Saturday, 2 December 2023

ཕྱག་ཆེན་གངྒཱ་མ་དང་འགྲེལ་བ་བཅས།

༄༅། །ཕྱག་རྒྱ་ཆེན་པོའི་མན་ངག

རྒྱ་གར་སྐད་དུ། མ་ཧཱ་མུ་དྲཱ་ཨུ་པ་དེ་ཤཾ།
བོད་སྐད་དུ། ཕྱག་རྒྱ་ཆེན་པོའི་མན་ངག །

དཔལ་ལྷན་ཅིག་སྐྱེས་པ་ལ་ཕྱག་འཚལ་ལོ། །

དཀའ་བ་སྤྱད་ཅིང་བླ་མ་ལ་གུས་པ། །
སྡུག་བསྔལ་བཟོད་ལྡན་བློ་ལྡན་ནཱ་རོ་པ། །
སྐལ་ལྡན་ཁྱོད་ཀྱིས་བློ་ལ་འདི་ལྟར་བྱོས། །

ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་ཀྱིས་ཀྱང་། །
དཔེར་ན་ནམ་མཁའ་གང་གིས་གང་ལ་བརྟེན། །
རང་སེམས་ཕྱག་རྒྱ་ཆེ་ལ་བརྟེན་ཡུལ་མེད། །
མ་བཅོས་གཉུག་མའི་ངང་དུ་གློད་ལ་ཞོག །

བཅིངས་པ་ཀློད་ན་གྲོལ་བར་ཐེ་ཚོམ་མེད། །
དཔེར་ན་ནམ་མཁའི་དཀྱིལ་བལྟས་མཐོང་བ་འགག་པར་འགྱུར། །
དེ་བཞིན་སེམས་ཀྱིས་སེམས་ལ་བལྟས་བྱས་ན། །
རྣམ་རྟོག་ཚོགས་འགག་བླ་མེད་བྱང་ཆུབ་འཐོབ། །

དཔེར་ན་ས་རླངས་སྤྲིན་ནི་ནམ་མཁའི་དབྱིངས་སུ་དེངས། །
གར་ཡང་སོང་བ་མེད་ཅིང་གར་ཡང་གནས་པ་མེད། །
དེ་བཞིན་སེམས་ལས་བྱུང་བའི་རྟོག་ཚོགས་ཀྱང་། །
རང་སེམས་མཐོང་བས་རྟོག་པའི་རྦ་རླབས་དྭངས། །

དཔེར་ན་ནམ་མཁའི་རང་བཞིན་ཁ་དོག་དབྱིབས་ལས་འདས། །
དཀར་ནག་དག་གིས་གོས་ཤིང་འགྱུར་བ་མེད། །
དེ་བཞིན་རང་སེམས་སྙིང་པོ་ཁ་དོག་དབྱིབས་ལས་འདས། །
དགེ་སྡིག་དཀར་ནག་ཆོས་ཀྱིས་གོས་མི་འགྱུར། །

དཔེར་ན་གསལ་དྭང་ཉི་མའི་སྙིང་པོ་དེ། །
བསྐལ་པ་སྟོང་གི་མུན་པས་སྒྲིབ་མི་འགྱུར། །
དེ་བཞིན་རང་སེམས་སྙིང་པོ་འོད་གསལ་དེ། །
བསྐལ་པའི་འཁོར་བས་སྒྲིབ་པར་མི་ནུས་སོ། །

དཔེར་ན་ནམ་མཁའ་སྟོང་པར་ཐ་སྙད་རབ་བརྟགས་ཀྱང་། །
ནམ་མཁའ་ལ་ནི་འདི་འདྲར་བརྗོད་དུ་མེད། །
དེ་བཞིན་རང་སེམས་འོད་གསལ་བརྗོད་གྱུར་ཀྱང་། །
བརྗོད་པས་འདིར་འདྲར་གྲུབ་ཅེས་ཐ་སྙད་གདགས་གཞི་མེད། །

དེ་ལྟར་སེམས་ཀྱི་རང་བཞིན་གདོད་ནས་ནམ་མཁའ་འདྲ། །
ཆོས་རྣམས་ཐམས་ཅད་དེ་རུ་མ་འདུས་མེད། །
ལུས་ཀྱི་བྱ་བ་ཡོངས་ཐོངས་རྣལ་འབྱོར་དལ་བར་སྡོད། །
ངག་གི་སྨྲ་བརྗོད་མེད་དེ་གྲགས་སྟོང་བྲག་ཆ་འདྲ། །
ཡིད་ལ་ཅི་ཡང་མི་བསམ་ལ་བཟླའི་ཆོས་ལ་ལྟོས། །
ལུས་ལ་སྙིང་པོ་མེད་པ་སྨྱུགས་མའི་སྡོང་པོ་འདྲ། །
སེམས་ནི་ནམ་མཁའི་དཀྱིལ་ལྟར་བསམ་པའི་ཡུལ་ལས་འདས། །
དེ་ཡི་ངང་ལ་བཏང་བཞག་མེད་པར་གློད་ལ་ཞོག །

སེམས་པ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །
དེ་ལ་གོམས་ཤིང་འདྲིས་ན་བླ་མེད་བྱང་ཆུབ་འཐོབ། །

སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང་། །
འདུལ་བ་མདོ་སྡེ་སྡེ་སྣོད་ལ་སོགས་པ། །
རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ན། །
འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། །
ཞེ་འདོད་བྱུང་བས་འོད་གསལ་མ་མཐོང་བསྒྲིབས། །

རྟོག་པའི་སྲུང་སྡོམ་དམ་ཚིག་དོན་ལས་ཉམས། །
ཡིད་ལ་མི་བྱེད་ཞི་འདོད་ཀུན་དང་བྲལ། །
རང་བྱུང་རང་ཞི་ཆུ་ཡི་པ་ཏྲ་འདྲ། །
མི་གནས་མི་དམིགས་དོན་ལས་མི་འདའ་ན། །
དམ་ཚིག་མི་འདའ་མུན་པའི་སྒྲོན་མེ་ཡིན། །

ཞེ་འདོད་ཀུན་བྲལ་མཐའ་ལ་མི་གནས་ན། ། 
སྡེ་སྣོད་ཆོས་རྣམས་མ་ལུས་མཐོང་བར་འགྱུར།

དོན་འདིར་གཞོལ་ན་འཁོར་བའི་བཙོན་ལས་ཐར། །
དོན་འདིར་མཉམ་བཞག་སྡིག་སྒྲིབ་ཐམས་ཅད་སྲེག །

བསྟན་པའི་སྒྲོན་མེ་ཞེས་སུ་བཤད་པ་ཡིན། ། 
དོན་འདིར་མི་མོས་སྐྱེ་བོ་བླུན་པོ་རྣམས། །

འཁོར་བའི་ཆུ་བོས་རྟག་ཏུ་ཁྱེར་བར་ཟད། །
ངན་སོང་སྡུག་བསྔལ་མི་བཟད་བླུན་པོ་སྙིང་རེ་རྗེ། །
མི་བཟད་ཐར་འདོད་བླ་མ་མཁས་ལ་བསྟེན། །
བྱིན་རླབས་སྙིང་ལ་ཞུགས་ན་རང་སེམས་གྲོལ་བར་འགྱུར། །

ཀྱེ་ཧོ་འཁོར་བའི་ཆོས་འདི་དོན་མེད་སྡུག་བསྔལ་རྒྱུ། །
བྱས་པའི་ཆོས་ལ་སྙིང་པོ་མེད་པས་དོན་ལྡན་སྙིང་པོ་ལྟོས། །
གཟུང་འཛིན་ཀུན་ལས་ ༣༥འདས་ན་ལྟ་བའི་རྒྱལ་པོ་ཡིན། །
ཡེངས་པ་མེད་ན་བསྒོམ་པའི་རྒྱལ་པོ་ཡིན། །
བྱ་བཙལ་མེད་ན་སྤྱོད་པའི་རྒྱལ་པོ་ཡིན། །
རེ་དོགས་མེད་ན་འབྲས་བུ་མངོན་དུ་འགྱུར། །

དམིགས་པའི་ཡུལ་འདས་སེམས་ཀྱི་རང་བཞིན་གསལ། །
བགྲོད་པའི་ལམ་མེད་སངས་རྒྱས་ལམ་སྣ་ཟིན། །
བསྒོམ་པའི་ཡུལ་མེད་གོམས་ན་བླ་མེད་བྱང་ཆུབ་འཐོབ། །

ཀྱེ་མ་འཇིག་རྟེན་ཆོས་ལ་ལེགས་རྟོགས་དང་། །
རྟག་མི་ཐུབ་སྟེ་རྨི་ལམ་སྒྱུ་མ་འདྲ། །
རྨི་ལམ་སྒྱུ་མ་དོན་ལ་ཡོད་མ་ཡིན། །
དེས་ན་སྐྱོ་བ་སྐྱེད་ལ་འཇིག་རྟེན་བྱ་བ་ཐོངས། །
འཁོར་ཡུལ་ཆགས་སྡང་འབྲེལ་པ་ཀུན་གཅོད་ནས། །
གཅིག་པུར་ནགས་འདབས་རི་ཁྲོད་གནས་པར་བསྒོམ། །
བསྒོམ་དུ་མེད་པའི་ངང་ལ་གནས་པར་གྱིས། །
ཐོབ་མེད་ཐོབ་ན་ཕྱག་རྒྱ་ཆེན་པོ་འཐོབ། །
དཔེར་ན་ལྗོན་ཤིང་སྡོང་པོ་ཡལ་ག་ལོ་འདབ་རྒྱས། །
རྩ་བ་གཅིག་བཅད་ཡལ་ག་ཁྲི་འབུམ་སྐམ། །
དེ་བཞིན་སེམས་ཀྱི་རྩ་བ་བཅད་ན་འཁོར་བའི་ལོ་འདབ་སྐམ། །

དཔེར་ན་སྐལ་སྟོང་བསགས་པའི་མུན་པ་ཡང་། །
སྒྲོན་མེ་གཅིག་གིས་མུན་པའི་ཚོགས་རྣམས་སེལ། །
དེ་བཞིན་རང་སེམས་འོད་གསལ་སྐད་ཅིག་གིས། །
བསྐལ་པར་བསགས་པའི་མ་རིག་སྡིག་སྒྲིབ་སེལ། །

ཀྱེ་ཧོ། །བློ་ཡི་ཆོས་ཀྱིས་བློ་འདས་དོན་མི་མཐོང་། །
བྱས་པའི་ཆོས་ཀྱིས་བྱར་མེད་དོན་མི་རྟོགས། །
བློ་འདས་བྱར་མེད་དོན་དེ་ཐོབ་འདོད་ན། །
རང་སེམས་རྩད་ཆོད་རིག་པ་གཅེར་བུར་ཞོག །
རྟོག་པ་དྲི་མའི་ཆུ་དེ་དྭངས་སུ་ཆུག །
སྣང་བ་དགག་སྒྲུབ་མི་བྱ་རང་སར་ཞོག །
སྤང་ལེན་མེད་པར་སྣང་སྲིད་ཕྱག་རྒྱར་གྲོལ། །
ཀུན་གཞི་སྐྱེ་བ་མེད་པར་བག་ཆགས་སྡིག་སྒྲིབ་སྤོང་། །
སྙེམ་བྱེད་རྩིས་གདབ་མི་བྱ་སྐྱེ་མེད་སྙིང་པོར་ཞོག །
སྣང་བ་རབ་སྣང་བློ་ཡི་ཆོས་རྣམས་ཟད་དུ་ཆུག །
མུ་མཐའ་ཡོངས་གྲོལ་ལྟ་བའི་རྒྱལ་པོ་མཆོག །
མུ་མེད་གཏིང་ཡངས་སྒོམ་པའི་རྒྱལ་པོ་མཆོག །
མཐའ་ཆོད་ཕྱོགས་བྲལ་སྤྱོད་པའི་རྒྱལ་པོ་མཆོག །
རེ་མེད་རང་གྲོལ་འབྲས་བུའི་མཆོག་ཡིན་ནོ། །

ལས་ནི་དང་པོ་གཅོང་རོང་ཆུ་དང་འདྲ། །
བར་དུ་ཆུ་བོ་གངྒཱ་དལ་ཞིང་གཡོ། །
ཐ་མ་ཆུ་རྣམས་མ་བུ་འཕྲད་པ་འདྲ། །
བློ་དམན་སྐྱེས་བུའི་ངང་ལ་མི་གནས་ན། །
རླུང་གི་གནད་བཟུང་རིག་པ་བཅུད་ལ་བོར། །
ལྟ་སྟངས་སེམས་འཛིན་ཡན་ལག་དུ་མ་ཡིས། །
རིག་པ་དང་ལ་མི་གནས་བར་དུ་གཅུན། །

ལས་རྒྱ་བསྟེན་ན་བདེ་སྟོང་ཡེ་ཤེས་འཆར། །
ཐབས་དང་ཤེས་རབ་བྱིན་རླབས་སྙོམས་པར་འཇུག །
དལ་བར་དབབ་ཅིང་བསྐྱིལ་བཟློག་དྲངས་པ་དང་། །
གནས་སུ་བསྐྱལ་དང་ལུས་ལ་ཁྱབ་པར་བྱ། །
དེ་ལ་ཆགས་ཞེན་མེད་ན་བདེ་སྟོང་ཡེ་ཤེས་འཆར། །

ཚེ་རིང་སྐྲ་དཀར་མེད་ཅིང་ཟླ་ལྟར་རྒྱས་པར་འགྱུར། །
བཀྲག་མདངས་གསལ་ལ་སྟོབས་ཀྱང་སེང་གེ་འདྲ། །
ཐུན་མོང་དངོས་གྲུབ་མྱུར་ཐོང་མཆོག་ལ་གཞོལ་བར་འགྱུར། །

ཕྱག་རྒྱ་ཆེན་པོ་གནད་ཀྱི་མན་ངག་འདི། །
འགྲོ་བ་སྐལ་ལྡན་སྙིང་ལ་གནས་པར་ཤོག །

༧ རྗེ་ཏེེ་ལོ་པས་ནཱ་རོ་པ་ལ་ཆུ་བོ་གངྒཱའི་འགྲམ་དུ་གསུངས་པ་རྫོགས་སོ།། །།མངྒལཾ།།

 

ཕྱག་ཆེན་གངྒཱ་མ་དང་དེའི་འགྲེལ་པ་བཞུགས་སོ། །

དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །སློབ་དཔོན་ཆེན་པོ་ཏཻ་ལོ་པ་དེ་ཉིད་ཀྱིས་གསུངས་པའི་ཕྱག་རྒྱ་ཆེན་པོའི་མན་ངག་གངྒཱ་མ་འདི་ཉིད་ཀྱི་དོན་ཅུང་ཞིག་བདག་གིས་དབྱེ་ཞིང་བཤད་པར་བགྱིའོ། །དེ་ལ་དང་པོ་ནི་དོན་རྣམ་པ་གསུམ་གྱིས་སྟོན་ཏེ། ཀླད་ཀྱི་དོན་དང་། གཞུང་གི་དོན་དང་། མཇུག་གི་དོན་ནོ། །དང་པོ་ཀླད་ཀྱི་དོན་ནི་གཞུང་ན་གསལ་ལོ། །གཉིས་པ་གཞུང་གི་དོན་ནི། 

ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་ཀྱིས་ཀྱང་ཞེས་པ་ནས། མ་བཅོས་གཉུག་མའི་ངང་དུ་གློད་ལ་ཞོག །
ཕྱག་རྒྱ་ཆེན་པོ་བསྟན་དུ་མེད་ཀྱིས་ཀྱང་། །
དཔེར་ན་ནམ་མཁའ་གང་གིས་གང་ལ་བརྟེན། །
རང་སེམས་ཕྱག་རྒྱ་ཆེ་ལ་བརྟེན་ཡུལ་མེད། །
མ་བཅོས་གཉུག་མའི་ངང་དུ་གློད་ལ་ཞོག །
ཅེས་པའི་བར་གྱིས། ཕྱག་རྒྱ་ཆེན་པོ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་ཉིད་ཀྱི་ངོ་བོ་སྟོང་ཞིང་དངོས་པོ་གཟུང་བའི་ཡུལ་དུ་མ་གྲུབ་པའི་ཕྱིར་བསྟན་དུ་མེད་ཅིང་དཔེ་ནི་ནམ་མཁའ་ལྟ་བུ་ཡིན་ཏེ། ནམ་མཁའ་ནི་ངོ་བོ་སྟོང་པ། རང་བཞིན་གསལ་བ། མཚན་ཉིད་འགག་པ་མེད་པ། དབྱིངས་ཀུན་ལ་ཁྱབ་པ་སྟེ། དེ་ཡང་བྲམ་ཟེ་ཆེན་པོའ་ཞལ་ནས་ཀྱང་། །ཕྱག་རྒྱ་ཆེན་པོ་སྐད་པ་དེ། །ནམ་མཁའི་རང་བཞིན་ལྟ་བ་འདྲ། །བསྒོམ་ཡང་ཕར་ལ་མི་བསྒོམ་ཞིང་། །ཡེངས་ཀྱང་ཚུར་ལ་མི་ཡེངས་པར། །མ་བཅོས་གཉུག་མའི་ངང་ཉིད་དོ། །ཞེས་གསུངས་སོ། །
 
བཅིངས་པ་ཀློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་པ་ནས། །རྣམ་རྟོག་ཚོགས་འགག་བླ་མེད་བྱང་ཆུབ་འཐོབ། །
བཅིངས་པ་ཀློད་ན་གྲོལ་བར་ཐེ་ཚོམ་མེད། །
དཔེར་ན་ནམ་མཁའི་དཀྱིལ་བལྟས་མཐོང་བ་འགག་པར་འགྱུར། །
དེ་བཞིན་སེམས་ཀྱིས་སེམས་ལ་བལྟས་བྱས་ན། །
རྣམ་རྟོག་ཚོགས་འགག་བླ་མེད་བྱང་ཆུབ་འཐོབ། །
ཅེས་པའི་བར་གྱིས་ནི། དཔེར་ན་མི་ཉེས་པ་ཅན་སྡུག་བསྔལ་དེ་ལས་ཐར་བ་བཞིན་དུ། གང་ཟག་ཐ་མལ་པ་ཞིག་གིས་ཕྱག་རྒྱ་ཆེན་པོའ་མཚན་ཉིད་གོ་བ་ཙམ་དུ་གྱུར་ན་ཡང་དགའ་བ་ཆེན་པོ་དང་ལྡན་ཏེ། དེ་བས་ཀྱང་སྤྲོས་པ་དང་བྲལ་བའི་མཚན་ཉིད་དགའ་བ་དང་མི་དགའ་བ་དང་། བདེ་བ་དང་སྡུག་བསྔལ་བ་ལ་སོགས་པ་གང་གིས་ཀྱང་མི་གནོད་པའི་དོན་དེ་ཉིད་ཤེས་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྩ་བ་རང་གི་སེམས་ཉིད་ཡིན་པར་གསུངས་ཏེ། ས་ར་ཧའི་ཞལ་ནས། སེམས་ཉིད་གཅིག་བུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་ཞིང་། །འདོད་པའི་འབྲས་བུ་ཐམས་ཅད་སྟེར་མཛད་པ། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །
 
དཔེར་ན་ས་རླངས་སྤྲིན་ནི་ནམ་མཁའི་དབྱིངས་སུ་དེངས། །ཞེས་པ་ནས། རང་སེམས་མཐོང་བས་རྟོག་པའི་རྦ་རླབས་དྭངས། །
དཔེར་ན་ས་རླངས་སྤྲིན་ནི་ནམ་མཁའི་དབྱིངས་སུ་དེངས། །
གར་ཡང་སོང་བ་མེད་ཅིང་གར་ཡང་གནས་པ་མེད། །
དེ་བཞིན་སེམས་ལས་བྱུང་བའི་རྟོག་ཚོགས་ཀྱང་། །
རང་སེམས་མཐོང་བས་རྟོག་པའི་རྦ་རླབས་དྭངས། །
ཞེས་པའི་བར་གྱིས་ནི། །རྣམ་པར་རྟོག་པ་གང་ནས་ཀྱང་མ་འོངས་པ། གང་དུ་ཡང་མི་འགྲོ་བ་སྔ་ཕྱི་མེད་པ། དེ་ལྟ་བུའི་རིག་པ་དེ་ས་རླངས་ཀྱི་སྤྲིན་དང་འདྲ་བར་འབྱུང་བ་ཡིན། །དེ་ཡང་ས་རླངས་ཀྱི་སྤྲིན་དེ་ཡང་། དང་པོ་ཆར་པ་བབས་པ་ལས་བྱུང་ཡང་། ས་རླངས་མེད་པའི་སྔོན་དུ་ཆར་བ་མ་གྲུབ་ཅིང་།  གཅིག་དང་གཅིག་དུས་མཉམ་ཡིན་པའི་ཕྱིར་ན། དེ་བཞིན་དུ་རང་གི་སེམས་ལས་བྱུང་བའི་རྟོགས་པའི་ཚོགས་ཀྱང་། ཕྱག་རྒྱ་ཆེན་པོ་དང་དུས་མཉམ་དུ་བྱུང་བ་ཡིན་པར་ཤེས་པར་གྱིས། དེ་ཡང་ཕྱག་རྒྱ་ཆེན་པོ་དེ་སེམས་ཅན་རྣམས་ཀྱིས་ངོ་མ་ཤེས་པས་འཁོར་བར་འཁྱམས་པ་ཡིན་ནོ། །རང་གི་སེམས་ཉིད་དེ་ཉིད་མཐོང་ན་ནི། །རྟོག་པའི་རྦ་རླབས་ཐམས་ཅད་དྭངས་ནས་གཉིས་མེད་བདེ་བ་ཆེན་པོའི་གནས་སུ་རང་རིག་པའི་ཡེ་ཤེས་སེམས་ཉིད་ཕྱག་རྒྱ་ཆེན་པོ་རྟོགས་པའོ། །
 
དཔེར་ན་ནམ་མཁའི་རང་བཞིན་ཁ་དོག་དབྱིབས་ལས་འདས། །ཞེས་པ་ནས། །དགེ་སྡིག་དཀར་ནག་ཆོས་ཀྱིས་གོས་མི་འགྱུར། །
དཔེར་ན་ནམ་མཁའི་རང་བཞིན་ཁ་དོག་དབྱིབས་ལས་འདས། །
དཀར་ནག་དག་གིས་གོས་ཤིང་འགྱུར་བ་མེད། །
དེ་བཞིན་རང་སེམས་སྙིང་པོ་ཁ་དོག་དབྱིབས་ལས་འདས། །
དགེ་སྡིག་དཀར་ནག་ཆོས་ཀྱིས་གོས་མི་འགྱུར། །
ཞེས་པའི་བར་གྱིས་ནི། ནམ་མཁའི་རང་བཞིན་ཞེས་མིང་དུ་བཏགས་པ་དཀར་བ་དང་། ནག་པ་དང་། སེར་བ་དང་། ལྗང་བ་དང་། གང་དུ་ཡང་མ་གྲུབ་པ་ཡིན། དེ་བཞིན་རང་གི་སེམས་ཀྱི་སྙིང་པོ་དེ་ཉིད་ཀྱང་སེམས་ཞེས་བརྗོད་ཀྱང་། དངོས་པོ་ཟླུམ་པོ་དང་། འཇོང་མོ་དང་། གྲུ་བཞི་དང་སོག་ཀ་ལ་སོགས་པ་རྣམས་ཀྱི་རྣམ་པ་མ་གྲུབ་ཅིང་། ཁ་དོག་ཀྱང་གོང་དང་མཚུངས་པ་དང་། ཐམས་ཅད་མ་གྲུབ་པ་ཡིན་ཞིང་། ནམ་མཁའ་ལ་དབྱིབས་དང་དཀར་ནག་མ་གྲུབ་ཞེས་པ་ནི་གོང་དུ་བསྟན། དེ་བཞིན་དུ་རང་གི་སེམས་ཉིད་དེ་མཐོང་ན་དགེ་བ་དང་སྡིག་པ་གང་གིས་ཀྱང་གནོད་པ་མ་བསྐྱལ། ཕན་མ་བཏགས་མི་འདོགས། །འདོགས་པར་མི་འགྱུར་བ་ཡིན། དེ་ཡང་རང་གི་སེམས་མ་གཏོགས་པ། སངས་རྒྱས་གཞན་ན་ཡོད་པར་མ་གསུངས། དེ་ཡང་མདོ་ལས། །སེམས་རྟོགས་ན་སངས་རྒྱས་ཡིན་པས་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་སོ། །
 
དཔེར་ན་གསལ་དྭངས་ཉི་མའི་སྙིང་པོ་དེ། །ཞེས་པ་ནས། །བསྐལ་པའི་འཁོར་བས་སྒྲིབ་པར་མི་ནུས་སོ་། ། 
དཔེར་ན་གསལ་དྭང་ཉི་མའི་སྙིང་པོ་དེ། །
བསྐལ་པ་སྟོང་གི་མུན་པས་སྒྲིབ་མི་འགྱུར། །
དེ་བཞིན་རང་སེམས་སྙིང་པོ་འོད་གསལ་དེ། །
བསྐལ་པའི་འཁོར་བས་སྒྲིབ་པར་མི་ནུས་སོ། །
ཞེས་པའི་བར་གྱིས་ནི། དཔེར་ན་ཉི་མ་དེ་ཉིད་གདོད་མ་ནས་གསལ་བའི་རང་བཞིན་ཅན་ཡིན་པས། མུན་པ་ཤིན་ཏུ་གནག་པའི་རང་བཞིན་ཅན་དེ་ཉིད་བསྐལ་པའི་བར་དུ་བསགས་པར་གྱུར་ཀྱང་། ཉི་མའི་འོད་གསལ་བ་སྐད་ཅིག་མ་ཉིད་ཀྱིས་མུན་པའི་ཚོགས་བཅོམ་ཞིང་གསལ་བར་གྱུར་པ་དེ་བཞིན་དུ་རང་གི་སེམས་ཀྱི་ངོ་བོ་འོད་གསལ་བ་དེ་ཉིད་སྐད་ཅིག་མ་ཉིད་ལ་རྟོགས་ན། བསྐལ་པར་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་ཐམས་ཅད་སྐད་ཅིག་ཉིད་ལ་སེལ་བར་འགྱུར་ཞིང་། བྱང་སྟེ་དག་པར་འགྱུར་བའི་ཕྱིར་ན། འཁོར་བར་བསྒྲིབ་བར་མི་ནུས་ཞེས་བྱ་བའི་དོན་ནོ། །
 
དཔེར་ན་ནམ་མཁའ་སྟོང་པར་ཐ་སྙད་རབ་བརྟགས་ཀྱང་། །ཞེས་པ་ནས། །བརྗོད་པས་འདི་འདྲར་གྲུབ་ཅེས་ཐ་སྙད་འགགས་གཞི་མེད། །
དཔེར་ན་ནམ་མཁའ་སྟོང་པར་ཐ་སྙད་རབ་བརྟགས་ཀྱང་། །
ནམ་མཁའ་ལ་ནི་འདི་འདྲར་བརྗོད་དུ་མེད། །
དེ་བཞིན་རང་སེམས་འོད་གསལ་བརྗོད་གྱུར་ཀྱང་། །
བརྗོད་པས་འདིར་འདྲར་གྲུབ་ཅེས་ཐ་སྙད་གདགས་གཞི་མེད། །
ཅེས་པའི་བར་གྱིས་ནི། ནམ་མཁའ་སྟོང་པ་ཞེས་བརྗོད་ཀྱང་། ནམ་མཁའ་ལ་དབྱིབས་གྲུ་བཞི་དང་། ཟླུམ་པོ་དང་འཇོང་མོ་ལ་སོགས་པ་གང་དུའང་མ་གྲུབ་ཅིང་། བརྗོད་དུ་མེད་པ་དང་མཚུངས་པར། སེམས་ཀྱི་ངོ་བོ་ལ་ཡང་། མིང་ཙམ་དུ་སེམས་ཞེས་བརྗོད་ཀྱང་། དབྱིབས་དང་ངོ་བོ་འདི་ལྟ་བུ་ཞེས་བརྗོད་དུ་མེད་པའི་ཕྱིར་རོ། །
 
དེ་ལྟར་སེམས་ཀྱི་རང་བཞིན་གདོད་ནས་ནམ་མཁའ་འདྲ། །ཞེས་པ་ནས། དེ་ཡི་ངང་ལ་བཏང་བཞག་མེད་པར་གློད་ལ་ཞོག །
དཔེར་ན་ནམ་མཁའ་སྟོང་པར་ཐ་སྙད་རབ་བརྟགས་ཀྱང་། །
ནམ་མཁའ་ལ་ནི་འདི་འདྲར་བརྗོད་དུ་མེད། །
དེ་བཞིན་རང་སེམས་འོད་གསལ་བརྗོད་གྱུར་ཀྱང་། །
བརྗོད་པས་འདིར་འདྲར་གྲུབ་ཅེས་ཐ་སྙད་གདགས་གཞི་མེད། །
ཅེས་པའི་བར་གྱིས་ནི། རང་གི་སེམས་ཉིད་གོང་དུ་ཇི་ལྟར་བརྗོད་པ་དང་འདྲ་བར། དབྱིབས་དང་ངོ་བོ་གང་ཡང་མ་གྲུབ་པ་དེ་ཉིད། ཆོས་ཐམས་ཅད་ཀྱི་ངོ་བོ་ཡིན་པ་སྟེ། དེ་རྟོགས་པར་བྱེད་པའི་ཐབས་ལ་རི་ཁྲོད་དགོན་པ་ལ་སོགས་པར་གཅིག་པུར་སྨྲ་བརྗོད་མེད་པའི་ངང་ལས། སྒྲ་ཐམས་ཅད་ཆོས་ཀྱི་དབྱིངས་བྲག་ཅ་ལྟ་བུའི་ངང་ལ་མཉམ་པར་བཞག་ཅིང་། ཡིད་ལ་ཅི་ཡང་མི་བསམ་པ་དེ་ཉིད་དོན་གྱི་ངོ་བོ་ཉིད་ཡིན་ཏེ། བསམ་པའི་ཡུལ་ལས་འདས་པའི་ཆོས་ཐམས་ཅད་ཀྱི་ངོ་བོ་གོང་དུ་བརྗོད་པ་ལྟ་བུའི་དོན་དེ་ཉིད་མ་རྟོགས་ན། སྨྱུག་མའི་དོང་བུ་ལྟ་བུར་སྙིང་པོ་མེད་པས་ཏེ། དེ་ཡང་སྙིང་པོ་མེད་ཅེས་བརྗོད་ཀྱང་དོན་གྱི་ངོ་བོ་ལ་ཡོད་པ་དང་མེད་པའི་ཐ་སྙད་མ་གྲུབ་པ་ཡིན་པའི་ཕྱིར་ན། སྤྲོས་པའི་མཐའ་དང་བྲལ་བའི་ངང་ལ་འཇོག་པའོ། །
 
སེམས་ལ་གཏད་པོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལ་གོམས་ཤིང་འདྲིས་ན་བླ་མེད་བྱང་ཆུབ་འཐོབ། །
སེམས་པ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །
དེ་ལ་གོམས་ཤིང་འདྲིས་ན་བླ་མེད་བྱང་ཆུབ་འཐོབ། །
ཅེས་བྱ་བའི་དོན་ནི། སེམས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་ཉིད། འདུས་བྱས་ཀྱི་ཆོས་གང་ལ་ཆགས་ཀྱང་། ཕྱག་རྒྱ་ཆེན་པོ་དེ་ཉིད་མི་རྟོགས་ཤིང་། འཁྲུལ་པའི་རྒྱུ་ཡིན། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་གང་ལ་ཡང་མ་ཆགས་ཤིང་། དོན་དེ་ཉིད་ཀློང་དུ་གྱུར་ན། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡིན་ཞིང་། དེ་ཉིད་གོམས་ཤིང་འདྲིས་ན་བྱང་ཆུབ་ཐོབ་ཅེས་བྱ་བའི་དོན་ཡིན་ནོ། །
 
སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང་། །ཞེས་པ་ན། །ཞེས་འདོད་འབྱུང་བས་འོད་གསལ་མ་མཐོང་བསྒྲིབས། །
སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང་། །
འདུལ་བ་མདོ་སྡེ་སྡེ་སྣོད་ལ་སོགས་པ། །
རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ན། །
འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། །
ཞེ་འདོད་བྱུང་བས་འོད་གསལ་མ་མཐོང་བསྒྲིབས། །
ཞེས་པའི་བར་གྱིས་ནི། བཀའ་བསྟན་བཅོས་གསང་སྔགས་གསར་རྙིང་། ཐེག་པ་ཆེ་ཆུང་ལ་སོགས་པ་རྣམས་ཀྱི་དོན་དམ་པའི་དེ་ཉིད་ཁོང་དུ་མ་ཆུད་ཅིང་། དེ་ཉིད་ལ་ཆགས་པ་ཡིས་འཁོར་བའི་རྒྱུ་མ་གཏོགས་པ་ཕྱག་རྒྱ་ཆེན་པོ་རྟོགས་པའི་གྲོགས་སུ་མི་འགྱུར་བ་ཡིན་ཏེ། དེ་ཡང་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་གསང་བ་སྙིང་པོ་དེ་ཉིད་ལས། མ་རྟོགས་པ་དང་ལོགས་པར་རྟོག །དགོངས་པ་འདུལ་བ་གསང་བ་དང་། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །དོན་དམ་འདི་ལ་ཐེ་ཚོམ་ཟ། །ཞེས་གསུངས་པའི་དོན་འདི་ལྟ་བུ་ལ་དགོངས་པ་ཡིན་ཏེ། དེ་ཡང་གྲུབ་མཐའ་སོ་སོ་ལ་ཞེན་ཅིང་མ་རྟོགས་པས་འཁྲུལ་ཞིང་། རིགས་དྲུག་གི་ས་བོན་མ་གཏོགས་པ་ཕྱག་རྒྱ་ཆེན་པོ་རྟོགས་པ་ལ་སྤུ་ཙམ་ཡང་མི་ཕན་པ་སྟེ། དེའི་ཕྱིར་ན་སོ་སོ་རང་རང་གི་གྲུབ་མཐའ་ལ་ཆགས་པ་དང་ཞེན་པ་མ་བྱས་ན། ཕྱག་རྒྱ་ཆེན་པོ་རྟོགས་ཤིང་། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་ཤིང་ཁོང་དུ་ཆུད་པར་འགྱུར་རོ། །
 
རྟོག་པའི་བསྲུང་སྡོམ་དམ་ཚིག་དོན་ལས་ཉམས། །ཞེས་པ་ནས། །དམ་ཚིག་མི་འདའ་མུན་པའི་སྒྲོན་མ་ཡིན། །
རྟོག་པའི་སྲུང་སྡོམ་དམ་ཚིག་དོན་ལས་ཉམས། །
ཡིད་ལ་མི་བྱེད་ཞི་འདོད་ཀུན་དང་བྲལ། །
རང་བྱུང་རང་ཞི་ཆུ་ཡི་པ་ཏྲ་འདྲ། །
མི་གནས་མི་དམིགས་དོན་ལས་མི་འདའ་ན། །
དམ་ཚིག་མི་འདའ་མུན་པའི་སྒྲོན་མེ་ཡིན། །
ཞེས་པའི་ བར་གྱིས་ནི། གོང་དང་མཚུངས་པ་ལྟ་བུར་འཇིག་རྟེན་པའི་སྣང་ངོ་ལ་བསོད་ནམས་ཀྱི་ཚོགས་གསོག་པའི་རྟེན་འབའ་ཞིག་བསྒྲུབ་ཅིང་འདི་ཡིས་སངས་རྒྱ་བར་བྱེད་ཟེར་ཡང་། སྙིང་པོའ་དོན་ཡིད་ལ་མ་བྱེད་པ། དགེ་བས་ཕན་པ་སྤུ་ཙམ་མ་བྱས། །སྡིག་པས་གནོད་པ་སྤུ་ཙམ་ཡང་མ་བསྐྱལ་ཞིང་། ཞེན་པ་དང་འདོད་པ་ཀུན་དང་བྲལ་བའི་འོད་གསལ་བ་དེ་ཉིད་ཁོང་དུ་ཆུད་ཅིང་རྟོགས་ན་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མ་རོ་གཅིག་པར་འགྱུར་ཞིང་རང་གི་ཡིད་ལ་བྱུང་བའི་རྟོགས་པའི་ཚོགས་ཐམས་ཅད་ནི། མཉམ་པ་ཉིད་ཆོས་ཀྱི་སྐུའི་གྲོགས་སུ་འགྱུར་བ་མ་གཏོགས་པ་གནོད་པར་མི་འགྱུར་བ་ཡིན་ཏེ། དེ་ཡང་རང་གི་སེམས་ལ་རྣམ་པར་རྟོག་པ་གང་བྱུང་ཡང་། དཔེར་ན་མཚོ་ཆེན་པོ་རླུང་གིས་བསྐྱོད་ན་པ་ཏྲ་དག་འབྱུང་ཞིང་ཡལ་བའི་དཔེ་དང་མཚུངས་པ་བཞིན་དུ། སེམས་ཀྱི་རྣམ་པར་རྟོག་པ་ཡང་གཅིག་གི་རྟིང་ལ་གཅིག་འབྱུང་ཞིང་། ཕྱི་མ་སྐྱེ་ཞིང་སྔ་མ་འགག་ཀྱང་། རྩ་བ་རང་གི་སེམས་མ་གཏོགས་པ། །གཞན་གང་ཡང་མ་ཡིན་པའི་ཕྱིར་ན། དེ་ཉིད་ཀྱི་ངང་ལས་མ་གཡོས་པ་མི་དམིགས་པར་མཉམ་པར་བཞག་ཅིང་། དོན་དེ་ཉིད་ལས་མ་འདས་ན། ཆོས་ཐམས་ཅད་ཀྱི་སྒྲོན་མེ་དོན་དམ་པ་ཉིད་ཁོང་དུ་ཆུད་པར་འགྱུར་ཞིང་། དཔེར་ན་མུན་པ་ལ་སྒྲོན་མེ་བཏེགས་པ་བཞིན་དུ་འགྱུར་རོ། །
 
ཞེ་འདོད་ཀུན་བྲལ་མཐའ་ལ་མི་གནས་ན། །སྡེ་སྣོད་ཆོས་རྣམས་མ་ལུས་མཐོང་བར་འགྱུར། །
ཞེ་འདོད་ཀུན་བྲལ་མཐའ་ལ་མི་གནས་ན། ། 
སྡེ་སྣོད་ཆོས་རྣམས་མ་ལུས་མཐོང་བར་འགྱུར།
ཞེས་པའི་དོན་ནི་ཞེན་པ་ཅེས་བྱ་བ་ནི། འཁོར་བ་དང་མྱ་ངན་ལས་འདས་པ་དང་། ལྷ་དང་བླ་མ་ལ་སོགས་པ་གང་ལ་ཡང་ཆགས་པ་དང་ཞེན་པའི་སེམས་ཀུན་དང་བྲལ་ཞིང་མཐའ་རྣམ་པ་གཉིས་ལ་མ་གནས་ན། སྡེ་སྣོད་ཀྱི་ཆེས་མ་ལུས་པ་མཐོང་བར་འགྱུར་རོ། །
 
དོན་འདིར་གཞོལ་ན་འཁོར་བའི་བཙོན་ལས་ཐར། ཞེས་པ་ནས། །བྱིན་རླབས་སྙིང་ལ་ཞུགས་ན་རང་སེམས་གྲོལ་བར་འགྱུར། 
དོན་འདིར་གཞོལ་ན་འཁོར་བའི་བཙོན་ལས་ཐར། །
དོན་འདིར་མཉམ་བཞག་སྡིག་སྒྲིབ་ཐམས་ཅད་སྲེག །
བསྟན་པའི་སྒྲོན་མེ་ཞེས་སུ་བཤད་པ་ཡིན། ། 
དོན་འདིར་མི་མོས་སྐྱེ་བོ་བླུན་པོ་རྣམས། །

འཁོར་བའི་ཆུ་བོས་རྟག་ཏུ་ཁྱེར་བར་ཟད། །
ངན་སོང་སྡུག་བསྔལ་མི་བཟད་བླུན་པོ་སྙིང་རེ་རྗེ། །
མི་བཟད་ཐར་འདོད་བླ་མ་མཁས་ལ་བསྟེན། །
བྱིན་རླབས་སྙིང་ལ་ཞུགས་ན་རང་སེམས་གྲོལ་བར་འགྱུར། །

ཞེས་པའི་བར་གྱིས་ནི་སེམས་ཀྱི་གནས་ལུགས་ཕྱག་རྒྱ་ཆེན་པོའ་དོན་དེ་ཉིད་ལ་མོས་ཤིང་ཉམས་སུ་བླངས་ན་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་ཞིང་། སྡིག་སྒྲིབ་ཞེས་བྱ་བ་ཐམས་ཅད་ཀྱང་སྲེག་པར་བྱེད་པས་ན་བསྟན་པའི་སྒྲོན་མེ་ཞེས་བྱ་བར་ཡང་བཤད་པ་ཡིན་ཞིང་། ཕྱག་རྒྱ་ཆེན་པོའ་དོན་དེ་ཉིད་ལ་མི་མོས་པའི་བླུན་པོ་རྣམས་ནི། འཁོར་བའི་ཆུ་བོ་ཆེན་པོ་ལས་རྟག་ཏུ་མི་ཐར་ཞིང་ངན་སོང་གི་གནས་ན་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཉམས་སུ་མྱོང་བར་འགྱུར་ཞིང་། སྙིང་རྗེ་བའི་གནས་དང་ལྡན་པ་ཡིན་པས་ན། འགྲོ་བ་ཐམས་ཅད་ཀྱིས་དེ་དག་ལས་ཐོན་པར་བྱ་བའི་ཆེད་དུ། མི་ལུས་ཐོབ་པའི་དུས་སུ། བླ་མ་མཁས་པ་བྱིན་རླབས་དང་ལྡན་པ་ལ་བསྙེན་ཞིང་། དེ་ཉིད་ཀྱི་བྱིན་རླབས་རང་ཉིད་ལ་ཞུགས་ན་ཕྱག་རྒྱ་ཆེན་པོའ་དོན་དེ་ཉིད་རྟོགས་པར་འགྱུར་ཞེས་བྱ་བའི་དོན་ནོ། །
 
ཀྱེ་ཧོ་འཁོར་བའི་ཆོས་འདི་དོན་མེད་སྡུག་བསྔལ་རྒྱུ། །བྱས་པའི་ཆོས་ལ་སྙིང་པོ་མེད་པས་དོན་ལྡན་སྙིང་པོ་ལྟོས། །
ཅེས་པ་ནས། །རེ་དོགས་མེད་ན་འབྲས་བུ་མངོན་དུ་གྱུར། །
ཀྱེ་ཧོ་འཁོར་བའི་ཆོས་འདི་དོན་མེད་སྡུག་བསྔལ་རྒྱུ། །
བྱས་པའི་ཆོས་ལ་སྙིང་པོ་མེད་པས་དོན་ལྡན་སྙིང་པོ་ལྟོས། །
གཟུང་འཛིན་ཀུན་ལས་ ༣༥འདས་ན་ལྟ་བའི་རྒྱལ་པོ་ཡིན། །
ཡེངས་པ་མེད་ན་བསྒོམ་པའི་རྒྱལ་པོ་ཡིན། །
བྱ་བཙལ་མེད་ན་སྤྱོད་པའི་རྒྱལ་པོ་ཡིན། །
རེ་དོགས་མེད་ན་འབྲས་བུ་མངོན་དུ་འགྱུར། །
ཞེས་པའི་བར་གྱིས་འཁོར་བའི་ཆོས་ཅན་ཞེས་བྱ་བ་ནི། བསོད་ནམས་ཀྱི་ཚོགས་ལ་བརྟེན་པའི་འདུས་བྱས་ཀྱི་དགེ་བའི་རྩ་བ་རྣམས་ལ་ཟེར་བ་ཡིན་ཏེ། དེ་ཉིད་ཀྱི་ས་ཕྱག་རྒྱ་ཆེན་པོའ་དོན་གསལ་བ་སྟོང་པའི་མཚན་ཉིད་ཅན་དེ་ཉིད་མི་རྟོགས་པ་ཡིན་པས་ན། །དོན་དང་ལྡན་པའི་སྙིང་པོ་དེ་ཉིད་ལ་ལྟོས། །ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་དོན་དེ་ཉིད་ཉམས་སུ་མྱོང་བ་ནི་གཟུང་བ་དང་འཛིན་པའི་ཡུལ་ཀུན་ལས་འདས་པ་དེ་ཉིད་རྟོགས་ན་ནི་ལྟ་བའི་རྒྱལ་པོ་ཡིན་ཞིང་། །དེ་མ་ཡེངས་པར་སྤྱོད་པ་གང་གིས་ཀྱང་མི་གནོད་ཅིང་། དོན་དེ་ཉིད་བསྒོམས་ན་བསྒོམ་པའི་རྒྱལ་པོ་ཆེན་པོ་ཡིན་ཞིང་། དེ་གཉིས་ཀའི་བྱ་བ་དང་རྩོལ་སྒྲུབ་ལས་འདས་པ་དེ་ཉིད་ནི་སྤྱོད་པའི་རྒྱལ་པོ་ཆེན་པོ་ཡིན་ཞིང་། དེ་རྣམས་ཐམས་ཅད་ལ་རེ་དོགས་མེད་པ་དེ་ནི་འབྲས་བུ་མངོན་དུ་གྱུར་པའོ། །
 
དམིགས་པའི་ཡུལ་འདས་སེམས་ཀྱི་རང་བཞིན་གསལ། །ཞེས་པ་ནས། །བསྒོམ་པའི་ཡུལ་མེད་གོམས་ན་བླ་མེད་བྱང་ཆུབ་འཐོབ། །
དམིགས་པའི་ཡུལ་འདས་སེམས་ཀྱི་རང་བཞིན་གསལ། །
བགྲོད་པའི་ལམ་མེད་སངས་རྒྱས་ལམ་སྣ་ཟིན། །
བསྒོམ་པའི་ཡུལ་མེད་གོམས་ན་བླ་མེད་བྱང་ཆུབ་འཐོབ། །
ཅེས་པའི་བར་གྱིས་ནི། དམིགས་པའི་ཡུལ་ཞེས་བྱ་བ་ནི། ལྷ་བསྒོམ་པ་དང་སྔག་བགྲང་པ་ལ་སོགས་པ་དམིགས་པའི་ཡུལ་དེ་དག་ཐམས་ལས་འདས་ན། སེམས་ཀྱི་རང་བཞིན་དམིགས་པ་མེད་པ་དེ་ཉིད་དོན་གསལ་བས་བགྲོད་པའི་ལམ་ཐེག་པ་ཆུང་ངུ་ལ་སོགས་པ་ཐམས་ཅད་མེད་པར་སངས་རྒྱས་པ་ཞེས་བྱ་བའི་ལམ་ཟིན་ཅིང་བསྒོམ་དུ་མེད་པས་ཡུལ་མེད་པ་དེ་ཉིད་གོམས་ན་བླ་ན་མེད་པའི་བྱང་ཆུབ་ཅེས་བྱ་བ་ཐོབ་པར་འགྱུར་རོ། །
 
ཀྱེ་མ་འཇིག་རྟེན་ཆོས་ལ་ལེགས་རྟོག་དང་ཞེས་པ་ནས། །དེ་བཞིན་སེམས་ཀྱི་རྩ་བ་བཅད་ན་འཁོར་བའི་ལོ་འདབ་སྐམ། །
ཀྱེ་མ་འཇིག་རྟེན་ཆོས་ལ་ལེགས་རྟོགས་དང་། །
རྟག་མི་ཐུབ་སྟེ་རྨི་ལམ་སྒྱུ་མ་འདྲ། །
རྨི་ལམ་སྒྱུ་མ་དོན་ལ་ཡོད་མ་ཡིན། །
དེས་ན་སྐྱོ་བ་སྐྱེད་ལ་འཇིག་རྟེན་བྱ་བ་ཐོངས། །
འཁོར་ཡུལ་ཆགས་སྡང་འབྲེལ་པ་ཀུན་གཅོད་ནས། །
གཅིག་པུར་ནགས་འདབས་རི་ཁྲོད་གནས་པར་བསྒོམ། །
བསྒོམ་དུ་མེད་པའི་ངང་ལ་གནས་པར་གྱིས། །
ཐོབ་མེད་ཐོབ་ན་ཕྱག་རྒྱ་ཆེན་པོ་འཐོབ། །
དཔེར་ན་ལྗོན་ཤིང་སྡོང་པོ་ཡལ་ག་ལོ་འདབ་རྒྱས། །
རྩ་བ་གཅིག་བཅད་ཡལ་ག་ཁྲི་འབུམ་སྐམ། །
དེ་བཞིན་སེམས་ཀྱི་རྩ་བ་བཅད་ན་འཁོར་བའི་ལོ་འདབ་སྐམ། །
ཅེས་པའི་བར་གྱིས། །འཇིག་རྟེན་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་ན་ཡང་། འདི་ནི་འཁོར་བའི་འཇིག་རྟེན་བྱ་བ་ལ་འཇུག་པ་ཡིན་ཏེ། དེ་ཡང་འཇིག་རྟེན་པའི་ཆོས་འདི་རྣམས་ཐམས་ཅད་བརྟག་མི་ཐུབ་པ་ཡིན་ཏེ། སྒྱུ་མའི་དཔེ་བརྒྱད་དང་འདྲ་བ་ལྟ་བུར་སྣང་ཡང་། རྨི་ལམ་ལ་སོགས་པ་སྒྱུ་མའི་དཔེ་རྣམས་ཀྱང་དོན་ངོ་བོ་ཆོས་ཀྱི་དབྱིངས་ལ་ཡོད་པ་མ་ཡིན་པས། དེའི་ཕྱིར་ན། འཁོར་བའི་ཆོས་ཐམས་ཅད་ལ་སྐྱོ་བ་ཆེན་པོ་བསྐྱེད་ལ། འཇིག་རྟེན་གྱི་བྱ་བ་ཐམས་ཅད་དང་། འཁོར་དང་ཡུལ་དང་། ཆགས་པ་དང་སྡང་བ་ལ་སོགས་པའི་སེམས་སྤངས་ལ་གཅིག་པུར་ནགས་ཀྱི་འདབ་ལ་སོགས་པ་དང་། རི་ཁྲོད་དགོན་པ་ཤིན་ཏུ་དབེན་ཞིང་ཉམས་དགའ་བར་དེ་ལྟ་བུར་བསྒོམ་ཞིང་། བསྒོམ་དུ་མེད་པའི་ངང་ལས་མ་གཡོས་པར་བྱས་ན་འཁོར་བ་དང་མྱ་ངན་ལས་འདས་པའི་རྟོག་པ་དང་། གཟུང་བ་དང་འཛིན་པའི་ཡུལ་ཐམས་ཅད་སྤངས་ནས། ཕྱག་རྒྱ་ཆེན་པོའ་དོན་ངོ་བོ་ཉིད་ཆོས་ཀྱི་དབྱིངས་ཐོབ་པར་འགྱུར་བ་ཡིན་ཏེ། དེ་ཡང་དཔེར་ན་ལྗོན་ཤིང་སྡོང་པོ་ཡལ་ག་དང་། ལོ་མ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་ལྡན་པ་ཆེན་པོ་གཅིག་གི་རྩ་བ་བཅད་པར་འགྱུར་ན། ཡལ་ག་ཁྲི་དང་འབུམ་ལ་སོགས་པ་སྐམ་པར་འགྱུར་བ་ཡིན་པས་ན། དཔེ་དེ་བཞིན་དུ་སེམས་ཀྱི་རྩ་བ་བཅད་ན། འཁོར་བ་དང་མྱ་ངན་ལས་འདས་པ་དང་རྣམ་པར་རྟོག་པའི་ཚོགས་རྣམས་ཀྱི་ལོ་འདབ་སྐམ་པར་འགྱུར་རོ། །
 
དཔེར་ན་བསྐལ་པ་སྟོང་དུ་བསགས་པའི་མུན་པ་ཡང་། །ཞེས་པ་ནས། །བསྐལ་པར་བསགས་པའི་སྡིག་སྒྲིབ་ཐམས་ཅད་སེལ། །
དཔེར་ན་སྐལ་སྟོང་བསགས་པའི་མུན་པ་ཡང་། །
སྒྲོན་མེ་གཅིག་གིས་མུན་པའི་ཚོགས་རྣམས་སེལ། །
དེ་བཞིན་རང་སེམས་འོད་གསལ་སྐད་ཅིག་གིས། །
བསྐལ་པར་བསགས་པའི་མ་རིག་སྡིག་སྒྲིབ་སེལ། ། 

ཞེས་པའི་བར་ལ། དཔེ་ནི་མུན་པ་ཤིན་ཏུ་གནག་པའི་མཚན་ཉིད་ཅན་དེ་ཉིད། །བསྐལ་པ་སྟོང་དུ་བསགས་པར་གྱུར་ནའང་སྒྲོན་མེ་གཅིག་གིས་མུན་པའི་ཚོགས་ཐམས་ཅད་བསལ་བ་བཞིན་དུ། ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ། སྡིག་པ་བསམ་གྱིས་མི་ཁྱབ་པ་བྱས་ཀྱང་། རང་གི་སེམས་ལ་ཤར་བའི་འོད་གསལ་ཕྱག་རྒྱ་ཆེན་པོ་སྐད་ཅིག་གིས། བསྐལ་པར་བསགས་པའི་སྡིག་པ་དང་སྒྲིབ་པའི་ཚོགས་ཐམས་ཅད་སེལ་བའོ། །
 
ཀྱེ་ཧོ་བློ་ཡི་ཆོས་ཀྱིས་བློ་འདས་དོན་མི་མཐོང་། །ཞེས་པ་ནས། རེ་མེད་རང་གྲོལ་འབྲས་བུའི་མཆོག་ཡིན་ནོ། །
ཀྱེ་ཧོ། །བློ་ཡི་ཆོས་ཀྱིས་བློ་འདས་དོན་མི་མཐོང་། །
བྱས་པའི་ཆོས་ཀྱིས་བྱར་མེད་དོན་མི་རྟོགས། །
བློ་འདས་བྱར་མེད་དོན་དེ་ཐོབ་འདོད་ན། །
རང་སེམས་རྩད་ཆོད་རིག་པ་གཅེར་བུར་ཞོག །
རྟོག་པ་དྲི་མའི་ཆུ་དེ་དྭངས་སུ་ཆུག །
སྣང་བ་དགག་སྒྲུབ་མི་བྱ་རང་སར་ཞོག །
སྤང་ལེན་མེད་པར་སྣང་སྲིད་ཕྱག་རྒྱར་གྲོལ། །
ཀུན་གཞི་སྐྱེ་བ་མེད་པར་བག་ཆགས་སྡིག་སྒྲིབ་སྤོང་། །
སྙེམ་བྱེད་རྩིས་གདབ་མི་བྱ་སྐྱེ་མེད་སྙིང་པོར་ཞོག །
སྣང་བ་རབ་སྣང་བློ་ཡི་ཆོས་རྣམས་ཟད་དུ་ཆུག །
མུ་མཐའ་ཡོངས་གྲོལ་ལྟ་བའི་རྒྱལ་པོ་མཆོག །
མུ་མེད་གཏིང་ཡངས་སྒོམ་པའི་རྒྱལ་པོ་མཆོག །
མཐའ་ཆོད་ཕྱོགས་བྲལ་སྤྱོད་པའི་རྒྱལ་པོ་མཆོག །
རེ་མེད་རང་གྲོལ་འབྲས་བུའི་མཆོག་ཡིན་ནོ། །
ཞེས་པའི་བར་གྱིས། བློ་ཡི་ཆོས་ཞེས་བྱ་བ་ནི། ཐེག་པ་ཆུང་ངུའི་ཆོས་རྣམས་ལ་ཟེར་བ་ཡིན་ཏེ། དེ་ཡང་བྱས་པའི་ཆོས་ཡིན་པས་ན། བྱར་མེད་པའི་དོན་ཕྱག་རྒྱ་ཆེན་པོ་དེ་ཉིད་མི་རྟོགས་པས་ན། བློ་ལས་འདས་པ་བྱ་རུ་མེད་པ་དེ་ཉིད་ཐོབ་པར་འདོད་ན། རང་གི་སེམས་ཉིད་ཀྱི་ངང་ལས་མ་གཡོས་ན། རྟོག་པའི་ཚོགས་ཐམས་ཅད་འགགས་ནས། བླ་ན་མེད་པ་ཐམས་ཅད་ཆོས་ཀྱི་ཕྱག་རྒྱར་རྟོགས་ཤིང་། ཀུན་གྱི་གཞི་སེམས་ཉིད་སྐྱེ་བ་མེད་པ་ཀློང་དུ་འགྱུར་ཞིང་རང་གི་སྣང་བ་ལས་བྱུང་བའི་བློའི་ཆོས་ཐམས་ཅད་ཕྱག་རྒྱ་ཆེན་པོར་རྟོགས་པ་ཡིན་ཏེ། མུ་མཐའ་མེད་པ་དེ་ཉིད་ཉམས་སུ་མྱོང་ན་ལྟ་བའི་རྒྱལ་པོ་ཡིན་ཏེ། མུ་མེད་ཅིང་མ་ཡེངས་པ་ནི་བསྒོམ་པའི་རྒྱལ་པོ་ཡིན་ནོ། །མཐའ་དང་བྲལ་ཞིང་དགག་སྒྲུབ་མེད་པ་ནི་སྤྱོད་པའི་རྒྱལ་པོ་ཆེན་པོ་ཡིན་ནོ། །རེ་བ་དོགས་པ་མེད་པར་ཐམས་ཅད་ཀློང་དུ་གྱུར་པ་ནི་འབྲས་བུའི་མཆོག་ཡིན་ནོ། །
 
ཡང་། །ལས་ནི་དང་པོ་གཅོང་རོང་ཆུ་དང་འདྲ། །ཞེས་པ་ནས། །རིག་པ་ངང་ལ་མི་གནས་བར་དུ་གཅུན། ། 
ལས་ནི་དང་པོ་གཅོང་རོང་ཆུ་དང་འདྲ། །
བར་དུ་ཆུ་བོ་གངྒཱ་དལ་ཞིང་གཡོ། །
ཐ་མ་ཆུ་རྣམས་མ་བུ་འཕྲད་པ་འདྲ། །
བློ་དམན་སྐྱེས་བུའི་ངང་ལ་མི་གནས་ན། །
རླུང་གི་གནད་བཟུང་རིག་པ་བཅུད་ལ་བོར། །
ལྟ་སྟངས་སེམས་འཛིན་ཡན་ལག་དུ་མ་ཡིས། །
རིག་པ་དང་ལ་མི་གནས་བར་དུ་གཅུན། ། 

ཞེས་པའི་བར་ནི། ལས་དང་པོ་པ་ནི། ཐེག་པ་ཆུང་ངུ་ནས་རིམ་གྱིས་འཛིགས་དགོས་ཤིང་། །ལས་དང་པོ་གཅོང་རོང་གི་ཆུ་དང་འདྲ་ཞིང་། ཚོགས་བསགས་པས་དགེ་བར་ལྟ་ཞིང་། གནོད་པ་དང་ལོག་པའི་སེམས་སྐྱེས་ན་སྡིག་པར་ལྟ་བ་སྟེ། དེ་རྣམས་ཀྱི་འཛིན་པ་གྲོལ་ནས་གསང་སྔགས་ཀྱི་ལམ་ལ་ཞུགས་པའི་དུས་སུ། དཔེར་ན་ཆུ་བོ་ཆེན་པོ་གངྒཱ་ལ་སོགས་པ་དང་། ཆུ་བོ་ཆེན་པོ་རྣམས་དལ་ཞིང་གཡོ་བ་བཞིན་དུ་ཚེགས་ཆུང་ངུས་དགེ་བ་དང་སྡིག་པ་གང་གིས་ཀྱང་ཕན་མ་བཏགས་གནོད་པ་མི་བསྐྱེལ་བའོ། །དེ་ནས་དེ་ལྟ་བུ་ཀུན་མི་དམིགས་པའི་ཀློང་དུ་གྱུར་བ་ནི། །ཆུ་ཐམས་ཅད་འདྲེས་པའི་རྒྱ་མཚོ་དང་འདྲ་བའོ། །བློ་དམན་པའི་སྐྱེས་བུ་འགའ་ཞིག་གིས་དེ་ལྟ་བུའི་དོན་མ་རྟོགས་ཀྱང་། རླུང་གི་གནད་བཟུང་ཞིང་བསྒོམ་པའི་ཐབས་དུ་མ་ཡིས། ཕྱག་རྒྱ་ཆེན་པོའ་དོན་མ་རྟོགས་ཀྱི་བར་དུ། རིག་པ་གནད་དུ་གཅུན་ཞིང་རྟོགས་པའི་དུས་སུ་ཕྱག་རྒྱ་བཞི་ལ་གནས་ཤིང་ཉམས་སུ་ལེན་དགོས་པའོ། །
 
ལས་ཀྱི་ཕྱག་རྒྱ་བསྟེན་ན་བདེ་སྟོང་ཡེ་ཤེས་འཆར། །ཞེས་པ་ནས། དེ་ལ་ཆགས་ཞེན་མེད་ན་བདེ་སྟོང་ཡེ་ཤེས་འཆར།
ལས་རྒྱ་བསྟེན་ན་བདེ་སྟོང་ཡེ་ཤེས་འཆར། །
ཐབས་དང་ཤེས་རབ་བྱིན་རླབས་སྙོམས་པར་འཇུག །
དལ་བར་དབབ་ཅིང་བསྐྱིལ་བཟློག་དྲངས་པ་དང་། །
གནས་སུ་བསྐྱལ་དང་ལུས་ལ་ཁྱབ་པར་བྱ། །
དེ་ལ་ཆགས་ཞེན་མེད་ན་བདེ་སྟོང་ཡེ་ཤེས་འཆར། །
ཞེས་པའི་བར་ལ། མན་ངག་འདི་གྲོལ་ལམ་གྱི་དབང་དུ་བྱས་ནས་འདིར་ཞིབ་ཏུ་མ་སྨྲོས་སོ། །
 
ཚེ་རིང་སྐྲ་དཀར་མེད་ཅེས་པ་ནས། །ཐུན་མོང་དངོས་གྲུབ་མྱུར་ཐོབ་མཆོག་ལ་གཞོལ་བར་འགྱུར། །
ཚེ་རིང་སྐྲ་དཀར་མེད་ཅིང་ཟླ་ལྟར་རྒྱས་པར་འགྱུར། །
བཀྲག་མདངས་གསལ་ལ་སྟོབས་ཀྱང་སེང་གེ་འདྲ། །
ཐུན་མོང་དངོས་གྲུབ་མྱུར་ཐོང་མཆོག་ལ་གཞོལ་བར་འགྱུར། །
ཞེས་པའི་བར་ནི་ཡོན་ཏན་ནོ། །
 
ཕྱག་རྒྱ་ཆེན་པོ་གནད་ཀྱི་མན་ངག་འདི། ། 
འགྲོ་བ་སྐལ་ལྡན་སྙིང་ལ་གནས་པར་ཤོག །
འགྲོ་བ་སྐལ་ལྡན་སྙིང་ལ་གནས་པར་ཤོག །ཅེས་པ་ནི་སྨོན་ལམ་མོ། །

རྫོགས་སོ་ཅེས་པ་ཡན་ཆད་ནི་མཇུག་གི་དོན་ཡིན། 

ཕྱག་རྒྱ་ཆེན་པོ་གངྒཱ་མའི་དོན་ཅུང་ཞིག་གསལ་བར་ཕྱེ་བ་རྫོགས་སོ། །ལུག་ལོ་ཟླ་བ་བརྒྱད་པ་ལ་མཚུར་ཕུའི་བཀྲ་ཤིས་གསལ་མར་རང་བྱུང་རྡོ་རྗེས་མཛད་པའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཤུ་བྷམ་སྟུ་སརྦ་ཛ་ག་ཏཱཾ།

 

 

 

Friday, 1 December 2023

ཤེས་རབ་སྙིང་པོའི་རྣམ་བཤད།


ཤེས་རབ་སྙིང་པོའི་རྣམ་བཤད་ཀླུ་སྒྲུབ་ཀྱི་དགོངས་པ་གསལ་བར་བསྟན་པ་བཞུགས་སོ། །

༄༅། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་འཁོར་ལོ་སྒྱུར་སྲས་དེ་ཡུལ་འོས། །ཤེར་ཕྱིན་སྒྱུ་འཕྲུལ་ཆེ་ལོགས་གཉིས་པ་གར། །དེ་ཕྱིར་ཉན་རང་བྱང་སེམས་ཤཱཀ྄་རིགས་པ། །བཞེད་དོན་སྒྲུབ་ནུས་དེ་ལ་སུ་མི་འདུད། །ཤེས་རབ་མཆོག་གིས་དྲིས་པ་ལ། །སངས་རྒྱས་བྱེད་ཡུམ་འདི་རང་དུ། །སྙིང་རྗེ་ཆེན་པོས་མཛུབ་ཚུགས་པར། །དགའ་མགུར་སྤྱོད་ཐོབ་བདག་སྐལ་བཟང་། གཙུག་ལག་མཱ་ལ་ཡ་ཡི་དཔལ། །ཤེར་ཕྱིན་སྦྲུལ་གྱི་སྙིང་པོའི་ལྕམ། །སྲིད་གདུང་གཞོམ་ལ་འགུགས་ངལ་བའི། །ལྷོ་ཕྱོགས་རླུང་བཞོན་སྨན་པ་བཞིན། །འདིར་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཚིག་སྤུན་གྱིས་མ་བསྒྲིབས་པར་རྗེན་ཐེར་སྟོན་པས་སྙིང་པོར་བཞག་པ། བཀའ་བསྡུ་མཛད་པ་རྣམས་ཀྱིས་གླེགས་བམ་ལ་བཀོད་ནས་ཀླུ་རྣམས་ལ་གཏད་པ་ལས། ཕྱིས་མི་ཡུལ་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་སྤྱན་དྲངས་པའི་སྡེ་ཚན་དུ་གཏོགས་པ་འདི། དེ་ཉིད་ཀྱི་མན་ངག་རིག་ནས་འཆད་པར་འདོད་དོ། །དེ་ཡང་གླེང་གཞི་དང་། གླེང་བསླང་ཚུལ། བར་གྱི་མཚམས་སྦྱོར། མཐའི་མཇུག་སྡུད་རྣམས་ནི་སྟོན་པ་ཉིད་ཀྱིས་གདམས་པ་ཇི་བཞིན་བསྡུ་བ་པོས་བཀོད་པས་དེ་དག་རྗེས་སུ་གནང་བའི་བཀའོ། །དེའི་དབང་གིས་གླེང་གཞི། མདོར་བསྟན་དུ་འོས། གླེང་བསླང་བ་ནས་ལན་རྫོགས་པའི་བར་བྱིན་གྱིས་རློབ་པའི་དངོས་ཀྱི་བདག་རྐྱེན་སྟོན་པ་ཉིད་ཡིན་པས་བྱིན་གྱིས་བརླབས་པའི་བཀའོ། །དངོས་ཅེས་མ་སྦྱར་ན། འཛམ་བུའི་གླིང་ན་ཆུ་འབབ་པ་ཇི་སྙེད་པ་ཀླུ་མ་དྲོས་པའི་མཐུ་ཡིན་པ་དཔེར་མཛད་ནས་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱི་ཆོས་ཅི་སྟོན་པ་ཐམས་ཅད་རྒྱལ་བའི་བྱིན་རླབས་ཡིན་པར་གསུངས་པ་གཉིས་མཚམས་མི་ཕྱེད་པའི་སྐྱོན་དུ་འགྱུར་རོ། །ལེགས་སོ་ནས་ཡི་རང་ངོའི་བར་ནི་ཚངས་པའི་དབྱངས་ཉིད་ཀྱིས་བཤད་པས་ཞལ་ནས་གསུངས་པའི་བཀའོ། །དེ་བས་ན་བར་མ་རྒྱས་བཤད། འདི་དོན་བསྡུར་ཡོད་པ་བཞིན་མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བ་གསུམ་ལས། དང་པོ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པ་དུས་འཆད་པ་ཡིན་ལ། འདི་སྐད་ཀྱིས་བཤད་བྱ་རིལ་པོ་བསྡུས་པ་སྟེ། དེས་ན་དེའི་ལེགས་སྦྱར་ལ་ཨེ་ཝཾ་ཞེས་བྱུང་། ཡི་གེ་དེ་གཉིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་པོ་ཐམས་ཅད་ཀྱི་ཕ་དང་མར་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་དེ་ནི་སྟོན་པ། རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་གནས། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ་འཁོར། དེ་དག་རེ་ཡང་བསམ་གྱིས་མི་ཁྱབ་པའི་ཕྱིར་ཕྱོགས་གཅིག་གིས་བཤད་དུ་མི་རུང་ངོ་། །དེའི་ཕྱིར་ཕུན་སུམ་ཚོགས་པ་ཞེས་བྱའོ། །དགེ་སློང་གི་དགེ་འདུན་ཞེས་པའི་ཁོངས་ན་རང་རྒྱལ་སློབ་པ་དག་ཀྱང་ཉན་ཐོས་ཀྱི་ཚུལ་དུ་གནས་པས་དངོས་ཀྱི་འཁོར་ལ་རིགས་ཅན་གསུམ་ཚང་བ་སྟེ། ཉན་རང་བྱང་སེམས་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་བ་དང་། ལ་ལ་རང་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་འབྱུང་བས་ཀྱང་ཤེས་པར་ནུས་སོ། །དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་པའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཟབ་མོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྟེ། སངས་རྒྱས་ནི་བཞེད་པས་འཇུག་པ་ཡིན་པས་མེ་བུས་ན་དུ་བ་འཐུལ་བ་བཞིན་དུ་གདུལ་བྱ་དག་ལ་དེ་བར་ཆད་མེད་པར་སྣང་བས་ན་ཟབ་མོ་སྣང་བ་ཞེས་བྱའོ། །གཉིས་པ་ལ། གླེང་བསླང་ལུས་དང་། དྲི་བ་དང་ལན་ཡན་ལག་རྒྱས་བཤད་ཀྱི་ཚུལ་དུ་བསྟན་པ་གཉིས་ལས། དང་པོ་ནི། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང་། དེ་ནི་ཤེས་རབ་ཀྱིས་ཆོས་ཐམས་ཅད་རབ་ཏུ་མི་གནས་པར་སྦྱོང་བ་ཡིན་ནོ། །ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ། །སྙིང་རྗེས་སྒྱུ་མ་ཙམ་དུ་ལམ་དུ་འཁྱེར་བ་བསྟན་ཏེ། འདིའི་མན་ངག་ཀམ་པ་ལའི་ཡུམ་གྱིས་མཛད་པ་ལས། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་སྒོ་ནས་ཤེས་པར་བྱས་ནས། དེ་ཁོང་དུ་ཆུད་པར་བྱ་བ་ཡིན་ནའང་། ཕལ་ཆེ་བའི་སྤྱོད་ཡུལ་མ་ཡིན་པས་ཞེས་གསུང་པའི་ཕྱིར་རོ། །དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་ཤཱ་རིའི་བུས། སྤྱན་རས་གཟིགས་དེ་ལྟར་ལྟ་བ་ཤཱ་རིའི་བུས་ཤེས་པ་སངས་རྒྱས་ཀྱི་མཐུ་ཡིན་ནོ་ཞེས་སྟོན་པ་སྟེ། གཞན་ཉན་ཐོས་དག་གིས་བྱང་ཆུབ་སེམས་དཔའི་གནས་སྐབས་གཞལ་བར་མི་ནུས་པས་སོ། །དེ་ལྟར་ཤེས་ནས་སྤྱོད་པ་དེ་ཞིབ་མོར་དྲི་བའི་འདོད་པ་སྐྱེས་པ་ཡིན་ནོ། །གཉིས་པ་ལ། དྲི་བ་འགོད་པ་དང་། ལན་གྱིས་རྒྱས་པར་བཤད་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས། ཇི་ལྟར་བསླབ་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། གཉིས་པ་ལ། ལྟ་བའི་གནད་མིག་གིས་ལྟ་བ་ལྟ་བུ། སྒོམ་པའི་གནད་གོམ་པ་དོར་བ་ལྟ་བུ། འབྲས་བུའི་གནད་འདོད་སར་བརྟོལ་བ་ལྟ་བུ། སྤྱོད་པའི་གནད་གསེང་ལམ་ལྟ་བུར་བཤད་པ་ལས། དང་པོ་ནི། རྣམ་པར་ཐར་པའི་སྒོ་གསུམ་གྱིས་བསྟན་ཏེ། ངོ་བོས་སྟོང་པའི་ཚུལ་གྱིས་སྟོང་ཉིད་ཀྱི་རྣམ་པར་ཐར་པ། རྒྱུས་སྟོང་པའི་ཚུལ་གྱིས་མཚན་མ་མེད་པའི། འབྲས་བུས་སྟོང་པའི་ཚུལ་གྱིས་སྨོན་པ་མེད་པའི་རྣམ་པར་ཐར་པ་བཤད་ལ། དེ་ལས་དང་པོ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །མའི་མིང་ཤཱ་རི་ཀ དེའི་བུ་ཡིན་པས་ཤཱ་རིའི་བུ། ཤཱ་རི་དྭ་ཏིའི་རིགས་ལས་འཁྲུངས་པས་དེའི་བུ། དེས་ན་ཕྱོགས་གཅིག་ངོ་ཤེས་པས་ཅིག་ཤོས་མི་བསུབ་བོ། །ཤཱ་རིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས། འདིས་གདུལ་བྱ་བསྟན་ཏེ། རིགས་ཅན་གཞན་གཉིས་ཀྱང་མཐར་འདི་ལ་སློབ་དགོས་མོད་ཀྱང་རེ་ཞིག་མ་ཡིན་པས། རིགས་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཐེག་པ་ཆེན་པོའོ། །གང་ལ་ལ། དེའི་ཡང་ཐམས་ཅད་མ་ཡིན་ཏེ། ལམ་གྱི་ཤེས་པའི་ས་པ་དག་གོ །ཆོས་རབ་ཏུ་རྣམ་པར་འབྱེད་པའི་བློ་གྲོས་ཀྱིས། ཆོས་ཐམས་ཅད་རབ་ཏུ་མི་གནས་པར་སྦྱངས་པ་ནི་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་གཟུང་ངོ་། །ཟབ་མོའི་སྤྱོད་པ་ནི་གསེར་འོད་དམ་པ་ལས། རིགས་ཀྱི་ལྷ་མོས་བཅོམ་ལྡན་འདས་ལ་གསོལ་པ། བདག་དང་གཞན་ལ་ཕན་གདགས་ཕྱིར། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འཁོར་བ་མྱ་ངན་འདས་བྲལ་བའི། །བྱང་ཆུབ་སྤྱོད་པ་ཇི་ལྟར་སྤྱད། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་ལྷ་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷ་མོ། ཆོས་ཀྱི་དབྱིངས་ལ་གནས་ཏེ་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པས་ན་མཉམ་པ་ཉིད་ལ་ནན་ཏན་དུ་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་གསུངས་པ་དེའོ། །རབ་ཏུ་མི་གནས་པར་སྦྱངས་པ་དེ་ཡང་། མེས་བུད་ཤིང་ཐལ་བར་བཏང་བ་ལྟ་བུ་མ་ཡིན་ཏེ། ཆོས་ཐམས་ཅད་གཟོད་མ་ནས་ཞི་བ་ཡིན་པས་གཞི་ཇི་ལྟར་གནས་པ་ལམ་དུ་དེ་ལྟར་འཁྱེར་བས་འབྲས་བུ་ཇི་ལྟ་བ་མངོན་དུ་འགྱུར་བའོ། །དེའི་ཕྱིར་ཤེར་ཕྱིན་དེ་ཡང་། རང་བཞིན། ལམ། འབྲས་བུ་གསུམ་དུ་བཞག་སྟེ། མགོན་པོ་ཀླུ་གྲུབ་ཀྱིས་འདི་ཉིད་ཀྱི་སྒྲུབ་ཐབས་སུ། དུས་གསུམ་རྒྱལ་བ་ཀུན་གྱི་གཞི་ཡིན་ལམ་ཡིན་འབྲས་བུའང་དེ། །ཤེས་རབ་མི་དམིགས་ཤེས་རབ་སྙིང་པོ་ཞེས་གསུངས་པས་སོ། །འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། ཕུང་པོ་ལྔ་པོ་དེ་དག་རང་བཞིན་གྱིས་སྟོང་པར་ཡང་དག་པར་རྗེས་སུ་ལྟའོ། །ཕུང་པོ་ནི་སྤུངས་པ་སྟེ་དུ་མ་ཚོགས་པའི་བརྡའོ། །དེ་ཡང་འཆད་པར་འགྱུར་བ་ལྟར་ལྔར་ཕྱེ་ལ། དངོས་པོ་དམིགས་སུ་རུང་བ་ནི་དེ་དག་ཏུ་ཟད་དོ། །དེ་དག་ད་ལྟར་ཡོད་ཕྱིས་རྐྱེན་གྱིས་ཞིག་པ་ལྟ་བུའི་སྟོང་པ་མ་ཡིན་པས་རང་བཞིན་གྱི་སྟོང་པ་ཞེས་སྦྱར། དེ་ཡང་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་རབ་ཏུ་མི་གནས་པ་ཡིན་པས། རབ་ཏུ་མི་གནས་པས་དེ་དག་སྟོང་སྟེ། འཇུག་པར། གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་མིག་ནི་མིག་གིས་སྟོང་། །ཞེས་པས་སོ། །དེ་ལྟར་མདོར་བསྟན་ནས་ཞིབ་མོར་འཆད་པའི་ཕྱིར་གཟུགས་སྟོང་པའོ། །ཆོས་མངོན་པར། གཟུགས་སུ་རུང་བ་ནི་གཟུགས། དེ་དུ་མ་སྤུངས་པ་གཟུགས་ཕུང་དུ་བཞག་པས་ན། གཟུགས་ཀྱི་ཕུང་པོ་དེ་ཐམས་ཅད་ངོ་བོས་སྟོང་པས་དེ་དག་སྟོང་པ་ཉིད་དོ། །རང་བཞིན་ནམ་ངོ་བོ་དེ་ཉིད་གཟུགས་སུ་སྣང་བས་སྟོང་པ་ཉིད་གཟུགས་སོ། །དེའི་ཕྱིར་གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་ཡང་དཔེས་བཤད་ན། སྣོད་དག་པར་ཞོ་གཙང་མ་བླུགས་པ་རྒན་མོ་མིག་རབ་རིབ་ཀྱིས་ཁེབས་པ་ལ་བྱིན་ན། དེས་དེ་སྐྲ་ཤད་ཀྱིས་གང་བར་མཐོང་སྟེ་སེལ་བར་རྩོམ་མོ། །མིག་དག་པས་དེ་ཉིད་དུ་སྐྲ་ཤད་མ་མཐོང་ནས་བརྡ་སྤྲོད་དོ། །དེ་ཉིད་ཀྱང་མིག་ནད་དག་པ་ན་སྐྲ་ཤད་གཅིག་ཀྱང་མི་སྣང་ངོ་། །དེ་ལས་གཟུགས་ངོ་བོས་སྟོང་པ་ནི། ཞོ་གཙང་མར་མཐོང་བས་སྐྲ་ཤད་མི་རྙེད་པ་ལྟ་བུ། རང་བཞིན་གཟུགས་སུ་སོང་བ་ནི། རབ་རིབ་ཅན་ལ་ཞོ་གཙང་མ་དེ་ཁ་སྐྲ་ཤད་ཅན་དུ་སྣང་བ་ལྟ་བུ། གཟུགས་ལས་སྟོང་པ་དང་སྟོང་པ་ལས་གཟུགས་གཞན་མ་ཡིན་པ། ཞོ་གཙང་མ་དེ་ལས་སྐྲ་ཤད་ཅན་ནམ། དེ་ལས་ཞོ་གཙང་མ་ལོགས་སུ་མི་རྙེད་པ་ལྟ་བུའོ། །དེའི་ཕྱིར་སྟོན་པས་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་ཤེས་པ་དེའི་རྣམ་པར་བྱང་བ་ཞེས་གསུངས་སོ། །རབ་ཏུ་མི་གནས་པ་དེ་མཐོང་ན་དམིགས་པ་ཐམས་ཅད་ལ་སྡོད་པའི་གླགས་མེད་དེ། དེ་ལྟར་ཡང་དག་པར་མཐོང་བ་དེ་ཁ་ཐར་པ་དང་ཐམས་ཅད་མཁྱེན་པའོ། །དེ་བཞིན་དུ། ཚོར་བ་དང་། ཉམས་སུ་མྱོང་བ་ནི་ཚོར་བ་སྟེ། དེའི་ཕུང་པོ་ཡང་། རང་བཞིན་གྱིས་སྟོང་ངོ་། །སྟོང་པ་ཉིད་དེ་ཚོར་བའི་ཕུང་པོའོ། །ཚོར་བ་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་ཚོར་བ་གཞན་མ་ཡིན་ནོ། །འདུ་ཤེས་དང་། མཚན་མར་འཛིན་པ་འདུ་ཤེས་ཏེ། དེའི་ཕུང་པོ་དང་། འདུ་བྱེད་རྣམས་དང་། སེམས་མངོན་པར་འདུ་བྱེད་པ་ནི་འདུ་བྱེད་དང་། དེ་ནི་རབ་ཏུ་མང་བས་རྣམས་སྒྲ་སྦྱར་ལ། རྣམ་པར་ཤེས་པ་རྣམས་སྟོང་པའོ། །རྣམ་པར་རིག་པས་རྣམ་པར་ཤེས་པ་སྟེ། དེའི་ཕུང་པོ། དེ་ཐམས་ཅད་ལ་གཞི་སྦྱར་ནས་ཤེས་པར་བྱའོ། །ཤཱ་རིའི་བུ་དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དེ། དེ་དག་ཀྱང་གསེར་འོད་ཀྱི་སྔར་གྱི་འཕྲོར། རིགས་ཀྱི་ལྷ་མོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་ཆོས་ཀྱི་དབྱིངས་ལ་གནས་ཏེ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་ཅིང་མཉམ་པ་ཉིད་ལ་ནན་ཏན་དུ་བགྱི་བ་ལགས། ལྷ་མོ་དེ་ནི་ཕུང་པོ་ལྔ་ལ་ཆོས་ཀྱི་དབྱིངས་སུ་འདོགས་ཏེ། ཆོས་ཀྱི་དབྱིངས་ནི་ཕུང་པོ་ལྔ་ཉིད་དོ། །ཞེས་གསུངས་སོ། །སྟོན་པས་ཆོས་ཅན་རེ་རེའང་། མཚན་ཉིད་གསུམ་དུ་ཕྱེ་སྟེ་བསྟན་པའི་སྐབས་སུ། ཀུན་བརྟགས་པའི་གཟུགས་གསུངས་པ་དེ་སྐྲ་ཤད་ལྟ་བུ། རྣམ་པར་བརྟགས་པའི་གཟུགས་ཞོ་དང་དེ་འདྲེས་མར་མཐོང་བ། ཆོས་ཉིད་ཀྱི་གཟུགས་ནི་ཞང་མ་ལྟ་བུ། གཟུགས་དང་དེའི་རང་བཞིན་མ་ཕྱེ་བ། དེ་དུས་ཀྱི་གདུལ་བྱས་ཞིབ་མོ་མ་བཟོད་པས་ཡིན། འདིར་དེ་ཕྱེ་བས་ཆོས་ཉིད་ཀྱི་ཚེ་གཟུགས་བཞག་ཏུ་མེད་དོ། །མཚན་ཉིད་མེད་པ། མཚན་ཉིད་གཉིས་ལས། དངོས་པོ་དག་གི་མི་རྟག་པ་ལ་སོགས་པ་སྤྱིའི་མཚན་ཉིད། འདིས་གཟུགས་རྟག་ཅེས་རྟོག་ན་མཚན་མར་འགྱུར་བར་མ་ཟད་གཟུགས་མི་རྟག་གོ་ཞེས་བརྗོད་པའང་མཚན་མའོ། །དེས་ན་གཟུགས་རྟག་པ་དང་མི་རྟག་པར་མི་དམིགས་པ་དེས་སྤྱིའི་མཚན་ཉིད་མེད་པ་ཞེས་བྱའོ། །གཟུགས་སུ་རུང་བ་ལ་སོགས་པ་ནི་རང་གི་མཚན་ཉིད་དེ། གཟུགས་བཞག་ཏུ་མེད་པས་དེར་རུང་བ་མ་བྱུང་། ཞོ་གཙང་མ་སྐྲ་ཤད་ཅན་དུ་ཤར་བའི་ཚེ་ཞོ་ལ་སྐྲ་ཤད་ཡོད་མ་མྱོང་བ་བཞིན། སྟོང་པ་ཉིད་ཕུང་པོ་ལྟར་བཞག་པའི་ཚེ་ཡང་ཕུང་པོ་ལྟར་མ་སོང་། སོང་ན་ཕུང་པོ་ལྔ་མི་སྣང་བར་འགྱུར་བ་ལྟར་སྟོང་པ་ཉིད་ཀྱང་ཆད་པར་འགྱུར་རོ། །གལ་ཏེ་སྟོང་ཉིད་གཞན་ལ་ཕུང་པོ་ལྔ་དེ་ལ་དྲི་མ་འབགས་པ་ལྟ་བུར་འདོད་ན་རྟག་པར་འགྱུར་རོ། །དེས་རང་གི་མཚན་ཉིད་ཀྱིས་ཀྱང་སྟོང་པས་མཚན་ཉིད་མེད་པ་ཞེས་བྱའོ། །གསེར་འོད་ཀྱི་འཕྲོས་སུ་ཕུང་པོ་ལྔ་ཡང་བརྗོད་དུ་མེད་པ། ཕུང་པོ་ལྔ་མ་ཡིན་པ་ཡང་བརྗོད་དུ་མེད་པ་སྟེ། དེ་ལ་ཆོས་ཀྱི་དབྱིངས་དེ་ཉིད་ཕུང་པོ་ལྔ་ཡིན་ན་ནི་ཆད་པར་འགྱུར་རོ། །གལ་ཏེ་ཕུང་པོ་ལྔ་ལས་གཞན་པར་འདོད་ན་ནི་རྟག་པར་འགྱུར་རོ། །མཚན་མ་གཉིས་དང་བྲལ་བ། མཐའ་གཉིས་ལ་མི་གནས་པ། བལྟར་མེད་པ་བལྟ་བར་བྱ་བ་ལས་འདས་པ། མིང་དང་མཚན་མ་མེད་པ་དེ་ནི་ཆོས་ཀྱི་དབྱིངས་ཞེས་བརྗོད་དོ། །ཞེས་གསུངས་སོ། །མ་སྐྱེས་པ། ཕུང་པོ་ལྔ་པོ་དེ་བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་པ་ལས་སྐྱེད་པས་སྟོང་པ་སྟེ། གསེར་འོད་ཀྱི་འཕྲོས་སུ། །རིགས་ཀྱི་ལྷ་མོ། ཕུང་པོ་ལྔ་ལ་ཆོས་ཀྱི་དབྱིངས་སུ་ཇི་ལྟར་གདགས་ཞེ་ན། ཕུང་པོ་ལྔ་པོ་དེ་ནི་རྒྱུ་དང་རྐྱེན་གྱིས་མ་སྐྱེས་པ་སྟེ། དེ་ཡང་གལ་ཏེ་རྒྱུ་དང་རྐྱེན་ལས་སྐྱེ་བ་ཞིག་ཡིན་ན་ནི། སྐྱེས་ཟིན་པ་སྐྱེའམ། མ་སྐྱེས་པ་སྐྱེ་ཞེས་བྱ། གལ་ཏེ་སྐྱེས་ཟིན་པ་སྐྱེ་ན་ནི་རྒྱུ་དང་རྐྱེན་ཀྱང་མི་དགོས་པར་རིགས་སོ། །གལ་ཏེ་མ་སྐྱེས་པ་སྐྱེ་ན་ནི་སྐྱེ་བ་དམིགས་སུ་མེད་པར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། གང་མ་སྐྱེས་པའི་ཆོས་རྣམས་ནི་ཡོད་པ་མ་ཡིན་པས། མིང་མེད་པ། མཚན་མ་མེད་པ། གཞལ་བ་དང་། དམིགས་པ་མེད་པ་དང་། དཔེར་བྱ་བས་བརྗོད་དུ་མེད་པ་སྟེ་རྒྱུ་དང་རྐྱེན་གྱིས་བསྐྱེད་པར་བྱ་བ་མ་ཡིན་ནོ། །ཞེས་སོ། མ་འགགས་པ་དུས་གསུམ་དུ་མ་གྲུབ་ཅིང་མི་སྐྱེ་བ་དེའི་ཕྱིར་འགག་པས་སྟོང་པ་སྟེ། གསེར་འོད་ཀྱི་འཕྲོས་སུ། རིགས་ཀྱི་ལྷ་མོ། དཔེར་ན་རྔའི་སྒྲ་ནི་ཤིང་དང་ཀོ་བ་དང་ལག་པ་ལ་བརྟེན་ཏེ་སྒྲ་འབྱུང་མོད་ཀྱི། རྔའི་སྒྲ་དེ་ནི་འདས་པ་ཡང་སྟོང་། མ་འོངས་པ་ཡང་སྟོང་། ད་ལྟར་གནས་པ་ཡང་སྟོང་སྟེ། རྔ་སྒྲ་དེ་ནི་ཤིང་ལས་མ་བྱུང་། ཀོ་བ་དང་ལག་པ་ལས་ཀྱང་མ་བྱུང་། དུས་གསུམ་གྱིས་མ་སྐྱེད་པས་མི་སྐྱེ་བ་སྟེ། གང་མི་སྐྱེ་བ་དེ་ནི་མི་འགོག་པའོ། །གང་མི་འགོག་པ་དེ་ནི་གང་ནས་ཀྱང་མ་འོངས་པའོ། །གང་ནས་ཀྱང་མ་འོངས་པ་དེ་ནི་གང་དུ་ཡང་མི་འགྲོ་བའོ། །ཞེས་སོ། །དྲི་མ་མེད་པ། ཕུང་པོ་ལྔ་དང་སྟོང་པ་ཉིད་ཐ་དད་པས་སྟོང་ངོ་། །དྲི་མ་དང་བྲལ་བ་མེད་པ། དེ་གཉིས་དོན་གཅིག་ཡིན་པས་སྟོང་ངོ་། །དེ་གསེར་འོད་ཀྱི་འཕྲོས་སུ། གང་དུ་ཡང་མི་འགྲོ་བ་དེ་ནི་རྟག་པ་དང་ཆད་པ་མ་ཡིན་པས་གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་གཅིག་པ་ཡིན་ན་ཆོས་ཀྱི་དབྱིངས་དང་ཐ་མི་དད་པས། འོ་ན་ནི་བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱིས་ཀྱང་དོན་དམ་པའི་བདེན་པ་མངོན་དུ་གྱུར་ནས་མྱ་ངན་ལས་འདས་པའི་བདེན་པ་དམ་པ་ཐོབ་པར་འགྱུར་བ་ཞིག་ན། དེ་ལྟ་མ་ཡིན་པས་དེ་གཅིག་པ་མ་ཡིན་ནོ། །གལ་ཏེ་ཐ་དད་པ་ཡིན་ན་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་དང་མཚན་མ་དེ་ཉིད་འཛིན་པ་ཡིན་པས་རྣམ་པར་གྲོལ་བར་མི་འགྱུར་ཞིང་། ཉོན་མོངས་པའི་འཆིང་བ་དང་མ་བྲལ་པས་དེ་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་མི་རྒྱའོ། །དེ་ཅིའི་ཕྱིར་ཞེ་ན། འཕགས་པ་རྣམས་ནི་འདུ་བྱེད་པ་དང་། འདུ་བྱེད་མ་ཡིན་པ་ཡང་དག་པའི་ངོ་བོར་གཅིག་པའི་ཕྱིར་ཐ་དད་པ་མ་ཡིན་ནོ། །ཞེས་གསུངས་པས། འདིས་མ་རྟོགས་པ་ལ་དེ་ཁ་འཁྲུལ་པ་དང་། རྟོགས་ན་དེ་ཁ་སྟོང་པ་ཉིད་དུ་བཤད་པ་སྟེ། དམིགས་པ་ལ་བརྟེན་ནས་རབ་ཏུ་མི་གནས་པ་ལ་རྩལ་སྦྱོང་དགོས་པའོ། །དེའི་ཕྱིར་རྣམ་རྟོག་ཆོས་སྐུ་ཞེས་པའི་ཆོས་སྐད་ཀྱི་དོན་ས་དེ་ནའོ། །བྲི་བ་མེད་པ། ཕུང་པོ་ལྔ་འབྲི་བ་ནི་འཛད་པ་སྟེ་མེད་པའི་མཐའོ། །མེད་པས་སྟོང་པའི་ཕྱིར་མཐའ་དེ་དང་བྲལ་ལོ། །གང་བ་མེད་པའོ། །གང་བ་ནི་འཕེལ་བའམ་རྫོགས་པ་སྟེ་ཡོད་པའི་མཐའོ། །དེས་སྟོང་པ་སྟེ་ཡོད་པ་མ་ཡིན་པས་སོ། །དེ་ལྟར་ཡང་གསེར་འོད་ཀྱི་འཕྲོས་སུ། དེ་བས་ན་ཕུང་པོ་ལྔ་པོ་དེ་ནི་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། རྒྱུ་དང་རྐྱེན་གྱིས་བསྐྱེད་པའང་མ་ཡིན། རྒྱུ་དང་རྐྱེན་མེད་པ་ལས་སྐྱེས་པ་ཡང་མ་ཡིན། ཚིག་གིས་ཐོག་ཏུ་མི་ཕེབས་པ། མིང་དང་མཚན་མ་མེད་པ། རྒྱུ་དང་རྐྱེན་མེད་པ། དཔེས་བསྟན་དུ་མེད་པ། ཐོག་མ་དང་མཐའ་མར་དབེན་པ། རང་གི་ངང་གིས་སྟོང་པ་སྟེ། དེ་ནི་འཕགས་པ་རྣམས་ཀྱིས་མཁྱེན་པར་བྱ་བ་ཡིན་གྱི། གཞན་གྱི་སྤྱོད་ཡུལ་དུ་མ་གྱུར་པའོ། །དེ་བས་ན་ཕུང་པོ་ལྔ་ལ་ཆོས་ཀྱི་དབྱིངས་སུ་འདོགས་སོ་ཞེས་གསུངས་སོ། །ཤཱ་རིའི་བུ་དེ་ལྟ་བས་ན། སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་རྣམས་མེད། རྣམ་པར་ཤེས་པ་མེད་དོ། །མཚན་མ་དེ་དང་མེད་པའི་རྒྱུ་མཚན་ཡང་གཉིས་ཏེ། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། ནང་གི་སྐྱེ་མཆེད་དྲུག་མེད་པས་དང་། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །ཕྱིའི་སྐྱེ་མཆེད་དྲུག་མེད་པས་སོ། །དེ་ལྟར་སྐྱེ་མཆེད་བཅུ་གཉིས་པོ་དེ་ནི་མཚན་མ་རྣམས་སྐྱེ་བའི་གོ་འབྱེད་མཁན་ཡིན་པས། དེ་དག་མི་དམིགས་པས་མཚན་མ་ཡོད་པའི་སྐབས་མེད་པས་སོ། །དེ་སྐྱེ་སྒོ་ཡིན་པའང་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་བ་སོགས་ཀྱིས་གཏན་ལ་ཕབ་བོ། །རྒྱུ་མཚན་གཉིས་པ། མིག་གི་ཁམས་མེད་པ་ནས། ནས་ཞེས་པས། ལྷག་མ་དག་འདྲེན་པ། ཡིད་ཀྱི་ཁམས་མེད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་མེད་དོ། །བར་ཞེས་པས་བཅུ་དྲུག དེ་ལྟར་ཁམས་བཅོ་བརྒྱད་དེ་ནང་གི་དྲུག ཕྱིའི་དྲུག རྣམ་པར་ཤེས་པའི་དྲུག་གོ །དེ་དག་མཚན་མ་རྣམས་ཀྱི་ས་བོན་ནམ། རིགས་སམ་རྒྱུ་((དྲུག)དཔྱད་)པོ་ཡིན་ལ། དེ་དག་མེད་པས་རྒྱུ་མེད་པས་འབྲས་བུ་མི་སྲིད་པའི་དོན་གྱིས་སོ། །དེས་ན་སྐྱེ་མཆེད་ཞིང་ས་ལྟ་བུ། ཁམས་ས་བོན་ལྟ་བུ་མེད་པས་མཚན་མ་མྱུ་གུ་ལྟ་བུར་མི་དམིགས་པ་འདི་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཞེས་བྱའོ། །མ་རིག་པ་མེད། དེ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐོག་མ་སྟེ། དེ་རབ་ཏུ་མི་གནས་པས། མ་རིག་པ་ཟད་པ་མེད་པ་ནས། དེའི་ཟད་པ་དང་མི་སྐྱེ་བ་ཤེས་པ་མེད་ལ་ལྷག་མ་བཅུ་ཡང་དེ་བཞིན་དུ་སྦྱར་ནས། རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ། །འདི་ནི་ལུགས་འབྱུང་གི་རྟེན་འབྲེལ་མེད་པས་ལུགས་ལས་ཟློག་པ་དེ་ལ་བལྟོས་པ་ཡིན་པའི་གནད་ཀྱིས་མེད་པར་བསྟན་ནོ། །སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད། འཕགས་པའི་བདེན་པ་མི་དམིགས་པར་དང་། ཡེ་ཤེས་མེད། འབྲས་བུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱང་མི་དམིགས་པར་དང་། ཐོབ་པ་མེད། ཐོབ་བྱ་སངས་རྒྱས་མེད་ལ། དེས་མ་ཐོབ་པ་ཡང་མེད་དེ་ཐོབ་པར་བྱ་བ་ལ་སློབ་པའང་མེད་དོ། །དེའི་ཕྱིར་འདིས་འབྲས་བུ་མེད་པས། དེ་ཐོབ་པར་བྱའོ་སྙམ་པའི་འདོད་པ་དང་འདུན་པ་མི་དམིགས་པས་སྨོན་རྒྱུ་མེད་དེའི་ཕྱིར་རྣམ་པར་ཐར་པའི་སྒོ་འདི་ལ་སྨོན་པ་མེད་པ་ཞེས་བྱའོ། །དེ་ཡང་ཡོད་པ་དང་མེད་པ་ནི་འགལ་བས། ཡོད་པས་མེད་པ་དང་། མེད་པས་ཡོད་པ་དགག་ནུས་པའི་ཕྱིར། འདིར་མེད་ཅེས་གང་གསུངས་པ་དེ་ནི་ཡོད་པ་དགག་པའི་ཕྱིར་བསྟེན་ནོ། །འོན་ཀྱང་ཡོད་པ་མ་ཡིན་ན་མེད་པ་ཡིན་པར་འགྲོ་བ་ལྟ་བུ་ནི་མ་ཡིན་ཏེ། དེ་ལྟ་ན། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །ཞེས་པ་དང་འགལ་བར་འགྱུར་རོ། །སྟོང་ཉིད་ཀྱང་ཡོད་པ་བཀག་ཙམ་དེ་ལ་བྱས་ན། སྟོང་པ་ཉིད་མེད་དགག་ཏུ་འགྱུར་ལ། དེ་ཆད་སྟོང་ཡིན་པས་མི་རུང་ངོ་། །དེ་ཡང་ཀླུ་གྲུབ་ཀྱིས། ཤིན་ཏུ་ཕྲ་བའི་དངོས་ལ་ཡང་། །གང་གིས་ཆད་པར་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང་། །ཞེས་གསུངས་པས། སྟོང་ཉིད་དེ་ནི་རྟེན་འབྱུང་ངོ་། རྟེན་འབྱུང་གི་དོན་ཡང་རྒྱུ་རྐྱེན་ལས་སྐྱེ་བར་བྱེད་པ་ནི་ནོར་བ་སྟེ། འདིར་ནི་རྒྱུ་རྐྱེན་ལས་སྐྱེ་བ། དེ་དགག་པ་ལ་གཙོ་བོར་རྟེན་འབྲེལ་གསུངས་པ་ཡིན་པས་ན། སྟོང་ཉིད་དང་། རྟེན་འབྲེལ་དང་། །དབུ་མའི་བཤུལ་ཞེས་བྱ་བ་གཅིག་པས། དེ་ཕྱིར་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་འཕགས་པ་ཀླུ་སྒྲུབ་ཀྱིས་སོ། །དེ་དག་ཀྱང་འདིའི་སྒྲུབ་ཐབས་སློབ་དཔོན་དྷ་རི་ཀ་པས་མཛད་པར། གཟོད་ནས་ཞི་བའི་ཆོས་ཀུན་ནི། །རྐྱེན་དབང་འཁྲུལ་པར་རབ་སྣང་བ། །དེ་ཉིད་ཚེ་ན་ཞི་བ་ཉིད། །ཅེས་གསུངས་པས་སོ།། །། གཉིས་པ་སྒོམ་པའི་གནད་གོམ་པ་དོར་བ་ལྟ་བུ་ནི། ཤཱ་རིའི་བུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས། ཐོབ་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ། དེ་ཡང་གསེར་འོད་ཀྱི་འཕྲོས་སུ། གཞན་ཡང་རིགས་ཀྱི་ལྷ་མོ། གང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དམ་པ་དང་། ཀུན་རྫོབ་གཞན་དང་གཞན་མ་ཡིན་པར་འདོད་པ་དེ་ནི་དཔག་པར་དཀའ་སྟེ། འཕགས་པ་དང་ཡ་རབས་རྣམས་ཀྱི་སྤྱོད་ཡུལ་ནི། གཅིག་པ་དང་ཐ་དད་པའི་རང་བཞིན་མ་ཡིན་ཏེ། ཀུན་རྫོབ་ཀྱང་མ་སྤངས་དོན་དམ་པ་ཡང་བྲལ་བར་མ་གྱུར་པ་དེ་ནི་ཆོས་ཀྱི་དབྱིངས་ལ་གནས་ཤིང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའོ། །ཞེས་པས། དམིགས་པ་ཐམས་ཅད་ཉེ་བར་ཞི་བར་གནས་པ་དེ་ཉིད། གོམས་པར་བྱ་བ་ཡིན་པས་སྒོམ་པ་སྟེ། ཆོས་ཀྱི་དབྱིངས་ལ་གནས་པའམ། སྣང་བ་མེད་པ་ལ་གནས་པ་ཞེས་བྱའོ། །དེའི་ཕྱིར་ལྟ་བ་ཉིད་ལས་ལོགས་ན་སྒོམ་པ་མེད་པས་ལྟ་སྒོམ་ཟུང་འཇུག་གོ །སེམས་ལ་སྒྲིབ་པ་མེད་པས། དེ་ལས་ལངས་པའི་ཚེ་ཡང་། ལུས་དང་ངག་གི་འདུ་བྱེད་པ་ཡོད་ཀྱང་སེམས་འཁོར་གསུམ་དུ་རྟོག་པ་མེད་པས་སྒྱུ་མའི་སྐྱེས་བུ་བྱ་བ་བྱེད་པ་ལྟ་བུ་དེ་ནི་སྤྱོད་པ་སྟེ། དེའི་ཚེ་ལྟ་སྤྱོད་ཟུང་དུ་འཇུག་གོ །དེ་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱའོ། །སྐྲག་པ་མེད་དེ། དེས་ཁ་བ་ཞུ་རིམ་གྱིས་ཆུ་རྒྱས་པ་བཞིན་དམིགས་པ་ཇེ་ཉུང་དུ་སོང་། རྣམ་པར་མི་རྟོག་པ་ཇེ་རིང་དུ་གྱུར་པས་ས་ནས་སར་འགྲོ་བ་ལ་མི་ཞུམ་པའི་ཁར་དཔའ་བས། དེ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནོ། །བྱང་ཆུབ་སེམས་དཔའ་དེ་ནམ་སྒོམ་པ་ཐ་མ་ལ་གནས་པ་ན། སྔར་གཞོམ་པར་མ་ནུས་པའི་ཤེས་སྒྲིབ་ཕྲ་མོ་དེ་ཡང་རྨེག་མེད་པར་འཇོམས་པས། དེ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནོ། །དེ་ལྟར་གསུམ་ཡང་བྱིས་པ་དང་གཞོན་ནུ་དང་དར་མའི་གནས་སྐབས་ལྟ་བུ་ཡིན་ནོ། །དེ་ཡང་དྷ་རི་ཀ་པས། སྔར་གྱི་འཕྲོས་སུ། ཞི་ཚེ་སྒྱུ་མ་ལྟ་བུར་སྣང་། །མཐའ་བཞིར་མི་རྟོག་བྲལ་བར་མིན། །བྱིང་རྒོད་མི་གནས་སེམས་ཉིད་ནི། །འོད་གསལ་ཅིར་ཡང་མི་སྒོམ་པ། །མཚན་མེད་རྣལ་འབྱོར་ཞེས་པས་གསུངས་སོ།། །། གསུམ་པ་འབྲས་བུའི་གནད་འདོད་སར་བརྟོལ་བ་ལྟ་བུ་ནི། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས། མཐོང་བའི་ལམ་མངོན་དུ་བྱས་པའི་དུས་སུ་ནི་ཕྱིན་ཅི་ལོག་ལས་འདས་ལ། འདིའི་སྔ་ལོགས་དེ་མ་ཐག་ནས་ནི་ཤིན་ཏུ་འདས་པ་སྟེ་མ་རིག་པའི་གཉིད་ཐམས་ཅད་སངས་པའི་དོན་ནོ། །མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །སྲིད་པ་དང་ཞི་བ་ལ་མི་གནས་པས་མི་གནས་པའི་མྱ་ངན་ལས་འདས་པར་ཕྱིན་པ་སྟེ། ཤེས་བྱ་ཐམས་ཅད་ལ་བློ་རྒྱས་པའི་དོན་ནོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། །སངས་རྒྱས་ཐམས་ཅད། སངས་རྒྱས་སུ་བྱེད་པའི་ཆོས་དེ་ལ་བརྟེན་ནས་སངས་རྒྱས་པ་སྟེ། དེའི་ཕྱིར་འདི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ངོ་མའོ། །དེ་ཡང་སྔ་མའི་འཕྲོས་སུ། ཕ་རོལ་ཕྱིན། །རྒྱལ་བ་ཞི་བར་རབ་གསུངས་པ། །ཞེས་པས་བསྟན་ནོ།། །། བཞི་པ་སྤྱོད་པའི་གནད་གསེང་ལམ་ལྟ་བུར་བཤད་པ་ལ། བསྟན། བཤད། བསྡུ་བ་གསུམ་ལས་དང་པོ་ནི། དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། ཕ་རོལ་ཏུ་ཕྱིན་པ་ཉིད་སྔགས་ཀྱི་ཐེག་པར་སྟོན་པ་སྟེ། སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན། །སྐྱེ་འདི་ཉིད་ལ་སངས་རྒྱས་འགྱུར། །ཞེས་པའི་དགོས་པས་སོ། །ལྟ་བས་ནི་ངོ་བོ་ཉིད་གཏན་ལ་ཕབ་ནས་དམིགས་པ་ཐམས་ཅད་ཞི་བར་བྱེད་པ་སྟེ་སྔར་གྱི་དེའོ། །འདིར་སྤྱོད་པས་དམིགས་པ་ཉིད་ལྷུར་བླངས། དེས་དམིགས་པ་མེད་པ་བསྒྲུབ་པ་སྟེ། སོ་སོ་སྐྱེ་བོ་དུག་ལྔ་རགས་པོ་ཅན་གྱིས་བཙན་ཐབས་སུ་དམིགས་པ་ཞི་བར་བྱེད་མི་ནུས་པས། དེ་ལ་ནི། འདི་མཆོག་ཏུ་འགྱུར་རོ། །དེ་ཡང་ཡུམ་གསུམ་གནོད་འཇོམས་ལས། མ་ན་ནི་ཤེས་པ་ཡིན་ལ། ཏྲ་ཡ་ཞེས་བྱ་བ་ནི་སྐྱོབ་པ་ཡིན་པར་བཤད་པས་ཤེས་པ་དང་སྙིང་རྗེ་ལ་གསང་སྔགས་ཞེས་བྱ་བར་བརྗོད་དོ། །དེ་གཉིས་ཀྱི་རྒྱུ་མཐུན་པ་ཡིན་པའི་ཕྱིར་ཡི་གེ་དེ་དག་ལ་ཡང་གསང་སྔགས་ཞེས་བྱའོ། །ཞེས་དང་། རིག་པ་ཆེན་པོའི་སྔགས་དེར། མ་རིག་པ་སྤོང་བར་བྱེད་པ་དང་། རིག་པ་བསྐྱེད་པར་བྱེད་པའི་ཕྱིར་དེ་ཉིད་ལ་རིག་པ་ཞེས་བྱའོ། ཞེས་གསུངས། བླ་ན་མེད་པའི་སྔགས། འཁོར་གསུམ་དུ་རྟོག་པ་ནི། བླ་ན་ཡོད་པ། སྐབས་ཡོད་པ་ཞེས་བྱ། དེ་དང་བྲལ་པས་བླ་ན་མེད་པའོ། །མི་མཉམ་པ་དང་མཉམ་པའི་སྔགས། སངས་རྒྱས་ཐམས་ཅད་མི་མཉམ་པ་ནི་གཟུགས་ཀྱི་སྐུ། སངས་རྒྱས་ཐམས་ཅད་མཉམ་པ་ནི་ཆོས་ཀྱི་སྐུའོ། །སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པའི་སྔགས། སྡུག་བསྔལ་ནི་འཁོར་བ་པ་སྟེ། དེ་ཐམས་ཅད་ཉེ་བར་ཞི་བ་ལ་འགོད་པ་སྟེ། སྐྱོབ་པ་ཉིད་གཟིགས་ལམ་གསུང་བ་ཞེས་པའི་དབང་གིས་སོ།། །། གཉིས་པ་བཤད་པ་ནི། མི་རྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། འདོད་པ་ཐམས་ཅད་འགྲུབ་པ་ལ་མི་བསླུ་བའི་ཕྱིར་མི་རྫུན་པའོ། །དེ་ཡང་གསང་སྔགས་ཀྱི་དགྲ་ཐེ་ཚོམ། དེ་ཡོད་པས་མི་འགྲུབ་པས་ཐེ་ཚོམ་དགག་པའོ། །བདེན་ནོ་སྙམ་སུ་གུས་པ་དེས་འགྲུབ་པར་བསྒྲུབ་བོ། །དེ་ཡང་སངས་རྒྱས་ཀྱིས་བསྟན་པའི་སྔགས་རྣམས་ནི་འགྲུབ་དཀའ་སྟེ། དགོས་པ་དང་ཉིང་དགོས་མཐའ་ཡས་པས་རིན་ཐང་ཆེ་བ། མུ་སྟེགས་ཅན་གྱི་ནི་འགྲུབ་སླ་དེ་མཐུ་ཆུང་། དེ་ཡང་སྤྲང་པོས་ཟས་ཙམ་ཐོབ་སླའི། རིན་པོ་ཆེ་རྙེད་དཀའ་བ་ལྟ་བུའོ་སྙམ་དུ་ཤེས་ནས་གསང་སྔགས་ཅི་བཤད། བཤད་ཚོད་དུ་མི་བསམ་པར་ཉམས་ལེན་དུ་བྱའོ། །རིག་པའི་དབང་ཕྱུག་དག་ཀྱང་། ཤིན་ཏུ་ཕྲ་མོའི་གནས་སྟོན་པ་ལ་ལུང་ཚད་མར་བྱེད་དེ། སངས་རྒྱས་ལས་མཁས་པ་སུ་ཡང་མེད་པས་དེའི་ཚིག་ཚད་མར་གྱུར་པ་དཔང་དུ་གྱུར་པའོ་སྙམ་དགོངས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། སྔགས་རེ་རེས་ཀྱང་ལས་སྣ་ཚོགས་འགྲུབ་པ་ནི་བྱེད་པ་པོ་དང་བྱ་བའི་ཡུལ་རྐྱེན་གྱིས་ཏེ། སྐྱེས་བུ་གཅིག་ཀ་དགྲ་གཉེན་བར་མ་སྐྱོང་བ་ལ་ཞུགས་པ་བཞིན་ནོ། །ཨོཾ་ནས་བརྩམས་པའི་ཡིག་འབྲུ་རེ་རེས་ཀྱང་ཆོས་ཀྱི་སྒོ་མཐའ་ཡས་པ་སྟོན་པས་དེ་དག་སྟོང་པ་ཉིད་དུ་བཞག་པ་སྟེ། དྷ་རི་ཀ་པས། སྟོང་པ་བཅོ་བརྒྱད་བརྗོད། ཞེས་གསུངས། དེས་ན་གཟུངས་འདིའི་དོན་ནི་བསམ་པར་དཀའ་བས་བསྡུས་ཏེ་བསྟན་ནོ། ཏདྱ་ཐཱ། འགའ་ཞིག་ལས། འདི་ཐོག་མར་བརྗོད་པ་དག་ནི་རིག་སྔགས་ཞེས་དང་། གསང་སྔགས་ནི་ལྷ་ཕོ། རིག་སྔགས་ནི་ལྷ་མོ་ཞེས་བཤད་པའི་སྐབས་ཡོད་པ་བཞིན། གང་སྔོན་དུ་སོང་བའི་ལྷག་མ་ཐམས་ཅད་རིག་སྔགས་ཡིན་པ་བཞིན། སྔགས་ཀྱི་སྒོར་སེམས་བསྐྱེད་ན། ཕྱིན་ཆད་དེའི་ལས་སུ་བྱ་བ་ཅི་གསུངས་པ་ཐམས་ཅད་སྔགས་སུ་འགྱུར་བར་བསྟན་པ་དང་། སེམས་བསྐྱེད་པ་དེ་ཡང་། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་དུས་དེར། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་གཟུང་བ་ཉིད་དུ་སློབ་དཔོན་ཀུན་དགའ་སྙིང་པོས་བཤད་པ་ལྟར་ཡིན་ལ། དེ་འཛིན་པའང་མ་འོངས་པ་ན་ཐོབ་པར་བྱའོ་སྙམ་པ་ནི་མ་ཡིན་ནོ། །འོ་ན་གང་ཞེ་ན། ད་ལྟ་ཉིད་དུ་དེ་ལ་བསླབ་པར་དམ་བཅའ་བ་སྟེ། དེ་ཡང་ཤེས་རབ་ཉིད་ཡིན་ལ། དེའི་སྐད་ལ་མོ་རྟགས་ཡོད་པས་མ་ཞེས་བཞག་པས་འདི་རིག་པ་དང་། དེ་ལྷ་མོར་བཞག་པའི་གནད་གོ་བར་བྱའོ། །ཨོཾ་ག་ཏེ་ག་ཏེ། ཨོཾ་རིག་བྱེད་ཐམས་ཅད་འདུས་པ་དང་། དེའི་མ་མོ་ཡིན་པ་བཞིན། སངས་རྒྱས་ཐམས་ཅད་འདུས་པ་དེས་བྱིན་གྱིས་བརླབ་པ་དང་། བྱིན་རླབས་དེས་མ་རིག་པ་འཐོར་པ་དང་རིགས་པ་ཆེན་པོ་བསྐྱེད་པའམ་བླུགས་པས་གཏོར་བ་དང་བླུགས་པའི་ཕྱིར་དེ་ལ་དབང་བསྐུར་བ། དེས་ག་ཏེ་ཟློས་ཏེ་གསུངས་སོ། །དབང་བསྐུར་བ་དེ་ལ་སྔགས་ཀྱི་མ་མོ་ཞེས་བྱའོ། །པ་ར་ག་ཏེ། ཕ་རོལ་ནི་བླ་ན་མེད་པ། དེར་འགྲོ་བ་ནི་རྩ་བའི་མདོ་དོན་བསྒོམ་པ་ཡིན་ལ། དེ་ཡང་ནམ་མཁའ་ལ་སྦྱོར་བ་དང་། ལོངས་ན་ཡང་སླར་ཤེས་རབ་ཀྱི་དམིགས་པ་སྟེ། སྦྱངས་པས་བླ་མེད་པ་ལ་རྣལ་འབྱོར་བྱ་བ་གཉིས་སོ། །འདིས་ཕྱིས་ཐབས་ཅི་ལ་སྦྱངས་ཀྱང་འཇིག་རྟེན་དུ་མི་འཆིང་བར་ཐར་པའི་རྒྱུར་འགྱུར་རོ། །ཨོཾ་སྭ་བྷཱ་ཝ་དང་ཤཱུནྱ་ཏའི་སྔགས་དོན་ཀྱང་རིམ་པ་དེའོ། །པ་ར་སམ་ག་ཏེ། ཕ་རོལ་ཙམ་ནི་ཉན་རང་དག་ལའང་ཡོད་དེ། འཁོར་བའི་ཕ་རོལ་མཐར་སོན་པ་ཞེས་བྱ་བས་སོ། །དེས་ན་ཕ་རོལ་དེ་ཙམ་དུ་སླེབ་པས་མི་ཆོག་པས་སམ་ཉེ་སྒྱུར་དེས། ལུས་མཚན་དཔེས་བརྒྱན་པའི་སངས་རྒྱས་ཀྱི་སྐུར་དང་། ངག་ཆོས་ཀྱི་གཎྜྻཱིའམ་ཆོས་ཀྱི་དུང་ངམ། ཆོས་ཀྱི་རྔ་དང་། ཡིད་ཏིང་ངེ་འཛིན་གྱི་རྩལ་སྦྱོང་བ་སྟེ། དང་པོ་གཉིས་ཀྱིས་མི་མཉམ་པ་དེ་ལམ་དུ་འཁྱེར་ཕྱི་མས་མཉམ་པ་དེ་ལམ་དུ་འཁྱེར་བ་བསྟན་པ་ཡིན་ནོ། །འདི་ལ་ཀླུ་སྒྲུབ་ཉིད་ཀྱིས་སྲས་གཙོ་བོ་དང་། དྷ་རི་ཀས་དེའི་ལུགས་བཀོད་པར་ཡུམ་གཙོ་བོར་བྱེད་པའི་ལྷ་ལྔའི་དཀྱིལ་འཁོར་བཤད་དེ་གང་མོས་གཟུང་ངོ་། །ཏིང་ངེ་འཛིན་ལ་མཚན་མ་ཅན་ཀམ་པ་ལས་དང་། མཚན་མེད་དེའི་ཡུམ་གྱིས་མཛད་པའང་ཀླུ་སྒྲུབ་ཀྱི་ལུགས་ཁོ་ནའོ། བོ་དྷི་སྭཱ་ཧཱ། ལམ་དེ་ལ་བྱང་ཆུབ་ནས་བྱ་བ་ཐམས་ཅད་གཞན་སྡུག་བསྔལ་ཞི་བའི་དོན་ལ་སྦྱོར་བ་སྟེ། དེ་ལ་བསྲུང་བ་དང་། ཟློག་པ་དང་། བསད་པ་དང་། སྡེ་རེངས་པ་རྣམས་ནི་མངོན་སྤྱོད་དེ། འདིར་བསྲུང་བ་རབ་ཀྱིས་བཟློག་པར་དང་། བཟློག་པ་རབ་ཀྱིས་བསད་པར་འགྱུར་པས་དྲག་ལས་སུ་བསྡུས་ཏེ་ཚར་གཅོད་ཀྱི་འཕྲིན་ལས། ཞི་བ་དང་རྒྱས་པ་གཉིས་ནི་ཕན་འདོགས་པ་སྟེ་རྗེས་སུ་འཛིན་པའི་འཕྲིན་ལས་སོ། །ཇི་སྐད་བཤད་པའི་དྲག་པོ་ལ་སོགས་པ་དེ་ཡང་དེ་ཉིད་ལ་སྙིང་རྗེའི་བསམ་པ་ཁོ་ནས་ཏེ། དེ་མི་དགེ་བ་ལ་ཞུགས་པ་ཐབས་གཞན་གྱིས་ལྡོག་མི་ཐུབ་ན་བྱ་བ་ཡིན་ལ་དེས་རྒྱུ་དགགས་པའི་ཕྱིར་འབྲས་བུ་སྡུག་བསྔལ་ཞི་བ་ཡིན་ནོ། །གསུམ་པ་བསྡུ་བ་ནི། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ།། །། གསུམ་པ་དོན་བསྡུ་བ་ནི། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། དེ་ལ་ཞུགས་པའི་དགོས་པ་གྲུབ་ཟིན་པའི་ཕྱིར་དེ་ལས་བཞེངས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། དེ་འཆད་པ་པོ་ཡིན་པས་སོ། །ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ། །རིགས་ཀྱི་བུ་དེ་དེ་བཞིན་ཏེ། ལེགས་སོ་ཇི་ལྟར་མཛད་པའི་ཚུལ་ལོ། །དེ་ལྟར་ཁྱོད་ཀྱིས་བསྟན་པ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། ད་ལྟ་ཡོད་པ་དང་འབྱུང་བར་འགྱུར་བའི་གདུལ་བྱ་རྣམས་ཀྱིས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་། །སངས་རྒྱས་རྣམས་ཀྱིས་མཁྱེན་ཅིང་གཟིགས་པ་དེ་ལྟར་བཤད་པས་དེ་ལ་དགྱེས་པ་ཡིན་ནོ། །མདོ་རིལ་པོའི་མཇུག་སྡུད་ནི། དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རི་དྭ་ཏིའི་བུ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འགྱུར་ཡང་བསམ་ཡས་སུ་བསྒྱུར་བ་ཕྱིས་འོན་ལྗང་རྡོར་སྐད་གསར་བཅད་ཀྱིས་བཅོས་ནས་གཏན་ལ་ཕབ་པའོ། །འགའ་ཞིག་ཀ་ཅོག་གི་འགྱུར་ལ་སྒྲ་དང་མི་མཐུན་པ་འདུག་གོ་ཞེས་ཟེར་བ་དང་། དཔེར་ན་བརྒྱད་སྟོང་པ་བཟོ་སྦྱངས་ལས་འཕྲེང་བ་ཅན་འགྱུར་མང་པོ་སྙམ་ནས་དེ་ལ་མགུ་བ་ནི་ཕྱིན་ཅི་ལོག་སྟེ་ཀ་ཅོག་གི་དུས་གསུང་རབ་ཀྱི་བརྡ་ཕལ་ཆེ་བ་བཟོས། དེ་ལ་བརྡ་རྙིང་པ་གོ་དཀའ་བ་རྣམས་གཉགས་ཛྙྱཱ་ན་དང་ཞང་ཡེ་ཤེས་ལ་སོགས་པས་སྐད་གསར་དུ་བཅོས་དེ་ཡང་སྒྲ་གཙོ་བོ་དེའི་གཞུང་ལུགས་བཞིན་དང་། དོན་གཙོ་བོ་བདག་ཉིད་ཆེན་པོ་རྣམས་ཀྱི་འགྲེལ་པ་དང་བསྟུན་ནས་འགའ་ཞིག་བོད་སྐད་ལ་གླ་ཐབས་སུ་སྣོན་དགོས་བཅོས་ཏེ་ཞུས་ཤིང་གཏན་ལ་ཕབ་པས་ཚད་མར་འོས། དཔང་པོར་འོས་པ་དེ་ཁོ་ནའོ། །ཀློག་པ་ཕལ་ཆེར་བླ་མཆོད་བཞིན། །ཡིག་ནག་ཉིད་ཀྱི་ཕྱི་རྗེས་འབྲང་། །གཟུང་ཡང་ཞིབ་མོས་མི་གཞལ་བར། །གཞུང་ཀུན་ངང་ཚུལ་སྟོན་མི་སྤྲོ། །སྔོན་གྱི་རབས་སུ་མཛའ་བས་ན། །བདག་ལ་བག་ཕབ་དེས་འཕྲོས་བྱིན། །གསུང་རབ་དགོངས་འགྲེལ་བཅས་ལྟ་ལ། །ཆགས་བྲལ་ཚིག་འཁྲིའི་གླུ་ཆུང་འཐེན། །རྩོམ་པའི་སྔོན་ལ་ཆགས་པའང་ཕལ། །བདེར་འཁྱུག་དོགས་འབྲང་ལ་བྱོལ་ཕྱིར། །དཀའ་གནས་གར་སོང་གར་འདེད་པ། །ང་འདྲ་ཚོལ་དང་རྙེད་ན་མཚར། །དོན་མིན་ཚད་གདུངས་སྙིང་ལ་ཞེན་པའི་རྨོངས་པས་རྨོངས་ནས་དྲན་སྟོར་ལ། །དོན་འབྱེད་དྲི་བཟང་ག་པུར་ཆུས་གཉིད་སད་ལྟར་སད་པའི་ཕྱིར་སྤྲོ་བ། །དོན་བཞིན་རྣམ་བཤད་ཙཱུ་ཏའི་ལྗོན་པས་ས་འགོ་ས་དང་མཐོ་རིས་སར། །དོན་འབྲས་ཅི་འདོད་ལན་རེ་མ་ཡིན་དུས་དང་དུས་སུ་སྟེར་གྱུར་ཅིག །ཤེས་རབ་སྙིང་པོའི་རྣམ་བཤད་ཀླུ་སྒྲུབ་ཀྱི་མན་ངག་རིག་ནས་པདྨ་དཀར་པོས་བྱམས་པ་ཆེན་པོའི་ཆོས་གླིང་དུ་སྦྱར་བའོ།། །།མངྒལམ།། །།

༄༅། །རྗེས་གནང་བགེགས་གཏོར།



༄༅། །རྗེས་གནང་བགེགས་གཏོར་གཏོང་ཚུལ་བཞུགས་སོ། །


རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། ཁྲོ་བོའི་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། ༀ་བཛྲ་མཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ 
ཧཱུཾ༑ ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །
མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །
ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །
དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །

ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །
རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སུ་འཚལ། །
ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །
འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །

ༀ་བཛྲ་མཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། པྲ་ཝ་ར་སད་ཀཱ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པདྨ་ཀ་མ་ལ་ཡེ་སྟྭཾ། ༀ་བཛྲ་མཧཱ་ཀྲོ་དྷ་རཱ་ཛཱ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱཧཱ། བར་གྱིས་མཆོད། རྗེས་གནང་སོ་སོའི་གཞུང་དུ་ནང་མཆོད་འབུལ་བ་ཡོད་ན་སྔགས་མཐར་འབྲུ་གསུམ་བཏགས་ནས་ནང་མཆོད་དབུལ། 

ཧཱུཾ༑ ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །
འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་། །
ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །
ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །

ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །
སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །
གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །
མ་ལུས་དབང་དུ་བསྡུས་ལ་ཕྱག་འཚལ་ལོ། །

ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང་། །
བསྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །
ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པ། །
སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །

བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །
དཔའ་བོའི་སྟངས་སྟབས་བརྐྱངས་བསྐུམས་ཚུལ་དུ་བཞུགས། །
ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །
བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་ལོ། །

གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །
གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །
རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག །
ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་ལོ། །

ཧཱུཾ༑ འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། །
བགེགས་རྣམས་མ་ལུས་འཇོམས་མཛད་པའི། །
དངོས་གྲུབ་ཐམས་ཅད་སྩོལ་བའི་ལྷ། །
བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །

ཨོཾ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་བགེགས་ཀྱི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་གྱིས་བརླབས། 

རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་སྐལ་ལྡན་གྱི་རྡོ་རྗེའི་སློབ་མ་འདི་རྣམས་ལ་རྗེས་གནང་ཟབ་མོ་བྱེད་པ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་རྣམས་བཀུག་པར་གྱུར། 

གཏོར་མ་གཡས་སུ་ལན་གསུམ་སྐོར་བཞིན། ༀ་སརྦྦ་བིག་ཧྣྰན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏད་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྣེ་དཾ་བ་ལིཾ་ཏ་ཡེ་སྭཱཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ་ཞི་བས་སྦྱངས། 
ཏིང་ལོའི་མར་མེ་ཆངས་བུ་དང་བཅས་པ་ཕྱིར་སྐོར་བཞིན། ༀ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུཾ་ཕཊ། ཅེས་ལན་གསུམ་གྱིས་ཞི་དྲག་ཕྱེད་མས་སྦྱངས། 
ཕྱག་བཞེས་སུ་འབྱུང་པོ་འུར་འདེད་ཀྱི་ཕྱག་རྒྱ་དང་བཅས། ཧཱུཾ༑ རྗེས་གནང་བྱེད་པའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་སློབ་མ་རྗེས་གནང་བྱེད། །ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། །
སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་ཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཅན་ཐམས་ཅད་དང་། ཁྱད་པར་དུ་ཡང་རྗེས་གནང་གང་ཡིན་གྱི་འདོན་པ་བསྒྱུར་བ་དང་བཅས། ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་སྐལ་ལྡན་གྱི་རྡོ་རྗེའི་སློབ་མ་འདི་རྣམས་ལ་རྗེས་གནང་ཟབ་མོ་བྱེད་པ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་གང་ཡིན་པ་དེ་དག་ཐམས་ཅད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ་གནོད་པ་དང་འཚེ་བའི་བསམ་པ་ངན་པ་ཐམས་ཅད་སྤོངས་ལ། ཕན་པ་དང་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྒོ་ནས་རང་རང་སོ་སོའི་གནས་སུ་སོང་ཞིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་རྣམས་ཀྱིས་བསྲེག་ཅིང་རྣམ་པར་འཇོམས་པ་གདོན་མི་ཟའོ། །ༀ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུཾ་ཕཊ། ཅེས་བགེགས་གཏོར་རྟེན་ལ་གཡོན་སྐོར་གྱིས་ཕྱིར་དོར་ལ་གུ་གུལ་གྱིས་བདུག་ཅིང་ཡུངས་དཀར་གྱིས་བྲབ། རོལ་མོའི་སྒྲ་དྲག་ཏུ་བྱའོ།
དེ་ལྟར་བགེགས་རྣམས་ཕྱིར་བསྐྲད་དེ་སྲུང་འཁོར་བསྒོམ་པ་ནི། དེ་ལྟར་བགེགས་སོགས་ལོག་པར་འདྲེན་པའི་ཚོགས་རྣམས་ཕྱིར་བསྐྲད། ཁྲོ་ཚོགས་མེ་དཔུང་དང་བཅས་པ་ཚུར་འདུས། སྲུང་བའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་སྐལ་ལྡན་གྱི་རྡོ་རྗེའི་སློབ་མ་འདི་རྣམས་ཚུད་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ། 
ཞེས་བགེགས་གཏོར་གཏོང་ཚུལ་འདི་རང་དགོན་གྱི་དགེ་བའི་བཤེས་གཉེན་རྣམས་ཀྱི་ཕྱག་བཞེས་ལྟར་བཀོད་པའོ།།

༄༅། །ཤེར་སྙིང་འགྲེལ་པ་སྔགས་སུ་འགྲེལ་པ་བཞུགས།


༄༅༅། །བཅོམ་ལྡན་རྣམ་པར་སྣང་མཛད་དང༌། །དེ་ལ་སོགས་པ། ཡུམ་གཉིས་དང༌། །ཚོགས་ཀྱི་མཆོག་གྱུར་དགེ་འདུན་ལ། །ཕྱག་འཚལ་ནས་ཀྱང་སྐྱབས་སུ་མཆིའོ། །བཀའ་གསུམ་ལྡན་པའི་མདོ་ཉིད་ལས། །སེམས་ཅན་ལ་དམིགས་བྱམས་སེམས་དང༌། །སྙིང་རྗེ་ཀུན་དང་མི་འབྲལ་ཕྱིར། །མདོ་ལས་སྔགས་སུ་བཀྲོལ་བ་འདི། །སྐྱེས་མཆོག་རྣམས་ལ་བསྟན་པར་བྱ། །རྟོག་གེ་རྣམས་ལ་བསྟན་མི་བྱ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པ་ནི་འདི་ནི་དུས་གཞན་དུ་མ་ཡིན་ཏེ། དུས་ཉེ་བར་མཚོན་པའོ། །དེ་ཡང་རང་རིག་པ་ལ་སོགས་པ་མ་ཡིན་ཏེ། འདི་སྐད་གཞན་ལས་ཐོས་པའི་དུས་སོ། །ཡང་ན་སྡུད་པ་པོ་ཉིད་ཐོས་པ་ཆེ་བའི་དོན་ཏོ། །དུས་ནི་གཙོ་འཁོར་འདུས་པའི་དུས་སོ། །དུས་གཅིག་ན་ནི་དུས་མང་པོ་འམ། ཡང་ལ་ཡང་དུ་ཞུས་པ་ལྟ་བུ་མ་ཡིན་ཏེ། གཙོ་འཁོར་འཛོམ་པའི་དུས་གཅིག་ནའོ། །བཅོམ་ལྡན་འདས་ཞེས་པ་ནི་སྟོན་པའི་མཚན་ཉིད་སྟོན་ཏེ། དེ་ཡང་ཐུན་མོང་གིས་བཅོམ་པ་ནི་བདུད་བཞི་བཅོམ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན། ལོག་པའི་ཤེས་པ་ལས་འདས་པའོ། །ཁྱད་པར་གྱིས་བཅོམ་པ་ནི་ཕུང་པོ་ལྔ་ལ་སོགས་པའི་སྣང་སྲིད་ལྷའི་ངང་དུ་བཅོམ། །དེ་ཉིད་ཀྱི་དོན་དང་ལྡན་པ་འཛིན་པའི་ཡུལ་ལས་འདས་པའོ། །ཁྱད་པར་བླ་ན་མེད་པའི་བཅོམ་པ་ནི་འཁོར་འདས་ཀྱི་ཆོས་སྙིང་པོའི་ངང་དུ་རྩོལ་བ་དང་བྲལ་བར་བཅོམ་བས། རང་རིག་པའི་ཡེ་ཤེས་ཆེན་པོ་དང་ལྡན་པ། གང་གི་ཡང་ངོ་བོར་མ་གྲུབ་པས་འཁོར་འདས་གཉིས་སུ་སྣང་བའི་ཚིག་གམ་མཐའ་ལས་འདས་པའོ། །

རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་ཞེས་བ་ནི་གནས་ཀྱི་བྱེ་བྲག་སྟོན་ཏེ། དེ་ཡང་ཕྱིའི་གནས་ནི་རྒྱལ་པོ་གཟུགས་ཅན་སྙིང་པོའི་གནས་ཡུལ་མ་ག་དྷཱའི་ཤར་ཕྱོགས་ན་རིན་པོ་ཆེ་སྤུངས་པ་ལྟ་བུའོ། །མཆོད་རྟེན་ཟླུམ་པོ་ལྟ་བུའི་རི་ལ་སངས་རྒྱས་རྣམས་ཀྱི་བཞུགས་གནས་རི་ཀུན་གྱི་ཁྱད་པར་གནས་པའོ། །ནང་གི་གནས་ནི་འོག་མིན་གྱི་གནས་ཏེ། གཟུགས་སམ་མཚན་མ་འམ་འཛིན་པའི་འོག་ཏུ་ཡང་མ་སོང་བའོ། །གསང་བའི་གནས་ནི་རིག་པ་བྱང་ཆུབ་ཀྱི་སེམས་ཏེ། འཁོར་འདས་ཀུན་གྱི་གནས་སུ་གྱུར་པའོ། །དགེ་སློང་གི་དགེ་འདུན་ཆེན་པོ་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ་ཞེས་པ་ནི་འཁོར་སྟོན་ཏེ། ཕྱིའི་འཁོར་ནི་འདུན་པ་མོས་པའི་ས་པ་སྟེ། དགེ་བའི་ཆོས་ལ་གནས་པས་དགེ་སློང་ངོ༌། །ལྟ་སྡོམ་གྱི་དོན་ལ་སྤྱོད་ཅིང་སེམས་དཔའ་ནི་དགེ་འདུན་ཆེན་པོ་ལ་གཞན་དོན་ནུས་པ་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་ནོ། །དེ་ལ་སོགས་པའི་འཁོར་རྣམས་དང་ལྷན་ཅིག་ཏུ་བཞུགས་པའོ། །ནང་གི་འཁོར་ནི་རིགས་ལྔའི་སངས་རྒྱས་ལ་སོགས་པ་ལོངས་སྐུའི་འཁོར་རོ། །གསང་བའི་འཁོར་ནི་རང་རིག་པའི་ཡེ་ཤེས་སྙིང་པོ་དབྱེར་མི་ཕྱེད་པའོ། །དེའི་དུས་སུ་ཆོས་བསྟན་པར་བྱའོ། །ཆོས་ཀྱང་ཕྱིའི་ཆོས་སློབ་པའི་ཆོས་ལ་སོགས་ཏེ་དགེ་བ་བཅུ་ལ་སོགས་པའོ། །ནང་གི་ཆོས་ནི་ཐེག་པ་ཆེན་པོའི་ཆོས་སོ། །གསང་བའི་ཆོས་ནི་རིག་པ་ཡེ་ཤེས་སོ། །དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་ནི་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་ཚེ། འཁོར་རྣམས་སྨིན་པའི་དུས་དེའི་ཚེ། བཅོམ་ལྡན་འདས་ཀྱིས་སྟོང་པའི་ཟབ་པ་སྟེ། དངོས་པོའི་ཆོས་མིན་པའི་ཟབ་མོའི་དོན་དེ་ལ་ཆོས་ཀྱི་རྣམ་གྲངས་ནི་ཕྱི་ནང་གསང་བའི་ཆོས་ལ་དེ་ལྟ་བུའི་ཏིང་ངེ་འཛིན་དམིགས་པ་མེད་པར་སྙོམས་པར་གནས་པ་སྟེ། དེ་ཡང་ཕྱིའི་ཏིང་ངེ་འཛིན་དངོས་པོའི་ཆོས་ལ་གནས་པའོ། །ནང་གི་དངོས་པོ་མེད་པའོ། །གསང་བའི་དེ་རྣམས་སུ་མི་འབྱེད་པའི་དོན་ཏོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་བ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་ཉིད་ལ་རྣམ་པར་ལྟ་ཞིང༌། ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ་ཞེས་པ་ནི་སྟོན་པ་ཆོས་ཉིད་དབེན་པའི་ངང་ལ་གནས་པའི་ཚེ། འཁོར་གྱི་གཙོ་བོ་ཡང་རང་བཞིན་གྱིས་གནས་པར་འགྱུར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་ནི་ཕྱི་སློབ་པའི་ས་ལ་གནས་པའོ། །ནང་གིས་བཅུ་ནོན་པ་ཡན་ཆད་དོ། །གསང་བ་ནི་སྙིང་པོའི་དོན་ཉིད་དོ། །དེ་རྣམས་དང་ལྡན་པས་ཆེན་པོའོ། །ཡང་ན་བྱང་ཆུབ་སེམས་དཔའ་ནི་བདག་དོན་གྲུབ་པ་ལ། སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཞན་དོན་གྲུབ་བའོ། ། ཐུན་མོང་གི་འཕགས་པ་ནི་ཉོན་མོངས་པ་འམ་འཁོར་བ་ལས་རིང་དུ་འཕགས་པའོ། །ཁྱད་པར་ནི་ལོངས་སྐུའི་འཁོར་ལ། བླ་ན་མེད་པ་ནི་རིག་པའི་སྙིང་པོའི་དོན་ཆོས་སྐུའོ། །བདག་དོན་དུ་སྤྱན་རས་གཟིགས་ཏེ་རང་ཉིད་ཀྱིས་དོན་རྟོགས་པར་བྱེད་པ་དང༌། གཞན་དོན་དུ་གཟིགས་ཏེ་གདུལ་བྱ་གང་ལ་གང་མོས་སྟོན་ནུས་པའོ། །དེའི་ཕྱིར་ན་བདག་གཞན་གཉིས་སམ། འཁོར་འདས་གཉིས་ལ་དབང་ཕྱུག་པ་སྟེ་དོན་བྱ་རུ་ཡོད་པའོ། །ལུང་གི་ཤེས་རབ་ཀྱིས་འཁོར་འདས་སྟོན་ནུས་པ། རིག་པའི་ཤེས་རབ་ཀྱིས་དོན་གཏན་ལ་འབེབས་པ། དམིགས་པ་མེད་པའི་ཤེས་རབ་ཀྱིས་གང་དུ་ཡང་མི་འབྱེད་པས་འཁོར་བའི་ཕ་རོལ་ཏུ་ཕྱིན་པ་སྟེ། སྡུག་བསྔལ་མེད་པ་མྱ་ངན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཐུགས་རྗེ་འབྱིན་པའོ། །ཟབ་མོ་ནི་རང་གི་ངོ་བོ་དངོས་པོར་མི་སྣང་བས་ཟབ་ལ། བསྟན་པར་དཀའ་བས་ཟབ་པ། རྒྱུ་རྐྱེན་ལས་འདས་པས་ཟབ་པའོ། །དེ་ལྟ་བུའི་དོན་རང་གི་ཁོང་དུ་ཆུད་དེ་སྤྱོད་པའོ། །དེས་ན་དེ་ཉིད་ལ་ཡང་དང་ཡང་དུ་དམིགས་པ་མེད་པར་ལྟ་བ་སྟེ། ལྟ་བའི་དོན་རང་ནི་ཕུང་པོ་དེ་ཉིད་དེ། དེ་ཡང་ལྔ་ནི་གྲངས་ཀྱི་ངེས་པ་ཡིན་ལ། ཕུང་པོ་ལྔ་ནི་ཐུན་མོང་གི་ལྔ་ནི་གཟུགས་ལ་སོགས་པ་ལྔ་ལ་ཁྱད་པར་གྱི་ལྔ་ནི་རིགས་ལྔའི་སངས་རྒྱས་ཏེ། ཕུང་པོ་ལྔའི་ཡོན་ཏན་ལ་བླ་ན་མེད་པའི་ཡེ་ཤེས་ལྔ་ལ། དེ་ནི་ཕུང་པོ་ལྔའི་ངོ་བོ་དེ་རྣམས་ལ་དག་པ་སྟེ། བློ་ཡིས་བསམས་ནས་དག་པར་ལྡན་པ་ནི་ས་ལམ་པ་སྟེ། མོས་པའི་གང་ཟག་གོ །རང་བཞིན་གྱིས་དག་པར་ལྟ་བ་ནི་དོན་ཐུགས་སུ་ཆུད་པའོ། །དེ་ཡང་དག་པའི་དོན་དེ་ཉིད་སྟོང་པ་སྟེ། སྟོང་བ་ལྟོས་པའི་སྟོང་པ་གཅིག་ལ་གཅིག་མེད་པ་ལྟ་བུ་མིན། མེད་པའི་སྟོང་པ་རིག་པའི་ངོ་བོ་ལ་སོགས་པ་དང༌། བཞི་བཅོམ་བྱས་པའི་སྟོང་པ་རྡུལ་ཕྲ་རབ་ཏུ་གྲུབ་པ་དང༌། རང་བཞིན་གྱིས་སྟོང་པ་དངོས་པོ་འམ་དམིགས་པ་དེ་སྙིང་པོའི་དོན་ཏོ། །དེ་ལྟ་བུ་ལ་དམིགས་པ་མེད་པའི་ཤེས་རབ་ནི་ལྟ་བའི་དོན་ཏོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། ། རིགས་ཀྱི་བུ་གང་ལ་ལ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱད་པ་སྤྱོད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བགྱི། དེ་སྐད་ཅེས་སྨྲས་པ་དང་ཞེས་པས་ནི་སྤྱན་རས་གཟིགས་ལ་ཤཱ་རིའི་བུས་དྲིས་པ་སྟེ། དེ་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་མཐུས་སྤྱན་རས་གཟིགས་གྲོལ་ལ། དེའི་མཐུས་ཤཱ་རིའི་བུས་དྲི་བའི་སྟོབས་དང་ལྡན་པར་ནུས་པ་སྟེ། དེའི་ཕྱིར་ན་སངས་རྒྱས་ཀྱི་མཐུས་སོ། །སྐྱེ་འཆི་ལས་གྲོལ་བས་འཆི་མེད་ཀྱི་ཚེ་དང་ལྡན་པ་སྟེ། རིགས་གཞན་མ་ཡོངས་སུ་སྤངས་པ་སྟེ། མ་ཤཱཀྱའི་རིགས་སོ། །དེ་ཉིད་ཀྱིས་གཞན་དོན་ལ་དམིགས་ཏེ་ཞུས་པའི་དོན་གྱིས་སྨྲས། ཐེག་པ་ཆེན་པོ་ལ་མོས་པའི་རིགས་ཀྱི་བུ་ལ་ལ་དག་ནི། དམིགས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་དོན་ལ་སྤྱན་རས་གཟིགས་སྤྱོད་པ་དེ་ལ་གཞན་སྤྱོད་པར་འདོད་ན་བསླབ་པའི་ཐབས་ཅི་ལྟར་བསླབ་ཅེས་དྲིས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པ་ནི་ཞུས་པའི་ལན་བསྟན་པའོ། །ཤཱ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་སྤྱད་པར་འདོད་པ་དེས། འདི་ལྟར་བསླབ་པར་བྱ་སྟེ་ཞེས་པ་ནི་གསུང་བར་ཞལ་གྱིས་བཞེས་པ་སྟེ། ཐེག་པ་ཆེན་པོ་ལ་མོས་པར་རིགས། ཕོ་འམ་མོ་འམ་གང་ལ་ལ་དམིགས་པ་མེད་པའི་ཤེས་རབ་ལ་ད་སྤྱོད་བའི་དོན་ལ་ཁྱེད་སྤྱོད་པར་འདོད་ན་འདི་ལྟར་སློབས་ཞེས་པའི་དོན་ཏོ། །ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་རྗེས་སུ་བལྟའོ་ཞེས་པ་ནི་ཐུན་མོང་གི་ཕུང་པོ་ལྔ་ལ་སོགས་པ་དེ་རྣམས་ནི་ཡེ་ནས་སྟོང་པ་ཡིན་པས། དེ་དག་ཁྱེད་ཀྱིས་ཀྱང་རང་བཞིན་གྱིས་སྟོང་བར་རྣམ་པར་ངའི་རྗེས་སུ་ལྟོས་ཤིག །དེ་རྣམས་ལ་མོས་པའི་དོན་གྱིས་བའོ། །གཟུགས་སྟོང་པའོ་ཞེས་པ་ནི་གཟུགས་ཀྱི་ངོ་བོ་ཉིད་སྟོང་པའི་རང་བཞིན་ནོ། །སྟོང་པ་ཉིད་གཟུགས་སོ་ཞེས་པ་ནི་སྟོང་པ་ཉིད་དོན་རིག་པ་མ་འགགས་པས་གཟུགས་ལྟར་སྣང་བའོ། །གཟུགས་སྟོང་བ་ཉིད་ལས་གཞན་མ་ཡིན་ནོ་ཞེས་པ་ནི་གཟུགས་སྟོང་པ་དེ་ལས་འཁོར་འདས་ཀྱི་ཆོས་གཞན་སྣང་བ་མ་ཡིན་ཞེས་པ་ནི། སྟོང་བའི་ཡོན་ཏན་མ་འགགས་པ་དེ་ལས་གཞན་གཟུགས་སྣང་བ་གཞན་མ་ཡིན་ནོ། །གཟུགས་དེ་བཞིན་དུ་གནས་པ་དེ་བཞིན་དུ། དེ་ལ་གནས་བའི་ཚོར་བ་དང༌། འདུ་ཤེས་དང་འདུ་བྱེད་ལ་སོགས་པ་རྣམས་ནི་གཟུགས་བཞིན་དུ་གནས་པའི་དོན་ཏོ། ། ཤཱ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་དེ་ཞེས་པ་ནི། ཤཱ་རིའི་བུ་འཁོར་བའི་དངོས་པོ་གཟུགས་ལ་སོགས་པ་དངོས་པོ་མེད་བར་སྟོང་པ་ཉིད་དུ་དེ་ལྟ་བས་ན། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་བ་ཉིད་དོ། །སྟོང་པ་ཉིད་དོན་སྟོང་པ་ཉིད་ཀྱི་དོན་རང་ནི་འདི་ལྟ་བུ་སྟེ། གཟུགས་སམ་སྟོང་པའི་མཚན་ཉིད་གང་ཡང་མེད་པ་རྒྱུ་རྐྱེན་གང་གིས་ཀྱང་མ་བསྐྱེད་པ་རང་གི་ངོ་བོའི་ཡོན་ཏན་གང་དུ་ཡང་མ་འགགས་པ། དངོས་པོའི་དྲི་མ་གང་ཡང་མེད་བ། དེ་ཡང་ཡེ་ཐོག་མ་ནས་གཟུང་འཛིན་གྱི་ཕྱོགས་གང་དུ་ཡང་མ་ལྷུང་བས། དྲི་མ་དང་བྲལ་བ་ཡང་མེད། སྙིང་པོའི་དོན་དེ་རྐྱེན་གྱིས་བྲི་བ་མེད་པ། རྒྱུ་གཞན་ལྟ་གཅིག་གིས་བསྐྱེད་ནས་ཡོན་ཏན་གྱིས་གང་བའི་རྒྱུ་ཡང་མེད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན་ཞེས་པས་ནི་དམིགས་པར་བྱ་བའི་སྟོང་པ་དེ་ཉིད་ལས། ཉམས་སུ་བླང་བའི་རྒྱུ་དང་དངོས་བོ་གྲུབ་པ་མེད་དེ། གཟུགས་སྟོང་པ་ཉིད་ཡིན་པའི་ཕྱིར་ན། ཚོར་བ་ལ་སོགས་པ་ཡང་གཉིས་སུ་མེད་ལ། མིག་ལ་སོགས་པའི་དབང་པོའི་སྒོ་ལྔ་དང༌། དེ་ལ་ལས་ལྔ་ལ་སོགས་པ་དང༌། ཆོས་ལྔ་ཡང་གང་ཡང་དམིགས་སུ་ཡང་མེད་དོ། །དེ་རྣམས་ཀྱི་མིག་ལ་སོགས་པའི་ཁམས་ཀྱང་དབྱེར་མི་ཕྱིད་པའོ༑ །དེ་ལྟར་ན་སྙིང་པོའི་དོན་དེ་ལ་མ་རིག་པ་ཡང་མེད་དེ། དེ་ཟད་པའི་རྒྱུ་ཡང་མེད་དོ། །སྟོང་བའི་དོན་དེ་ཉིད་ལ་རྒས་པ་དང་ཤི་བ་ཡང་མེད་དེ། དེ་ལྟར་སྐྱེ་རྒ་ན་འཆི་རྟེན་འབྲེལ་ལ་ཟད་པ་ཡང་མེད་དོ། །དེ་ལྟར་དོན་དེ་ཉིད་ལ་སྡུག་བསྔལ་ཏེ་དུག་ལྔ་ལས་གྲུབ་པ་ཡང་མེད་ལ། དེ་ལས་བྱུང་བའི་ཀུན་ནས་ཉོན་མོངས་པ་མེད་དེ། དེའི་དོན་གྱིས་སྡུག་བསྔལ་བ་བདེ་བར་འགོག་པ་ཡང་མེད་ལ། དེའི་དོན་གྱིས་འཁོར་བའི་དངོས་པོ་ཉམས་སུ་བླང་བ་མེད་པ་ན། མྱ་ངན་ལས་འདས་བར་བྱེད་པའི་ལམ་ལ་ཡང་ཐོབ་པའི་རྒྱུ་མེད་དེ། ལམ་དང་ས་རྣམས་ཀྱང་སྦྱང་ཞིང་བགྲོད་དུ་མེད་དོ། །ཐུན་མོང་གི་ཡེ་ཤེས་ལྔ་ལ་སོགས་པ་ཡང་མེད་དོན་སྙིང་པོའི་དོན་དེ་ལས་གཞན་ནས་ཐོབ་བ་ཡང་མེད་ལ། རང་གི་དངོས་པོའི་དོན་ཡེ་ནས་རང་ཆས་སུ་ཡོད་པས། མ་ཐོབ་པའི་རྒྱུ་ཡང་མེད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་རྣམས་ལ་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ་ཞེས་པ་ནི་ཤཱ་རིའི་བུ་ལམ་ལ་གཞན་ནས་ཐོབ་བའི་རྒྱུ་མེད་པ་དེ་ལྟ་བས་ན། འབྲས་བུ་གཞན་ནས་ཐོབ་པ་མེད་པའི་ཕྱིར་ན། དམིགས་པ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། སྙིང་པོའི་ཆོས་ཀུན་ལ་ཞེས་བྱ་སྟེ། འབྲས་བུ་དེ་ཁ་ལ་བརྟེན་ཅིང་གནས་པ་ཞེས་བྱའོ། །སེམས་ལ་སྒྲིབ་པ་མེད་པས་སྐྲག་བ་མེད་དེ་ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ཏེ་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ་ཞེས་པ་ནི་འབྲས་བུའི་དོན་རང་ཆས་སུ་གནས་པས་དེ་ལས་གཞན་མེད་པས་སེམས་ལ་སྒྲིབ་པའི་ཆོས་མེད་ལ། གཞན་ནས་མཐོབ་ཀྱིས་དོགས་པའི་སྐྲག་པ་ཡང་མེད་དེ། ལོག་པའི་ཤེས་པ་རྣམས་ལས་ཤིན་ཏུ་འདས་ཏེ། འཁོར་བའི་དམིགས་པའི་ཤེས་པ་མེད་པར་མྱ་ངན་ལས་འདས་ཏེ། སངས་རྒྱས་ཀྱི་ས་ལ་མཐར་ཕྱིན་ཏོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་པ་ནི་དེ་ལྟར་ན་འབྲས་བུའི་རྒྱུ་གཅིག་ལ་བཞག་ནས་ཐོབ་པའི་རྒྱུ་མེད་པ་མ་ཡིན་ཏེ། འདས་པ་དང་མ་བྱོན་པ་དང་ད་ལྟར་གྱི་སངས་རྒྱས་རྣམས་ཀྱང་དམིགས་པ་མེད་པའི་དོན་ལ་བརྟེན་ནས་སངས་རྒྱས་ཐམས་ཅད་ཀྱི་བླ་ན་མེད་པ་ལས་ལོག་པའི་དོན་མེད་དེ། ཡང་དག་པར་སྟོན་པ་ལ་སོགས་པ་རྫོགས་པ། ཤེས་བྱའི་སྒྲིབ་པ་རྣམས་བྱང་བ། སྙིང་པོའི་དོན་ལ་ཆུབ་པ་རང་གཞན་གྱི་དོན། རང་ལ་རང་ཆས་སུ་མངོན་བར་ཡོན་ཏན་ཐམས་ཅད་རྫོགས་པར་སངས་རྒྱས་སོ། །ཤཱ་རིའི་བུ་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སོ་ཞེས་པ་ནི་དེ་ལྟ་བུར་དམིགས་པའི་ཡུལ་དང༌། ཉམས་སུ་བླང་བའི་ཐབས་དང༌། མཐར་ཕྱིན་པའི་འབྲས་བུ་རྣམས་གཞན་ནས་འབྱུང་བ་མ་ཐོབ་པའི་རྒྱུ་མེད་པས་ན་དེའི་དོན་ནི་ཤེས་པའི་རབ་འཁོར་བའི་ཕ་རོལ་ཏུ་ཕྱིན་པ་སྟེ། དེའི་དོན་ནི་སྔགས་ཞེས་བྱ་བ་ནི་ཡོན་ཏན་ལྔ་དང་ལྡན་བའོ། །གཞན་གྱི་དོན་ལ་རག་མ་ལུས་རང་ཉིད་ལ་གནས་པས་སྔགས་ཞེས་བྱའོ། །དེའི་ཡོན་ཏན་ཡང་རང་ཉིད་ཀྱིས་རང་རིག་པས་རིག་པ་ཆེན་མོའི་སྔགས་ལ། གཞན་ལ་བཟླས་སུ་མེད་པས་བླ་ན་མེད་པ་ལ་དངོས་པོར་གྲུབ་པ་མེད་པས་མཚན་མ་དང་མི་མཉམ་པ། མཚན་མ་ཉིད་དེའི་ཡོན་ཏན་ཡིན་པས་ན། དབྱེར་མི་ཕྱེད་པའི་སྙིང་པོའི་དོན་དུ་མཉམ་པའོ། །སྙིང་པོའི་དོན་དེ་རྟོགས་ནས་ལོག་པའི་སྡུག་བསྔལ་རྣམས་རབ་ཏུ་མཆོག་ཏུ་ཞི་བར་བྱེད་དེ། དམིགས་པ་མེད་པའི་ངང་ལ་གནས་པའི་སྔགས་དེའི་དོན་མི་བརྫུན་ཏེ་སྙིང་པོའི་དོན་དུ་བདེན་པར་ཤེས་ཏེ། དེའི་ཕྱིར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་སྔགས་སྤྱན་རས་གཟིགས་ཀྱིས་སྨྲས་པ། ཏདྱ་ཐཱ། ཞེས་པ་ནི། འཁོར་འདས་ཀྱི་དོན་སྙིང་པོར་གཅིག་པ་འདི་ལྟ་སྟེ། ཞེས་པའི་དོན་ཏོ། །དེ་ཡང་དམིགས་པ་མེད་པར་གཅིག་པ། འབྱེད་པ་མེད་པར་གཅིག་པ། རང་བཞིན་མི་འགྱུར་བའི་དོན་འདི་ལྟ་སྟེ། ཨོཾ་ནི་འཁོར་བའི་དུས་སུ་དག་ལྔ་ལྟར་དུ་སྣང་བ་འབྲས་བུའི་དུས་སུ་རིགས་ལྔ་ཡབ་ལྔ་ལྟར་སྣང་བ་དེ་ནི་ལོག་པའི་ཤེས་པ་ལ་སྣང་གི་དེ་ཉིད་ལ་དམིགས་པ་མེད་པའོ། །ཤེས་རབ་གཞན་མི་གནས་པར་རྟོགས་པ། འབྲས་བུའི་ཕ་རོལ་ཏུ་ག་ཏེ་ནི་བདག་དོན་དུ་ཕྱིན་ལ། གཞན་དོན་དུ་ཡང་ག་ཏེ་ས་ཕྱིན་པའི་དོན་ཏོ། །པཱ་ར་ག་ཏེ་ནི་བདག་དོན་གྱི་མཆོག་ཏུ་ཕྱིན་ཏེ་གཞན་ལ་རེ་བའི་ཡུལ་མེད་དོ་ཞེས་པའོ། །པཱ་ར་སངྒ་ཏེ་ནི་གཞན་དོན་གྱི་མཆོག་གམ་ཕུལ་དུ་ཕྱིན་ཏེ། གདུལ་བྱ་དམིགས་པའི་ཐུགས་རྗེ་འབྱུང་བ་ཡང༌། གདུལ་བྱ་ལས་དག་པ་ལ་སྣང་བ་སྤྲུལ་སྐུ་རང་བཞིན་དག་པ་ལ་སྣང་བ་ལོངས་སྐུ། བོ་དྷི་རྒྱུན་མི་འཆད་པ་ཐུག་རྗེ། གདུལ་བྱ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་འབྱུང་ངོ༌། ། སྭཱ་ཧཱ་སྟེ། རྒྱུད་རྣམས་རང་བཞིན་གྱིས་གྲོལ་ལོ་ཞེས་བྱ་བའི་དོན་ཏེ། དེ་ཡང་ཉིད་ཀྱིས་ཉིད་གྲོལ་བའི་དོན་ཏོ། །གཞན་ལ་སྙིང་པོའི་དོན་ནམ་རག་ལུས་པ་མེད་པའོ། །ཤཱ་རིའི་བུ་དེ་ལྟར་ཟབ་པའི་དོན་ལ་བསླབ་པར་བྱའོ་ཞེས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་བཞེངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་ཞེས་བས་ནི། དུས་གཞན་གྱིས་བར་མཆོད་བར་སྤྱན་རས་གཟིགས་ཀྱིས་ཤཱ་རིའི་བུ་ལ་བསྟན་པའི་རྗེས་དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་སྨིན་པར་བྱེད་པའི་ཏིང་ངེ་འཛིན་ལས་བཞེངས་ནས་འཕགས་པ་སྤྱན་རས་གཟིགས་ལ་དམ་པའི་ཆོས་མ་ནོར་བར་ངས་བསྟན་པ་ལྟར་ཁྱོད་སྟོན་པ་ལེགས་པར་བྱིན་ནོ། །དེ་ལྟར་ན་སྟོན་པ་ལེགས་སོ། །རིགས་ཀྱི་བུ་རང་དོན་དེ་བཞིན་ནོ། །གཞན་གྱི་དོན་དང་རང་ཆས་སུ་ངས་གཞི་ལམ་འབྲས་བུར་ཆས་པར་སྟོན་པ་དེ་དེ་བཞིན་ཏེ། འཕགས་པ་སྤྱན་རས་གཟིགས་ཁྱོད་ཀྱིས་ཤཱ་རིའི་བུ་ལ་བསྟན་པ་དེ་བཞིན་དུ་གདུལ་བྱ་རྣམས་ཀྱིས་ཡེ་ཤེས་རང་ལ་རང་ཆས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་བས་བསླབ་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་བཀའ་དངོས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་ཞེས་པས་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་དངོས་དང་བྱིན་གྱིས་བརླབས་པའི་བཀའ་སྤྱན་རས་གཟིགས་གཉིས་མཐུན་པས་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱང་བཀའ་མཐུན་པའི་དོན་དེ་ལ་ཡི་རང་ངོ༌། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་པ་ལ་སོགས་པ་ནི་བཀའ་མཐུན་པའི་དོན་ལ་དགྱེས་ཏེ་སྟོན་པས་ཆོས་དང་འཁོར་འཕགས་པ་སྤྱན་རས་གཟིགས་ལ་བསྟན་པའོ། །འཁོར་རྣམ་པ་བཞི་ལ་སོགས་པའི་འཁོར་དང༌། ལྷའི་དབང་པོ་བརྒྱ་བྱིན་དམ་པའམ་མཆོག་ཏུ་གྱུར་པ་དང༌། ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་བཟངས་རིས་དང༌། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་ལ་སོགས་པ་རྣམས་ཀྱིས་བསྟོད་པའོ། །ཤྲཱི་སིཾ་ཧས་མཛད་པའི་འགྲེལ་པ་མདོ་ལས་སྔགས་སུ་བཻ་རོ་ཙ་ནའི་དོན་དུ་བཀོལ་བའི་ཚིག་ཉུང་ལ་དོན་ཆེ་བ་གསལ་བའི་སྒྲོན་མ་རྫོགས་སོ།། །།སློབ་དཔོན་བཻ་རོ་ཙ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་མཚན་མའི་ཆོས་སྤྱོད་ལ་དྲེགས་པ་སྐྱེས་པའི་དུས་སུ་བུ་དང་བཅས་པ་ལ་འགྲེལ་པ་འདི་གནང་བའོ།།   །།

 

ཏཱ་ར་ནཱ་ཐའི་ཤེར་སྙིང་གི་ཚིག་འགྲེལ།

  



ཤེར་སྙིང་གི་ཚིག་འགྲེལ།

༄༅།།  ཤེར་སྙིང་གི་ཚིག་འགྲེལ་བཞུགས་སོ།།

༡༽མཚན་དོན།


༄༅།།  ན་མོ་བུདྡྷ་ཡ།  །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མདོ་དོན་ཕྱོགས་ཙམ་སྨོས་ན།  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་དོན་མང་པོ་ལ་འཇུག་ཀྱང༌།  དངོས་དང་གཙོ་བོ་ནི།  ཤེས་བྱ་ཐམས་ཅད་ཀྱི་གནས་ལུགས་གཉིས་མེད་ཀྱི་ཡེ་ཤེས་བདེ་གཤེགས་སྙིང་པོ་དེ་ཡིན་ལ།  མདོ་སྡེ་འདིས་ཤེར་ཕྱིན་དེའི་རང་བཞིན་སྤྲོས་བྲལ་གྱི་མཚན་ཉིད་དང༌།  འགྱུར་བ་མེད་པའི་མཚན་ཉིད་དང༌།   རྣམ་པ་ཐམས་ཅད་པའི་མཚན་ཉིད་ཏེ།  དོན་གྱི་གཙོ་བོ་གསུམ་པོ་དེ་སྟོན་ཅིང༌།  ཚིག་ཤིན་ཏུ་ཉུང་ངུའི་ཕྱིར་སྙིང་པོའོ།  །ཇི་ལྟར་སྟོན་ཞེ་ན།  གཟུགས་མེད་ཅེས་པ་ལ་སོགས་པས་སྤྲོས་བྲལ་དང༌།  མ་སྐྱེས་པ་ཞེས་པ་ལ་སོགས་པས་འགྱུར་མེད་དང༌།  གཟུགས་སྟོང་པའོ་ཞེས་པ་ལ་སོགས་པས་རྣམ་པ་ཐམས་ཅད་པའོ།  །

༢༽གཞུང་དོན་དངོས།

༼༡༽ གླིང་གཞིའི་ཚིག

དང་པོ་ནི།  འདི་སྐད་སོགས་ཏེ།  གནས་རྒྱལ་པོའི་ཁབ་ཀྱི་ནང་ཚན་བྱ་རྒོད་ཕུང་པོའི་རི་ལ།  སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཁོར་དགེ་སློང་སྟེ་ཉན་ཐོས་དགྲ་བཅོམ་པའི་དགེ་འདུན་གྱི་ཚོགས་ཆེན་པོ་དང༌།  ཞིང་ཁམས་སྣ་ཚོགས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་འཕགས་པའི་དགེ་འདུན་རྒྱ་ཆེན་པོ་དང༌།  ཐབས་ཅིག་པ་ནི་ལྷན་ཅིག་ཏུ་བཞུགས་ཤིང༌།  འཁོར་ཚོགས་ཐམས་ཅད་ཆོས་འདིའི་སྣོད་དུ་གྱུར་ཅིང་རྒྱུད་སྨིན་པའི་དུས་ཅིག་ན།  ཆོས་ཤེར་ཕྱིན་སྙིང་པོའི་ཚིག་འདི་སྐད་མ་ནོར་བར།  བསྡུད་པ་བོ་ཕྱག་ན་རྡོ་རྗེ་བདག་གིས་ཐོས་སོ།  །ཅེས་གནས་དུས་ངེས་པ་དང༌།  འཁོར་ཚོགས་དཔང་བོར་བཞག་པས།  སྟོན་པའི་གསུང་དུ་ངེས་ཤེས་བསྐྱེད་ཅིང༌།  ངོ་མཚར་བའི་དད་པ་བསྐྱེད་པའི་ཕྱིར་རོ།།

༼༢༽ མདོ་སྡེའི་ཆོས་འབྱུང་བའི་སྒོ།

གཉིས་པ་མདོ་སྡེ་ཆོས་འབྱུང་བའི་སྒོ་ནི།  དེའི་ཚེ་བཅོམ་ལྡན་འདས་སོགས་སོ།  །རྟོགས་པར་དཀའ་བས་ན་ཟབ་མོ་སྟེ་གནས་ལུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།  །དེར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ནི་སྣང་བ་སྟེ།  དངོས་སུ་མཐོང་བའི་དོན་ཡིན་ལ།  ཡེ་ཤེས་དེ་དང་ལྡན་པའི་མཉམ་བཞག་ནི་ཏིང་ངེ་འཛིན་ཏེ།  བཅོམ་ལྡན་ཏིང་ངེ་འཛིན་དེ་ལ་རྟག་ཏུ་བཞུགས་པ་ཡིན་ཀྱང༌།  དེར་འདུས་ཀྱི་གདུལ་བྱ་རྣམས་ཀྱི་སྣང་བ་ལ།  ཟབ་མོ་སྣང་པའི་ཏིང་ངེ་འཛིན་དེ་ལ་གསར་དུ་མཉམ་པར་བཞག་པ་ལྟར་སྣང་ངོ༌།  །ཡང་བཅོམ་ལྡན་འདས་མཉམ་པར་བཞག་མ་ཐག་པ་དེའི་ཚེ།  བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང༌།  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་མངོན་སུམ་དུ་རྟོགས་ཤིང་སྤྱོད་པའི་ཡེ་ཤེས།  ཏིང་ངེ་འཛིན་དང་རྗེས་སུ་འབྲེལ་བའི་མཉམ་བཞག་རྣམ་པར་ལྟ་བ་སྟེ་མཁྱེན་པའི་ཡེ་ཤེས་ལ་གནས་པ་དང༌།  དེ་འདྲ་བའི་ཤེར་ཕྱིན་ལ་དངོས་སུ་སྤྱོད་པའི་རྒྱུ།  ཕུང་པོ་ལྔ་པོ་རང་བཞིན་གྱི་ངོ་བོས་མ་གྲུབ་ཅིང་སྟོངས་པར།  ཡེ་ཤེས་ཀྱི་རྣམ་པར་བལྟ་ཞིང་སྒོམ་མོ།  །ཕུང་པོ་ལྔ་པོ་རང་བཞིན་གྱི་སྟོང་པ་དེ་ཉིད།  ཤེར་ཕྱིན་ཟབ་མོ་ལས་ལོགས་སུ་བསྟན་པས།  ཤེར་ཕྱིན་ཟབ་མོ་ནི་རང་གི་ངོ་བོས་མི་སྟོང་པར་གྲུབ་པའི་ཕྱིར།  འདི་ནི་གཞན་སྟོང་དབུ་མ་གསལ་བར་སྟོན་པའི་ཚིག་དང་པོའོ།  །སྤྱན་རས་གཟིགས་ཀྱི་ཤེར་ཕྱིན་ལ་གསར་དུ་མཉམ་པར་བཞག་པའི་ཚུལ་བསྟན་མ་ཐག་པ་དེ་ནས་ཅེས་སྔ་ཕྱི་མཚམས་སྦྱོར་ཏེ།

༼༣༽དོན་གཏན་ལ་དབབ་པ།


དང་པོ་ལ་དྲིས་པ་དང༌།  ལན་བསྟན་པའོ།  །

དྲིས་པ།

དང་པོ་ནི།   དེ་ནས་སངས་རྒྱས་ཀྱིས་མཐུས་སོགས་ཏེ།  ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་རྣམས་ཀྱི་རང་སྟོབས་ཀྱིས་ཆོས་ཟབ་མོ་འདི་འབྲི་བར་ཡང་མི་ཤེས་མོད།  སངས་རྒྱས་ཀྱི་བྱིན་གྱིས་རླབས་པའི་མཐུ་ལས།  ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ༎   ཅི་སྨྲས་ཅེ་ན།   རིགས་ཀྱི་བུ་སྐྱེས་པའམ།   རིགས་ཀྱི་བུ་བུད་མེད་ཡིན་ཡང་རུང་སྟེ།  གང་སུ་ཡང་རུང་བ་ལ་ལ་དག་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ།  ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་སྤྱད་པ་སྤྱོད་པ་སྟེ།  ཉམས་ལེན་བྱེད་པར་འདོད་པས།  སྒོམ་ཚུལ་ཇི་ལྟར་བསླབ་པར་བྱ་དགོས་ཞེས་པའོ།  །

ལན་བསྟན་པ།

གཉིས་པ་ལན་ལ།  ཤེར་ཕྱིན་ལ་སྤྱོད་ཚུལ་མདོར་བསྟན།  ཤེར་ཕྱིན་གྱི་ངོ་བོ་རྒྱས་པར་བཤད།  དེ་རྟོགས་པའི་ལམ་གྱི་ཕན་ཡོན་བསྟན།  ལམ་དེས་རྟོགས་པའི་འབྲས་བུ་བཤད།  ཕན་ཡོན་དང་བཅས་པའི་གཟུངས་སྔགས་བསྟན།  དོན་བསྡུའི་ཚུལ་དུ་ཤེར་ཕྱིན་ལ་སློབ་པར་གདམས་པའོ།།
༽ ཤེར་ཕྱིན་ལ་སྤྱོད་ཚུལ་མདོར་བསྟན་པ།
དང་པོ་ནི།  དེ་སྐད་སོགས་ཏེ།  ཤཱ་རིའི་བུས་དེ་སྐད་ཅེས་སྨྲས་པ་དང༌།  དེའི་ལན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས།  ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།  །ཅི་སྐད་ཅེས་ཟེར་ན།  རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱད་པ་སྤྱོད་པར་འདོད་པ་དེ།  ཚུལ་འདི་ལྟར་རྣམ་པར་ཏེ་ཤིན་ཏུ་ལྟ་ཞིང་བསྒོམ་པར་བྱའོ།  །འདིར་སྤྱད་པ་ཞེས་པ་ནི།  སྤྱད་བྱད་ལས་སུ་བྱ་བའི་ཚིག་ཡིན་ལ།  སྤྱོད་པ་ནི་སྤྱོད་ཚུལ་ཏེ།  བྱེད་པའི་ཚིག་ཡིན་པས་སྤྱད་བྱ་ཤེར་ཕྱིན་དེ་ལ་སྤྱོད་ལུགས་ཇི་ལྟ་བུ་ཅེས་པ་སྟེ།  ཉམས་སུ་བླངས་བྱ་ཤེར་ཕྱིན་གང་ལ།  ཉམས་སུ་ལེན་པའི་ཐབས་གང་གིས་ཚུལ་ཇི་ལྟར་ཉམས་ལེན་བྱེད་པར་འདོད་ལ་ཞེས་པའོ།  །སྤྱོད་པའི་ངོ་བོ་ནི།   ཆོས་སྤྱོད་བཅུ་དང་ཕར་ཕྱིན་དྲུག་ལ་སོགས་པའོ།  །ཇི་ལྟར་རྣམ་པར་ལྟ་བར་བྱ་ཞེ་ན།  ཕུང་པོ་ལྔ་པོ་དེ་དག་དང༌།  གཞན་ཡང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་དབྱེ་བའི་སྒོ་ནས་ཀྱང༌།  སྣང་གྲགས་ཀྱི་ཆོས་དེ་དག་ཐམས་ཅད་རང་བཞིན་ནམ་རང་གི་ངོ་བོས་མ་གྲུབ་པའི་ཚུལ་གྱིས་མ་ནོར་བ་ཡང་དག་པའི་གནས་ལུགས་ལ།  ཡུལ་ཅན་སྒོམ་པའི་ཡེ་ཤེས་ཀྱིས་ཀྱང་གནས་ལུགས་དང་རྗེས་སུ་མཐུན་པར་བལྟ་ཞིང་སྒོམ་མོ།  །
༥༽ ཤེར་ཕྱིན་གྱི་ངོ་བོ་རྒྱས་པར་བཤད་པ།
༦༽ རང་བཞིན་ཤེར་ཕྱིན་གཏན་ལ་དབབ་པ།
དང་པོ་ནི།  གཟུགས་སྟོང་པའོ་སོགས་ཏེ།  བདེན་གཉིས་ཐུན་མོང་དུ་སྦྱར་ན།  ད་ལྟ་བྱིས་པ་སོ་སོ་སྐྱེ་བོ་རྣམས་ལ་གཟུགས་ཕུང་དུ་སྣང་བའི་གནས་འདི་ན།  གཟུགས་ཕུང་ནི་ཡོད་པ་མ་ཡིན་ཏེ།  གཟུགས་དེ་ནི་འཁྲུལ་སྣང་ཙམ་མ་གཏོགས་རང་གི་ངོ་བོས་སྟོང་པའི་ཕྱིར་རོ།  །དེས་ན་གཟུགས་ཀྱི་རང་ལྡོག་ནས་མེད་ཅིང་མ་ཡིན་པའི་སྟོང་པའོ།  །གཟུགས་ཀྱི་ཤུལ་ན་སྟོང་པའི་ཆོས་ཉིད་གནས་པ་དེ་ཉིད་སྟོང་པ་ཉིད་དངོས་ཏེ།  འདི་ནི་བདེན་ཅིང་ཡོད་པ་དང་ཡིན་པའི་སྟོང་ཉིད་དོ།  །གནས་ཚུལ་ལ་ཡོད་པའི་ཆོས་ཉིད་སྟོང་པ་ཉིད་ལ་བྱིས་པ་སོ་སོ་སྐྱེ་བོ་རྣམས་ལ་གཟུགས་ཕུང་དུ་སྣང་ཡང་འཁྲུལ་སྣང་ཙམ་མ་གཏོགས་ངོ་བོས་མེད་དོ།  །གཟུགས་ཁྱད་གཞིར་བྱས་ན་དེ་ལས་གཞན་དུ་ཆོས་དབྱིངས་སྟོང་ཉིད་ལོགས་སུ་གནས་པ་མ་ཡིན་ཏེ།  གཟུགས་སྣང་འཆར་བའི་གནས་དེ་ཉིད་ཆོས་དབྱིངས་ཡིན་པའི་ཕྱིར་དང༌།  ཁྱད་གཞི་གཟུགས་ཕུང་ཉིད་ཡོད་མ་མྱོང་བས།  གཟུགས་ཕུང་གི་ཆོས་ཉིད་ལ་ཐ་དད་དུ་རང་སོ་འཛུགས་པའི་གྱ་མི་ཕེར་བའི་ཕྱིར་དང༌།  ཆོས་ཉིད་ཀྱི་རིག་པ་དེ་ཡང་སྤྲོས་བྲལ་ཡིན་པའི་ཕྱིར།  གཟུགས་དང་དོ་བདོ་བའི་ཟླ་བོ་ཐ་དད་པའི་མཚན་ཉིད་མི་འཛིན་པའི་ཕྱིར་རོ།  །ཆོས་དབྱིངས་སྟོང་པ་ཉིད་དེ་ཉིད་ཁྱད་གཞིར་བཟུང་ན།  དེ་ལས་གཞན་དུ་གཟུགས་ཡོད་པ་མ་ཡིན་ཏེ།  ཆོས་ཉིད་གནས་ཀྱང་གཟུགས་ཕུང་མེད་པའི་ཕྱིར་དང༌།  རྒྱུ་མཚན་སྔ་མ་རྣམས་ཀྱིས་ཡང་ཕྱིར་རོ།  །དཔེར་ན་མཁྲིས་ནད་ཅན་གྱིས་དུང་ལ་བལྟས་ན།  གོང་བུ་དཀར་པོ་འཁྱིལ་བ་ཅན་དུ་མི་མཐོང་གི་སེར་བོ་འཁྱིལ་བ་ཅན་དུ་མཐོང་བར་འགྱུར་རོ།  །མཐོང་ཡང་སེར་པོ་འཁྱིལ་བ་དེ་ནི་འཁྲུལ་སྣང་ཙམ་མ་གཏོགས་གདོད་ནས་མེད་ལ།  དཀར་པོ་ནི་ཡོད་པས་ན་གང་ལ་སེར་པོར་སྣང་པ་འཆར་བ་དང་དཀར་བོ་གཉིས་གཞི་ཐ་དད་མེད་པའི་ཚུལ་གྱི་གཅིག་པ་ལ་བསམས་ནས།  སེར་པོར་མཐོང་བ་དེ་ནི་གཞན་མ་ཡིན་གྱི་དུང་ངོ༌།  །དུང་ནི་ཁྱོད་ཀྱིས་མཐོང་བའི་སེར་པོ་དེའོ།  །ཁྱེད་ཀྱིས་མཐོང་བའི་སེར་པོ་དེ་ལས་གཞན་ན་དུང་མེད་དོ།  །དུང་ལས་གཞན་དུ་ཁྱོད་ཀྱིས་མཐོང་བའི་སེར་བོ་དེ་གྲུབ་པ་མ་ཡིན་ནོ།  །ཞེས་བརྗོད་པ་ལྟ་བུ་ཡིན་ཏེ།  དོན་ལ་ཤིན་ཏུ་འབྱོར་རོ།  །རང་སྟོང་སྨྲ་བ་རྣམས་ཀྱི་ལྟར་ན་ནི།  སྟོང་པ་ལ་དོན་དམ་གྱི་ཁྱབ་པར་འདོད་པས།  གཟུགས་ཕུང་དོན་དམ་བདེན་པར་ཐལ་བར་འགྱུར་ལ།  སྟོང་པ་ཉིད་གཟུགས་མ་ཡིན་གཟུགས་ལས་གཞན་པ་ཡང་མ་ཡིན་ཞེས་བརྗོད་པར་འཐད་ཀྱི།  གཟུགས་སྟོང་པའོ།  །སྟོང་པ་ཉིད་གཟུགས་སོ་ཅེས་པ་འདི་མི་རུང་ངོ༌།  །དེ་ལྟར་ནི་འདི་ནི་གཞན་སྟོང་དབུ་མ་ཆེན་པོ་གསལ་བར་སྟོན་པའི་ཚིག་གཉིས་པའོ།  །འདི་ལྟར་འཆད་པ་ནི་མདོ་འདིའི་དངོས་བསྟན་དགག་ཚིག་ཏུ་གསལ་བ་ལྟར་བསྟན་པ་ཡིན་ལ།  སྦས་དོན་ལྟར་བཤད་ན་སྒྲུབ་ཚིག་ཁོ་ན་ཏེ།  ཆོས་ཉིད་དོན་དམ་པའི་གཟུགས་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ༎    སྟོང་པ་ཉིད་ཀྱི་ཡེ་ཤེས་གང་ཡིན་པ་དེ་ཆོས་ཉིད་ཀྱི་གཟུགས་སུ་སྣང་ངོ༌།  །ཞེས་བསྟན་པས།  དེ་གཉིས་གཞི་མཐུན་པ་ཡོད་པ་ཙམ་དུ་གོ་ཡང༌།  སྟོང་པའི་ཡེ་ཤེས་དོན་དམ་གྱི་གཟུགས་མ་ཡིན་པ་ཡང་སྲིད།  དོན་དམ་གྱི་གཟུགས་སྟོང་པའི་ཡེ་ཤེས་མ་ཡིན་པ་ཡང་སྲིད་སྙམ་པའི་དོགས་པ་དགག་པའི་ཕྱིར།  གཟུགས་ལས་ཀྱང་སོགས་སོ།  །དེ་ལ་སྐབས་འདིར་སྟོང་པ་ཞེས་པ་སྟོང་རྐྱང་མ་ཡིན་ཏེ་གཉིས་སྟོང་གི་ཡེ་ཤེས་སོ།  །དོན་དམ་པའི་གཟུགས་ཕུང་ནི་གཟུགས་ཕུང་མ་ཡིན་མོད།  ཆོས་དབྱིངས་རྣམ་པ་ཐམས་ཅད་པའི་ནང་གི་གཟུགས་ཕུང་གི་རྣམ་པ་དོན་དམ་པ་དེ་ནི།  ཆོས་ཉིད་ཀྱི་གཟུགས་ཕུང་ངམ།  དོན་དམ་གྱི་གཟུགས་ཕུང་ཞེས་བྱའོ།  །དེའི་འོག་མ་རྣམས་ལ་ཡང་རིགས་འགྲེ་སྟེ།  དེ་བཞིན་དུ་ཚོར་བ་དང༌།  འདུ་ཤེས་དང༌།  འདུ་བྱེད་དང༌།  རྣམ་པར་ཤེས་པ་རྣམས་སྟོང་པའོ།  །སྟོང་པ་ཉིད་ཚོར་བ་ནས་རྣམ་པར་ཤེས་པའི་བར་རོ།  །ཚོར་བ་ནས་རྣམ་པར་ཤེས་པའི་བར་ལས་སྟོང་པ་ཉིད་གཞན་མ་ཡིན།  སྟོང་པ་ཉིད་ལས་ཀྱང་ཚོར་བ་ནས་རྣམ་པར་ཤེས་པའི་བར་གཞན་མ་ཡིན་ནོ།  །ཞེས་སྦྱར་རོ།  །དེ་ལྟ་བུའི་སྟོང་པ་ཉིད་བཤད་པའི་མཇུག་བསྡུ་བ་ནི།  དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་དེ་ཅེས་པ་སྟེ།  ཇིསྐད་དུ།  ཆོས་ཀྱི་དབྱིངས་ནི་མ་གཏོགས་པ།  །གང་ཕྱིར་ཆོས་མེད་དེ་ཡི་ཕྱིར།  །ཞེས་རྗེ་བཙུན་གྱིས་གསུངས་པའོ།  །མཚན་ཉིད་མེད་པ་ཞེས་པ་ནི།  ཀུན་རྫོབ་ནི་རང་གི་ངོ་བོས་སྟོང་པའི་ཕྱིར་དེ་དང་དེའི་མཚན་ཉིད་མེད་དེ།  བུམ་པ་བདེན་པར་མེད་པས་བུམ་པའི་མཚན་ཉིད་ཀྱང་བདེན་པར་མེད་པ་བཞིན་ནོ།  །དོན་དམ་ནི་རང་གི་ངོ་བོས་ཡོད་ཀྱང༌།  དོན་དམ་གྱི་མཚན་ཉིད་རང་བཞིན་གྱིས་མ་གྲུབ་སྟེ།  མཚན་མཚོན་གཞི་གསུམ་ནི་བློས་བཞག་པ་ཙམ་ཡིན་གྱི་གནས་ལུགས་ལ་མེད་པས་སོ།  །དེ་བཞིན་དུ་སྐྱེ་བ་མེད་པའི་ཕྱིར་འགག་པ་མེད་ཅེས་བྱ་སྟེ།  སྐྱེ་མེད་དང་འགག་མེད་འདི་གཉིས་ལ་ཡང་སྔ་མ་དང་འདྲ་སྟེ།  ཀུན་རྫོབ་ལ་ནི་སྣང་ངོ་ཙམ་དུ་སྐྱེ་འགག་གི་མཚན་ཉིད་ཡོད་ཀྱང་འཁྲུལ་སྣང་ཙམ་ཡིན་གྱི།  ཀུན་རྫོབ་ཉིད་ཡེ་ནས་མེད་ན།  དེ་ལ་སྐྱེ་རྒྱུ་དང་འགག་རྒྱུ་མེད་པའི་ཕྱིར་སྐྱེ་འགག་མེད་ལ།  དོན་དམ་ནི་རང་གི་ངོ་བོས་སྟོང་བ་ཡོད་ཀྱང༌།  དེ་ལ་སྐྱེ་འགག་གནས་གསུམ་མ་གྲུབ་པས་མ་སྐྱེས་ཤིང་མ་འགགས་པའོ།  །དེ་ལྟར་ན།  སྟོང་པ་ནི་འདུས་བྱས་ཀྱི་སྟོངས་པའི་དོན་ཡིན་པས།  འདུས་བྱས་དང༌།  མཚན་ཉིད་དང༌།  སྐྱེ་བ་དང༌།  འགག་པ་རྣམས་ཀུན་བརྟགས་ཙམ་ཡིན་པས་མེད་པར་བསྟན་ལ།  ཆོས་ཉིད་ནི་ཀུན་བརྟགས་ཀྱིས་སྟོང་པའི་དོན་ནོ།  །འདུས་བྱས་ཙམ་ཀུན་བརྟགས་སུ་བྱར་མི་རུང་ངོ་སྙམ་ན།  འདུས་བྱས་ཡིན་ན་ཀུན་བརྟགས་ཡིན་པས་མ་ཁྱབ་ཀྱང༌།  འདུས་བྱས་ཐམས་ཅད་ལ་ཀུན་བརྟགས་ཀྱི་མཚན་ཉིད་འཇུག་པས་ཁྱབ་སྟེ།  འདུས་བྱས་ཐམས་ཅད་ཀྱང་མདོར་བསྡུ་ན།  ཡུལ་དང་ཡུལ་ཅན་གཉིས་སུ་ཟད་དོ།  །ཡུལ་ཅན་གྱི་སྟེང་ན་ཡུལ་གཟུང་བ་ལས།  ཡུལ་ཅན་ཉིད་ལོགས་སུ་ཚུགས་ཐུབ་པ་ལྟར་སྣང་བ་དེ་ནི་ཀུན་བརྟགས་ཡིན་པས་ཤེས་པ་ཐམས་ཅད་ལ་ཀུན་བརྟགས་དེ་འཇུག་ལ།  ཤེས་པ་ལས་ལོགས་སུ་ཡུལ་གཟུང་བ་ཕྱི་དོན་ཡོད་པར་སྣང་ཡང༌།  ཀུན་བརྟགས་ཡིན་ཞིང་དེ་ཉིད་གཟུགས་སོགས་ཡུལ་དང༌།  མིག་སོགས་དབང་པོ་ཐམས་ཅད་ལ་འཇུག་པ་ཡིན་ནོ།  །དེ་དག་ལས་གཞན་བརྟགས་ཡོད་ཀྱི་དངོས་པོ་དང༌།  དངོས་མེད་ཐམས་ཅད་ནི་ཀུན་བརྟགས་ཡིན་པ་སྨོས་མ་དགོས་ཏེ།  དེའི་ཕྱིར་འདུས་བྱས་ཐམས་ཅད་ལ་ཀུན་བརྟགས་ཀྱི་མཚན་ཉིད་འཇུག་པ་ཡིན་ནོ།  །དེས་ན་གཞན་དབང་ཀུན་བརྟགས་ཀྱི་མཚན་ཉིད་ཅན་ཡིན་ཞིང༌།  ཀུན་བརྟགས་ཀྱང་གཞན་དབང་གི་མཚན་ཉིད་ཅན་ནོ།  །ཡོངས་གྲུབ་དངོས་ནི་དེ་ལྟར་མ་ཡིན་ཀྱང༌།  ཡོངས་གྲུབ་བརྟགས་པ་པ་ཡང་དེ་དང་དང་འདྲའོ།  །ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ།  དྲི་མ་ནི་འཁོར་བ་སྟེ།  ལས་ཉོན་གྱི་དབང་གིས་སྡུག་བསྔལ་སྣ་ཚོགས་འབྱུང་བར་སྣང་བའི་དྲི་མ་འཁོར་བ་ཡང་རང་གི་ངོ་བོས་མེད་ལ།  དྲི་མ་དང་བྲལ་བ་ནི་མྱ་ངན་ལས་འདས་པ་སྟེ།  ལམ་སྒོམ་པས་སྒྲིབ་པ་སྤངས་ནས་བྱང་ཆུབ་ཐོབ་པ་ཡིན་ན།  ལམ་སྒོམ་པ་ཡང་བདེན་པར་མེད་ལ་སྒྲིབ་པ་རང་བཞིན་མེད་པའི་ཕྱིར།  །་སྒྲིབ་པ་དང་བྲལ་བར་སྣང་བ་ཡང་བློའི་འཆར་ཚུལ་ཙམ་ལས་ངོ་བོས་མེད་དོ།  །ཡང་དག་པའི་སངས་རྒྱས་བདེན་པར་གྲུབ་ཀྱང༌།  དེ་ཐོབ་པར་སྣང་བ་ནི་བློའི་འཆར་ཚུལ་ཡིན་པས།  ཀུན་རྫོབ་སྒྱུ་མ་ཙམ་མོ།  །དེ་ལྟར་ན།  ཀུན་ནས་ཉོན་མོངས་པ་དང༌།  རྣམ་པར་བྱང་བར་བྱ་བའི་ལམ་འདི་དག་ནི།  གཞན་དབང་ཡིན་ལ་དེ་ངོ་བོས་མེད་པར་བསྟན་པས།  ཆོས་ཉིད་ལ་གཞན་དབང་གིས་མ་གོས་ཤིང༌།  གཞན་དབང་རང་གི་ངོ་བོས་སྟོངས་པར་བསྟན་ཏོ།  །དོན་དམ་དབྱིངས་དེ་ལ་འཁོར་བའི་གནས་སྐབས་ན་ཡོན་ཏན་བྲི་བ་དང༌།  མྱང་འདས་ཀྱི་གནས་སྐབས་ན།  སྒྲིབ་བ་སྤངས་ཤིང་བྲི་བ་ལྟར་སྣང་ཡང་།   འཁོར་བ་པ་དང་རྣལ་འབྱོར་པའི་བློའི་འཆར་ཚུལ་ཡིན་གྱི།  གནས་ཚུལ་ལ་བྲི་བ་མེད་ཅིང༌།  འཁོར་བའི་དུས་ན་སྐྱོན་གྱིས་གང་བ་དང༌།  མྱང་འདས་ཀྱི་དུས་ན་ཡོན་ཏན་གྱིས་གང་བར་སྣང་བ་ཡང༌།  གོང་མ་དང་འདྲ་སྟེ་བདེན་པར་མ་གྲུབ་པོ།  །དེའི་རྒྱུ་མཚན་སྒྲིབ་པ་གདོད་ནས་མ་གྲུབ་པའི་ཕྱིར་དང༌།  ཡོན་ཏན་གདོད་ནས་རང་ཆས་སུ་གནས་པའི་ཕྱིར་འཕེལ་འགྲིབ་ཏུ་སྣང་བ་ནི་ལོག་སྣང་ཙམ་མོ།  །འདིས་ནི་དོན་དམ་ཡོངས་གྲུབ་ལ་ཀུན་རྫོབ་འཁོར་འདས་ཀྱིས་སྟོངས་པར་བསྟན་ཅིང༌།  ཡོངས་གྲུབ་དོན་དམ་གྱི་ཡེ་ཤེས་དེ་འཁོར་འདས་ཀུན་ཁྱབ་ཡིན་ཡང༌།  འཁོར་འདས་སོ་སོས་གོས་པ་མེད་ལ།  དེ་མེད་པས་འཕོ་འགྱུར་མེད་པའི་ཕྱིར་རྟག་པར་བསྟན་ཏོ།  །འདི་ནི་གཞན་སྟོང་དབུ་མ་གསལ་བར་བསྟན་པའི་ཚིག་གསུམ་པའོ།  །དེ་ལྟར་ན།  སྟོང་ཉིད་དང༌།  མཚན་ཉིད་མེད་པ་དང༌།  མ་སྐྱེས་པ་དང༌།  མ་འགགས་པ་དང༌།  དྲི་མ་མེད་པ་དང༌།  དྲི་བྲལ་མེད་པ་དང༌།  བྲི་བ་མེད་པ་དང༌།  གང་བ་མེད་པ་སྟེ།  ཟབ་མོ་མཚན་ཉིད་བརྒྱད་ཅེས་གྲགས་ལ།  དེས་ན་རང་བཞིན་ཤེར་ཕྱིན་སྟོང་པ་ཉིད་ཀྱི་ཡེ་ཤེས་དེ།  སྟོང་ཉིད་ཡིན་པ་ནས་གང་བ་མེད་པའི་བར་དུ་ཡིན་ནོ།  །
༧༽ ལམ་ཤེར་ཕྱིན་སྒོམ་ཚུལ།
༨༽ཕུང་པོ་མཁས་པར་བྱ་བ།
དང་པོ་ཕུང་པོ་ལ་མཁས་པར་བསླབ་པ་ནི།  ཤཱ་རིའི་བུ་དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་མེད་ཅེས་བྱ་བ་སྟེ།  སྟོད་པའི་གཞི་བདེ་གཤེགས་སྙིང་པོ་དོན་དམ་པའི་སེམས་ཉིད།  ཡོངས་གྲུབ་སྟོང་པ་ཉིད་ཆེན་པོ་དེ་ལ་ཆོས་ཅན་གློ་བུར་གྱི་དྲི་མ།  གཟུགས་ཀྱི་ཕུང་པོ་མེད།  ཚོར་བའི་ཕུང་པོ་མེད།  འདུ་ཤེས་ཀྱི་ཕུང་པོ་མེད།  འདུ་བྱེད་ཀྱི་ཕུང་པོ་མེད།  རྣམ་པར་ཤེས་པའི་ཕུང་པོ་མེད་དོ།  །དེའི་རྒྱུ་མཚན་ནི་དེ་ལྟ་བས་ན་ཞེས་པ་སྟེ།  སྟོང་པ་ཉིད་ནས་གང་བ་མེད་པའི་བར་དུ་ཟབ་མོ་བརྒྱད་ཀྱི་རང་བཞིན་གྱི་ཕྱིར་རོ།  །ཤཱ་རིའི་བུ་ཅེས་བྱ་བ་ནི་བོད་པའོ།  །སྟོང་པ་ཉིད་ལ་ཞེས་པའི་ཚིག་འདི་ནི།  མ་ཐོབ་པ་ཡང་མེད་དོ་ཅེས་པའི་བར་ཐམས་ཅད་ལ་སྦྱོར་རྒྱུ་སྟེ་ཐོག་མའི་གསལ་བྱེད་དོ།  །འདི་ནི་སྟོང་ཉིད་ཀྱི་ཡེ་ཤེས་ཁྱད་གཞིར་བྱས་ནས།  དེ་ལ་ཀུན་རྫོབ་ཀྱི་ཆོས་གང་ཡང་མེད་པར་སྟོན་པ་ཡིན་པས།  གཞན་སྟོང་དབུ་མ་ཆེན་པོ་གསལ་བར་སྟོན་པའི་ཚིག་བཞི་པ་ཡིན་ནོ།  །རང་སྟོང་སྨྲ་བར་གྲགས་པ་རྣམས་ཀྱི་ལྟར་ན།  སྟོང་པ་ཉིད་ལ་གཟུགས་མེད་ཅེས་པ་མི་རུང་སྟེ།  ཁྱད་གཞི་སྟོང་ཉིད་མ་གྲུབ་པའི་ཕྱིར།  དེ་ལ་ཁྱད་ཆོས་གཟུགས་ལོགས་སུ་འགོག་པ་ནམ་དུ་ཡང་མི་འཐད་ལ།  རང་སྟོང་པའི་སྟོང་ཉིད་བློ་ངོར་གྲུབ་ཟིན་ལ་གཟུགས་སོགས་འགོག་ན་བཀག་ཟིན་འགོག་པར་ཐལ་བའི་ཕྱིར་རོ།  །དེ་རྣམས་ཀྱི་ལྟར་ན།  གཟུགས་མེད་པ་ནི་སྟོང་པ་ཉིད་དོ་ཅེས།  མདོ་ཚིག་བསྒྱུར་ཏེ་འདོན་དགོས་སོ།  །
༩༽སྐྱེ་མཆེད་ལ་མཁས་པར་བྱ་བ།
གཉིས་པ་སྐྱེ་མཆེད་ལ་བསླབ་པ་ནི།  སྟོང་ཉིད་ཀྱི་ཡེ་ཤེས་དེ་ལ།  མིག་གི་སྐྱེ་མཆེད་མེད།  དེ་བཞིན་དུ་སྦྱར་ཏེ།  རྣ་བ་མེད།  སྣ་མེད།  ལྕེ་མེད།  ལུས་མེད།  ཡིད་ཀྱི་སྐྱེ་མཆེད་མེད།  གཟུགས་ཀྱི་སྐྱེ་མཆེད་མེད།  སྒྲ་མེད།  དྲི་མེད།  རོ་མེད།  རེག་བྱ་མེད།  ཆོས་ཀྱི་སྐྱེ་མཆེད་མེད་དོ།  །
༡༠༽ཁམས་ལ་མཁས་པར་བྱ་བ།
གསུམ་པ་ཁམས་ལ་མཁསཔར་བསླབ་པ་ནི།  སྟོང་ཉིད་ཀྱི་ཡེ་ཤེས་དེ་ལ།  མིག་གི་ཁམས་མེད་པ་ནས།  ཡིད་ཀྱི་ཁམས་ཀྱི་བར་དུ་མེད་དོ།  །མིག་གི་ཁམས་དང༌།  རྣ་བ།  སྣ།  ལྕེ།  ལུས།  ཡིད་ཀྱི་ཁམས་ཏེ་དྲུག་དང༌།  གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཀྱི་ཁམས་ཏེ་དྲུག་དང༌།  མིག་གི་རྣམ་ཤེས།  རྣ་བའི་རྣམ་ཤེས།  སྣའི་རྣམ་ཤེས།  ལྕེའི་རྣམ་ཤེས།  ལུས་ཀྱི་རྣམ་ཤེས།  ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་པའོ།  །
༡༡༽རྟེན་འབྲེལ་ལ་མཁས་པར་བྱ་བ།
བཞི་པ་རྟེན་འབྲེལ་ལ་མཁས་པར་བསླབ་པ་ནི།  སྟོང་པ་ཉིད་ཀྱི་ཡེ་ཤེས་ལ།  མ་རིག་པ་མེད་པ་ནས།  རྒ་ཤིའི་བར་དུ་མེད་དེ།  མ་རིག་པའི་ཡན་ལག་མེད།  དེ་བཞིན་དུ་སྦྱར་ཏེ།  འདུ་བྱེད་ཀྱི་ཡན་ལག་དང༌།  རྣམ་པར་ཤེས་པ་དང༌།  མིང་གཟུགས་དང༌།  སྐྱེ་མཆེད་དང༌།  རེག་པ་དང༌།  ཚོར་བ་དང༌།  སྲེད་པ་དང༌།  ལེན་པ་དང༌།  སྲིད་པ་དང༌།  སྐྱེ་བ་དང༌།  རྒ་ཤིའི་ཡན་ལག་མེད་ཅིང༌།  ལམ་བསྒོམས་པས་མ་རིག་བའི་ཡན་ལག་ཟད་ཅིང༌།  འགོགས་པ་མེད་པ་དང༌།  དེ་བཞིན་དུ་སྦྱར་ཏེ།  འདུ་བྱེད་ཀྱི་ཡན་ལག་འགགས་པ་མེད་པ་དང༌།  རྣམ་ཤེས་ཀྱི་ཡན་ལག་འགགས་པ་དང༌།  མིང་གཟུགས་ཀྱི་ཡན་ལག་འགགས་པ་དང༌།  སྐྱེ་མཆེད་དྲུག་གི་ཡན་ལག་འགགས་པ་དང༌།  རེག་པ་འགགས་པ་དང༌།  ཚོར་བ་འགགས་པ་དང༌།  སྲེད་པ་འགགས་པ་དང༌།  ལེན་པ་འགགས་པ་དང༌།  སྲིད་པ་འགགས་པ་དང་།   སྐྱེ་བ་འགགས་པ་དང༌།  རྒ་ཤིའི་ཡན་ལག་ཟད་ཅིང་འགགས་པའི་བར་དུ་ཡང་མེད་དོ།  །
༡༢༽བདེན་པ་ལ་མཁས་པར་བྱ་བ།
ལྔ་པ་བདེན་པ་ལ་མཁས་པར་བསླབ་པ་ནི།  སྟོང་ཉིད་ཀྱི་སྟེང་ན་ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ་མ་གྲུབ་པ་དེ་བཞིན་དུ།  སྟོང་ཉིད་ཀྱི་ཡེ་ཤེས་ལ།  སྡུག་བསྔལ་བདེན་པ་ཐམས་ཅད་དང༌།  ཀུན་འབྱུང་བདེན་པ་ཐམས་ཅད་དང༌།  འགོགས་བདེན་གསར་ཐོབ་རྣམས་དང༌།  ལམ་བདེན་རྣམས་ངོ་བོས་མེད་དོ།  །དེ་ཡང་སྤང་བླང་གི་གཞི་འགོག་བདེན་ནི་སྟོང་ཉིད་ཡིན་ལ།  བླང་དོར་བྱེད་པའི་བདེན་པ་བཞི་ཅར་འགོག་གོ།
༡༣༽གནས་དང་གནས་མིན་ལ་མཁས་པར་བྱ་བ།
དྲུག་པ་གནས་དང་གནས་མ་ཡིན་པ་ལ་མཁས་པར་བསླབ་པ་ནི།  སྟོང་པ་ཉིད་ཀྱི་ཡེ་ཤེས་ལ།  ལམ་གྱིས་བསྡུས་པའི་ཡེ་ཤེས་མེད་ཅིང༌།  དེས་ངེས་པར་འབྱུང་བ་ཡང་མེད།  དངོས་པོ་རྣམས་ཀྱི་སྒྱུ་འབྲས་ཀྱི་གནས་སྐབས་སོ་སོ་ཐོབ་པར་འགྱུར་བ་ཡང་མེད་ལ།  རྒྱུ་མིན་ལས་འབྲས་བུའི་གནས་སྐབས་མ་ཐོབ་པ་ཡང་མེད་དོ།  །དེ་དག་ཐམས་ཅད་ཀྱི་དོན་གྱི་མདོ་འདི་ལྟར་གཟུང་སྟེ།  འཁོར་བའི་སེམས་ཅན་རྣམས་དང༌།  ལམ་སྒོམ་པ་པོ་ཐམས་ཅད་ལ།  ཆོས་དབྱིངས་དེ་གཟུགས་སོགས་གཞིའི་ཆོས་ཀྱི་འཁྲུལ་པ་དང༌།  ལམ་དང་འབྲས་བུའི་ཆོས་ཀྱི་སྣང་བ་སྣ་ཚོགས་སུ་ཤར་ཞིང༌།  གནས་ལུགས་དེའི་རང་གཟུགས་སུ་མ་མཐོང་ལ།  དེས་ན་གཞི་ལམ་གྱི་སྣང་བ་དེ་དག་ཐམས་ཅད་མེད་བཞིན་དུ་སྣང་བ་ཡིན་པའི་ཕྱིར།  ཐོས་བསམ་གྱི་དུས་སུ་དེ་ལྟར་གཏན་ལ་ཕབ་ནས།  སྒོམ་པས་གཟུགས་ཕུང་ནས་མ་ཐོབ་པའི་བར་གྱི་ཆོས་ཐམས་ཅད་རིག་པའི་ངོ་བོར་རང་སང་དུ་བཏང་སྟེ།  རང་བཞིན་སྟོང་ཉིད་ཀྱི་ཡེ་ཤེས་དེ་ལ་མཉམ་པར་འཇོག་དགོས་པར་བསྟན་ཏོ།  །ངོ་བོ་ཉིད་མེད་གསུམ་དུ་འཆད་པ་དང་འདི་གནད་གཅིག་པས།  གསུམ་དུ་བཤད་པའི་གྲུབ་དོན་ལ་འང་དོན་དམ་དབྱིངས་ཡང་དག་པར་གནས་པ་དེ།  གློ་བུར་ཀུན་རྫོབ་ཀྱིས་སྟོངས་པ་ཙམ་ཁོ་ན་འབྱུང་བའི་ཕྱིར་རོ།  །དེས་ན་ཁ་ཅིག་བཤད་ཚུལ་དེ་གཉིས་འགལ་བར་སེམས་པ་ནི།  མ་གོ་བ་ཡུས་ཆེ་པའི་ཚུལ་ལོ།  །དེ་ལྟར་དྲུག་ལས་ཕུང་ཁམས་སྐྱེ་མཆེད་གསུམ་ལ་བསླབ་པས་ནི།  ཆོས་ཉིད་ཀྱི་མཚན་ཉིད་ལ་མཁས་པར་འགྱུར་ལ།  རྟེན་འབྲེལ་དང་བདེན་བཞི་ལ་བསླབ་པས་བླང་དོར་འཇུག་ལྡོག་ལ་མཁས་ཤིང༌།  གནས་དང་གནས་མ་ཡིན་པ་ལ་བསླབ་པས་རྒྱུ་རྐྱེན་འབྲས་བུ་ལ་མཁས་པར་འགྱུར་བ་ཡིན་ནོ།  །
༡༥༽ དེ་རྟོགས་པའི་ལམ་གྱི་ཕན་ཡོན།
གསུམ་པ་དེ་རྟོགས་པའི་ལམ་གྱི་ཕན་ཡོན་ནི།  དེ་ལྟ་བས་ན།  བྱང་ཆུབ་སེམས་དཔའ་སོགས་སོ།།  ཐོབ་པ་མེད་པའི་ཕྱིར་ཞེས་པ་མཐའི་གསལ་བྱེད་དེ།  གཟུགས་མེད་ཅེས་པ་ཚུན་ཆད་ཐམས་ཅད་ལ་སྙེག་པར་མངོན་ལ།  གཙོ་བོར་ཐོབ་པ་སྨོས་པ་ནི།  གནས་ལུགས་ལ་བསྐྱེད་རྒྱུས་བསྐྱེད་བྱ་འབྲས་བུ་བསྐྱེད་དུ་རུང་བ་དང་མི་རུང་བ་གང་ཡང་མ་གྲུབ་ཅེས་པར་གཞན་རྣམས་ཀྱང་འདུས་པར་དགོངས་སོ།  །དེས་ན་འདི་ལྟར་གཟུགས་ནས་མ་ཐོབ་པའི་བར་གང་ཡང་དངོས་པོའི་གནས་ཚུལ་ལ་མ་གྲུབ་པ་ལྟར།  ཐེག་ཆེན་པ་རྣམས་ཀྱིས་སྒོམ་དགོས་པ་དེ་ལྟ་བས་ན།  བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཉམ་བཞག་ཡེ་ཤེས་ཀྱི་རང་ངོ་ལ།  རྒྱུ་དང་འབྲས་བུའི་དངོས་པོ་བྱ་བྱེད་དང་བཅས་པ་གདོད་ནས་མ་གྲུབ་པའི་ཕྱིར།  འཁྲུལ་ངོར་རང་སེམས་ལ་ཤར་བའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཡང༌།  གཤིས་ལ་གདོད་ནས་མེད་ཅིང༌།  འཁོར་བའི་སྡུག་བསྔལ་དང་ལས་ཉོན་གྱིས་སྐྲག་ཅིང༌།  འཇིགས་པ་ཡང་གཤིས་ལ་ནམ་ཡང་མེད་པས།  མེད་པ་མངོན་སུམ་དུ་རྟོགས་པ་ན།  གཟུང་འཛིན་འཁྲུལ་པ་ཕྱིན་ཅི་ལོག་གི་སྣང་བ་རྣམས་རིམ་པས་སྤངས་པས།  མཐར་འཁྲུལ་པ་ཐམས་ཅད་ལས་ཤིན་ཏུ་འདས་ནས།  མྱ་ངན་ལས་འདས་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་གི་མཐར་ཕྱིན་ཅིང་རེག་པར་འགྱུར་རོ།  །ཕྱིན་ཅི་ལོག་ལས་རིམ་པས་འདས་ཚུལ་ནི།  མོས་སྤྱོད་ཀྱི་ས་དང༌།  འཕགས་པའི་ས་བཅུའི་རིམ་པས།  མཐར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་རོ།  །
༡༦༽ ལམ་དེས་རྟོགས་པའི་འབྲས་བུ་བཤད་པ།
བཞི་པ་ལམ་དེས་ཐོབ་པའི་འབྲས་བུ་མངོན་དུ་འགྱུར་ཚུལ་ནི།  དུས་གསུམ་སོགས་ཏེ།  དུས་གསུམ་དུ་མངོན་པར་བཞུགས་པ་སྟེ་སྔོན་བྱུང་བ་དང༌།  ད་ལྟར་བཞུགས་པ་དང༌།  མ་འོངས་པ་ན་འབྱོན་འགྱུར་གྱི་སངས་རྒྱས་ཐམས་ཅད་ཀྱང༌།  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་མཚན་ཉིད་བརྒྱད་དང་ལྡན་པ་འདི་ཉིད་ལ་བརྟེན་ནས།  མཁས་པའི་ཚུལ་དྲུག་གིས་བསྒོམས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་ཟིན་པ་དང༌།  སངས་རྒྱས་བར་འགྱུར་རོ།  །དེ་དག་ཐམས་ཅད་ཀྱི་དངོས་བསྟན་ལ་ཆོས་ཀྱི་བདག་མེད་ཁོ་ན་གསུངས་ཏེ།  གང་ཟག་གི་བདག་མེད་ནི་དེའི་ཤུགས་ལ་འབྱུང་པར་དགོངས་སོ།  །འོན་ཀྱང་གང་ཟག་གི་བདག་མེད་བྱང་ཆུབ་སེམས་དཔས་མི་སྒོམ་པ་ལྟར་གསུངས་པ་ནི།  དགག་གཞི་ཕུང་པོ་ཡོད་པར་བྱས་ནས།  དེའི་སྟེང་དུ་ང་བདག་མེད་པར་སྒོམ་པའི་གང་ཟག་གི་བདག་མེད་སྒོམ་ཚུལ་དེ་འདྲ་མི་བྱེད་ཅེས་པའི་དོན་ཡིན་གྱི།  སྤྲོས་བྲལ་གྱི་རྣམ་པ་ཅན་གྱི་གང་ཟག་གི་བདག་མེད་ནི་རྒྱལ་སྲས་རྣམས་ཀྱིས་བསྒོམ་བྱ་ཁོ་ནའོ།  །གནས་ཚུལ་ལ་ང་བདག་གང་ཡང་མ་གྲུབ་པ་ནི།  གང་ཟག་གི་བདག་མེད་ཡིན་ལ།  གནས་ཚུལ་ལ་སྣང་གྲགས་ཀྱི་ཤེས་བྱ་གང་ཡང་ཡོད་མ་མྱོང་བ་ནི་ཆོས་ཀྱི་བདག་མེད་ཡིན་པས།  སྔ་མ་ཕྱི་མའི་ནང་དུ་འདུས་པའི་ཕྱིར།  ཆོས་ཀྱི་བདག་མེད་བསྒོམས་པས་གང་ཟག་གི་བདག་མེད་སྒོམ་པར་ཤུགས་ལ་འགྲུབ་པོ།  །
༡༧༽ ཕན་ཡོན་དང་བཅས་པའི་གཟུངས་སྔགས་བསྟན་པ།
ལྔ་པ་ཕན་ཡོན་དང་བཅས་པའི་གཟུངས་སྔགས་བསྟན་པ་ནི།  དེ་ལྟ་བས་ན་ཤེས་རབ་ཀྱི་སོགས་ཏེ།  མངོན་པར་རྫོགས་པར་སངས་རྒྱས་པ་དེ་ལྟ་པས་ན།  རང་བཞིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་སྣང་ཆ་ལ།  རིག་སྔགས་བྱུང་སྟེ།  །ཆོས་སྐུའི་རྒྱུ་མཐུན་པའོ།  །སྔགས་དེའི་ཆེ་བ་ནི།  འདོད་པའི་དོན་དང་ལས་ཐམས་ཅད་འགྲུབ་པར་བྱེད་པའི་ཕྱིར།  རིག་པ་ཆེན་པོའི་གསང་སྔགས་ཡིན་ལ།  སྔགས་ཀྱི་ངོ་བོ་འཇིག་རྟེན་ཐམས་ཅད་ལས་འདས་ཤིང༌།  ཐེག་པ་དམན་པ་ཟིལ་གྱིས་གནོན་པས།  བླ་ན་མེད་པའི་ཡེ་ཤེས་ཉིད་རིག་སྔགས་ཀྱི་རྣམ་པར་ཤར་བ་དང༌།  འདི་ཡིས་འདོད་པའི་ལས་གཞན་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས།  རང་དོན་དུ་མི་མཉམ་པ་དང་མཉམ་པ་སྟེ།  སྲིད་ཞི་གཉིས་ལ་འགྲན་ཟླ་དང་བྲལ་བའི་སངས་རྒྱས་ཀྱང་ཐོབ་པར་བྱེད་པའི་སྔགས་སོ།  །གཞན་དོན་དུ་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས་ཀྱང་ཡིན་ནོ།  །ཆོས་ཀྱི་སྐུ་བསླུ་བ་མེད་པའི་ཕྱིར་རྫུན་པ་མ་ཡིན་ཞིང༌།  རང་གི་ངོ་བོ་མི་འགྱུར་ཞིང་རྟག་པས་ན་བདེན་པར་གྲུབ་པ་སྟེ།  སྔགས་འདི་ཡང་ཆོས་སྐུ་དེ་དང་ངོ་བོ་གཅིག་པའི་ཕྱིར།  མི་བསླུ་ཞིང་མི་རྫུན་པས་ན།  བདེན་པར་ཤེས་པར་བྱ་སྟེ།  ཞེས་པའི་དོན་ཡིན་ལ།  འདི་གཞན་སྟོང་དབུ་མ་ཆེན་པོ་གསལ་བར་སྟོན་པའི་ཚིག་ལྔ་པ་ཡིན་ནོ༎   ཤེར་ཕྱིན་གྱི་སྔགས་དངོས་ནི།  སངས་རྒྱས་ཀྱི་ཐུགས་རྒྱུད་ལ་བཞུགས་པ་དེ་ཡིན་པས་ཆོས་སྐུ་དངོས་དང་བདེན་གྲུབ་དངོས་ཡིན་ཞིང༌།  སློབ་པ་རྣམས་དང་སོ་སོ་སྐྱེ་བོ་རྣམས་ཀྱི་ངག་དང་ཡིད་ངོར་སྣང་པ་དེ་ནི།  དེ་འདྲ་དངོས་མ་ཡིན་ཀྱང༌།  དེ་ཐོབ་བྱེད་ཀྱི་རྒྱུ་ཡིན་པས་འབྲས་བུ་ཐོབ་པ་ལ་མི་བསླུ་བའི་བདེན་པ་ནི་ཡིན་ནོ།  །འོན་ཀྱང་རྒྱལ་བས་གསུངས་པའི་སྔགས་འདི་ལྟ་བུ་དག་སོ་སོ་སྐྱེ་བོ་ལམ་མ་ཞུགས་ཀྱི་བློ་ལ་ཤར་བ་ཚུན་ཆད་ཀྱང༌།  ཡོངས་གྲུབ་ཏུ་གཏོགས་ཤིང་ཟག་མེད་ཡིན་པར་གསུངས་སོ།  །ཕན་ཡོན་དེ་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་འཕགས་པ་འཇིག་རྟེན་དབང་པོས་སྨྲས་ཤིང་བཤད་པ་ནི།  ཏདྱ་ཐཱ།  ཅེས་པ་ནི་འདི་ལྟ་སྟེ།  ག་ཏེ་ནི་གཤེགས་ཤིང་རྟོགས་པ།  ལན་གཉིས་འབྱུང་པ་ནི་ཀུན་རྫོབ་རྟོགས་པ་དང།  དོན་དམ་རྟོགས་པའོ།  །པ་ར་ནི་མཆོག་སྟེ་གནས་ལུགས།  ག་ཏེ་རྟོགས་པ།  ཡང་པ་ར་མཆོག   སམ་ནི་ཡང་དག་པ།  ག་ཏེ་རྟོགས་པ།  བོ་དྷི་ནི་བྱང་ཆུབ་སྟེ་བདེན་པ་གཉིས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཡེ་ཤེས།  བྱང་ཆུབ་སྟེ་ཆོས་དབྱིངས་དང་རོ་ཅིག་པར་གྱུར་པ་ཞེས་པའོ།  །སྭཱཧཱ་ནི་གཞི་ཚུགས་ཤིག་པ་སྟེ།  སྔགས་ཀྱི་མཐའ་འགྲུབ་པར་བྱེད་པའོ།  །
༡༨༽ དོན་བསྡུའི་ཚུལ་དུ་ཤེར་ཕྱིན་ལ་སློབ་པར་གདམས་པ།
དྲུག་པ་དོན་བསྡུའི་ཚུལ་དུ་ཤེར་ཕྱིན་ལ་སློབ་པར་གདམས་པ་ནི།  ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སོགས་ཏེ།  ཤཱ་རིའི་བུ་ཅེས་བོས་ནས།  བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་མཁས་ཚུལ་དྲུག་ལ་སོགས་པ་དེ་ལྟ་བུའི་སྒོ་ནས།  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་མཚན་ཉིད་བརྒྱད་ལྡན་ལ་བསླབ་པར་བྱའོ།  །

༼༡༩༽ མཐུན་འགྱུར་གྱི་སྒོ་ནས་ཐེ་ཚོམ་བསལ་བ།

གཉིས་པ་མཐུན་འགྱུར་གྱི་སྒོ་ནས་ཐེ་ཚོམ་བསལ་བ་ནི།  དེ་ནས་བཅོམ་ལྡན་འདས་སོགས་ཏེ།  དེ་ལྟར་བཤད་པའི་རྗེས་དེ་ནས།  བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལས་བཞེངས་པའི་ཚུལ་བསྟན་ཏེ།  བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས།  ཅེས་མདོར་བསྟན་ལ།  ཇི་སྐད་དུ།  ངོ་མཚར་བ་དང་རྩོད་པ་དང༌།  །ཁྲོ་དང་ཞུམ་དང་ངེས་བཟུང་དང༌།  །དགའ་དང་དད་པ་དག་ལས་ནི།  །ཚིག་གཅིག་ལན་གཉིས་འབྱུང་བ་ཡིན།  །ཞེས་པ་ལྟར།  རབ་ཏུ་དགྱེས་པས་ལེགས་སོ་ལེགས་སོ་རིགས་ཀྱི་བུ་ཞེས་སྤྱན་གཟིགས་ལ་བོས་ནས།  ཁྱོད་ཀྱིས་བཤད་པ་དེ་ནི་མ་ནོར་པ་དེ་ཁོ་ན་བཞིན་ནོ།  །དེ་ནི་དེ་ཁོ་ན་བཞིན་ཡིན་ཏེ།   དེའི་རྒྱུ་མཚན་གྱིས་ཇི་ལྟར་སྤྱན་རས་གཟིགས་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ།  ཤཱ་རིའི་བུ་ལ་སོགས་པ་དེར་འདུས་ཀྱི་འཁོར་ཁྱེད་རྣམས་ཀྱིས་ཀྱང༌།  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་མཁས་ཚུལ་དྲུག་ལ་སོགས་པའི་སྒོ་ནས།  སྤྱོད་ཚུལ་དེ་ལྟར་སྤྱད་པར་བྱ་དགོས་ཏེ།  སྤྱན་རས་གཟིགས་ཀྱིས་བཤད་པ་འདི་དང༌།  འཁོར་གཞན་རྣམས་ཀྱིས་དེ་དང་མཐུན་པར་སྒྲུབ་པ་འདི་ལ།  ད་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བདག་གིས་ཡི་རང་མཛད་པར་མ་ཟད།  ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱིས་ཀྱང་རྗེས་སུ་ཡི་རང་བར་མཛད་དོ།  །ཅེས་སྟོན་པ་ཤཱཀྱ་སེང་གེས་དཔལ་གྱི་མགུར་ལས་གསུངས་སོ།  །

༢༠༽རྩ་བའི་གསུམ་པ།  ཡི་རང་མངོན་པར་བསྟོད་པ།

རྩ་བའི་གསུམ་པ་ཡི་རང་མངོན་པར་བསྟོད་པ་ནི།  བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་སོགས་ཏེ།  འཁོར་རྣམས་སྔར་སྤྱན་རས་གཟིགས་ཀྱིས་བསྟན་པ་འདི་ལས་ལྷག་པའི་ཤེར་ཕྱིན་གྱི་དོན་ཞིག་ཀྱང་ཡོད་དམ་སྙམ་དུ་ཐེ་ཚོམ་དང་བཅས་པ་ལས།  བཅོམ་ལྡན་འདས་ཀྱི་ཞལ་སྔ་ནས་ཕྱོགས་བཅུའི་སངས་རྒྱས་ཀུན་གྱིས་བསྟན་ཀྱང་ཤེར་ཕྱིན་གྱི་དོན་དེ་ཁོ་ན་བཞིན་ཡིན་ཏེ་གཞན་དུ་མ་ཡིན་ནོ་ཞེས་བཀའ་སྩལ་པ་དང༌།  དྲི་བ་བྱེད་པ་ཤཱ་རིའི་བུ་དང༌།  ལན་ལྡོན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌།  ཐམས་ཅད་དང་ལྡན་པ་ནི་ཐམས་ཅད་ཡོད་པ་སྟེ།  ཡུལ་ཐ་དད་པ་དང༌། རིགས་ཐ་དད་པ་དང༌།  འགྲོ་བ་ཐ་དད་པ་དང༌།  གཟུགས་ཐ་དད་པ་དང༌།  ལོངས་སྤྱོད་ཐ་དད་པ་དང༌།  སྐད་རིགས་ཐ་དད་པ་ལ་སོགས་པ་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རང་ཞེས་པའོ།  །ཐམས་ཅད་དང་ལྡན་པའི་འཁོར་དེའི་གཙོ་དང༌།  ཕལ་བའི་ཁྱད་པར་སྨོས་ན།  ནམ་མཁའ་ལ་སྤྱོད་པའི་ལྷ་དང༌།  ས་སྟེང་ན་སྤྱོད་པའི་མི་དང༌།  ས་འོག་ན་སྤྱོད་པའི་ལྷ་མ་ཡིན་དང༌།  གནས་གསུམ་ན་སྤྱོད་པའི་དྲི་ཟ་སྟེ།  གཙོ་ཆེ་བ་བཞི་པོ་དེ་དག་སྨོས་པའི་འཇིག་རྟེན་ཕལ་པའི་འཁོར་དཔག་ཏུ་མེད་པ་རྣམས་དགའ་ཞིང་མགུ་ལ་ཡི་རང་སྟེ།  སྤྱན་རས་གཟིགས་ཀྱིས་བཤད་པ་དང༌།  མཐུན་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ལ།  ཡིད་བརྟོན་ཅིང་མངོན་པར་བསྟོད་དེ།  ཆེད་ཆེར་འཛིན་པ་དང་ངེས་བཟུང་དུ་བྱེད་དོ།  །དེ་ལ་དེ་བཞིན་གཤེགས་པས་མཐུན་འགྱུར་དེ་བཞིན་མ་གསུངས་ན་ནི།  འཁོར་རྣམས་ཀྱང་ཡིད་མ་ཆེས་པས་དགའ་ཞིང་ཚིམ་པར་མི་འགྱུར་ལ།  གདུལ་བྱ་གཞན་སྣང་དང་བསྟུན་ནས་ཤཱ་རིའི་བུ་ཡང་བདག་གི་དྲི་བ་སྐབས་སུ་མ་བབ་བམ་སྙམ་པ་དང༌།  སྤྱན་རས་གཟིགས་ཀྱང་བདག་གིས་ལན་ལེགས་པར་མ་སྟོན་པ་ཡང་སྲིད་སྙམ་དུ་ཞུམ་ཞིང་དོགས་པ་དང་བཅས་པར་འགྱུར་ན།  སྟོན་པས་ལེགས་སོའི་མཐུན་འགྱུར་བཀའ་སྩལ་པས།  ཤཱ་རིའི་བུ་ཡང༌།  རང་ཉིད་ཀྱི་དྲི་བ་ལེགས་པས་དགའ་བ་དང༌།  འཕགས་པ་སྤྱན་རས་གཟིགས་ཀྱང་རང་གི་དྲིའི་ལན་ལེགས་པོ་བྱུང་བར་ཤེས་ཏེ་མཆོག་ཏུ་དགྱེས་པ་དང༌།  འཁོར་གཞན་རྣམས་ཀྱང་ཡིད་ཆེས་ཤིང་ཐེ་ཚོམ་ཆོད་པས་མགུ་ཞིང་ཚིམ་པ་ཐོབ་པ་ཡིན་ནོ།  །ཡང་འདིར་མདོ་སྡེ་ཟབ་མོ་འདི་ནི་འཁོར་ལོ་བར་པའི་མདོར་གཏོགས་པ་ཡིན་ན།  གཞན་སྟོང་གི་དབུ་མ་སྟོན་པར་མི་རིགས་སོ།  །ཅེས་དང༌།  དེ་སྟོན་ན་བར་ཐ་གཉིས་ལ་ཟབ་མི་ཟབ་མེད་པར་འགྱུར་རོ།  །ཞེས་སྨྲ་བ་བྱེད་པ་དག་བྱུང་ན་འདི་སྐད་ཅེས་བརྗོད་དེ།  འཁོར་ལོ་གསུམ་ཅར་གྱི་དགོངས་པ་ཡང་གཞན་སྟོང་གི་དབུ་མ་ཡིན་ཅིང༌།  དང་པོ་དང་བར་པ་ནས་ཀྱང་སྒྲས་ཟིན་ལ་གསལ་བར་སྟོན་པའི་ཚིག་ཅི་རིགས་པ་ནི་ཡོད་དོ།  །དོན་དམ་རྣམ་པར་ངེས་པའི་འཁོར་ལོ་ལས་ནི།  འཁོར་ལོ་དང་བར་གཉིས་ཀ་ལས་ཆེས་གསལ་ཞིང་རྒྱས་པ་མ་སྦས་ཤིང་མངོན་དུ་ཕྱུང་བའམ།  འབྱམས་ཀླས་པར་གསུངས་པ་དང༌།  འཁོར་ལོ་གསུམ་ལ་མཆོག་དམན་གྱི་ཁྱད་པར་ཡང་འབྱུང་ཞིང༌།  དགོངས་པ་གཅིག་པ་ཡང་ཡིན་པས་སྐྱོན་དེ་གཉིས་མེད་དོ།  །དེ་བས་ན་མདོ་འདིའི་དངོས་བསྟན་ལ།  གཞན་སྟོང་ཐུན་མོངས་པ་ནི་གསལ་བར་སྟོན་ཞིང༌།  ཐུན་མོངས་མ་ཡིན་པ་བདེ་བར་གཤེགས་པའི་སྙིང་པོའི་དོན།  རྟག་བརྟན་གཡུང་དྲུང་རྣམ་པ་ཐམས་ཅད་པ་དེ་སྦས་དོན་གྱི་ཚུལ་གྱིས་འཆད་པ་ཡིན་ནོ།།  ༎
༢༡༽ཐ་མར་དགེ་བ་མཇུག

མཛད་བྱང་།

ཤེར་ཕྱིན་སྙིང་པོའི་མདོའི་ཚིག་འགྲེལ་རྨད་དུ་བྱུང་པ་འདི་ཡང༌།  རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ།།    དགེའོ༎