Wednesday, 6 May 2015

དཀོན་མཆོག་རྗེས་དྲན་གྱི་མདོ།།




དཀོན་མཆོག་རྗེས་དྲན་གྱི་མདོ།

 ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །
     འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ། དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ། བཟོད་པས་རབ་ཏུ་བརྒྱན་པ། བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི། དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ། མཚན་རྣམས་ཀྱི་མེ་ཏོག་རྒྱས་པ། སྤྱོད་ཡུལ་རན་པར་མཐུན་པ། མཐོང་ན་མི་མཐུན་པ་མེད་པ། དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ། ཤེས་རབ་ཟིལ་གྱིས་མི་ནོན་པ། སྟོབས་རྣམས་ལ་བརྫི་བ་མེད་པ། སེམས་ཅན་ཐམས་ཅད་ཀྱི་སྟོན་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན། ཡེ་ཤེས་དཔག་ཏུ་མེད་པ། སྤོབས་པ་བསམ་གྱིས་མི་ཁྱབ་པ། གསུང་རྣམ་པར་དག་པ། དབྱངས་སྙན་པ། སྐུ་བྱད་བལྟ་བས་ཆོག་མི་ཤེས་པ། སྐུ་མཚུངས་པ་མེད་པ། འདོད་པ་དག་གིས་མ་གོས་པ། གཟུགས་དག་གིས་ཉེ་བར་མ་གོས་པ། གཟུགས་མེད་པ་དག་དང་མ་འདྲེས་པ། སྡུག་བསྔལ་ལས་རྣམ་པར་གྲོལ་བ། ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ། ཁམས་རྣམས་དང་མི་ལྡན་པ། སྐྱེ་མཆེད་རྣམས་བསྡམས་པ། མདུད་པ་རྣམས་ཤིན་ཏུ་བཅད་པ། ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ། སྲིད་པ་ལས་གྲོལ་བ། ཆུ་བོ་ལས་བརྒལ་བ། ཡེ་ཤེས་ཡོངས་སུ་རྫོགས་པ། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ། མྱ་ངན་ལས་འདས་པ་ལ་མི་གནས་པ། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ། སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ། འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ། །
    དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། མཐའ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་སྟོན་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོར་རང་གིས་རིག་པར་བྱ་བ། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལེགས་པར་སྟོན་པ། ངེས་པར་འབྱུང་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ། བརྟེན་པ་ཡོད་པ། རྒྱུ་བ་བཅད་པའོ། །
     ཐེག་པ་ཆེན་པོའི་དགེ་འདུན་ནི། ལེགས་པར་ཞུགས་པ། རིགས་པར་ཞུགས་པ། དྲང་པོར་ཞུགས་པ། མཐུན་པར་ཞུགས་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་དཔལ་གྱི་ཞིང་། ཡོན་ཡོངས་སུ་སྦྱོང་བ་ཆེན་པོ། སྦྱིན་པའི་གནས་སུ་གྱུར་བ། ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་བ་ཆེན་པོའོ། །


གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བསྟམས་ཚེ། །
ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །
ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །
དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །

རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །
ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །
གྲགས་པ་འཇིག་རྟེན་གསུམ་ན་ལྷན་མེ་བ། །
མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །

མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །
གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །
རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །
མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ། །

མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །
ཐམས་ཅད་མཁྱེན་པས་སྟོན་པ་པོ། །
བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །
དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །

དག་པས་འདོད་ཆགས་བྲལ་བར་གྱུར། །
དགེ་བས་ངན་སོང་ལས་གྲོལ་ཅིང་། །
གཅིག་ཏུ་དོན་དམ་མཆོག་གྱུར་པ། །
ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །

གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །
བསླབ་པ་དག་ལ་རབ་ཏུ་གནས། །
ཞིང་གི་དམ་པ་ཡོན་ཏན་ལྡན། །
དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །

སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །
སྐྱོབ་པ་ཆོས་ལ་ཕྱག་འཚལ་ལོ། །
དགེ་འདུན་སྡེ་ལ་ཕྱག་འཚལ་ལོ། །
གསུམ་ལ་རྟག་ཏུ་གུས་ཕྱག་འཚལ། །

སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །
ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ། །
དགེ་འདུན་ཡོན་ཏན་བསམ་མི་ཁྱབ། །
བསམ་མི་ཁྱབ་ལ་དད་བྱས་པའི། །
རྣམ་པར་སྨིན་པའང་བསམ་མི་ཁྱབ། །
རྣམ་དག་ཞིང་དུ་སྐྱེ་བར་ཤོག།།



Sunday, 12 April 2015

ཐོག་མར་བློ་སྦྱོང་ཆོས་ཀྱི་སྒོ་འབྱེད་ཀྱི་དཀར་ཆག་གསར་བཀོད།



དཀར་ཆག

བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་ལ་ཐོག་མར་བློ་སྦྱོང་བ་
ཆོས་ཀྱི་སྒོ་འབྱེད་ཅེས་བྱ་བ།




༼ཀ༽ མཆོད་བརྗོད་དང་གླེང་གཞི།


༼ཁ༽ ཚེ་བློས་གཏང་བའི་ཕན་ཡོན་དང༌། མ་བཏང་བའི་ཉེས་དམིགས།


༼ག༽ ཚེ་བློས་གཏོང་ལུགས།

༡༽ ཚེ་བློས་གཏོང་བའི་དམ་ཚིག

༢༽ ཚེ་བློས་གཏོང་བའི་བསླབ་བྱ།

༈ དང་པོ་ཕ་ཡུལ་སྤོང་བ།

༈ གཉིས་པ་ཉེ་དུ་སྤོངས་པ།

༈ གསུམ་པ་གཡོག་འཁོར་སྤངས་པ།

༈ བཞི་པ་བཤད་ཉན་དང་ལུང་ཁྲིད་ལ་སོགས་པའི་གཞན་དོན་ལྟར་སྣང་རྣམས་སྤོང་བ།

༈ ལྔ་པ་རྙེད་པ་དང་བཀུར་སྟི་སྤོང་བ།

༈ དྲུག་པ་ཡོ་བྱད་གསོག་རུམ་སྤང་བ།

༈ བདུན་པ་གཟའ་བཏུང་ལ་ཞེན་པ་སྤངས་པ།

༈ བརྒྱད་པ་ལོངས་སྤྱོད་འབད་མེད་དུ་འབྱུང་བའང་དྭང་དུ་མི་བླང་བ།

༈ དགུ་པ་མཐུན་འཇུག་དང་ངོ་བསྲུང་སྤོང་བ།

༈ བཅུ་པ་ཚེ་འདིའི་བསོད་ནམས་དང་འདུ་ལོང་སྤོང་བ།

༈ བཅུ་གཅིག་པ་འདོད་ཡོན་གྱི་ཉེས་དམིགས་དྲན་པར་བྱ་བ།

༈ བཅུ་གཉིས་པ་འཇིག་རྟེན་ཆོས་བརྒྱད་སྤོང་བར་བསྟན་པ།

༈ བཅུ་གསུམ་པ་བདེ་བ་སྒྲུབ་འདོད་སྤོང་བ།
༈ བཅུ་བཞི་པ་སྡུག་བསྔལ་ལ་རྒྱན་དུ་བལྟ་བ་ལ་བསླབ་པ།

༈ བཅོ་ལྔ་པ་བླ་མ་ལ་སོགས་པའི་ཕྱིར་དུ་ཡང་ལོངས་སྤྱོད་སྒྲུབ་འདོད་སྤང་བ།

༈ བཅུ་དྲུག་པ་ཚེ་བློས་ཐོངས་པའི་དངོས་རྒྱུ་ཐུན་མོང་མ་ཡིན་པ་ཉམས་སུ་བླང་བ།

༡༽ ཆི་བ་མི་རྟག་པ་བསྒོམས་པའི་ཕན་ཡོན།
༢༽ འཆི་བ་མི་རྟག་པ་སྒོམ་པའི་དམིགས་རྣམ།
༣༽ འཆི་བ་མི་རྟག་པ་སྒོམ་ཚུལ།

༈ ཅུ་བདུན་པ་ཉམས་ལེན་རྒྱུད་མི་ཆད་པར་བྱ་བ།

༈ བཅོ་བརྒྱད་པ་ཉམས་ལེན་རྒྱུད་ལ་སྐྱེ་བའི་རྒྱུ་ཚོགས་བསྟེན་པ།

༈ བཅུ་དགུ་པ་ལམ་གོང་མ་ལ་སློབ་ཅིང༌། རང་གི་བླ་མའི་མན་ངག་ལ་ཡིད་ཆེས་བྱ་བ།


༼ང༽ མཇུག་གི་དོན།







Thursday, 2 April 2015

དགེ་ལྡན་བཀའ་བརྒྱུད་རིན་པོ་ཆེའི་ཕྱག་ཆེན་རྩ་བ་རྒྱལ་བའི་གཞུང་ལམ་ཞེས་བྱ་བ་བཞུགས་སོ། །




དགེ་ལྡན་བཀའ་བརྒྱུད་རིན་པོ་ཆེའི་ཕྱག་ཆེན་རྩ་བ་རྒྱལ་བའི་གཞུང་ལམ་
ཞེས་བྱ་བ་བཞུགས་སོ། །



ན་མོ་མ་ཧཱ་མུ་དྲཱ་ཡ། །

ཀུན་ཁྱབ་ཀུན་གྱི་རང་བཞིན་ཕྱག་རྒྱ་ཆེ། །
དབྱེར་མེད་བརྗོད་བྲལ་སེམས་ཀྱི་རྡོ་རྗེའི་དབྱིངས། །
རྗེན་པར་སྟོན་མཛད་ཁྱབ་བདག་གྲུབ་པའི་རྗེ། །
ཟླ་མེད་བླ་མའི་ཞབས་ལ་གུས་པས་འདུད། །

མདོ་རྒྱུད་མན་ངག་རྒྱ་མཚོའ་བཅུད་བསྡུས་ནས། །
ལེགས་པར་འདོམ་མཛད་དགེ་ལྡན་བཀའ་བརྒྱུད་པ། །
གྲུབ་མཆོག་དྷརྨ་བཛྲ་ཡབ་སྲས་ཀྱི། །
བཀའ་སྲོལ་ཕྱག་རྒྱ་ཆེན་པོའ་གདམས་པ་བྲི། །

འདི་ལ་སྦྱོར་དངོས་མཇུག་གསུམ་ལས། །
དང་པོ་བསྟན་དང་ཐེག་ཆེན་ལ། །
འཇུག་པའི་སྒོ་དང་གཞུང་ཤིང་ཕྱིར། །
ཁ་ཙམ་ཚིག་ཙམ་མ་ཡིན་པའི། །

སྐྱབས་འགྲོ་སེམས་བསྐྱེད་ནན་ཏན་བྱ། །
སེམས་ཀྱི་ཆོས་ཉིད་མཐོང་བ་ཡང་། །
ཚོགས་བསགས་སྒྲིབ་སྦྱང་ལ་བལྟོས་པས། །
ཡིག་བརྒྱ་འབུམ་ཙམ་ལྟུང་བཤགས་ནི། །

བརྒྱ་ཕྱག་གང་མང་སྔོན་བཏང་ནས། །
དུས་གསུམ་སངས་རྒྱས་ཐམས་ཅད་དང་། །
དབྱེར་མེད་རྩ་བའི་བླ་མ་ལ། །
སྙིང་ནས་གསོལ་འདེབས་ཡང་ཡང་བྱ། །

དངོས་གཞི་ཕྱག་རྒྱ་ཆེན་པོ་ལ། །
བཞེད་ཚུལ་མང་དུ་འདུག་ན་ཡང་། །
མདོ་སྔགས་དབྱེ་བས་གཉིས་སུ་ཡོད། །
ཕྱི་མ་རྡོ་རྗེའི་ལུས་ཉིད་ལ། །

གནད་དུ་བསྣུན་སོགས་ཐབས་མཁས་ལས། །
བྱུང་བའི་བདེ་ཆེན་འོད་གསལ་ཏེ། །
ས་ར་ཧ་དང་ཀླུ་སྒྲུབ་ཞབས། །
ན་རོ་མེ་ཏྲིའི་ཕྱག་ཆེན་ཏེ། །

གྲུབ་སྙིང་སྐོར་ནས་བསྟན་པ་ཡི། །
བླ་མེད་རྒྱུད་སྡེའི་ཡང་སྙིང་ཡིན། །
སྔོན་མ་རྒྱས་འབྲིང་བསྡུས་གསུམ་གྱིས། །
དངོས་བསྟན་སྟོང་ཉིད་བསྒོམ་ཚུལ་ཏེ། །

འདི་ལས་གཞན་པའི་ཐར་པའི་ལམ། །
མེད་ཅེས་འཕགས་མཆོག་ཀླུ་སྒྲུབ་གསུང་། །
འདིར་ནི་དེ་ཡི་དགོངས་པ་བཞིན། །
ཕྱག་རྒྱ་ཆེན་པོའ་ཁྲིད་ཕོག་སྟེ། །

སེམས་ཀྱི་ངོ་སྤྲོད་བྱེད་པའི་ཚུལ། །
རྒྱུད་ལྡན་བླ་མའི་གསུང་བཞིན་བརྗོད། །
ལྷན་ཅིག་སྐྱེས་སྦྱོར་གའུ་མ། །
ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །

ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང་། །
དབུ་མའི་ལྟ་ཁྲིད་ལ་སོགས་པ། །
སོ་སོར་མིང་འདོགས་མང་ན་ཡང་། །
ངེས་དོན་ལུང་རིགས་ལ་མཁས་ཤིང་། །

ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །
དཔྱད་ན་དགོངས་པ་གཅིག་ཏུ་འབབ། །
དེས་ན་འདི་ལ་ལྟ་ཐོག་ནས། །
སྒོམ་པ་འཚོལ་དང་སྒོམ་ཐོག་ནས། །

ལྟ་བ་འཚོལ་བའི་ལུགས་གཉིས་ལས། །
འདིར་ནི་ཕྱི་མའི་ལུགས་བཞིན་ཡིན། །
བསམ་གཏན་བདེ་བའི་སྟེགས་བུ་ལ། །
ལུས་གནད་བདུན་དང་ལྡན་བྱས་ལ། །

རླུང་རོ་དགུ་ཕྲུགས་དག་ཏུ་བསལ། །
རིག་པ་དྭངས་སྙིགས་ལེགས་པར་ཕྱེ། །
རྣམ་དག་དགེ་བའི་སེམས་ལྡན་པས། །
སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་། །

ཟབ་ལམ་བླ་མའི་རྣལ་འབྱོར་བསྒོམ། །
ཤུགས་དྲག་གསོལ་འདེབས་བརྒྱ་རྩ་སོགས། །
བྱས་ནས་བླ་མ་རང་ལ་བསྟིམ། །
སྣང་བ་བན་བུན་ངང་དེ་ལ། །

རེ་དོགས་ལ་སོགས་རྣམ་རྟོག་གིས། །
བཅས་བཅོས་གང་ཡང་མི་བྱེད་པ། །
གཡོ་མེད་ཅུང་ཟད་མཉམ་པར་གཞོག །
བརྒྱལ་དང་གཉིད་ལོག་ལྟ་བུ་ཡི། །

ཡིད་བྱེད་བཀག་པ་མ་ཡིན་པ། །
མ་ཡེངས་དྲན་པའི་རྒྱང་སོ་ཚུགས། །
འགྱུ་བ་རིག་པའི་ཤེས་བཞིན་སྡོགས། །
རིག་ཅིང་གསལ་བའི་ངོ་བོ་ལ། །

ཧྲིམ་གྱིས་བསྒྲིམས་ལ་གཅེར་གྱིས་ལྟོས། །
རྣམ་རྟོག་གང་དང་གར་སྐྱེས་པ། །
དེ་དང་དེ་ཉིད་ངོས་ཟིན་བྱ། །
ཡང་ན་རལ་བསྐོར་མཁན་བཞིན་དུ། །

རྣམ་རྟོག་ཅི་སྐྱེས་རྦད་རྦད་གཅོད། །
བཅད་མཐར་གནས་པ་དེ་ཡི་ཚེ། །
དྲན་པ་མ་ཤོར་ལྷོད་ཀྱིས་གློད། །
ཧྲིམ་གྱིས་བསྒྲིམས་ལ་ལྷོད་ཀྱིས་གློད། །

སེམས་ཀྱིས་འཇོག་པ་དེ་ན་གདའ། །
ཞེས་དང་གཞན་ཡང་ཇི་སྐད་དུ། །
འཇུར་བུས་བཅིངས་པའི་སེམས་ཉིད་ནི། 
གློད་ན་གྲོལ་བ་ཐེ་ཚོམ་མེད། །

ཅེས་གསུངས་པ་ལྟར་མ་ཡེངས་གློད། །
རྣམ་རྟོག་གང་སྐྱེས་ངོ་བོ་ལ། །
བལྟས་ཚེ་རང་ཡལ་སྟོང་སང་འཆར། །
དེ་བཞིན་གནས་ཚེའང་བརྟགས་པ་ན། །

མ་བསྒྲིབ་སྟོང་གསལ་ཧྲིག་གེ་བ། །
མཐོང་བ་གནས་འགྱུ་འདྲེས་པ་ཞེས། །
གྲགས་ཤིང་རྣམ་རྟོག་ཅི་སྐྱེས་ཀྱང་། །
མི་འགོག་འགྱུ་བ་ངོས་ཟིན་པར། །

བྱས་ཏེ་དེ་ཡི་ངོ་བོ་ལ། །
འཇོག་པ་རྫིངས་ཀྱི་བྱ་བརྩོན་ནི། །
འཕུར་བའི་དཔེ་དང་མཚུངས་པ་ཡིན། །
ཇི་ལྟར་གཟིངས་ནས་འཕུར་བའི་བྱ་རོག་ནི། །

ཕྱོགས་རྣམས་བསྐོར་ནས་སླར་ཡང་དེར་འབབ་བཞིན། །
ཞེས་པ་ཇི་བཞིན་བསྐྱངས་པ་ལས། །
མཉམ་གཞག་ངོ་བོ་གང་གིས་ཀྱང་། །
མ་སྒྲིབས་དྭངས་ཤིང་གསལ་བ་དང་། །

གཟུགས་ཅན་གང་དུ་མ་གྲུབ་པས། །
སྟོང་སང་ནམ་མཁའ་ལྟ་བུ་དང་། །
ཅི་ཡང་འཆར་བས་ཧྲིག་གེ་བ། །
དེ་ལྟར་སེམས་ཀྱི་ཆོས་ཉིད་ནི། །

མངོན་སུམ་ལྷག་གིས་མཐོང་མོད་ཀྱང་། །
འདི་ཞེས་གཟུང་ཞིང་བསྟན་དུ་མེད། །
གང་ཤར་འཛིན་མེད་ལྷུག་པར་འཇོག །
འདི་ནི་སངས་རྒྱས་སྦར་བཅངས་སུ། །

གཏོད་པའི་གདམས་ངག་ཡིན་ནོ་ཞེས། །
དེང་སང་གངས་རིའི་སྒོམ་ཆེན་པ། །
ཕལ་ཆེར་དགོངས་པ་གཅིག་གིས་སྒྲོག །
དེ་ལྟར་མོད་ཀྱི་ཚུལ་འདི་ནི། །

དང་པོའ་ལས་ཅན་སེམས་གནས་པ། །
བསྒྲུབ་པའི་རྨད་བྱུང་ཐབས་མཁས་དང་། །
སེམས་ཀྱི་ཀུན་རྫོབ་ངོ་སྤྲོད་ཚུལ། །
ཡིན་ཞེས་ཆོས་ཀྱི་རྒྱལ་མཚན་སྨྲ། །


ད་ནི་སེམས་ཀྱི་ཆོས་ཉིད་ལ། །
ངོ་སྤྲོད་ཇི་ལྟར་བྱ་བའི་ཚུལ། །
སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀུན། །
ངུར་སྨྲིག་འཛིན་པའི་ཚུལ་བཟུང་དང་། །

བདག་བློ་རྨོངས་པའི་མུན་སེལ་བའི། །
རྩ་བའི་བླ་མའི་ཞལ་གདམས་འགོད། །
སྔར་གྱི་མཉམ་གཞག་ངང་ཉིད་ལས། །
མ་གཡོས་དྭངས་པའི་ཆུ་ནང་དུ། །

ཇི་ལྟར་ཉེའུ་ཆུང་འཁྱུག་པ་ལྟར། །
ཕྲ་མོའ་ཤེས་པས་སྒོམ་པ་པོའ། །
སྐྱེས་བུས་རང་བཞིན་མཛངས་པར་བརྟག །
འཕགས་པ་ཀླུ་སྒྲུབ་སྐྱོབ་ཉིད་ཀྱིས། །

སྐྱེས་བུ་ས་མིན་ཆུ་མ་ཡིན། །
མེ་མིན་རླུང་མིན་ནམ་མཁའ་མིན། །
རྣམ་ཤེས་མ་ཡིན་ཀུན་མིན་ན། །
དེ་ལས་གཞན་ན་སྐྱེས་བུ་གང་། །

སྐྱེས་བུ་ཁམས་དྲུག་འདས་པའི་ཕྱིར། །
ཡང་དག་མ་ཡིན་ཇི་ལྟ་བར། །
དེ་བཞིན་ཁམས་ནི་རེ་རེ་ཡང་། །
འདུས་ཕྱིར་ཡང་དག་ཉིད་དུ་མིན། །

གསུངས་པ་ཇི་བཞིན་བཙལ་བ་ན། །
མཉམ་བཞག་མཉམ་པར་འཇོག་མཁན་སོགས། །
རྡུལ་ཕྲན་ཙམ་ཡང་མ་རྙེད་པ། །
དེ་ཚེ་གཡེང་མེད་རྩེ་གཅིག་ཏུ། །

ནམ་མཁའ་ལྟ་བུའི་མཉམ་བཞག་སྐྱོང་། །
ཡང་ན་མཉམ་པར་བཞག་པའི་ངང་། །
གཟུགས་སུ་མ་གྲུབ་སྟོང་སང་ངེ་། །
སྒྲིབ་མེད་སྣ་ཚོགས་འཆར་ཤིང་འཕྲོ། །

འགག་མེད་གསལ་ཞིང་རིག་པའི་རྒྱུན། །
ཆད་པ་མེད་པ་འཇུག་པའི་སེམས། །
ལྟོས་མེད་སྣང་ཞིང་འཛིན་པ་ཡི། །
ཞེན་ཡུལ་མགོན་པོ་ཞི་བ་ལྷས། །

རྒྱུད་དང་ཚོགས་ཞེས་བྱ་བ་ནི། །
ཕྲེང་བ་དམག་སོགས་བཞིན་དུ་བརྫུན། །
ཞེས་གསུངས་ལུང་དང་རིག་པ་ཡིས། །
སྣང་ཚུལ་ལྟར་དུ་མ་གྲུབ་པའི། །

ངང་དུ་རྩེ་གཅིག་མཉམ་པར་གཞོག །
མདོར་ན་བདག་གི་དགེ་བའི་བཤེས། །
དོན་དང་མཐུན་པའི་ཐམས་ཅད་མཁྱེན། །
སངས་རྒྱས་ཡེ་ཤེས་ཞལ་སྔ་ནས། །

གར་ཤར་རྣམ་རྟོག་འཛིན་པར་ཡང་རིག་ན། །
དོན་དམ་ཆོས་དབྱིངས་གཞན་ལ་ལྟོས་མེད་འཆར། །
ཤར་བའི་ངང་དུ་རིག་པ་ཞུགས་པ་ལ། །
རྩེ་གཅིག་མཉམ་པར་འཇོག་པ་ཨེ་མ་ཧོ། །

ཞེས་གསུངས་དེ་བཞིན་དམ་པས་ཀྱང་། །
སྟོང་པའི་ངང་དུ་རིག་པའི་མདུང་བསྐོར་བྱ། །
ལྟ་བ་ལ་ཐོགས་ཐུག་མེད་དོ་དིང་རི་བ། །
ཞེས་སོགས་དགོང་པ་གཅིག་ཏུ་གནས། །

རྗེས་ནི་ཕྱག་ཆེན་བསྒོམ་པ་ལས། །
བྱུང་བའི་རྣམ་དཀར་ཅི་མཆིས་པ། །
དུས་གསུམ་དགེ་ཚོགས་རྒྱ་མཚོར་བཅས། །
བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །

དེ་ལྟར་གོམས་ནས་ཚོགས་དྲུག་གིས། །
ཡུལ་དུ་སྣང་བ་ཅི་ཤར་ཡང་། །
སྣང་ཚུལ་ཞིབ་མོར་རྟོག་ཤིག་དང་། །
གནས་ཚུལ་རྗེན་པར་ལྷང་གིས་འཆར། །
གང་ཤར་ངོས་འཛིན་ལྟ་བུའི་གནད། །

མདོར་ན་རང་སེམས་ལ་སོགས་པ། །
གང་གང་སྣང་བའི་དོན་དེ་ནི། །
མ་འཛིན་དེ་དེའི་གནས་ཚུལ་དེ། །
ངེས་པར་གྱིས་ལ་རྟག་ཏུ་སྐྱོང་། །

འདི་ལྟར་ཤེས་ནས་འཁོར་འདས་ཀྱི། །
ཆོས་ཀུན་རང་བཞིན་གཅིག་ཏུ་སྦྱོར། །
དེ་སྐད་དུ་ཡང་འཕགས་པ་ལྷས། །
དངོས་པོ་གཅིག་གི་ལྟ་སོ་གང་། །

དེ་ནི་ཀུན་གྱི་ལྟ་སོར་བཤད། །
གཅིག་གི་སྟོང་ཉིད་གང་ཡིན་པ། །
དེ་ནི་ཀུན་གྱི་སྟོང་ཉིད་ཡིན། །
ཅེས་གསུངས་དེ་ལྟར་ཆོས་ཉིད་ལ། །

ཚུལ་བཞིན་མཉམ་པར་བཞག་པའི་ངོར། །
ཡོད་མེད་ལ་སོགས་འཁོར་འདས་ཀྱི། །
སྤྲོས་པའི་མཐའ་དང་བྲལ་མེད་ཀྱི། །
དེ་ལས་ལངས་ནས་བརྟག་པའི་ཚེ། །

མིང་ཀྱང་བཏགས་ཡོད་ཙམ་ཞིག་གི །
བྱ་བྱེད་རྟེན་འབྲེལ་བསྙོན་མེད་པར། །
རྨི་ལམ་སྨིག་རྒྱུ་ཆུ་ཟླ་དང་། །
སྒྱུ་མར་ལྟ་བུར་ངང་གིས་འཆར། །

སྣང་བས་སྟོང་པ་མི་བསྒྲིབ་ཅིང་། །
སྟོང་པས་སྣང་བ་མི་འགོག་པ། །
སྟོང་དང་རྟེན་འབྱུང་དོན་གཅིག་པའི། །
ལམ་བཟང་དེ་ཚེ་མངོན་སུམ་འགྱུར། །

དེ་སྐད་སྨྲ་བ་མང་ཐོས་སྤོང་བ་པ། །
བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་སྟེ། །
དགེ་བས་འགྲོ་ཀུན་ཞི་སྒོ་གཉིས་པ་དང་། །
བྲལ་བའི་ལམ་འདིས་མྱུར་ཏུ་རྒྱལ་གྱུར་ཅིག །

ཅེས་ཕྱག་རྒྱ་ཆེན་པོའ་ངོ་སྤྲོད་བྱེད་ཚུལ་འདི་ཡང་། འདི་ནང་གི་ཆོས་བརྒྱད་སྨྱོན་པའི་ཟློས་གར་ལྟར་མཐོང་ནས། དབེན་པའི་རི་སུལ་དུ་དྲང་སྲོང་གི་སྤྱོད་ཚུལ་གྱིས་འདུག་ནས། ལམ་འདི་ལ་ཉམས་ལེན་སྙིང་པོར་བྱེད་པ་གནས་བཅུ་རབ་འབྱམས་པ་དགེ་འདུན་རྒྱལ་མཚན་དང་ཧ་མཐོང་ཀ་བཅུ་པ་ཤེས་རབ་སེང་གེ་གཉིས་ཀྱིས་སྔ་མོ་ནས་ཡང་ཡང་བསྐུལ་ཞིང་། གཞན་ཡང་ངེས་དོན་ཕྱག་ཆེན་གྱི་ཉམས་ལེན་བྱེད་པར་འདོད་པའི་རང་གི་སློབ་མ་མང་པོས་བསྐུལ་བ་དང་། །ཁྱད་པར་རྗེ་གྲུབ་པའི་དབང་ཕྱུག་ཐམས་ཅད་མཁྱེན་པ་རྒྱལ་བ་དབེན་ས་པ་ཆེན་པོ་དེ་ཉིད་ཀྱིས་རང་གཞན་ལ་འདོམས་པར་མཛད་པའི་ཉམས་འགུར་ཞིག་ཏུ་བཤེས་གཉེན་བསྟེན་ཚུལ་ཞི་ལྷག་གི་བར་བཀའ་གདམས་ལམ་རིམ་ལྟར་གདམས་ནས། མཇུག་ཏུ་བཤད་མ་ཐག་པའི་ལམ་འདི་མ་ཡིན་པ། །ད་ལྟའི་གངས་ཅན་ས་ལ་མ་གྲགས་པའི། །ཕྱག་རྒྱ་ཆེན་པོའ་གདམས་ངག་མཐར་ཐུག་པ། །ད་ལྟ་ཡི་གེར་འགོད་པར་མི་ནུས་སོ། །ཞེས་དེ་དུས་དགག་བྱའི་དབང་གིས་མི་འགོད་པ་ཕྱི་དུས་ལ་དགོངས་པ། དཔེར་ན་དམ་ཆོས་པད་དཀར་དུ། །
སངས་རྒྱས་ཡེ་ཤེས་རབ་ཏུ་རྟོགས་བྱའི་ཕྱིར། །
ཐབས་འདི་རང་བྱུང་གིས་ནི་མཛད་གྱུར་གྱི། །
དེ་དག་རྣམས་ལ་ཁྱེད་ཅག་སངས་རྒྱས་སུ། །
འགྱུར་རོ་ཞེས་ནི་ནམ་ཡང་མི་གསུང་ངོ་། །
ཅི་ཕྱིར་ཞེ་ན་སྐྱོབ་པ་དུས་ལ་གཟིགས། །
ཞེས་གསུང་པ་དང་འདྲ་བའི་བཞེད་པ་བསྒྲུབ་པའི་ཕྱིར། །སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ནས་བཟུང་སྟེ། བདག་གི་རྩ་བའི་བླ་མ་ཐམས་ཅད་མཁྱེན་ཅིང་གཟིགས་པ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ཞལ་སྔ་ནས་ཀྱི་བར། ལམ་འདི་མངོན་སུམ་དུ་ཐུགས་ཉམས་སུ་བསྟར་བའི་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་ཤིང་། དམ་ཚིག་ལ་སེལ་མ་ཞུགས་པའི་རིགས་སུ་བྱུང་ཞིང་མདོ་རྒྱུད་དམ་པའི་མན་ངག་འཛིན་པའི་སྤོང་བ་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ། །






ཕྱག་ཆེན་བརྒྱུད་པའི་གསོལ་འདེབས་ནི། །

ན་མོ་མ་ཧཱ་མུ་དྲཱ་ཡེ། །

ལྷུན་གྲུབ་སྐུ་གསུམ་གྱི་གཞལ་ཡས་སུ། །
དཔལ་དང་པོའ་སངས་རྒྱས་རིགས་ཀུན་གཙོ། །
ཁྱབ་བདག་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །
རྒྱུད་བདག་འཛིན་འཁྲི་བ་ཆོད་པ་དང་། །
བྱམས་སྙིང་རྗེ་བྱང་སེམས་འབྱོངས་པ་དང་། །
ལམ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཡི། །
མཆོག་མྱུར་ཏུ་ཐོབ་པར་བྱིན་གྱིས་རློབས། །

ཞིང་རབ་འབྱམས་ཕྱོགས་བཅུའི་འཇིག་རྟེན་ན། །
དུས་གསུམ་གྱི་རྒྱལ་བ་བསྐྱེད་པའི་ཡབ། །
མཁྱེན་རབ་འཕགས་པ་འཇམ་དཔལ་ལ་གསོལ་བ་འདེབས། །
རྒྱུད་བདག་འཛིན་འཁྲི་བ་ཆོད་པ་དང་། །
བྱམས་སྙིང་རྗེ་བྱང་སེམས་འབྱོངས་པ་དང་། །
ལམ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཡི། །
མཆོག་མྱུར་ཏུ་ཐོབ་པར་བྱིན་གྱིས་རློབས། །

ཡུལ་བྱང་ཕྱོགས་ཁ་བ་ཅན་ལྗོངས་འདིར། །
ཐུབ་བསྟན་ལ་ཐུབ་དབང་གཉིས་པའི་རྗེ། །
རྗེ་བཙུན་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །
རྒྱུད་བདག་འཛིན་འཁྲི་བ་ཆོད་པ་དང་། །
བྱམས་སྙིང་རྗེ་བྱང་སེམས་འབྱོངས་པ་དང་། །
ལམ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཡི། །
མཆོག་མྱུར་ཏུ་ཐོབ་པར་བྱིན་གྱིས་རློབས། །

འཇམ་དབྱངས་ཀྱི་སྲས་པོ་ཙོང་ཁ་པའི། །
སྒྲུབ་བརྒྱུད་ཀྱི་བསྟན་པ་འཛིན་པའི་གཙོ། །
རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ལ་གསོལ་བ་འདེབས། །
རྒྱུད་བདག་འཛིན་འཁྲི་བ་ཆོད་པ་དང་། །
བྱམས་སྙིང་རྗེ་བྱང་སེམས་འབྱོངས་པ་དང་། །
ལམ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཡི། །
མཆོག་མྱུར་ཏུ་ཐོབ་པར་བྱིན་གྱིས་རློབས། །

སྙན་བརྒྱུད་ཀྱི་གདམས་པའི་མཛོད་ཕྱེ་ནས། །
སྐལ་ལྡན་གྱི་གདུལ་བྱ་སྨིན་མཛད་པའི། །
བ་སོ་ཆོས་ཀྱི་རྒྱལ་མཚན་ལ་གསོལ་བ་འདེབས། །
རྒྱུད་བདག་འཛིན་འཁྲི་བ་ཆོད་པ་དང་། །
བྱམས་སྙིང་རྗེ་བྱང་སེམས་འབྱོངས་པ་དང་། །
ལམ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཡི། །
མཆོག་མྱུར་ཏུ་ཐོབ་པར་བྱིན་གྱིས་རློབས། །

རིམ་གཉིས་ཀྱི་རྣལ་འབྱོར་མཐར་ཕྱིན་ནས། །
འཆི་མེད་ཀྱི་རིག་འཛིན་སྐུ་བརྙེས་པའི། །
གྲུབ་མཆོག་དྷརྨ་བཛྲ་ལ་གསོལ་བ་འདེབས། །
རྒྱུད་བདག་འཛིན་འཁྲི་བ་ཆོད་པ་དང་། །
བྱམས་སྙིང་རྗེ་བྱང་སེམས་འབྱོངས་པ་དང་། །
ལམ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཡི། །
མཆོག་མྱུར་ཏུ་ཐོབ་པར་བྱིན་གྱིས་རློབས། །

ཆོས་བརྒྱད་ཀྱི་འཆིང་བས་མ་གོས་པར། །
ངེས་དོན་གྱི་བསྟན་པའི་རྒྱལ་མཚན་འཛིན། །
བློ་བཟང་དོན་ཡོད་གྲུབ་པ་ལ་གསོལ་བ་འདེབས། །
རྒྱུད་བདག་འཛིན་འཁྲི་བ་ཆོད་པ་དང་། །
བྱམས་སྙིང་རྗེ་བྱང་སེམས་འབྱོངས་པ་དང་། །
ལམ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཡི། །
མཆོག་མྱུར་ཏུ་ཐོབ་པར་བྱིན་གྱིས་རློབས། །

སྐུ་གསུམ་གྱི་ཕོ་བྲང་ཉམས་དགའ་བར། །
ངུར་སྨྲིག་གི་གར་གྱིས་འགྲོ་ཀུན་འདྲེན། །
མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ་གསོལ་བ་འདེབས། །
རྒྱུད་བདག་འཛིན་འཁྲི་བ་ཆོད་པ་དང་། །
བྱམས་སྙིང་རྗེ་བྱང་སེམས་འབྱོངས་པ་དང་། །
ལམ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཡི། །
མཆོག་མྱུར་ཏུ་ཐོབ་པར་བྱིན་གྱིས་རློབས། །

རྗེ་གྲུབ་ཐོབ་གོང་མའི་གདན་ས་རུ། །
དད་ལྡན་གྱི་གདུལ་བྱའི་དཔལ་དུ་ཤར། །
དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །
རྒྱུད་བདག་འཛིན་འཁྲི་བ་ཆོད་པ་དང་། །
བྱམས་སྙིང་རྗེ་བྱང་སེམས་འབྱོངས་པ་དང་། །
ལམ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཡི། །
མཆོག་མྱུར་ཏུ་ཐོབ་པར་བྱིན་གྱིས་རློབས། །

རྗེ་བླ་མ་སངས་རྒྱས་སུ་མཐོང་བ་དང་། །
གནས་འཁོར་བ་ལ་ཞེན་པ་ལོག་པ་དང་། །
མ་འགྲོ་ཀུན་སྒྲོལ་བའི་ཁུར་ཁྱེར་ནས། །
ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི། །
དཔལ་ཟུང་འཇུག་ཕྱག་རྒྱ་ཆེན་པོ་དེ། །
དུས་མྱུར་ཏུ་ཐོབ་བར་བྱིན་གྱིས་རློབས། །


ཞེས་པའང་དགེ་སློང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་སྨྲས་སོ། །སརྦ་མངྒ་ལམ།། །།


Thursday, 15 January 2015

བློ་སྦྱོང་སྙན་ངག་སྒྲ་རྒྱན།



༄༅།།བློ་སྦྱོང་སྙན་ངག་སྒྲ་རྒྱན་བཞུགས་སོ།།


རྗེ་ཙོང་ཁ་བ་བློ་བཟང་གྲགས་པ།




རྒྱལ་བ་སྲས་དང་བཅས་ལ་ཕྱག་འཚལ་ལོ།།
རྒྱལ་ཁམས་སེམས་ཅན་ཐམས་ཅད་བདེ་གྱུར་ཅིག།
རྒྱལ་སྲས་རྣམས་ཀྱི་སྙན་ངག་སྒྲ་རྒྱན་དང་།།
རྒྱལ་བའི་གསུང་རབ་ཆོས་ཀྱི་དགའ་སྟོན་བྱ།།


དར་དིར་འགྲོ་བའི་ཚོགས་རྣམས་མ་ལུས་ཀུན།།
བན་བུན་དད་གཞི་དྲག་པོའི་ཀུན་སློང་དང་།།
ཁྲལ་ཁྲོལ་བློ་གྲོས་ཡངས་པའི་ཤེས་རབ་ཀྱིས།།
ལྗན་ལྗིན་ལས་ཀྱི་སྡིག་སྒྲིབ་སྦྱང་བར་གྱིས།།

མྱུར་བར་མྱུར་བར་སྡིག་སྒྲིབ་མ་སྦྱངས་ན།།
རང་རེ་རང་རེའི་ལས་འདི་དབང་བཙན་པས།།
བདེ་བ་བདེ་བར་ཤེས་ཀྱང་འདམ་དབང་མེད།།
སྡུག་པ་སྡུག་པར་ཤེས་ཀྱང་འདོར་དབང་མེད།།

སྐྱེ་བོ་ཕལ་ཆེར་ཕལ་ཆེར་ལས་ཀྱིས་མནར།།
ཉན་ཐོས་འཕགས་པ་འཕགས་པ་སྒུར་ཆུང་སོགས།།
རྒྱལ་བའི་ཉན་ཐོས་ཉན་ཐོས་འགའ་ཞིག་ཀྱང་།།
ལས་འབྲས་བདེན་པ་བདེན་པས་མནར་བར་གསུངས།།

ལས་འདི་བདེ་སྡུག་དུ་མས་བསྐྱེད་མ་བསྐྱེད།།
དུས་གསུམ་བདེ་བར་གཤེགས་པས་མཁྱེན་མ་མཁྱེན།།
སེམས་ཅན་དཔག་ཏུ་མེད་པས་མྱོང་མ་མྱོང་།།
རང་ཉིད་གར་སོང་མེད་པར་བྲལ་མ་བྲལ།།

དེ་ཕྱིར་ལས་འབྲས་བསླུ་བ་མེད་བསམས་ནས།།
ད་ནི་དཀར་ནག་ལས་ལ་འདམ་ག་འཚལ།།
དེ་རིང་ནས་བཟུང་སྡིག་ལ་འཛེམ་པར་བྱ།།
དོ་ནུབ་ནས་བཟུང་དགེ་ལ་འབད་པར་བྱོས།།

དཀར་ནག་ལས་རྣམས་བསམ་པ་བཟང་ངན་ལགས།།
བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།།
བསམ་པ་དམན་ན་ས་དང་ལམ་ཡང་དམན།།
ཐམས་ཅད་བསམ་པ་དག་ལ་རགས་ལས་པས།།

མཉམ་མཉམ་འགྲན་འདོད་བསམ་ངན་འཆང་བ་དང་།།
ཕྱོགས་ཕྱོགས་ཆགས་སྡང་རུས་ཞེན་འཐེན་པ་ཡང་།།

རང་རང་སྡུག་བསྔལ་རྒྱུ་རུ་མི་འདུག་གམ།།
ཡང་ཡང་ལེགས་པར་སོམས་དང་ཤེས་ལྡན་རྣམས།།



ཆོས་མིན་མདུན་མའི་ལས་ལམ་བསླུ་བྲིད་མཁན།།
འདོད་སྲེད་ཡིད་ཀྱི་ཝལ་ཝལ་ཅོལ་ཆུང་པོ།།
བློ་སྣ་ཕར་ཕར་ཁྲིད་དུས་སྡུག་བསྔལ་འབྱུང་།།
ལྷ་སྦྱིན་ཆགས་སྡང་སྡང་ཞུགས་ཚུལ་ལ་ལྟོས།།

དེ་བས་བསམ་པ་བཟང་པོའི་སེམས་བསྐྱེད་བསྐྱེད།།
སེམས་འདི་དགེ་ན་དལ་འབྱོར་དོན་ཡོད་ཡོད།།
སེམས་འདི་མི་དགེ་དལ་འབྱོར་དོན་མེད་མེད།།
སེམས་འདི་དགེ་བར་གྱིས་དང་གྲོགས་ཀུན་ཀུན།།

དགེ་སེམས་ངང་ནས་གསུང་རབ་ཚིག་དོན་དེ།།
ཐོག་མར་ཐོས་དང་བསམ་པས་སྒྲོ་འདོགས་ཆོད།།
ཕྱིས་ནས་ཐོས་བསམ་སྒྲོ་འདོགས་ཆོད་བཞིན་དུ།།
དབེན་པར་སོང་སྟེ་བསྒོམས་ན་དོན་ཡོད་དོ།།

དེ་རྗེས་གཞན་ཕན་ཁོ་ནའི་སེམས་བསྐྱེད་དེ།།
མ་ལུས་སེམས་ཅན་ཀུན་གྱི་ཕ་དང་མ།།
དུ་མར་བྱས་པའི་དྲིན་ལ་སེམས་བཞིན་དུ།།
ཕན་ཐོགས་ཅི་ནུས་གྱིས་དང་ཀུན་ལ་ཕན།།

བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་འདི།།
འདི་དང་ཕྱི་མར་རང་གཞན་དོན་དུ་བཟང་།།
བཟང་གི་དྲིན་ལན་ངན་གྱིས་འཇལ་བའི་མི།།
མི་དེ་དུད་འགྲོ་ལས་ཀྱང་དམན་པར་གསུངས།།

འགྲོ་དག་སྙིགས་མའི་དུས་ཀྱི་སྐྱེས་བུ་ལ།།
བུ་ལ་མ་ལྟར་བརྩེ་བའི་ཕན་སེམས་ཅན།།
སེམས་ཅན་ཡོངས་ལ་དམ་པའི་ཆོས་སྟོན་པ།།
སྟོན་པ་སངས་རྒྱས་དེ་ཡི་རྗེས་སུ་སློབ།།

དད་པས་གཞན་ལ་ཕན་བྱེད་སེམས་འདི་བཟང་།།
བཟང་འདི་སེམས་བྱེད་ཕན་ལ་གཞན་པས་དད།།
རིགས་པར་བསྟན་པས་དགོས་དུས་སེམས་ལ་ཕན།།
ཕན་ལ་སེམས་དུས་དགོས་པས་བསྟན་པར་རིགས།།

བཟང་སེམས་སྦྱོང་དང་གནོད་སེམས་རིམ་གྱིས་འགྲིབ།།
ཏིང་འཛིན་སྒོམ་དང་སྒྲིབ་གཉིས་ཤུགས་ལ་འདག།
སྙིང་རྗེ་བསྐྱེད་དང་དགེ་བ་ངང་གིས་འཕེལ།།
གཉེན་པོ་བསྟེན་དང་ཉོན་མོངས་རང་སར་འཇིལ།།

དགྲས་ཀྱང་གཉེན་བྱེད་ཕན་བྱེད་གཉེན་ཀྱང་དགྲས།།
བྱེད་ལ་སུ་སེམས་སྡང་སེམས་སུ་ལ་བྱེད།།
བསམ་ན་ཐམས་ཅད་གཉེན་དང་ཕ་མར་འདུག།
མདོར་ན་སྡིག་སེམས་སྤོངས་ལ་དགེ་སེམས་བསྟེན།།

རྒྱུད་ལ་གནོད་སེམས་མ་འཆང་ཕན་སེམས་ཆོངས།།
ཐོས་དོན་སེམས་ཤིང་བསྒོམ་ལ་སེམས་རྒྱུད་འཐུལ།།
འཇིག་རྟེན་དོན་མེད་སྤོངས་ལ་དོན་ཡོད་བསྟེན།།
ཅིས་སྟེ་ཅིས་ཀྱང་འཇིག་རྟེན་མི་སྤོངས་ན།།

ཆོས་དང་ཆོས་མིན་བསམ་པའི་འཁྱེར་སོ་ཡིན།།
འདུ་འཛི་འདུ་ལོང་ཆོས་སུ་བསྒྱུར་ཐབས་གདའི།།
རང་གིས་རང་ལ་ཤ་ཚའི་གྲོས་འདེབས་ཀྱིས།།
དཀར་འབྲས་དཀར་ལ་ནག་འབྲས་ནག་གོ་ཞེས།།

ཕན་འབྲས་བདེ་ལ་གནོད་འབྲས་སྡུག་པར་གསུངས།།
བཤེས་དང་གྲོགས་ལ་གཉེན་དང་ཕ་མ་ལྟར།།
གཞན་ལ་ཐན་ཐུན་ཕན་ན་རང་ལ་ཕན།།
གཞན་བདེ་ཚང་ཚིང་བསྲེག་པའི་གནོད་སེམས་འདི།།

སྡིག་སྒྲིབ་ལྗན་ལྗིན་གསོག་པའི་གཞོང་པ་ཡིན།།
དོན་མེད་སྡིག་སྒྲིབ་གསོག་པ་རིང་དུ་སྤོངས།།
ཆོས་རྫས་འདུག་ཚད་རྣམས་ལ་མོས་གུས་བསྐྱེད།།
སེམས་ཅན་འདུག་ཚད་རྣམས་ལ་བྱམས་པ་སྒོམ།།

མཐོང་ཚད་བདེ་བར་གྱུར་ཅེས་ཁྱབ་པར་སེམས།།
སྤྲོ་དགའ་བསྐྱེད་དཔའི་ཆོས་ལ་རྟོག་དཔྱོད་དཔྱད།།
དད་ལྡན་ཡིད་ལ་ཆེས་ཆེར་ཆོས་འདི་འདུ།།
སྙམ་དུ་བསམ་ན་ཆོས་ཀྱི་དགའ་སྟོན་བསྟན།།

རྩ་བ་འདི་ནི་སྙན་ངག་གོ་བདེར་ཡོད།།
འགྲེལ་པ་གསུང་རབ་སྒྲབ་རྒྱུད་ཁོ་ནར་ཡོད།།
ཚིག་ལ་གཟིགས་དང་རྩོམ་པའི་ལྟད་མོ་ཡོད་།།
དོན་ལ་གཟིགས་དང་དམ་ཆོས་བྱེད་ལུགས་ཡོད།།

ཕུལ་བྱུང་ལུགས་གསུང་ཀུན་ཉུང་ངུར་བསྡུས།།
མི་ཡི་རིགས་ཀྱིས་གཟིགས་ཕྱིར་ཚིག་འདི་བྲིས།།
ལེགས་ཤེས་ངེས་སེམས་བསྐྱེད་དེ་ཆེས་ཆེར་འཕེལ།།
བློ་གྲོས་ཡོད་ཚོས་དགོངས་མོད་དོན་གོ་ཆོངས།།

འགའ་ཞིག་དོན་མེད་ཚིག་གི་མདུད་པ་རྩོམ།།
གཞན་དག་འབྲེལ་མེད་བླུན་ཚིག་བབ་ཅོལ་སྨྲ།།
སྡེབ་ལེགས་གསལ་བར་རྩོམ་པའི་རྩོམ་མཁན་ནི།།
གངས་རིའི་ཁྲོད་འདིར་བློ་བཟང་གྲགས་པའི་དཔལ།།

ཕན་སེམས་གློག་ཕྲེང་རྒྱུ་བས་ཉེར་མཛེས་པའི།།
ཀུན་སློང་དགེ་སེམས་ཆར་སྤྲིན་འཁྲིགས་པ་ལས།།
ཕུན་ཚོགས་སྐྱིད་རིན་ཆེན་ཆར་བཞིན་བབ།།
ཐམས་ཅད་དགའ་བདེའི་དཔལ་ལ་སྤྱོད་གྱུར་ཅིག།

བདག་དང་མཐས་ཡས་འགྲོ་བ་མ་ལུས་པ།།
ཡི་དམ་གསུང་གི་དངོས་གྲུབ་བརྟན་པར་བྱས།།
ཕན་དང་དཔག་ཡས་བདེ་བ་མ་ལུས་དང་།།
དོན་དམ་མཆོག་གི་དངོས་གྲུབ་ཐོབ་པར་ཤོག།