Tuesday, 2 October 2018

བླ་མ་དང་ཡི་དམ་དབྱེར་མེད་དུ་སྒྲུབ་ཚུལ་ཤིན་ཏུ་ཟབ་པ།

 
༄༅། །བླ་མ་དང་ཡི་དམ་དབྱེར་མེད་དུ་སྒྲུབ་ཚུལ་ཤིན་ཏུ་ཟབ་པ་བཞུགས་སོ། །

༄༅༅། །རྗེ་བཙུན་འཇམ་དབྱངས་གསུང་གི་མདོ་རྒྱུད་ཀྱི། །
ལེགས་བཤད་དཔལ་ལྡན་ཁྱོད་ལ་མངོན་སུམ་དུ། །
རྟག་ཏུ་འདོམས་པ་སྦས་དོན་རྒྱ་མཚོ་ཡི། །
དེ་ཉིད་རྟོགས་ནས་སྒྲུབ་པ་ལྷུར་མཛད་པ། །
རྗེ་བཙུན་བླ་མའི་ཞབས་ལ་གུས་བཏུད་ནས། །
དེ་ཡིས་དགྱེས་བཞིན་སྩལ་བའི་བདུད་རྩིའི་རྒྱུན། །
མ་གོད་དད་པའི་སྙིམ་པས་ལེགས་བཟུང་ནས། །
བློ་ཡི་བུམ་པར་བཞག་ཕྱིར་བརྗེད་བྱང་བྲི། །


འདིར་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་བླ་མ་དང་ཡི་དམ་དབྱེར་མེད་དུ་བྱས་ནས་རྒྱུན་དུ་གསོལ་བ་ཇི་ལྟར་འདེབས་པའི་ཚུལ་དང་། དེ་ཉིད་དང་འབྲེལ་བའི་ཏིང་ངེ་འཛིན་གྱི་དབང་བཞི་རྒྱུན་དུ་བླང་བའི་མན་ངག་ཐུན་མོང་མིན་པ། རྗེ་བཙུན་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོས་ཕྱག་ལེན་ཇི་ལྟར་མཛད་ཀྱི་ཞལ་ཤེས་ནི་འདི་ལྟར་ཡིན་ཞེས་གསུངས་ཏེ། 

དེ་ལ་ཐོག་མར་བླ་མའི་རྣལ་འབྱོར་སྒོམ་ཚུལ་ནི།
 སྔོན་དུ་རང་འཇམ་དབྱངས་སམ་ཡི་དམ་གང་རུང་དུ་བསྒོམ་པའི་སྙིང་གི་ནང་དུ། རྟེན་བརྟན་པའི་གཞལ་ཡས་ཁང་བསྐྱེད་པ་ནི། རང་གི་སྙིང་སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་པ་ཁ་གྱེན་དུ་བསྟན་པའི་ནང་དུ། བྷཱུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། རྩིག་པ་རིམ་པ་ལྔ་དང་ལྡན་པ་རྒྱན་དུ་མས་སྤྲས་པའི་གཞལ་ཡས་ཁང་ཆེན་པོའི་ཕྱི་རོལ་ཏུ། དུར་ཁྲོད་བརྒྱད། ཕྱོགས་སྐྱོང་བརྒྱད། ཤིང་བརྒྱད། ཞིང་སྐྱོང་བརྒྱད་(རྒྱས་པ་བྱེད་ན་གཞལ་ཡས་ཁང་བསྐྱེད་ཚུལ་འཇིགས་བྱེད་དཔའ་གཅིག་བཞིན་བྱེད་གསུང་བ་རྗེའི་གསུང་ཡིན་ནོ། །) ལ་སོགས་པ་ཐམས་ཅད་ཀྱིས་བསྐོར་བའི་དབུས་སུ། སེང་གེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ། པདྨ་དང་ཉི་མའི་གདན་ལ་དྷཱིཿཧྲཱི་དམར་པོ་འོད་དུ་ཞུ་བ། ལས། རྗེ་བཙུན་འཇམ་དབྱངས་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དབྱངས་ཅན་མ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀ་རུས་པ་དང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་ཅིང་། ཡབ་རྡོ་རྗེའི་སྐྱིལ་ཀྲུང་དང་། ཡུམ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ། ཡབ་ཡུམ་གཉིས་ཀྱི་དཔྲལ་བར་ཨོཾ་དཀར་པོ། །མགྲིན་པར་ཨཱཿ་དམར་པོ། །ཐུགས་ཀར་ཧཱུཾ་སྔོན་པོ། དེ་ལས་འོད་འཕྲོས། ཕྱོགས་བཅུ་ན་བཞུགས་པའི་རྩ་བའི་བླ་མ། བཀའ་བརྒྱུད་ཀྱི་བླ་མ་སྒྲུབ་བརྒྱུད་ཀྱི་བླ་མ། བཤད་བརྒྱུད་ཀྱི་བླ་མ། མན་ངག་བརྒྱུད་ཀྱི་བླ་མ། དབང་བསྐུར་བའི་བླ་མ། ཡི་དམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་དཔའ་མོ། །མཁའ་འགྲོ་དང་མཁའ་འགྲོ་མ། ཆོས་སྐྱོང་བསྲུང་མའི་ཚོགས་དང་བཅས་པ། མདུན་གྱི་ནམ་མཁར་སྤྱན་དྲངས་ལ། ཨོཾ་གུ་རུ་ཨཱ་རྱ་མ་ཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཏཱ། ཞེས་སོགས་ཆུ་གཉིས་དང་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་ལ། ཇི་ལྟར་མགོན་པོ་ཁྱོད་ཀྱིས་ནི། །སྔོན་ཚེ་འགྲོ་ལ་དབང་བསྐུར་ལྟར། དེ་བཞིན་ཐུགས་རྗེས་བདག་ལ་ཡང་། །དབང་བསྐུར་དམ་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་བུམ་པའི་ཆུས་བླ་མ་ཡབ་ཡུམ་གྱི་སྤྱི་བོ་ནས་དབང་བསྐུར་ཞིང་། ཇི་ལྟར་སྔོན་ཚེ་འགྲོ་རྣམས་ལ། །དབང་བསྐུར་དམ་པ་མཛད་ཇི་བཞིན། །དེ་རིང་ཡེ་ཤེས་བདུད་རྩིའི་ཆུས། །བུ་ཁྱོད་ལ་ནི་དབང་བསྐུར་རོ། །ཨོཾ་ཨཱ་རྱམ་ཉྫུ་ཤྲཱི་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་། དབང་བསྐུར་བས་ཆུ་རྒྱུན་དེས་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །དབང་བཞི་ཐོབ། ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ལས། རྡོ་རྗེ་རྩ་ལྔ་པ་རེ་རེས་དབུ་བརྒྱན་པར་གྱུར་པར་བསམ། སླར་ཡང་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བཀའ་བརྒྱུད་བླ་མའི་ཚོགས་རྣམས་སྤྱན་དྲངས་ཏེ་བླ་མ་ཡབ་ཡུམ་གྱི་སྤྱི་བོར་ཐིམ། ཡང་འོད་ཟེར་གྱིས་ཡི་དམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་དཔའ་མོ་མཁའ་འགྲོ་དང་མཁའ་འགྲོ་མ་ཐམས་ཅད་སྤྱན་དྲངས་ཏེ་བླ་མ་ཡབ་ཡུམ་གྱི་སྐུ་སྟོང་ལ་ཐིམ། ཡང་འོད་ཟེར་གྱིས་ཆོས་སྐྱོང་བསྲུང་མའི་ཚོགས་རྣམས་སྤྱན་དྲངས་ཏེ་སྐུ་སྨད་ལ་ཐིམ། ཡང་འོད་ཟེར་གྱིས་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། ཨཱ་ལི་དང་ཀཱ་ལི་བུམ་པ་དང་། ཐོད་པ་བདུད་རྩིས་བཀང་བ། ནོར་བུ་དང་རྒྱལ་མཚན་རལ་གྲི་དང་གྲི་གུག་ལ་སོགས་པ་ཕྱག་མཚན་གྱི་རྣམ་པར་བཀུག་ནས་བླ་མ་ཡབ་ཡུམ་གྱི་ལུས་ཀུན་ལ་ཐིམ་པར་གྱུར། ཅེས་བརྗོད་ལ།  
 
དག་པ་དྲན་པ་ནི། 
དེ་རྣམས་དང་གཉིས་སུ་མེད་པའི་བླ་མ་ཡབ་ཡུམ་གྱི་ཉོན་མོངས་བ་ལྔ་ཡེ་ཤེས་ལྔ་མི་དགེ་བ་བཅུ་དགེ་བ་བཅུ་ཁམས་བཅོ་བརྒྱད་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཕུང་པོ་ལྔ་སྐུ་ལྔ་འབྱུང་བ་བཞི་ཡུམ་བཞི་ཕྱག་སོར་བཅུ་ཁྲོ་བོ་བཅུ་ཞབས་སོར་བཅུ་ཁྲོ་མོ་བཅུ། སྒལ་ཚིགས་རྣམས་ལ་སེམས་དཔའ་བཅུ་དྲུག་དང་སེམས་མ་བཅུ་དྲུག །ཡན་ལག་བཞི་སྒོམ་བཞི། ཚིགས་ཆེན་བཅུ་གཉིས་ལ་མཆོད་པའི་ལྷ་མོ་བཅུ་གཉིས་མཆོད་རྫས་དུ་མ་ཐོགས་ནས། བླ་མ་འཁོར་བཅས་ལ་མཆོད་པ་སྤྱི་བོ་རྣམ་པར་སྣང་མཛད་མགྲིན་པ་འོད་དཔག་མེད་ཐུགས་ཀ་མི་བསྐྱོད་པ། མིག་སའི་སྙིང་པོ། །རྣ་བ་ཕྱག་ན་རྡོ་རྗེ། སྣ་ནམ་མཁའི་སྙིང་པོ། །ལྕེ་འཇིག་རྟེན་དབང་ཕྱུག །ལུས་སྒྲིབ་པ་རྣམ་སེལ། ཡིད་ཀུན་ཏུ་བཟང་པོ། །ཨཱ་ལི་ལུགས་འབྱུང་དང་ལུགས་ལྡོག །སུམ་ཅུ་རྩ་གཉིས་མཚན་སོ་གཉིས། ཀཱ་ལི་ལུགས་འབྱུང་དང་ལུགས་ལྡོག་བརྒྱད་ཅུ་དཔེ་བྱད་བརྒྱད་ཅུའི་རང་བཞིན་དུ་གྱུར། ཅེས་བརྗོད་ཅིང་དོན་ཡིད་ལ་བསམ་མོ། །

དེ་ནས་མཆོད་པ་འབུལ་བ་ནི་ཅི་འབྱོར་པའི་མཆོད་པ་དངོས་སུ་བཤམས་པའམ་ཡིད་ཀྱིས་སྤྲུལ་ཏེ་བྱིན་གྱིས་བརླབ་པ་ནི། ཧྲཱིཿཥྚཱིཿའི་ཡི་དམ་གང་ཡིན་གྱི་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྟོང་པར་སྦྱངས་ལ་སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པའི་ནང་དུ་ཧཱུཾ་ལས་བྱུང་བའི་མཆོད་རྫས་རྣམས་རང་བཞིན་སྟོང་པ་རྣམ་པ་མཆོད་རྫས་བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྟེར་བར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུཾ། ཨགྷཾཾ་གྱི་གནས་སུ་པཱ་དྱཾ་དང་པུ་ཥྤེ་ནས་ཤ་པྟའི་བར་དང་། རཱུ་པ་ནས་སྤ་ཪྴིའི་བར་སྦྱར་བ་བརྗོད་ལ་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབས་ཏེ། ཨོཾ་གུ་རུ་ཨཱརྱ་མ་ཉྫུ་ཤཱི་སརྦ་བུ་ངྔྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨ་རྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ་དང་བཅས་པས་མཆོད་ལ། ནང་མཆོད་བྱིན་རླབས་བྱས་ཏེ་འབུལ་བ་ནི། ནང་མཆོད་ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས་ཏེ་ཡཾ་ལས་རླུང་རཾ་ལས་མེ་ཨཱཿལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤ་ལྔ་བདུད་རྩི་ལྔ་ཡི་གེ་གསུམ་དང་བཅས་པར་གྱུར། རང་གི་ཐུགས་ཀ་ནས་འོད་འཕྲོས་པས་རླུང་གཡོས་མེ་སྦར་ཏེ། ཐོད་པའི་ནང་གི་རྫས་རྣམས་ཞུ་བ་ལས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ་ཧཱུཾ་ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ཏེ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོ་རྩ་བའི་དཔལ་ལྡན་བླ་མ་དམ་པའི་ཞལ་དུ་ཨོཾ་ཨཱཿཧཱུཾ། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་རྡོ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྒྱལ་སྲས་དཔའ་བོ་རྡོ་རྗེའི་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཨོཾ་གུ་རུ་ཨཱ་རྱ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུཾ། ཞེས་པས་དབུལ་ཞིང་དེ་ནས་ཕྱོགས་སྐྱོང་ལ་སོགས་པ་ལའང་འབུལ་བ་སྤྱི་ལྟར་བྱས་ཏེ་བསྟོད་པ་བྱ་བ་ནི། གཞོན་ནུའི་སྐུ་ལུས་འཆང་བའོ། །ཞེས་སོགས་ཚིགས་བཅད་གཅིག་གམ། ཡང་ན་འདུད་ཉི་ཤུས་བསྟོད་པའོ། །གཞན་ཡང་བསྟོད་པ་རྒྱས་བསྡུས་གང་རུང་གིས་བསྟོད། 
དེ་ནས་མཎྜལ་རྒྱས་བསྡུས་གང་འགྲུབ་ཕུལ་ཏེ། རང་གི་ལུས་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་ཐམས་ཅད་ལྟོས་མེད་དུ་ཕུལ་བར་དམིགས་ནས་འདུན་པ་ཤུགས་དྲག་པོས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་ནི། བླ་མ་ཀུན་འདུས་ཀྱི་ངོ་བོ་དཔལ་ལྡན་བླ་མ་ལ་གསོལ་བ་འདེབས་སོ། །ཡི་དམ་ཀུན་འདུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཀུན་འདུས་དཔའ་བོ་དང་དཔའ་མོ། །ཀུན་འདུས་མཁའ་འགྲོ་དང་ཆོས་སྐྱོང་། ཀུན་འདུས་ཀྱི་ངོ་བོ་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ལེགས་ཚོགས་ཀུན་འདུས་ཀྱི་ངོ་བོ། ས་དང་ལམ་གྱི་བདག་ཉིད། འབྲས་བུ་སྐུ་བཞིའི་བདག་ཉིད། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཟབ་མོའི་དོན་རྟོགས། ཐར་པ་ཆེན་པོའི་གྲོང་ཁྱེར། མཐོ་རིས་ཀྱི་ཐེམ་སྐས་ཐབས་དང་ཤེས་རབ་ཀྱི་བདག་ཉིད། སྲིད་ཞིའི་རྒུད་པ་ཀུན་སེལ་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་དཔལ་ལྡན་བླ་མ་ལ་གསོལ་བ་འདེབས་སོ། །ཞེས་སོགས་ཀྱིས་གསོལ་བ་ལན་མང་དུ་བཏབ་ལ། བླ་མ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་བདག་གི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མངོན་སུམ་དུ་མཛད་ནས། ཚེ་རབས་ཐམས་ཅད་དུ་རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་མ་ལུས་པ་རྒྱལ་བའི་དགོངས་པ་ཇི་ལྟ་བ་བཞིན་དུ་འཛིན་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་སོགས་སྨོན་ལམ་གང་འགྲུབ་བཏབ་པའི་མཐར། གང་ཚེ་བལྟ་བར་འདོད་པའམ། ཞེས་གསུངས་པའི་སྨོན་ལམ་བརྗོད། ཐོག་མར་དེ་ལྟར་བསྒོམས་ཏེ་གསོལ་བ་བཏབ་པ་དེ་ནས་བཟུང་སྟེ། བླ་མ་ཡབ་ཡུམ་གཞལ་ཡས་ཁང་དང་བཅས་པ་གཤེགས་གསོལ་མི་བྱེད་པར། དུས་དང་རྣམ་པ་ཐམས་ཅད་དུ་ཡང་ཡང་གསལ་བཏབ་ཀྱིན། སྐད་ཅིག་ཀྱང་འབྲལ་མེད་དུ་སྙིང་ནང་དུ་བཞུགས་པར་སྒོམ་པ་གལ་ཆེའོ། །དེ་ཕྱིན་ཆད་བླ་མའི་རྣལ་འབྱོར་སྒོམ་ཚུལ་ནི། མདུན་གྱི་ནམ་མཁར་སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་པའི་སྟེང་དུ། ཞེས་པ་ནས་གེགས་མེད་པར་ཡང་མཐོང་བར་ཤོག །ཅེས་པའི་བར་མདུན་དུ་བླ་མ་ཡབ་ཡུམ་བསྒོམས་ཏེ་མཆོད་བསྟོང་གསོལ་བ་བཏབ་པ་རྣམས་སྔར་བཞིན་བྱས་པའི་མཐར་རང་གི་ཐུགས་ཀའི་འོད་ཟེར་གྱིས་སྤྱན་དྲངས་ཏེ་མདུན་གྱི་བླ་མ་ཡབ་ཡུམ་གཞལ་ཡས་ཁང་དང་བཅས་པ་རང་གི་སྙིང་ནང་གི་བླ་མ་ཡབ་ཡུམ་གཞལ་ཡས་ཁང་དང་བཅས་པ་ལ་ཐིམ་པས་མཐུ་སྟོབས་དང་གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར་པར་བསམ་མོ། །དེ་ཡང་རྣམ་པ་རྗེ་བཙུན་ཡབ་ཡུམ་དུ་སྒོམ་ཡང་ངོ་བོ་རྩ་བའི་བླ་མ་རང་དུ་སྒོམས་ནས་རབ་ཐུན་དྲུག་འབྲིང་ཐུན་བཞི་ཐ་མའང་ཉིན་ཞག་རེ་ལ་ལན་རེ་མ་ཆག་པ་བསྒོམ་ཞིང་གསོལ་བ་འདེབས་པ་ཡིན་ཏེ། དེ་ལྟར་བྱས་པའི་ཕན་ཡོན་ནི་ཤིན་ཏུ་གནད་ཆེ་བ་མང་དུ་ཡོད་དོ། །དེ་ལྟར་སྔོན་དུ་བླ་མའི་རྣལ་འབྱོར་སྒོམ་ཚུལ་བསྟན་པ་དེ་དང་སྦྲེལ་ཏེ་ཏིང་ངེ་འཛིན་གྱི་དབང་བཞི་ལེན་པའི་གདམས་པ་ཁྱད་པར་ཅན་ནི། (རྗེ་རིན་པོ་ཆེ་བདག་བསྐྱེད་གཙོ་བོར་གསང་སྒྲུབ་ལ་མཛད། རྡོ་རྗེ་འཇིགས་བྱེད་ལའང་མང་དུ་མཛད། དེས་ན་གསང་འདུས་དང་བདེ་མཆོག་ལ་བྱས་ཀྱང་ཆོག །བདག་གིས་ནི་ནང་སྒྲུབ་ལ་གཙོ་བོར་བྱས་ནང་སྒྲུབ་ནི་གཙོ་ཆེར་དགོངས་ལ། གསང་སྒྲུབ་ནི་བླ་མེད་ཀྱི་ཐུན་མོང་མིན་པ་འཇིགས་བྱེད་ལ་དགོངས་པས་བདག་བསྐྱེད་ནང་སྒྲུབ་དང་། མདུན་བསྐྱེད་གསང་སྒྲུབ་ལ་བྱས་ན་ལེགས་སོ། །) སྔོན་དུ་བདག་བསྐྱེད་འཇམ་དཔལ་ནང་སྒྲུབ་ལ་སོགས་པ་གང་ལ་བྱེད་ཀྱང་འདྲ་སྟེ། དེའི་མཆོད་བསྟོད་ཀྱི་བར་རྫོགས་པར་བྱས་ནས་མདུན་བསྐྱེད་བླ་མ་ཡབ་ཡུམ་སྔར་ལྟར་བསྐྱེད་ནས་མཆོད་བསྟོད་གསོལ་བ་བཏབ་པ་སོགས་བྱས་ནས་རང་ལོ་མ་བསྟིམ་པའི་གོང་དུ་བཟླས་པ་གང་གྲུབ་བྱས་ཏེ་དབང་ལེན་པ་ཡིན་ལ། དེའི་ཚུལ་ནི། ཡབ་ཀྱི་ཐུགས་ཀར་ཉི་མའི་གདན་ལ་དྷཱིཿཡུམ་གྱི་ཐུགས་ཀར་ཉི་གདན་ལ་ཧྲཱིཿའི་མཐའ་མར་ཨོཾ་ཨ་ར་པ་ཙ་ན་དྷཱིཿཧྲཱིཿས་བསྐོར་བར་གྱུར་བར་བསམས་ལ། ཨོཾ་ཨ་ར་པ་ཙ་ན་དྷཱིཿཧྲཱིཿཞེས་བསྙེན་པ་གང་གྲུབ་བྱས་པའི་མཐར་མཆོད་བསྟོད་གང་གྲུབ་བྱས་ལ་མཎྜལ་ཕུལ་ཏེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་བར་ལན་གསུམ་བླ་མའི་རྗེས་ཟློས་བྱེད་པར་བསྒོམ་སྟེ་བརྗོད་པས་ཐུན་མོང་གི་སྡོམ་པ་གཟུང་། དེ་བཞིན་དུ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་དགོད། ཅེས་པའི་བར་ལན་གསུམ་གྱིས་རིགས་ལྔའི་སྡོམ་པ་གཟུང་ལ། དབང་ལེན་པ་དང་པོ་ནི། བུམ་དབང་གི་དངོས་གཞི་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ་ཏེ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་བདག་ལའང་སྩལ་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་པས། །བླ་མ་ཡབ་ཡུམ་རང་གི་སྦྱི་བོར་བྱོན། སྙོམས་པར་ཞུགས་པའི་དགའ་བའི་སྒྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་ནས་ཞུགས། སྐུའི་དབྱིབས་བརྒྱུད། ཡུམ་གྱི་སྦྱོར་མཚམས་ནས་བྱང་སེམས་ཀྱི་བདུད་རྩིའི་རྒྱུན་བྱུང་བ་རང་གི་སྤྱི་གཙུག་ནས་ཞུགས། བདེ་བ་ཆེན་པོས་ལུས་ཐམས་ཅད་གང་བར་གྱུར་པར་བསམ། རང་ཉིད་ཀྱིས་རྡོར་དྲིལ་དང་བཅས་པས་རིག་མ་ལ་འཁྱུད་པའི་བདེ་བ་བསྐྱེད་པ་རྡོ་རྗེ་སློབ་དཔོན་གྱི་དབང་གི་ངོ་བོ་ཡིན་ནོ་སྙམ་དུ་བསམ་མོ། །དེས་བུམ་པའི་དབང་ཐོབ་ལུས་ཀྱི་དྲི་མ་སྲོག་གཅོད་སོགས་གསུམ་དག་ལུས་ཐ་མལ་དུ་འཛིན་པའི་དྲི་མ་འཁྲུད་པས་སྐུ་རྡོ་རྗེ་སྦྱོང་། ལམ་བསྐྱེད་རིམ་ཡན་ལག་དང་བཅས་པ་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག །ཅེས་བརྗོད་ཀྱིན་དོན་ཡིད་ལ་བྱའོ། །དེ་ནས་གསང་དབང་གི་དོན་དུ་མཎྜལ་གསོལ་བཏབ་སྔར་བཞིན་བྱས་ལ། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྱན་དྲངས་ཡབ་ཀྱི་སྤྱི་བོ་ནས་ཞུགས། སྐུའི་དབྱིབས་བརྒྱུད། ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱུང་བའི་བྱང་སེམས་དཀར་དམར་མྱངས་པས། ཆུ་རྒྱུན་དེ་མགྲིན་པའི་གནས་རྣམས་ལ་ཐིམ། ལྕེ་སྟེང་དུ་མྱངས་པ་ལས་སྐྱེས་པའི་བདེ་བས་སྟོང་པ་ཡུལ་དུ་བྱས་པའི་བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་གསང་དབང་གི་ངོ་བོར་གྱུར་པར་བསམས་ལ། དེས་གསང་དབང་ཐོབ། ངག་གི་དྲི་མ་བརྫུན་དུ་སྨྲས་པ་སོགས་བཞི་དང་། རླུང་སྔགས་སོ་སོར་སྣང་ཞིང་ཞེན་པའི་དྲི་མ་འཁྲུད་པས་གསུང་རྡོ་རྗེ་སྦྱོང་། ལམ་ཀུན་རྫོབ་སྒྱུ་མའི་སྐུ་བདག་བྱིན་རླབས་སྒོམ་པ་ལ་དབང་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་གོ །ཞེས་དོན་བསམས་ལ་བརྗོད་དོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་སྔར་ལྟར། རང་འཇམ་དབྱངས་དཔའ་བོ་གཅིག་པ་སོགས་སུ་བསམ་པ་ལ། བླ་མས་དབྱངས་ཅན་མ་རིག་མ་ལོ་བཅུ་དྲུག་ལོན་པ་ཞིག་བྱིན་པར་བསམས་པའམ། ཡང་ན་རང་གི་རིག་མ་དེ་ཉིད་གསལ་བཏབ་ལ་རང་གི་གསང་གནས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་རྭ་དབུས་མའི་ནོར་བུ་ལ་ཨོཾ་ཡིག་གིས་མཚན་པ། །ཡུམ་གྱི་གསང་གནས་ཨཱཿལས་པདྨ་དམར་པོ་འདབ་མ་ལྔ་པ་ཟེའུ་འབྲུ་ལ་ཨཱཿས་མཚན་པར་བསམ། ཡབ་ཡུམ་སྙོམས་པར་ཞུགས་པས་ལུས་ཐམས་ཅད་ཐིག་ལེས་གང་། ཐིག་ལེ་ཐམས་ཅད་བདེ་བའི་རང་བཞིན་སྟོང་པ་ཡུལ་དུ་བྱས་པའི་བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་ཀྱི་དགའ་བ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོ་ཐོབ་པར་བསམས་ལ། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་བརྣབ་སེམས་ལ་སོགས་པ་དག །གང་སྣང་ཀུན་བདེ་སྟོང་དབྱེར་མེད་དུ་འཆར་བ་ལ་སྒྲིབ་པའི་དྲི་མ་འཁྲུང་པའི་ཐུགས་རྡོ་རྗེ་སྦྱོང་། ལམ་འོད་གསལ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་འགྱུར་བའི་ནུས་པ་ཁྱད་པར་ཅན་བཞག །ཅེས་བརྗོད་ལ་དོན་བསམ་མོ། །འདིར་བདེ་བའི་ཡུལ་གྱི་སྟོང་པ་ནི། གང་ཟག་དང་གཟུགས་སོགས་ཕྱིའི་ཡུལ་ལྔ། མིག་ཤེས་ལ་སོགས་པའི་སྐྱེ་མཆེད་ཚོགས་དྲུག །དེ་རྣམས་རང་བཞིན་གྱིས་སྟོང་པ་དང་། བདེན་པས་སྟོང་པ་དང་། དོན་དམ་པར་སྟོང་པ་དང་། རང་གི་མཚན་ཉིད་ཀྱིས་སྟོང་པ་དེ་རྣམས་དོན་གཅིག་ཅིང་། གང་ཟག་དང་ཡུལ་གཟུགས་སྒྲ་སོགས་དེ་རྣམས་ཀྱི་སྟེང་དུ་གང་གིས་སྟོང་པའི་དགག་བྱ་ནི་ཐོག་མ་མེད་པ་ནས་རྟོག་པའི་དབང་གིས་བཞག་པ་མ་ཡིན་པའི་ཡོད་པ་ཡིན་ལ། ཡོད་པ་དེ་ནི་དོན་དམ་པར་གྲུབ་པ་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། བདེན་པར་གྲུབ་པ་དང་། རང་གི་ངོ་བོས་གྲུབ་པ་ཡིན་ལ། དེ་རྣམས་དོན་གཅིག་ཅིང་། རང་བཞིན་གྱིས་སྟོང་པའི་སྟོང་རྒྱུའི་དགག་བྱ་དང་། དོན་དམ་པར་མེད་རྒྱུའི་དགག་བྱ་ནི། དོན་དམ་པར་གྲུབ་པ་སོགས་དེ་རྣམས་ཡིན་ནོ། །དོན་དམ་པར་གྲུབ་པ་དང་རང་བཞིན་གྱིས་གྲུབ་པ་སོགས་དེ་རྣམས་ཁྱད་གཞི་གང་ཟག་གི་སྟེང་དུ་མེད་པ་ནི། གང་ཟག་གི་བདག་མེད་དང་མིག་ལ་སོགས་པ་ཆོས་ཀྱི་སྟེང་དུ་མེད་པ་ནི་ཆོས་ཀྱི་བདག་མེད་ཡིན་ནོ། །གང་ཟག་དང་རང་ཉིད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་སྟོང་ཉིད་དང་། ཆོས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་སྟོང་ཉིད་ནི་བདེ་བའི་ཡུལ་གྱིས་བསྒོམ་བྱ་ཡིན་ནོ། །གང་ཟག་རང་བཞིན་གྱིས་སྟོང་པ་དང་། ཆོས་རང་བཞིན་གྱིས་སྟོང་པ་ནི་གང་ཟག་དང་ཆོས་ཀྱི་བདག་མེད་ཀྱང་ཡིན་པས་དོན་གཅིག་གོ །གང་ཟག་དང་ཆོས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་དང་། གང་ཟག་དང་ཆོས་དོན་དམ་པར་གྲུབ་པར་འཛིན་པའི་བློ་ནི། ཉོན་མོངས་ཅན་གྱི་མ་རིག་པ་འཁོར་བའི་རྩ་བ་ཡིན་ལ་གང་ཟག་དང་ཆོས་ཀྱི་བདག་འཛིན་ཡང་ཡིན་ཏེ། འཛིན་ཚུལ་ནི་གང་ཟག་དང་ཆོས་རྟོག་པའི་དབང་གིས་ཕར་བཞག་པ་མིན་པར། གང་ཟག་དང་ཆོས་ཁོ་རང་གི་ངོས་ནས་གྲུབ་པར་འཛིན་པ་ཡིན་ལ། སྤྱིར་གྱི་གོང་དུ་བཤད་པའི་རང་བཞིན་སྟོང་པ་ཉིད་དེ་བློའི་ཡུལ་དུ་བྱས་ནས་བསྒོམ་པ་ཡིན་ཞིང་། བདེ་བས་སྟོང་པ་ཡུལ་དུ་བྱས་ནས་བསྒོམ་པའི་ཚེ་བློས་སྟོང་པ་ཡུལ་དུ་བྱས་ནས་བསྒོམ་པ་བཞིན་དུ། བདེ་བ་དང་བློ་གཉིས་གོལ་ས་བརྗེས་ནས་བདེ་བས་སྟོང་པ་ཡུལ་དུ་བྱས་ནས་བསྒོམ་པར་བྱའོ། །དེ་ལྟ་བུའི་སྟོང་པ་སྒོམ་ཚུལ་ནི་གསང་དབང་ཤེར་དབང་། དབང་བཞི་པའི་སྐབས་ཀྱི་བདེ་བས་སྟོང་བ་ཡུལ་དུ་བྱས་ནས་བསྒོམ་པའི་ཚུལ་ཡིན་ནོ། །དེས་ན་དབང་བཞི་པའི་དོན་དུ་མཎྜལ་ཕུལ་ཏེ། ཁྱོད་ཞབས་པདྨོའི་ཞེས་སོགས་ཀྱིས་གསོལ་བ་བཏབ་པས་བླ་མས་འདི་ལྟར་གསུངས་པར་བསམས་ཏེ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་སྐབས་སུ་རང་དང་རིག་མ་གཉིས་འདོད་ལྷ་ཡབ་ཡུམ་དུ་སྣང་བཞིན་པའི་ངང་ནས་སྙོམས་པར་ཞུགས་པའི་དུས་ན་ལྷན་ཅིག་སྐྱེས་པའི་བདེ་བས་རང་བཞིན་སྟོང་པ་ཉིད་ཡུལ་དུ་བྱས་ནས་མཉམ་སྦྱོར་དུ་ཡོད་པ་དེ་བཞིན་དུ། བདེ་བས་སྟོང་པ་ཡུལ་དུ་བྱས་ནས་བསྒོམ་པའི་རྒྱུན་གོམས་པར་བྱས་པ་ལས་མཐར་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྤྱོད་རྫོགས་པ་ཡེ་ཤེས་ཀྱི་སྐུ་རང་སྣང་གི་རིག་མ་དང་ཁ་སྦྱོར་བའི་ལུས་ཅན། དེའི་དུས་ཉིད་ན་ཐུགས་ལྷན་ཅིག་སྐྱེས་པའི་དགའ་བ་དང་། རང་བཞིན་སྟོང་པ་གཉིས་རོ་གཅིག་ཏུ་ཞུགས་པའི་ཐམས་ཅད་སྟོང་པ་འོད་གསལ་དང་ངོ་བོ་དབྱེར་མེད་པའི་གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་གི་གོ་འཕང་ཐོབ་པ་དབང་བཞི་པའི་ངོ་བོ་ཡིན་ནོ། །དེས་ན་དབང་བཞི་པ་ཚིག་གི་སྒོ་ནས་བརྡ་སྤྲད་ནས་ངོ་སྤྲོད་པར་བྱེད་པས་ན་དབང་བཞི་པ་ཚིག་གི་དབང་ཞེས་པའི་དོན་དེ་ཡིན་ནོ། །ཞེས་གསུངས་ཏེ་བརྡ་སྤྲད་པར་བསམས་ལ། དེས་དབང་བཞི་པ་ཚིག་དབང་ཐོབ། ལུས་ངག་ཡིད་གསུམ་གྱི་སྒྲིབ་པའི་བག་ཆགས་འཁྲུད་པའི་ནུས་པ་ཁྱད་པར་ཅན་བཞག །ལམ་བདེན་པ་གཉིས་དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་སྒོམ་པ་ལ་དབང་། འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པར་བྱས་སོ། །ཞེས་དབང་གི་དག་པ་བྱིན་པར་བསམས་ལ་བརྗོད། དེ་ནས་སྐུ་གསུང་ཐུགས་སྤྱིའི་དབང་གི་དོན་དུ་མཎྜལ་ཕུལ་ཏེ། ཇི་ལྟར་མགོན་པོ་ཁྱོད་ཀྱི་ནི། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས། །གཞན་ཕྱིར་མངོན་དུ་མཛད་པ་བཞིན། །མགོན་པོས་བདག་ལ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་མགོན་པོ་འཇམ་དབྱངས་ལ། །ཡོན་ཏན་དཔག་མེད་མངའ་ཇི་བཞིན། །འཇམ་པའི་དབྱངས་ཀྱི་ཐུགས་རྗེ་ཡིས། །སྐུལ་ལྡན་འདི་ལ་འཇུག་པར་ཤོག །ཅེས་གསུངས་ཏེ། བླ་མ་ཡབ་ཡུམ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བླ་མ་ཡབ་ཡུམ་གཉིས་པ་བྱོན་ཏེ། རང་གི་སྤྱི་གཙུག་ནས་ཞུགས་པས་བླ་མ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་བསམ་མོ། །དེ་ནས་བཀའ་དྲིན་གྱི་ཡོན་དུ་མཎྜལ་ཕུལ་ཏེ། མཆོད་བསྟོད་གང་འགྲུབ་བྱས་ལ་བཟོད་གསོལ་དང་སྨོན་ལམ་གང་འགྲུབ་བྱས་ཏེ། སྔར་བཤད་པ་ལྟར། སྙིང་གའི་འོད་ཟེར་གྱིས་སྤྱན་དྲངས་ཏེ། རང་གི་སྤྱི་བོ་ནས་ཞུགས་ཏེ་སྙིང་ནང་གི་བླ་མ་ཡབ་ཡུམ་ལ་ཐིམ་པ་སྔར་ལྟར་བསམ་མོ། །བླ་མ་ཡི་དམ་དབྱེར་མེད་དུ་བྱས་ནས་གསོལ་བ་འདེབས་པ་དང་ཏིང་ངེ་འཛིན་གྱི་དབང་བཞི་རྒྱུན་དུ་ལེན་པའི་གདམས་པ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ཞལ་ཤེས་ཁྱད་པར་ཅན་འདི་ནི། རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་གསུང་རྒྱུན་ལས་ཇི་ལྟར་བྱུང་བ་བཞིན་ཡི་གེར་བཀོད་པའོ། །མདྒ་ལཾ། །