རྡོ་རྗེ་ཐེག་པའི་ས་ལམ་གྱི་རེའུ་མིག་དགེ་བཤེས་དགེ་འདུན་མཐར་ཕྱིན་གྱིས་བྲིས་པ།
- ཀ་བཤད་སེམས་སྦྱོང་མ། རང་རྩོམ།
- གསོལ་འདེབས་སྨོན་ལམ། རང་རྩོམ།
- རྒྱལ་རོང་ལོ་རྒྱུས་དྲན་ཐོ། རང་རྩོམ།
- ཆོས་མངོན་བློ་གཏེར་རབ་གསལ། རང་རྩོམ།
- ཐོག་མར་བློ་སྦྱོང་ཆོས་ཀྱི་སྒོ་འབྱེད་ཀྱི་ས་བཅད།
- བོད་ཆེན་པོའི་ལོ་རྒྱུས་སྙིང་བཏུས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཚར་ལོང་བྱས་པའི་ཉམས་མྱོང་གཏམ་གླེང་གསར་གནོན་བཅས་། རང་རྩོམ།
- དགའ་ལྡན་རྒྱལ་རོང་ཁང་མཚན་གྱི་སྐོར་མདོར་བསྡུས།
- རྡོ་རྗེ་ཐེག་པའི་ས་ལམ་གྱི་རེའུ་མིག རང་རྩོམ།
- རྒྱ་གར་དགའ་ལྡན་ཚོགས་ཆེན་འདུ་ཁང་གསར་བཞེངས།
- སེམས་ཀྱི་འོད་སྣང་། རང་རྩོམ།
- དད་གུས་དགའ་དྲན། རང་རྩོམ།
- སྨོན་ལམ་ཆེན་མོ།
- སྟོན་པ་འཁྲུངས་ནས་ལོ་ ༢༥༦༣ པ་ སྤྱི་ལོ་ ༢༠༡༩ ཟླ་༥ ཚེས་༡༨ རྒྱལ་སྤྱིའི་ས་ཟླའི་དུས་ཆེན་རྗེས་དྲན་ཞུ།
- རྒྱ་གར་གདན་ས་དགའ་ལྡན་དུ་རྗེ་ཙོང་ཁ་པའི་དྲུག་བརྒྱའི་མྱང་འདས་དུས་དྲན་གྱི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་གཙོ་སྐྱོང་བར་བཅར།
- བོད་ལྕགས་བྱི་ ༢༡༤༧ ་ལོ་གསར་ལ་བཀྲིས་བདེ་ལེགས།
- ཕྱི་ལོ་ ༢༠༢༡ གསར་ཚེས་ལ་བཀྲིས་སྨོན་འདུན་ཞུ།
- མི་ཆོས་གཙང་མ་བཅུ་དྲུག
- ༢༡༤༩ ཆུ་སྟག་བོད་ཀྱི་ལོ་གསཪ།
- སྤྱི་ལོ་ ༢༠༢༢ ལོའི་རྒྱལ་སྤྱིའི་ས་ཟླའི་དུས་ཆེན་གྱི་ཉིན་མོ།
- ཆོས་འཁོར་དུས་དྲན།་ དགེ་འདུན་མཐར་ཕྱིན་པས།
- ༢༠༢༣/༢༡༥༠ ཆུ་ཡོས་ལོ་གསར།
- རྩེ་གཅིག་ཏུ་་ཞི་བར་གནས་ཐབས། ལྷ་རམས་པ་དགེ་བཤེས་དགེ་འདུན་མཐར་ཕྱིན་པས།
- ཆོས་ཀྱི་ཟིན་བྲིས།
- སྤྱི་ཚོགས་ཞབས་ཞུ།
- ལས་རིམ།
- ITALIANO
- ENGLISH
- དཀར་ཆག
- Home
Wednesday, 31 July 2019
Saturday, 27 July 2019
རྒྱ་གར་དགའ་ལྡན་ཚོགས་ཆེན་འདུ་ཁང་གསར་བཞེངས་ཞབས་ཞུའི་ལེགས་གསོལ།
Wednesday, 10 July 2019
བཀའ་ཐང་དུམ་བུ།
ཨེ་མ་ཧོ༔ རྒྱལ་པོ་ཆེན་པོ་ལེགས་པར་ཉོན༔
བདག་འདྲ་པདྨ་འབྱུང་གནས་ངས༔
ཐུན་མོང་མངོན་པར་ཤེས་པར་ལྔ༔
མ་འོང་མངོན་པར་ཤེས་པར་ལྔ༔
ད་ལྟའི་མངོན་པར་ཤེས་པར་ལྔ༔
ཚད་མེད་མངོན་པར་ཤེས་པར་ལྔ༔
མངོན་ཤེས་ལྔ་པོ་ང་ཡིས་ཤེས༔
སྔོན་ཚེ་སྣང་བ་མཐའ་ཡས་འོད་དཔག་མེད༔
རི་བོ་ཏ་ལར་མགོན་པོ་སྤྱན་རས་གཟིགས༔
དྷ་ན་ཀོ་ཤར་པདྨ་འབྱུང་གནས་ང༔
མཚོན་ཚུལ་ཙམ་ལ་སྐུ་གསུམ་སྣང་གྱུར་ཀྱང་༔
དོན་ལ་དབྱེར་མེད་སོ་སོར་ཐ་མི་དད༔
ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང་༔
སྟུག་པོ་བཀོད་ཏུ་རྡོ་རྗེ་འཆང་ཆེན་པོ༔
རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིད༔
གཉིས་མེད་པདྨ་ང་རུ་ལྷུན་གྱིས་གྲུབ༔
དེ་བཞིན་ང་ལ་གསོལ་བ་རྒྱུན་དུ་ཐོབ༔
རྒྱལ་པོའི་གདུང་རབས་བརྒྱད་དང་བཅུ་གསུམ་ནས༔
སེ་ཆེན་རྒྱལ་པོའི་བོད་ལ་དམག་དྲངས་ནས༔
བོད་འབངས་ཐམས་ཅད་འཕུང་པའི་གཞི་རུ་འགྲོ༔
ང་ཡི་ལྷ་ཁང་རྣམས་ཀྱང་འཇིག་པར་བྱེད་༔
དེ་དུས་ང་སྤྲུལ་ས་སྐྱ་ཞེས་བྱ་འབྱུང༔
སྟོད་ཀྱི་ཕྱོགས་ནས་ཡབ་མིང་འཇམ་དཔལ་དང་༔
ཡུམ་མིང་སྒྲོལ་མ་ཞེས་བྱའི་སྲས་སུ་འཁྲུངས༔
འགྲོ་མགོན་འཕགས་པ་ཀུན་དགའ་རྒྱལ་མཚན་ཞེས༔
ང་ཡི་ལྷ་ཁང་རྣམས་ལ་ཞིག་གསོ་བྱེད༔
གསང་སྔགས་བསྟན་པ་དར་ཞིང་རྒྱས་པར་འགྱུར༔
བོད་འབངས་སེམས་ཅན་བདེ་ཞིང་སྐྱིད་པར་འབྱུང་༔
དེ་ནས་བོད་ཀྱི་རྒྱལ་པོ་ཧམ་ཐོབ་བྱེད༔
རེས་འགའ་ཆོས་རྒྱལ་རེས་འགའ་བདུད་རྒྱལ་རེ༔
ཆོས་རྒྱལ་དེ་ཡིས་ཆོས་ཁྲིམས་ཚུགས་པར་བྱེད༔
བདུད་རྒྱལ་དེ་ཡིས་ཆོས་ཁྲིམས་བཤིག་པར་བྱེད༔
དེ་དུས་མི་ལ་དར་རྒུད་སྣ་ཚོགས་འོང་༔
ཐུབ་པའི་ལུང་བསྟན་མདོ་ཁམས་སྒང་ཞིག་ཏུ༔
ཨ་ཏི་ཤ་ཡི་སྤྲུལ་པ་བློ་བཟང་གྲགས༔
སྐྱེས་བུ་དེ་བྱོན་བོད་ལ་བདེ་སྐྱིད་འཆར༔
དེ་དུས་དཀར་ཕྱོགས་རྣམས་ཀྱང་སྤོབས་པ་ཐོབ༔
མྱང་སྨད་ཉི་མ་མདོ་རུ་རྫོང་ཞིག་ཆགས༔
ལྷ་ས་དམར་པོ་རི་ལ་ལྷ་ཁང་འབྱུང་༔
ང་ཡི་སྤྲུལ་པ་ཆོ་རྒྱན་གླིང་པ་བྱོན༔
གཏེར་ཁ་ཉི་ཤུ་རྩ་ལྔ་དེ་དུས་འབྱེད༔
དེ་སྐད་གསུངས་པས་རྒྱལ་པོ་སྤྱན་ཆབ་ཤོར༔
ཡང་ཅིག་ཕྱག་འཚལ་མཎཌལ་ཕུལ་ནས་སུ༔
འདྲེན་པའི་སྐྱེས་བུ་སློབ་དཔོན་ཆེན་པོ་ལགས༔
བདག་གི་གདུང་བརྒྱུད་འདི་ནས་ག་ཙམ་ཆགས༔
བོད་འབས་སེམས་ཅན་བདེ་སྐྱིད་ག་ཙམ་ཆགས་༔
མ་ཧྰ་གུ་རུ་ཆེན་པོའི་གསུང་བར་ཞུ༔
ཞེས་ཞུས་ཕྱག་ནི་དབུ་ཐོད་བུད་བུད་འཚལ༔
དེ་ནས་གུ་རུ་ཆེན་པོའི་བཀའ་སྩལ་པ༔
རྒྱལ་པོ་ཁྱོད་ཀྱི་རྒྱལ་རྒྱུད་འདི་ནས་བཟུང་༔
སྟོད་ཀྱི་ཕྱོགས་ནས་མེ་ལོང་ཧ་བཏབ་ཡལ༔
དེ་རྗེས་བོད་ཀྱི་རྒྱལ་པོ་རེས་མོས་བྱེད༔
ཁྱད་པར་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཞིག༔
མདོ་སྡེ་སྐལ་བ་བཟང་པོའི་མཚན་ཅན་འབྱུང༔
གདོང་སྨེ་ཅན་གྱིས་བོད་ཀྱི་རྒྱལ་ས་འཛིན༔
སྐྱིད་པའི་ཉི་མ་རྒྱ་མཐོངས་གྲིབ་མ་ཙམ༔
རྟ་ལུག་སྤྲེལ་གསུམ་ལོ་ལ་རྒྱ་དམག་འོང༔
ཆུ་ཕོ་སྤྲེལ་ལ་ཡར་ལུང་དམག་སྒར་འཆའ༔
མཐའ་མ་བོད་འདི་རྒྱ་ཡི་འོག་ཏུ་འཇུག༔
ཕ་སྤུན་ནང་འཁྲུག་རྟ་སྒོ་སྒང་དུ་འཁྲུག༔
བུམ་ཐང་ཕྱོགས་ནས་ཁྲི་ཡི་ཟུར་ཆ་གནོན༔
རྒྱལ་སྲིད་ཆོས་ཁྲིམས་སྐྱོང་བའི་ང་སྤྲུལ་འབྱོན༔
བལ་ཡུལ་རྒྱ་རྫོང་རྣམས་སུ་འཁྲུག་པར་བྱེད༔
བོད་ལ་སྐྱིད་པའི་ཉི་མ་ཅུང་ཟད་འཆར༔
སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར༔
དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན༔
དེ་དུས་མི་ལ་བསོད་ནམས་སྙན་གྲགས་མེད༔
པདྨ་ང་ལ་གསོལ་བ་རྒྱུན་དུ་ཐོབ༔
ཉིན་མོ་བྱུང་དུས་ཐུགས་རྗེ་ཆེན་པོ་སྒོམས༔
སེམས་ཅན་དོན་དུ་སྙིང་པོ་མ་ཎི་དྲོངས༔
ཕ་མ་རིགས་དྲུག་དྲིན་ལན་ཁྱེར་ཏེ་འོང་༔
མཚན་མོ་བྱུང་དུས་པད་འབྱུང་ང་ཉིད་སྒོམས༔
རང་གི་དོན་དུ་བཛྲ་གུ་རུ་་དྲོངས༔
སྙིགས་མའི་སེམས་ཅན་ཐམས་ཅད་ང་ཡིས་སྐྱོབ༔
དུས་གསུམ་རྒྱུན་ཆད་མེད་པར་ང་ཡིས་གཟིགས༔
ངན་སོང་གསུམ་དུ་སྐྱེས་ཀྱང་བསླུ་རུ་འོང་༔
བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ༔
ང་ལ་རྒྱུན་དུ་གསོལ་བ་འདེབས་ནུས་ན༔
དུས་ངན་ཚེ་ལོ་བཅུ་པ་བཟློག་ཐབས་ཡོད༔
བྱམས་པའི་སྤྲུལ་པ་ཁྲི་བདུན་ཞེས་པ་འབྱུང༔
སྐལ་ངན་ཚེ་ལོ་བཅུ་པའི་སྡུག་བསྔལ་གྲོལ༔
ཡང་ཞིག་བསྐལ་པ་ཡར་འཕེལ་བདེ་བར་འགྱུར༔
སངས་རྒྱས་ཞལ་གཟིགས་ཡང་ཡང་འབྱུང་བར་འགྱུར༔
ནང་རེ་དགོང་རེ་བོད་ཀྱི་དོན་ལ་འོང་༔
དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོད༔
ང་ཡི་སྐུ་ལ་འདས་འཁྲུངས་ཡོད་མ་མཆིས༔
རྒྱལ་སྲས་མི་ཁྲི་བཙན་པོ་ཞེས་བྱ་ཁྱོད༔
འདི་ནས་སྐྱེ་བ་བཅུ་བདུན་འགྲོ་དོན་མཛད༔
དེ་ནས་ཨོ་རྒྱན་མཁའ་འགྲོའི་གླིང་དུ་བྱོན༔
ལོཙྪ་ཆེན་པོ་བེ་རོ་ཙཱ་ན་ཁྱོད༔
པདྨ་ང་ཡི་དམ་ཆོས་ཟབ་མོ་འདི༔
དཔལ་གྱི་བསམ་ཡས་དབུ་རྩེར་གཏེར་དུ་སྦོས༔
མ་འོངས་ལས་འཕྲོ་ཅན་ལ་སྤྲོད་ཅིག་གསུངས༔
ང་ནི་མི་སྡོད་སྲིན་པོ་འདུལ་དུ་འགྲོ༔
སྲིན་པོ་ཐམས་ཅད་ཆོས་ལ་བཀོད་ནས་འགྲོ༔
ཞེས་གསུངས་ཞལ་ལྷ་ནུབ་ཏུ་་གཟིགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
གཏེར་སྟོན་ཨོ་རྒྱན་གླིང་པས་བསམ་ཡས་མཆིམས་ཕུ་ནས་གཏེར་ནས་སྤྱན་དྲངས་པའོ༔
Thursday, 30 May 2019
མི་ཆོས་གནད་ཀྱི་ཕྲེང་བ།
མི་ཆོས་གནད་ཀྱི་ཕྲེང་བ།
འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།
ཁོ་བོས་བྱང་གི་ཕྱོགས་ནས་གཙོ་བོའི་བུ། །
ཁོ་བོས་ས་མཐར་བསྐོར་བས་མི་མཐོང་མྱོང་། །
རྣ་གཏམ་མང་དུ་ཐོས་པས་བཤད་པ་ཚ། །
ཡིན་མིན་མགོ་ལྟག་ཕྱེད་པས་གྲུང་བོར་གྲགས། །
གནས་དང་ཕྱོགས་རྣམས་གང་དུ་འགྲོ་ཡང་རུང་། །
གཞི་དང་གནས་མལ་གང་དུ་བྱེད་ཀྱང་རུང་། །
གྲོགས་དང་འགྲོགས་ལུགས་སུ་ལ་འཚོལ་ཡང་རུང་། །
གཞན་དང་བསྟུན་པ་མི་ཆོས་རྩ་བ་ཡིན། །
དེ་ཡི་སྟེང་ནས་འདུན་མ་བཤད་ཀྱི་ཉོན། །
བྱ་བྱེད་ཡོངས་ཀྱི་མགོ་ལྟག་ཕྱེ་ཡི་ཉོན། །
ལྷ་ཞི་ཀླུ་ཞིའི་གདམས་པ་བཤད་ཀྱི་ཉོན། །
ཆོས་ལ་མི་ཆོས་ཟབ་པ་འདི་ལྟར་ལེགས། །
སུ་ཡི་དོན་དུ་དཀའ་སྤྱད་བྱེད་ན་ཡང་། །
བྱ་ཤེས་ཀོ་ལོང་སྡུག་ཡུས་ཆུང་བར་མཛོད། །
ལས་དང་བྱ་བ་ཇི་ལྟར་བྱེད་ན་ཡང་། །
མཛད་སྤྱོད་ཐམས་ཅད་མི་དང་མཐུན་པར་མཛོད། །
རང་ལ་ཡོན་ཏན་ཇི་ཙམ་ཡོད་ན་ཡང་། །
གཞན་ལ་ཁྱད་གསོད་བརྙས་པ་ཆུང་བར་མཛོད། །
རང་ཉིད་ནོར་ལ་ཆགས་ཞེན་ཆེ་ན་ཡང་། །
གཞན་གྱི་ནོར་ལ་ཧབ་ཤ་ཆུང་བར་མཛོད། །
རང་ཉིད་ལས་ཐབས་འདུན་མ་མཁས་ན་ཡང་། །
སྤྱི་ཡི་ཁྲིམས་ལ་ས་ཆོད་ཆུང་བར་མཛོད། །
རང་ཉིད་བསགས་པའི་ནོར་རྫས་ཡིན་ན་ཡང་། །
མང་བོའི་གསེབ་ཏུ་ལྐོག་ནོད་ཆུང་བར་མཛོད། །
རང་ཉིད་ཀུན་གྱིས་ཚད་མར་ཁུར་ན་ཡང་། །
ངའོ་སྙམ་པའི་ང་རྒྱལ་ཆུང་བར་མཛོད། །
རང་ཉིད་ཀུན་ལས་ཁྱད་པར་འཕགས་ན་ཡང་། །
ཆེ་བའི་ང་རྒྱལ་ཅུང་ཟད་མེད་པར་མཛོད། །
རང་ཉིད་དགེ་བའི་བཤེས་སུ་གསོལ་ན་ཡང་། །
མཁས་དམན་ཀུན་ལ་བརྙས་པ་ཆུང་བར་མཛོད། །
རང་གི་གོང་ན་ཆེ་བ་གཞན་མེད་ཀྱང་། །
འོག་ཏུ་བཞུགས་ལ་འཇུག་པ་བདེ་བར་མཛོད། །
གཞན་གྱི་ཚོགས་དཔོན་ཇི་ལྟར་ངན་ན་ཡང་། །
གུས་པའི་ཚུལ་གྱིས་ཕྱག་དང་ཕྱག་ལན་མཛོད། །
རང་དང་མཉམ་པའི་གང་ཟག་སུ་བྱུང་ཡང་། །
མགོ་ཡང་མཐོ་བའི་བཀུར་སྟི་གུས་པར་མཛོད། །
མཛེ་སྤྲང་ལ་སོགས་སུ་ཡིས་ཆོས་ཞུས་ཀྱང་། །
ཀུན་གྱི་དབུས་སུ་གདམས་ངག་ལྷུག་པར་སྟོན། །
གལ་ཏེ་མཐོ་འཚམས་ཁ་ཚོད་ལྟ་ན་ཡང་། །
ཧ་ཅང་ཕུལ་དུ་ཕྱིན་པས་ལྷུག་པར་སྟོན། །
ཚོགས་དང་བསྙེན་བཀུར་སོགས་ཀྱིས་མཆོད་འོས་ཀྱང་། །
དེ་ལ་མ་ལྟ་ཀུན་ལ་ཐང་མ་རྡོལ།།
ངེས་པར་གང་ལ་གསང་བར་འོས་པ་རྣམས། །
ལྐུགས་པའི་ཚུལ་གྱིས་ཁ་རོག་དབེན་སར་བཞུགས། །
དེ་ཡང་རགས་པ་སྤྱི་ཡི་རྣམ་གཞག་ཡིན། །
ད་དུང་སྙིང་གཏམ་ལགས་པས་གསན་མཛོད་དང་། །
འགྲོགས་ལུགས་དགྲ་ལ་འཚོལ་དང་ཟབ་པ་ཡིན། །
སྙིང་གཏམ་བུ་ལ་གསོང་དང་བརྟན་པ་ཡིན། །
ཁ་འདོན་གྲེ་བར་བསྐྱིལ་དང་བཙུན་པ་ཡིན། །
མཚང་གཏམ་བར་དུ་གསོང་དང་མཁས་པ་ཡིན། །
རང་མཚང་རང་གིས་བྲུས་དང་མཁས་པ་ཡིན། །
གཞན་མཚང་ལྷོད་ལ་ཞོག་དང་དགེ་བ་ཡིན། །
བློ་གཏད་སྙིང་གིས་སྐྱོང་དང་ངོ་མཚར་ཆེ།།
སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་། །
འཕྲད་མ་ཐག་ཏུ་སྙིང་གཏམ་འཆད་པ་མཚང་། །
མ་བརྟག་པ་ལ་བློ་གཏད་བྱེད་པ་མཚང་། །
བརྟགས་ནས་འཁྲུལ་ན་ད་རུང་བྱེད་པ་མཚང་། །
བག་མེད་མི་ལ་བྱ་བྱེད་ཆོལ་བ་མཚང་། །
ཤ་མི་ཚ་ལ་ཕུག་བསྲེ་ཆོལ་བ་མཚང་། །
དད་པ་མེད་ལ་སློབ་མར་བསྟེན་པ་མཚང་། །
སྙིང་རྗེ་མེད་ལ་བླ་མར་ཁུར་བ་མཚང་། །
ཁྲེལ་གཞུང་མེད་ལ་གྲོགས་པོར་བསྟེན་པ་མཚང་། །
མི་ཉན་པ་ལ་ཁ་ཏ་བྱེད་པ་མཚང་། །
མི་ཤེས་པ་ལ་གྲོས་ཕུགས་འདྲི་བ་མཚང་། །
མཚང་དུ་ཤེས་ནས་ད་རུང་མི་འདོར་ན། །
རང་ཉིད་སྨྱོན་པ་ཡིན་པར་ཤེས་བར་བྱ། །
སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་། །
བཟའ་བཏུང་ཟ་དུས་ཐམས་ཅད་བཀའ་སློབ་བདེ། །
ཞག་གསུམ་འགྲོགས་ནས་རང་མཚང་སྟོན་པ་མང་། །
ཉེ་རིང་ཡོངས་ལ་ལོ་གཅིག་མ་བརྟེན་པར། །
བྱ་བྱེད་བཅོལ་ན་མྱུར་དུ་ནོངས་པར་འགྱུར། །
རང་ལ་བརྟེན་པའི་མཚང་གཏམ་ངན་པ་ཡིན། །
གཅིག་གི་སེམས་ལ་ཤར་ན་གཏོར་འགོང་ཡིན། །
གཏམ་དེ་གཉིས་ལ་གྲགས་ན་ཕུང་བྱེད་ཡིན། །
གསུམ་ལ་གྲགས་ན་གཏམ་ངན་རླུང་ཁྱེར་ཡིན། །
མི་མངོན་དབྱིངས་སུ་ཡལ་ན་མཁས་པ་ཡིན། །
ངག་མཚང་ཐབས་ཀྱིས་ཤེས་ན་གད་མོ་འཆོར། །
དགོས་པ་རང་གིས་བསུས་ན་བདུད་རིགས་དགའ། །
ཕུང་བྱེད་གྲོགས་སུ་བསྒྱུར་ན་མཚང་རེ་ཆེ། །
སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་། །
ཟས་ལ་ཞེན་པ་མ་ཆེ་མི་ལ་བྱིན། །
ནོར་ལ་སེར་སྣ་མ་ཆེ་ཆོས་ལ་མཆོད། །
བཞིན་ལ་འགྱུར་ལྡོག་མ་མང་འཛུམ་གྱིས་བསུས། །
དགྲ་ཟུན་བཤའ་རལ་མ་མང་སྤྱི་སྙོམས་སྟེན། །
འཁོར་ལ་བསྟོད་ར་མ་མང་བློ་ཁོག་སྡོམས། །
མྱུར་དུ་སྨད་ར་མ་མང་ཐབས་ཀྱིས་སྤོང་། །
སུ་ལ་ཁས་ལེན་མ་མང་ལག་ལེན་སྐྱོངས། །
གང་ལའང་ཉེས་ཁ་མ་འདིངས་གྲོས་ཁ་སྐྱེད། །
ཉེས་ན་འགྱོད་ཐལ་མ་བྱེད་ཕྱིས་འབྱུང་སྡོམས། །
སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་། །
སྡུག་ཁ་དགྲ་ཡི་གཡབ་མོ་ལེགས་པར་ཆོད། །
བྱ་མང་བྱུར་གྱི་སྣ་འདྲེན་ལེགས་པར་ཆོད། །
བློ་མང་འདུན་མའི་དཀྲུག་ཤིང་ལེགས་པར་ཆོད། །
གཤིས་ངན་དགྲ་བོའི་ཚོགས་ས་ལེགས་པར་ཆོད། །
རྣམ་རྟོག་སྡུག་འདྲེའི་ཕོ་ཁྲོམ་ལེགས་པར་ཆོད། །
འཁོར་ངན་གཏམ་གྱི་གཞི་མ་ལེགས་པར་ཆོད། །
གྲོགས་ངན་འགྱོད་པའི་རྩ་བ་ལེགས་པར་ཆོད། །
ཡུལ་ངན་སྡུག་གི་འཁོར་བ་ལེགས་པར་ཆོད། །
མི་ཆོས་རྐང་བའི་ཐི་གུ་ལེགས་པར་ཆོད། །
སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་། །
དུས་ངན་སྙིགས་མ་ལྔ་རུ་བདོ་བའི་དུས། །
ཆོས་པ་ཡོངས་ཀྱི་བགེགས་འདྲེ་ཆགས་སྡང་གནོད། །
གང་དུ་ཕྱིན་ཀྱང་ཆགས་སྡང་ཆུང་བར་མཛོད། །
ཇི་ལྟར་བགྱིས་ཀྱང་དམན་ཆ་བླངས་པར་འཚལ། །
ཐག་རིང་བལ་བོའི་ཐང་ནི་ཚད་པ་ཆེ། །
ཁ་སྐོམ་བཏུང་བའི་ཚོགས་ལ་གཟབ་པར་འཚལ། །
ལ་སྟོད་ལྷོ་ཡི་ཕྱོགས་ནི་དགྲ་འཇིགས་ཆེ། །
ཞེ་སྡང་ངན་སྔགས་ཚོགས་ལ་གཟབ་པར་འཚལ། །
ཉང་ཤབ་བྱང་གི་ཕྱོགས་ནི་སྨེ་མཆུ་མང་། །
ལོང་གཏམ་ཚིག་གི་ཚོགས་ལ་གཟབ་པར་འཚལ། །
པུར་རྒྱལ་བོད་ཀྱི་ཡུལ་ནི་ཁྲེལ་གཞུང་ངན། །
ཡིད་འབྱུང་ཁོང་ཁྲོའི་ཚོགས་ལ་གཟབ་པར་འཚལ། །
དེང་དུས་སྐྱེ་བོའི་ཚོགས་ནི་གསར་འགྲོགས་ཆེ། །
བསླུ་བྲིད་འཁོར་གྱི་ཚོགས་ལ་གཟབ་པར་འཚལ། །
སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་། །
ཡི་དམ་ལྷ་ལ་རེ་ལྟོས་མ་ཤོར་བར། །
དུས་ངན་མི་ལ་རེ་ལྟོས་ཆུང་བར་མཛོད། །
འགྲོགས་པའི་མི་ལ་ཁྲེལ་གཞུང་མ་ཆུང་བར། །
ལེགས་ཉེས་གང་ལ་བཤད་གཞུང་ཉུང་བར་མཛོད། །
དཀར་པོའི་ཆོས་ལ་ཕྱི་བཤོལ་མ་འདིངས་པར། །
དམ་པའི་ཆོས་ལ་སྦྱོར་བ་ཐོབ་པར་མཛོད། །
འདུན་མ་ཡོངས་ལ་སྐྱིད་འདོད་མ་ཆེ་བར། །
བླ་མའི་ཕྱོགས་སུ་སྒོ་གསུམ་གུས་པ་མཛོད། །
མདོར་ན་མཐོ་བ་ཐམས་ཅད་ཞྭ་བཞིན་ཁུར། །
དམའ་བ་རལ་གྲིའི་སོ་བཞིན་ཀུན་ནས་སྐྱོངས། །
མཉམ་པ་རྨོས་དོར་བཞིན་དུ་དགའ་བར་འགྲོགས། །
བྱ་བ་གང་ལའང་རང་འདོད་ཆུང་བར་མཛོད། །
འདུན་མ་ཡོངས་ལ་སྤྱི་སྙོམས་ཆེ་བར་མཛོད། །
འདི་ལྟར་ཁྱོད་ལ་བསླབ་བྱ་གདམས་པ་འདི། །
བྱེ་འུ་སྒོ་ངའི་འདུ་ཤེས་མ་ཤོར་བར། །
ལེགས་བཤད་འདི་དག་ལཉྩའི་ཡི་གེར་བཀོད། །
དབེན་པའི་གནས་སུ་ལྟད་མོ་ཆེ་བར་ལྟོས།།
ཡུན་དུ་བསྲིངས་ན་ཤིན་ཏུ་འཕྲོད་པར་གདའ། །
འདི་ནས་བཟུང་སྟེ་སྐྱེ་བ་ཐམས་ཅད་དུ། །
འཕྲིན་ལས་མཉམ་དུ་འགྲོ་བ་འདྲེན་བྱེད་ཅིང་། །
ཀུན་ཏུ་བཟང་པོའི་སྨོན་ལམ་ཇི་ལྟ་བ། །
དགའ་བའི་སྨོན་ལམ་གཅིག་ཏུ་གདབ་པར་བགྱི། །
ཞེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་གསུངས་སོ།། །།
Thursday, 4 April 2019
ཐུན་དྲུག་གི་ཉམས་ལེན་བྱ་ཚུལ།
ཐུན་དྲུག་གི་ཉམས་ལེན་བྱ་ཚུལ་བཞུགས་སོ། །
པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན།
༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྡོ་རྗེ་འཆང་དབང་དཔལ་ལྡན་བླ་མ་ཡི། ། ཞབས་ཀྱི་པདྨོར་གུས་པས་ཕྱག་བྱས་ཏེ། ། དམ་ཚིག་སྡོམ་པ་དག་བྱེད་རྨད་བྱུང་ཐབས། ། རྒྱུད་དང་རྗེ་བཙུན་བླ་མའི་གསུངས་བཞིན་བཤད། ། དེ་ཡང་རྒྱུད་སྡེ་གོང་མ་གཉིས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ལེགས་པར་ཐོབ་པའི་གང་ཟག་རང་རང་གིས་ཇི་སྲིད་སྔགས་སྡོམ་རྒྱུད་ལ་ལྡན་པ་དེ་སྲིད་དུ། རྩ་བ་དང་ཡན་ལག་གི་དམ་ཚིག་དང་སྡོམ་པ་རྣམས་ལ་ཉིན་ཞག་རེ་རེའི་ནང་དུ་སྔོ་བགྲངས་བྱེད་ཅིང་། ཁྱད་པར་རིགས་ལྔའི་དམ་ཚིག་ཐུན་དྲུག་ཏུ་བསྐྱར་དགོས་ཏེ། དེ་ལྟར་མ་བྱས་ན་ཁ་ན་མ་ཐོ་བ་སྤོམ་པོར་འགྱུར་བའི་ཕྱིར་ཏེ། རྩེ་མོ་ལས། ཉིན་དང་མཚན་མོ་ལན་གསུམ་དུ། ། ཉིན་རེ་བཞིན་ནི་འདའ་བར་བྱ། ། གང་ཚེ་ཉམས་གྱུར་རྣལ་འབྱོར་བ། ། ཁ་ན་མ་ཐོ་སྤོམ་བར་འགྱུར། ། ཞེས་གསུངས་པའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པར་འདོད་པ་རྣམས་ཀྱིས་ནི། བསྟེན་པ་དང་བཟའ་བ་དང་། བསྲུང་བའི་དམ་ཚིག་རྣམས་རྡོ་རྗེ་འཆང་ཆེན་པོས་གསུངས་པ་ལྟར་བསྟེན་དགོས་པས། དེ་དག་ཚུལ་རྒྱས་པར་རྗེ་ཐམས་ཅད་མཁྱེན་པས་བཀའ་སྩལ་བའི་རྩ་ལྟུང་རྣམ་བཤད་དང་། བླ་མ་ལྔ་བཅུ་བའི་རྣམ་བཤད་དང་། རྣལ་འབྱོར་རོལ་བའི་དགའ་སྟོན། ཐུན་དྲུག་གི་རྣལ་འབྱོར་སོགས་སུ་བལྟ་བར་བྱ་ཞིང་། འདིར་ནི་དེ་དག་གི་དོན་ལས་དང་པོ་བ་རྣམས་ཀྱིས་ཐུན་དྲུག་ཏུ་ཉམས་སུ་ལེན་ཚུལ་འཁྱེར་བདེ་བའི་ཕྱིར་ཚིགས་སུ་བཅད་པའི་སྒོ་ནས་བརྗོད་པར་བྱའོ། །
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །
བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །
བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །
འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ། ཅེས་པ་ནི་སྐྱབས་འགྲོའི་བསླབ་བྱ་ཉིན་ལན་གསུམ་མཚན་ལན་གསུམ་སྐྱབས་སུ་འགྲོ་ཚུལ་དང་སེམས་བསྐྱེད་དུས་དྲུག་ཏུ་བཟུང་ཚུལ་ལོ།
སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་དང་། །
བྲལ་ནས་ཁྱད་པར་འཕགས་པའི་བདེ་བ་ཐོབ། ། བར་བྱའོ་སྙམ་དུ་བཏང་སྙོམས་པར་གྱུར་ཅིག སྙམ་དུ་བྱམས་པ་དང་། བར་གྱུར་ཅིག་སྙམ་དུ་སྙིང་རྗེ་དང་།
བཟོད་དཀའི་སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ཏེ།
ཐར་བ་དམ་པའི་བདེ་དང་འབྲལ་བར་མ་གྱུར་ཅིག། སྙམ་དུ་དགའ་བར་བྱའོ། ། ཞེས་པ་ནི་ཚད་མེད་བཞི་སྒོམ་ཚུལ་ཏེ་རིགས་ལྔའི་དམ་ཚིག་གི་ནང་ནས་བྱམས་པ་དང་མི་འཇིགས་པའི་སྦྱིན་པ་བྱ་ཚུལ་རིན་འབྱུང་གི་དམ་ཚིག་བསྲུང་ཚུལ་གཉིས་འདིས་ཚང་།
འགྲོ་ཀུན་སྲིད་ཞིའི་འཇིགས་པ་ལས་སྒྲོལ་ཕྱིར། །
རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་སེམས། །
དེང་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་པར། །
སྲོག་གི་ཕྱིར་ཡང་མི་བཏང་བཟུང་བར་བགྱི། ། སྙམ་དུ་སྨོན་སེམས་ཆོ་གས་བཟུང་ཕྱིར་ཞག་རེ་ལ་ཐུན་དྲུག་ཏུ་བཟུང་དགོས་པར་གསུངས་པའི་བསླབ་བྱའོ། །
འཇུག་སྡོམ་ལེན་འདོད་ནས་མདུན་དུ་སྟོན་པ་འཁོར་བཅས་བཞུགས་བར་དམིགས་ནས།
ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །
བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་།
བྱང་ཆུབ་སེམས་དཔའི་བསླབ་པ་ལ། །
དེ་དག་རིམ་བཞིན་གནས་པ་ལྟར། །
བདག་ཀྱང་འགྲོ་ལ་ཕན་དོན་དུ། །
བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །
བྱང་ཆུབ་སེམས་དཔའི་བསླབ་པ་ལ། །
རིམ་པ་བཞིན་དུ་བསླབ་པར་བགྱི། ། ཞེས་སོགས་གསུམ་བརྗོད། བྱང་སྡོམ་བླང་།
དེང་དུས་བདག་ཚེ་འབྲས་བུ་ཡོད། །
མི་ཡི་སྲིད་པ་ལེགས་པར་ཐོབ། །
དེ་རིང་སངས་རྒྱས་རིགས་སུ་སྐྱེས། །
སངས་རྒྱས་སྲས་སུ་ད་གྱུར་ཏོ། །
ད་ནི་བདག་གིས་ཅི་ནས་ཀྱང་། །
རིགས་དང་མཐུན་པའི་ལས་བརྩམས་ཏེ། །
སྐྱོན་མེད་བཙུན་པའི་རིགས་འདི་ལ། །
རྙོག་པར་མི་འགྱུར་དེ་ལྟར་བྱ། ། ཞེས་ཕན་ཡོན་བསམས་ཏེ་སྤྲོ་བ་བསྐྱེད། འདི་ནི་སེམས་བསྐྱེད་རྒྱས་པར་བྱ་བའི་ཕྱིར་དགའ་བ་སྒོམས་པས་བྱང་ཆུབ་ཀྱི་སེམས་ནི་ཕན་ཡོན་ཐུན་དྲུག་ཏུ་བསམ་ཚུལ་ལོ། །
མདུན་གྱི་ནམ་མཁའ་ཡིད་འཕྲོག་རིན་ཆེན་ཁྲི། །
ཆུ་སྐྱེས་ཉི་ཟླ་རྒྱས་པའི་དཀྱིལ་འཁོར་སྟེང་། །
རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང་། །
སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས། །
རྡོར་དྲིལ་བཟུང་ནས་རང་འདྲ་ཡུམ་ལ་འཁྱུད། །
མཚན་དཔེའི་གཟི་འབར་རིན་ཆེན་རྒྱན་མང་མཛེས། །
ཡིད་འཕྲོག་ལྷ་རྫས་གོས་ཀྱི་ན་བཟའ་ཅན། །
དྲན་པ་ཙམ་གྱིས་གདུང་བ་ཀུན་སེལ་ཅིང་། །
སྐྱབས་མཆོག་མ་ལུས་འདུས་པའི་བདག་ཉིད་དུ། །
སྐྱིལ་ཀྲུང་ཚུལ་གྱིས་བཞུགས་པའི་གནས་གསུམ་དུ། །
ཡི་གེ་གསུམ་མཚན་ཧཱུཾ་གི་འོད་ཟེར་གྱིས། །
རང་བཞིན་གནས་ནས་བླ་མ་རྡོ་རྗེ་འཆང་། །
ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། ། འདི་ནི་མི་བསྐྱོད་པའི་རིགས་ཀྱི་དམ་ཚིག་སློབ་དཔོན་བཟུང་ཚུལ་ལོ། ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །
སྐད་ཅིག་ཉིད་ལ་འཆར་བ་གང་། །
བླ་མ་རིན་ཆེན་ལྟ་བུ་ཡི། །
རྡོ་རྗེ་ཅན་ཞབས་པད་ལ་འདུད། ། འདི་ནི་བྱང་སེམས་ཀྱི་ཉེས་བྱས་དང་པོ་ལས་སེམས་བསྲུང་ཚུལ་དང་བླ་མ་ལྔ་བཅུ་བར། མཆོག་ཏུ་དད་པས་དུས་གསུམ་དུ། ། ཞེས་གསུངས་པ་ལྟར། ཕྱག་འཚལ་ཚུལ་ལོ། །
བདག་པོས་བཟུང་མ་བཟུང་དང་། །
དངོས་བཤམས་ཡིད་ཀྱི་སྤྲུལ་བ་ལས། །
བྱུང་བ་ཕྱི་ནང་གསང་བ་ཡི། །
སྣ་ཚོགས་མཆོད་སྤྲིན་རྒྱ་མཚོས་མཆོད། ། འདི་ནི་དོན་གྲུབ་ཀྱི་རིགས་ཀྱི་དམ་ཚིག་བསྐྱང་ཚུལ་ལོ། །
བདག་གཞན་ལུས་ངག་ཡིད་གསུམ་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །
རིན་ཆེན་མཎྜལ་བཟང་བོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །
བློ་ཡིས་བླངས་ནས་བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་འབུལ། །
ཐུགས་རྗེའི་དབང་གིས་བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ། འདི་ནི་ལྔ་བཅུ་བར་བླ་མ་ལ་མཎྜལ་དུས་གསུམ་དུ་འབུལ་བར་གསུངས་པའི་བསླབ་བྱའོ། །
དུས་གསུམ་ཕྱོགས་བཅུའི་བདེ་གཤེགས་མ་ལུས་པ། །
གང་འདུལ་ཇི་བཞིན་ངུར་སྨིག་རྣམ་རོལ་གྱིས། །
གྲངས་མེད་ཞིང་དུ་རྒྱལ་བའི་མཛད་པ་ཅན། །
བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །
རྡོ་རྗེ་འཆང་གིས་བློ་དམན་བསམ་པའི་ངོར། །
རབ་འབྱམས་རྒྱལ་བའི་འཁོར་ལོ་མཐའ་དག་ལས། །
ལྷག་པའི་ཞིང་གི་དམ་པར་ལེགས་བསྔགས་པའི། །
བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །
མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་ཀུན། །
མགོན་ཁྱོད་ཚུལ་བཞིན་བསྟེན་པའི་རྗེས་འགྲོ་བར། །
མཐོང་ནས་ལུས་དང་སྲོག་ཀྱང་ཡོངས་གཏད་དེ། །
ཁྱོད་མཉེས་ཁོ་ན་སྒྲུབ་པར་བྱིན་གྱིས་རློབས། ། སྙམ་དུ་སེམས་པ་ནི་དགེ་བའི་བཤེས་གཉེན་ལ་དད་གུས་སྒོམ་ཚུལ་གྱི་གནད་བསྡུས་བའོ། །
དེ་ལྟར་གསོལ་བ་བཏབ་པས་བླ་མ་མཆོག །
རང་གི་སྤྱི་བོའི་གཙུག་ཏུ་ས་མ་ཛཿ
སླར་ཡང་དགྱེས་བཞིན་རང་དང་རོ་གཅིག་གྱུར། །
བདག་ཉིད་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས། །
ལྷན་སྐྱེས་བདེ་ཆེན་གསང་བའི་རྡོ་རྗེ་དང་། །
རང་བཞིན་སྤྲོས་བྲལ་གསང་པའི་གཎྚ་ཡི། །
མཚོན་བྱེད་བཟུང་ནས་བཅོམ་ལྡན་འདས་མར་འཁྱུད། ། བར་སེམས་པ་འདི་གསུམ་ནི་རྡོར་དྲིལ་ཕྱག་རྒྱའི་དམ་ཚིག་བསྐྱེད་ཚུལ་བླ་མེད་ལྟར་རོ། །
བདག་གི་ལུས་དང་དེ་བཞིན་ལོངས་སྤྱོད་དང་། །
དུས་གསུམ་དགེ་ཚོགས་ཕུང་བོ་ཅི་མཆིས་པ། །
མར་གྱུར་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །
དེང་ནས་འཕངས་པ་མེད་པར་བཏང་བར་བྱ། ། སྙམ་དུ་གཏོང་སེམས་སྤེལ་བ་ནི་རྒྱལ་སྲས་ཀྱི་སྦྱིན་པའི་ཉམས་ལེན་དང་རིན་འབྱུང་གི་དམ་ཚིག་ཟང་ཟིང་དང་ཆོས་སྦྱིན་བྱ་ཚུལ་ལོ། ། ལོང་བྱུང་ན་སོ་སོའི་མ་མཐའི་སྡོམ་གྱི་སྒོ་ནས་དམ་ཚིག་དང་སྡོམ་པ་རྣམས་ལ་སྔོ་བགྲངས་བྱེད་ཅིང་མ་ལྕོགས་ན་འདི་ཙམ་གྱིས་ཀྱང་སྡོམ་པ་གསུམ་ཀ་ལ་དྲན་ཤེས་བསྟེན་ཚུལ་དུ་འགྱུར་རོ། །
སོ་ཐར་བྱང་སེམས་རྡོ་རྗེ་ཐེག་པ་ཡི། །
རྣམ་དག་བཅས་པའི་བསླབ་པ་ཕྲ་མོ་ལས། །
རྨི་ལམ་དུ་ཡང་འདའ་བར་མི་བྱེད་པར། །
རྒྱལ་བའི་བཀའ་བཞིན་བདག་གིས་བསྒྲུབ་པར་བྱ། ། སྙམ་པ་ནི་སྔགས་སྡོམ་བཟུང་བས་རྩ་བ་དང་ཡན་ལག་གི་དམ་ཚིག་དང་སྡོམ་པ་ལ་སྔོ་བགྲངས་ཐུན་དྲུག་ཏུ་བྱེད་ཚུལ་ལོ། །
ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི། །
ལུང་དང་རྟོགས་པའི་དམ་ཆོས་མ་ལུས་པ། །
རྒྱལ་བའི་དགོངས་པ་ཇི་བཞིན་ལེགས་བཟུང་སྟེ། ། སྙམ་པ་ནི་པདྨའི་རིགས་ཀྱི་དམ་ཚིག་བསྐྱང་ཚུལ་ལོ། །
གང་འཚམས་ཐབས་ཀྱིས་འགྲོབ་ཡོངས་སུ་སྒྲོལ། ། སྙམ་པ་ནི་རྣམ་སྣང་གི་རིགས་ཀྱི་དམ་ཚིག་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་བསྐྱང་ཚུལ་ལོ། ། ཞེས་དེ་དག་གི་དོན་དྲན་བཞིན་པས་བརྗོད་ཅིང་མཇུག་ཏུ་བཟང་བོ་སྤྱོད་པ་སོགས་ཀྱི་སྨོན་ལམ་བྱའོ། ། སྨྲས་པ། རྣམ་མང་རྒྱུད་སྡེ་རྒྱ་མཚོ་སྐྱེད་ཚུལ་ལས། ། ཐུན་དྲུག་རྣལ་འབྱོར་མེ་ཏོག་འཕྲེང་མཛེས་པ། ། ལེགས་པར་སྤེལ་འདི་རིག་སྔགས་འཆང་རྣམས་ཀྱི། ། དམ་ཚིག་སྡོམ་པ་དག་བྱེད་རྒྱན་མཆོག་ཡིན། །
འདི་ལས་འོངས་པའི་རྣམ་དཀར་དགེ་བའི་མཐུས། །
ཚེ་རབས་ཀུན་ཏུ་རྡོ་རྗེ་འཆང་དབང་གིས། །
བཅས་པའི་མཚམས་ལས་ནམ་ཡང་མི་འདའ་བར། །
རིམ་གཉིས་ལམ་གྱི་རིམ་པ་མཐར་ཕྱིན་ཤོག ། ཅེས་པ་འདི་ནི་རང་གི་སློབ་མ་སྡེ་སྣོད་འཛིན་པ་དུ་མས་བསྐུལ་བ་དང་། ཁྱད་པར་ཉིན་ཞག་ཕྲུགས་རེ་ལ་ཐུན་དྲུག་ཏུ་འདི་ལྟ་བུའི་ཉམས་སུ་ལེན་པ་བྱུང་ན། ། བོད་ཀྱི་གསེར་ཆོས་སུ་གྲགས་པའི་ཟབ་ཟབ་མོ་རྣམས་ཀྱིས་ཆ་ཙམ་དུའང་བསྐྲུན་དུ་མེད་པའི་རྒྱལ་བ་དགྱེས་པའི་བཀའ་སྲོལ་དུ་རྗེ་ཡབ་སྲས་རྣམས་ཀྱིས་བསྔགས་ཤིང་། རྒྱུད་སྡེ་དང་མཐུན་པའི་ཉམས་ལེན་དུ་ཆོས་ཀྱི་རྗེས་སུ་འབྲང་བའི་བློས་རྟོགས་པའི་ཉེར་ལེན་གྱིས་བསྐུལ་བ་ལ་བརྟེན་ནས་རིག་པ་འཛིན་ལ་ཆོས་ཀྱི་རྒྱལ་མཚན་གྱིས་སྦྱར་བའོ། །
མངྒ་ལཾ། །
Subscribe to:
Posts (Atom)











