཀྱི་ནུས་པ་ནི་བླ་ན་མེད་པ་ཡིན། དེས་ན་རང་རང་གི་རྣམ་དཔྱོད་ལ་ཡིད་ཆེས་དང་། དྲང་བདེན་དང་ཞི་བདེ། འདྲ་མཉམ་དང་འགྲོ་མི་ཡི་དོན་དམ་གྱི་དམིགས་ཡུལ་བསྐྲུན་པའི་སེམས་ཤུགས་ཀྱི་འདུན་པ་དང་ལྡན་པ་ཞིག་གིས་འགྲོ་བ་མི་ཡི་རིགས་ཀྱི་དཀའ་ངལ་གང་ཡང་སེལ་ཐུབ།

མི་རིང་བར་ནད་ཡམས་འདིའི་མཐའ་རྫོགས་ཏེ་འཛམ་གླིང་འདི་སྔར་རྒྱུན་ལྟར་ཡོང་རྒྱུ་དང་ཞི་བདེ་དང་ཡར་རྒྱས་ངང་གནས་པའི་ཡིད་ཆེས་དང་རེ་བ་ཡོད།   

བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཡི། །

གོ་འཕང་ཐོབ་ནས་སྐྱོན་གྱི་དགྲ་བཏུལ་ཏེ། །

རྒ་དང་ན་དང་འཆི་བའི་རླབས་འཁྲུག་པའི། །

སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །

 
2021 
 BUON ANNO
Nel 2020, l'inaspettata diffusione del covid-19 nel mondo ha creato un'atmosfera quasi come se vivessimo sotto un attacco di armi chimiche, causando la perdita di così tante vite umane e un'enorme perdita di crescita nell'economia globale.

La presenza dell'infinita capacità della mente umana in questo Universo senza limiti permette di superare qualsiasi problema con la fiducia nella propria intelligenza e la forza di volontà verso la realizzazione delle aspirazioni dell'umanità di giustizia, pace, condivisione e vera realizzazione.

Credo che questa pandemia svanirà presto e che questo nuovo anno ci porterà un mondo sano con pace e prosperità.
Grazie a questi meriti, avendo ottenuto lo stato dell’onniscienza,
E così sottomettendo il ostacolo causa delle afflizioni,
Possa io liberare gli esseri dall’oceano dell’esistenza,
Agitati dalle onde della vecchiaia, della malattia e della morte.



2021
HAPPY NEW YEAR
In 2020, the unexpected spread of covid-19 around the world created an atmosphere almost as if we were living under a chemical weapons attack, causing the loss of so many lives and a huge loss of growth in the global economy. 
 
The presence of the infinite capacity of the human mind in this limitless Universe allows one to overcome any problem with trust in one's own intelligence and will strength towards the realisation of humanity's aspirations of justice, peace, sharing and true fulfilment.
 
I believe that this pandemic will soon fade away and this New Year will bring us a healthy world with peace and prosperity.
By these merits, having obtained the state of omniscience.
And thus subduing the obstacle cause of afflictions,
May I liberate beings from the ocean of existence,
agitated by the waves of old age, sickness and death.

Geshe G. Tharchin

 

Monday, 25 May 2020

དབུ་མའི་མན་ངག་ཅེས་བྱ་བ།



༄༅༅། །རྒྱ་གར་སྐད་དུ། མ་དྷྱ་མ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། དབུ་མའི་མན་ངག་ཅེས་བྱ་བ། 
 
འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །
 
གང་གི་གསུང་གི་འོད་ཟེར་གྱིས། །
བདག་སོགས་རྨོངས་པ་མ་ལུས་པའི། །
སྙིང་གི་པདྨ་ཁ་འབྱེད་པའི། །
དམ་པའི་སྐྱེས་མཆོག་དེ་ལ་འདུད། །
 
     ཐེག་པ་ཆེན་པོ་དབུ་མའི་མན་ངག་ནི་འདི་ཡིན་ཏེ། ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཚུ་རོལ་མཐོང་བའི་ངོར་བྱས་ནས། རྒྱུ་འབྲས་ལ་སོགས་པ་རྣམ་པར་གཞག་པ་ཐམས་ཅད་ཇི་ལྟར་སྣང་བ་བཞིན་དུ་བདེན་པ་ཡིན་ལ། དོན་དམ་པར་རམ་ཡང་དག་པར་ན་ཀུན་རྫོབ་ཇི་ལྟར་སྣང་བ་དེ་ཁོ་ན་གཏན་ཚིགས་ཆེན་པོ་རྣམས་ཀྱིས་གཞིགས་ཤིང་བསལ་ན། སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཚད་ཀྱང་བཟུང་དུ་མེད་དོ་ཞེས་ངེས་པར་ཁོང་དུ་ཆུད་པར་བྱའོ། །
     སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ལ། འདི་ལྟར་རེ་ཞིག་དངོས་པོ་གཉིས་ཏེ། གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་པའོ། །དེ་ལ་གཟུགས་ཅན་རྣམས་ནི་རྡུལ་ཕྲ་རབ་འདུས་པ་ཡིན་ལ། དེ་ཡང་ཕྱོགས་ཆའི་དབྱེ་བས་ཕྱེ་ཞིང་གཞིགས་ན། ཤིན་ཏུ་ཕྲ་བ་ཡང་ལུས་པ་མེད་ཅིང་ཤིན་ཏུ་སྣང་བ་ཡང་མེད་དོ། །གཟུགས་ཅན་མ་ཡིན་པ་ནི་སེམས་ཡིན་ལ། དེ་ཡང་འདི་ལྟར་འདས་པའི་སེམས་ནི་འགགས་ཤིང་ཞིག །མ་འོངས་པའི་སེམས་ནི་མ་སྐྱེས་ཤིང་མ་བྱུང་། ད་ལྟར་གྱི་སེམས་ནི་འདི་ལྟར་ཡང་ཤིན་ཏུ་བརྟག་དཀའ་སྟེ། ཁ་དོག་མེད་ཅིང་དབྱིབས་དང་བྲལ་བ། ནམ་མཁའ་དང་འདྲ་བས་མ་གྲུབ་པའམ། ཡང་ན་གཅིག་དང་དུ་མ་དང་བྲལ་བས་སམ། ཡང་ན་མ་སྐྱེས་པས་སམ། ཡང་ན་དེ་རང་བཞིན་གྱིས་འོད་གསལ་བ་ལ་སོགས་པ། རིགས་པའི་མཚོན་གྱིས་དཔྱད་ཅིང་གཞིགས་ན་མ་གྲུབ་པར་རྟོགས་སོ། །དེ་ལྟར་གཉིས་པོ་ཅིའི་ངོ་བོར་ཡང་མ་གྲུབ་ཅིང་མེད་ཙམ་ན། སོ་སོར་རྟོགས་པའི་ཤེས་རབ་དེ་ཉིད་ཀྱང་མ་གྲུབ་སྟེ། དཔེར་ན་ཤིང་གཉིས་ཕན་ཚུན་དྲུད་པས་མེ་བྱུང་བའི་རྐྱེན་གྱིས་ཤིང་གཉིས་པོ་ཚིག་ཅིང་མེད་པའི་རྗེས་ལ། གང་གིས་ སྲེག་པར་བྱེད་པའི་མེ་དེ་ཉིད་ཀྱང་རང་ཞི་བ་དེ་བཞིན་དུ་རང་དང་སྤྱིའི་མཚན་ཉིད་ཀྱིས་ཆོས་ཐམས་ཅད་མེད་པར་གྲུབ་ཙམ་ན་ཤེས་རབ་ཉིད་སྣང་བ་མེད་ཅིང་འོད་གསལ་བ་ཅིའི་ངོ་བོ་ཡང་མ་གྲུབ་པས། བྱིང་བ་དང་རྒོད་པ་ལ་སོགས་པའི་སྐྱོན་དུ་གྱུར་པ་ཐམས་ཅད་བསལ་ཏེ། བར་སྐབས་དེ་ཤེས་པ་ཅིར་ཡང་མི་རྟོག་ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཇི་སྲིད་དུ་མཚན་མའམ། རྣམ་པར་རྟོག་པའི་དགྲའམ། ཆོམ་རྐུན་མ་ལངས་ཀྱི་བར་དུ་དེ་ལྟ་བུ་ལ་ཤེས་པ་གནས་པར་བྱའོ། །གང་གི་ཚེ་ལྡང་བར་འདོད་ན་དལ་བུས་སྐྱིལ་མོ་ཀྲུང་བཤིག་ལ་ལངས་ཏེ། སྒྱུ་མ་ལྟ་བུའི་ཡིད་ཀྱིས་ལུས་དང་ངག་དང་ཡིད་ཀྱིས་དགེ་བ་ཅི་ནུས་ཀྱིས་བྱའོ། །
      དེ་ལྟར་གུས་པ་དང༌། ཡུན་རིང་བ་དང༌། རྒྱུན་མ་ཆད་པར་བསྒྲུབས་ན་སྐལ་བ་དང་ལྡན་པ་རྣམས་ཀྱིས་ཚེ་འདི་ཉིད་ལ་བདེ་བ་མཐོང་བར་འགྱུར་ཏེ། ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟ་བུར་འབད་པ་དང་རྩོལ་བ་མེད་ཅིང་རང་གི་ངང་གིས་ལྷུན་གྱིས་གྲུབ་པར་མངོན་སུམ་དུ་བྱེད་དོ། །དེའི་རྗེས་ལས་ཐོབ་པས་ནི་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པར་ཤེས་སོ། །གང་གི་ཚེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱས་ཕན་ཆད་ནི་རྗེས་ལས་ཐོབ་པ་ཡང་མི་མངའ་སྟེ། དུས་ཐམས་ཅད་དུ་མཉམ་པར་གཞག་པའོ། ། དེ་ལྟ་མ་ཡིན་ན་བྱང་ཆུབ་སེམས་དཔའ་དང་ཁྱད་པར་ཅི་ཡོད་ཅེས་བྱ་བ་ལ་སོགས་པའི་རིགས་པ་དང་ལུང་འདིར་མི་བརྗོད་དོ། །གཞན་གྱི་དོན་བསྐལ་པ་གྲངས་མེད་པར་ཚོགས་བསགས་པ་དང༌། སྨོན་ལམ་བཏབ་པའི་མཐུས་གདུལ་བྱ་རྣམས་ཇི་ལྟར་འདོད་པ་བཞིན་དུ་འགྱུར་རོ། །ལུང་དང་རིགས་པ་ཤིན་ཏུ་མང་མོད་ཀྱི། འདིར་མ་སྤྲོས་སོ། །
     དབུ་མའི་མན་ངག་ཅེས་བྱ་བ་པཎྜི་ཏ་དཱི་པཾ་ཀ་རས་མཛད་པ་རྫོགས་སོ།། །ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་ལྷ་ས་འཕྲུལ་སྣང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།
 
ར་ས་འཕྲུལ་སྣང་གཙུག་ལག་ཁང་ཆེན་དུ། །
མར་མེ་མཛད་དཔལ་ཞེས་བྱའི་མཁས་པ་ལ། །
བོད་ཀྱི་རྡོག་བཙུན་ལེགས་པའི་ཤེས་རབ་ཀྱིས། །
གསོལ་བ་བཏབ་ནས་བདག་གིས་བསྒྱུར་བ་ཡིན། །
 
གནས་བརྟན་མར་མེ་མཛད་དཔལ་གྱིས། །
གཞུང་ལུགས་སྐྱེས་བུ་གསུམ་འཛིན་པ། །
གོལ་བའི་ལམ་དུ་མི་འགྲོ་ཞེས། །
ནག་ཚོ་ཚུལ་ཁྲིམས་རྒྱལ་བས་སྨྲས།། །།


Wednesday, 11 March 2020

གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་གསུང་ནད་ཀྱི་འཇིགས་པ་ཞི་བའི་གསོལ་འདེབས།



༄༅། །གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་གསུང་ནད་ཀྱི་འཇིགས་པ་ཞི་བའི་གསོལ་འདེབས་ས་སྐྱ་ནད་གྲོལ་མ་བཞུགས་སོ།།


བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས། །
སྐྱབས་གནས་སྤྱི་དང་ཁྱད་པར་ཐུགས་རྗེ་ཅན། །
ལོ་མ་གྱོན་མའི་ལྷ་ཚོགས་འཁོར་བཅས་ཀྱིས། །
འགྲོ་ཀུན་ནད་གདོན་བགེགས་ལས་བསྲུང་དུ་གསོལ། །

ལས་དང་གློ་བུར་རྐྱེན་ལས་གྱུར་པ་ཡི། །    
གདོན་དང་ནད་དང་འབྱུང་པོའི་འཚེ་བ་སོགས། །
སེམས་ཅན་ཡིད་མི་བདེ་བའི་ནད་རྣམས་ཀུན། །    
འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུར་ཅིག །

ཇི་ལྟར་གཤེད་མས་འཁྲིད་པའི་གསད་བྱ་བཞིན། །    
སྐད་ཅིག་གཅིག་ལ་ལུས་སེམས་འབྲལ་བྱེད་པའི། །
སྲོག་འཕྲོག་ནད་ཀྱི་སྡུག་བསྔལ་ཇི་སྙེད་པ། །    
འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུར་ཅིག །

འཆི་བདག་གཤེན་རྗེའི་ཁ་ནང་ཚུད་པ་ལྟར། །    
ནད་ཀྱི་མིང་ཙམ་ཐོས་པས་སྐྲག་བྱེད་པའི། །
ཉིན་གཅིག་པ་དང་རྟག་པའི་རིམས་སོགས་ཀྱིས། །    
ལུས་ཅན་ཀུན་ལ་གནོད་པར་མ་གྱུར་གཅིག །

གནོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །    
གློ་བུར་ཡེ་འདྲོགས་སུམ་བརྒྱ་དྲུག་བཅུ་དང་། །
བཞི་བརྒྱ་རྩ་བཞིའི་ནད་ལ་སོགས་པ་ཡིས། །    
ལུས་ཅན་ཀུན་ལ་འཚེ་བར་མ་གྱུར་ཅིག །

ལུས་སེམས་བདེ་བ་མ་ལུས་འཕྲོག་བྱེད་པའི། །    
འབྱུང་བཞི་འཁྲུགས་པའི་སྡུག་བསྔལ་ཇི་སྙེད་པ། །
མ་ལུས་ཞི་ཞིང་མདངས་སྟོབས་ལྡན་པ་དང་། །    
ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །

བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང། །    
མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ནུས་མཐུ་དང་།
ལས་འབྲས་བསླུ་བ་མེད་པའི་བདེན་སྟོབས་ཀྱིས། །    
བསྔོ་བ་སྨོན་ལམ་བཏབ་ཚད་འགྲུབ་པར་ཤོག། །།

ཅེས་པ་འདི་ནི་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ནད་རིམ་མི་གཅིག་པ་སྣ་ཚོགས་བྱུང་བར།སྔགས་བོན་རྣམས་ཀྱིས་མདོས་གཏོར་སྨན་སྔགས་སྲུང་བ་སོགས་གང་བསྒྲུབས་ཀྱང་མ་ཕན་པར་གདན་ས་སྟོངས་ལ་ཐུག་པའི་སྐབས། རྗེ་གྲུབ་ཐོབ་ཆེན་པོས་མ་ནམ་མཁའ་མའི་སྐྱབས་འགྲོ་གྱིས། མ་ཎི་སྒྲོངས། སྨོན་ལམ་འདི་ཐོབ་ཅེས་བཀའ་སྩལ་པ་བཞིན་བགྱིས་པ་ལ་བརྟེན་ནད་ཡམས་ཐམས་ཅད་འཕྲལ་དུ་ཆད་པས་ས་སྐྱ་ནད་གྲོལ་མའི་སྨོན་ལམ་ཞེས་རྡོ་རྗེའི་གསུང་བྱིན་རླབས་ཀྱི་སྤྲིན་ཕུང་འཕྲོ་བར་གྲགས་སོ།།