Tuesday, 10 April 2018

ལེགས་པར་བཤད་པ་ཆུ་ཤིང་བསྟན་བཅོས་ཀྱི་རྩ་འགྲེལ།


༄༅། །ལེགས་པར་བཤད་པ་ཆུ་ཤིང་བསྟན་བཅོས་ཀྱི་རྩ་འགྲེལ་བཞུགས་སོ། །


རྩ་བ་རྩོམ་པ་པོ། གུང་ཐང་བསྟན་པའི་སྒྲོན་མེ།
འགྲེལ་བ་རྩོམ་པ་པོ། འབྲོང་བུ་གངས་སྐྱབས་ཚེ་རིང་།


རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས།

འབྲོང་བུ་གངས་སྐྱབས་ཚེ་རིང་ནི་བོད་ཁམས་སྟོད་ཡུལ་ཤུལ་ཁུལ་ཕ་ཡུལ་ཤུལ་ལྗོངས་སྲིབ་སྡེ་བའི་འབྲོག་པ་དཀྱུས་མ་ཞིག་གི་ཁྱིམ་ནས་རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ་སྤྱི་ལོ༡༩༥༧ལོའི་ལོ་འགོར་སྐྱེས། སྤྱི་ལོ༡༩༧༩ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་ལས་སློབ་མཐར་ཕྱིན། ཁོང་ཉིད་སྔ་རྗེས་སུ་ཤར་གདུང་བཤད་སྒྲུབ་རྒྱ་མཚོ་དང་། རྡོ་རྒྱལ་སྐུ་ལོ། འདན་བཀའ་འགྱུར་བ་བྱམས་པ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ། གྲུབ་རིག་ཁྱུ་མཆོག ནང་ཆེན་རྒྱལ་སྲས། གུ་རུ་རྡོ་རྗེ། བདེ་མཆོག འཇམ་དབྱངས། པ་གོར་བསོད་ནམས་བཟང་པོ། བསམ་གཏན་རྣམ་རྒྱལ། སྐྱིད་དགེ་ལེགས། སྐར་མ་བསྟན་བཅོས། སྦྲུལ་སྐྱེས་ཨ་ཁུ་བསྟན་པ་སོགས་ཟླ་བྲལ་གྱི་བླ་མ་སློབ་དཔོན་དུ་མའི་མདུན་ནས་རིག་གནས་ཆེ་ཆུང་བཅུ་ལས་སྒྲ་རིག་པ་དང་། ནང་དོན་རིག་པ། ཚད་མ་རིག་པ། སྐར་རྩིས། སྙན་ངག སྡེབ་སྦྱོར། མངོན་བརྗོད་སོགས་ལ་མཛོ་ལྟོགས་ཀྱིས་རྩྭ་སྐྱར་རྔམ་པ་བཞིན་སྦྱང་བརྩོན་གང་ལེགས་བྱས། ཁོང་ཉིད་སློབ་མཐར་ཕྱིན་ནས་དེང་གི་བར་སྦྲང་ཆར་དང་། མཚོ་སྔོན་སློབ་གསོ། མང་ཚོགས་སྒྱུར་རྩལ། འབྲི་ཆུ། གཙང་གསུམ་སོགས་དུས་དེབ་ཀྱི་སྟེང་དུ་སྙན་རྩོམ་དང་། དཔྱད་རྩོམ། སྒྲུང་རྩོམ། དམངས་རྩོམ་སོགས་གང་མང་བཀོད་མྱོང་ལ། གཞན་ཡང་འབྲི་ཀླུང་ཕྱུག་མོ་སྟོད་ཀྱི་ས་མིང་ངོ་སྤྲོད་ཅེས་པའི་དེབ་གཅིག་དཔར་དུ་བསྐྲུན་ལ། དམངས་ཁྲོད་རིག་གནས་སྐོར་ལས་མི་ཆུང་གཏམ་རྫོང་དང་། ཁྲ་མོ་གླིང་གི་ཤོ་འབོད། མི་ཆུང་གླུ་རྫོང་ལས་གླུ་ངོམ་སོགས་འཚོལ་བསྡུ་དག་བསྒྲིགས་བྱས་ནས་མི་འགྱངས་པར་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་དབུལ་རྩིས་མཆིས། ཁོང་ཉིད་ལས་འཁྱུར་ངལ་གསོ་གནང་རྗེས་ཡུལ་ཤུལ་ཁུལ་བརྒྱད་གཅིག་ལས་རིགས་ལག་རྩལ་སློབ་གྲྭས་བོད་ཡིག་དགེ་རྒན་དུ་གདན་འདྲེན་ཞུས་ནས་ད་ལྟ་ས་དེ་གའི་སློབ་ཁྲིད་ཀྱི་བྱ་ལས་མཛད་བཞིན་མཆིས་སོ། །

༄༅། །སྔོན་འགྲོའི་གཏམ།

གངས་རིའི་ཕྲེང་བས་ཡོངས་སུ་བསྐོར་ཞིང་རི་ཀླུང་ཁོར་ཡུག་གཙང་མའི་བོད་ཁ་བ་ཅན་གྱི་ལྗོང་ཆེན་འདིར། ལོ་ངོ་སྟོང་ཕྲག་དུ་མའི་སྔ་རོལ་ནས་གཞིས་ཆགས་ཤིང་འཚོ་གཞེས་གནང་བའི་མི་རིགས་འདིས་འོད་སྟོང་བཀྲ་བའི་རང་གི་ལོ་རྒྱུས་བསྐྲུན་ཡོད་ལ། ཁྱད་པར་དུ་སྔོན་བྱོན་མཁས་དབང་རིམ་བྱོན་གྱིས་དུས་རབས་སོ་སོར་རྩོམ་ལུས་མི་འདྲ་བའི་བོད་རང་གི་ཁྱད་ཆོས་ཡོངས་སུ་མཐུན་པའི་ལེགས་བཤད་དང་བསྟན་བཅོས་སོགས། རྩོམ་རིག་སྒྱུ་རྩལ་གྱི་རྣམ་པ་གསར་བ་བགྲང་ལས་འདས་པ་ཞིག་གསར་སྐྲུན་བགྱིས་པ་དེས་བོད་ཀྱི་རྩོམ་རིག་གཞུང་ལུགས་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ་བླ་ན་མེད་པའི་མཛད་རྗེས་ཀྱི་བཀའ་དྲིན་བསྐྱངས་ཡོད། དཔེར་ན། གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་ལགས་ཀྱིས་མཛད་པའི་ལེགས་པར་བཤད་པ་ཆུའི་བསྟན་བཅོས་ལུགས་གཉིས་རླབས་ཕྲེང་བརྒྱ་ལྡན་དང་། ལེགས་པར་བཤད་པ་ཤིང་གི་བསྟན་བཅོས་ལུགས་གཉིས་ཡལ་འདབ་བརྒྱ་ལྡན་ཞེས་པའི་བསྟན་བཅོས་སོགས་ནི་དགེ་བའི་ཕན་ཡོན་དང་སྡིག་པའི་ཉེས་དམིགས་བཅས་བླང་དོར་གྱི་གནད་སྟོན་པ་ཙམ་མ་ཟད་ལེ་ལོ་དང་ང་རྒྱལ་སྤང་སྟེ་སློབ་ལ་བརྩོན་པ་དང་། ཡ་རབས་སྤྱོད་བཟང་དར་སྤེལ་གྱི་བསམ་པའི་དཔལ་ཡོན་དར་བའི་དུས་རབས་ཀྱི་སློབ་གསོའི་དཔེ་དེབ་ཕན་ནུས་ལྡན་པ་ཞིག་ཡིན་པར་བརྟེན། ཁོ་བོས་དེང་གི་བར་དུ་ལེགས་པར་བཤད་པ་ཆུ་ཤིང་བསྟན་བཅོས་ཀྱི་རྩ་འགྲེལ་ཆ་ཚང་བ་ཞིག་མ་མཐོང་ཞིང་དེང་སྐབས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་དགོས་དབང་ལ་དམིགས་ནས། སྔར་ཞིང་གཤེགས་པ་རྒན་དམ་པ་པ་གོར་བསོད་ནམས་བཟང་པོ་ལགས་ཀྱི་སྐུ་མདུན་ནས་བདག་གིས་དེའི་སྐོར་སློབ་ཁྲིད་ལ་ཉན་པའི་རྩ་འགྲེལ་གྱི་ཟིན་བྲིས་ལ་རྒན་དམ་པས་ཡང་སྐོར་བསྐྱར་སྐོར་གྱིས་དག་བཅོས་གནང་བའི་མ་དཔེ་དང་། དེ་བཞིན་མདོ་སྨད་དགེ་རྒན་ཆེན་མོ་སྦྲུལ་ལྕེ་ཨ་ཁུ་བསྟན་པ་ལགས་ཀྱི་མདུན་ནས་ཀྱང་བསྟན་བཅོས་དེ་དག་ལ་དོན་འགྲེལ་གྱི་བཀའ་སློབ་དང་། རང་རེའི་བོད་ཡིག་ཁྲིད་དཔྱོད་ཁང་གི་རྒན་བཞད་པ་བསྟན་པ་རྒྱ་མཚོ་དང་དགེ་རྒན་སྦྱིན་པ་རྣམ་གཉིས་ཀྱིས་ཀྱང་། སུན་སྣང་སྤུ་ཙམ་མེད་པར་རྩིས་འཕྲུལ་དུ་རྒྱག་རོགས་མཛད་དེ་ཡང་སྐོར་བསྐྱར་སྐོར་དུ་ཞུ་དག་དང་བཀའ་དྲིན་མི་ཉུང་བ་ཞིག་ཐོབ་པ་མ་ཟད། ཉེ་བའི་ལོའི་ནང་བདག་རང་ཁུལ་གྱི་བརྒྱད་གཅིག་ལས་རིགས་ལག་རྩལ་སློབ་གྲྭ་རུ་ཆེད་འབྲིང་བོད་ཡིག་འཛིན་གྲྭ་བདུན་ལ། སློབ་ཁྲིད་བགྱིས་པའི་ལག་ལེན་དངོས་ཀྱི་ཁྲོད་ནས་བྲིས་པའི་ཟིན་བྲིས་དང་ཟུང་དུ་སྦྲེལ་ཏེ་འགྲེལ་བ་རགས་ཙམ་རྒྱག་ཁུལ་བྱས་མོད་ཀྱང་། ཡིན་ནའང་ཁོ་བོའི་སྐྱེས་ཐོབ་ཀྱི་ཤེས་རབ་དང་སྦྱང་སྟོབས་ཀྱི་ཡོན་ཏན་གང་གི་ཆ་ནས་ཀྱང་ཧ་ཅང་ཞན་པ་མ་ཟད། སློབ་ཁྲིད་ཀྱི་ལས་ཀར་བྲེལ་བ་དང་འཁོར་བ་ཡི་དོན་དག་མང་བའི་དབང་གིས་ཚིག་འགྲེལ་དང་དོན་འགྲེལ་གང་གི་ཐད་ནས་ཀྱང་གནད་དོན་མི་ཉུང་བ་ཞིག་ཡོད་ངེས་པས། རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་བསམ་དཀར་དགེ་བའི་དགོངས་འཆར་ལྷུག་སྩོལ་ཡོང་བའི་རེ་བ་རྩེ་གཅིག་ཏུ་ཞུ་རྒྱུ་ཡིན། ཞེས་སྨྱུག་ཐོགས་པ་འབྲོང་བུ་གངས་སྐྱབས་ཚེ་རིང་གིས་ཡུལ་ཤུལ་ཁུལ་བརྒྱད་གཅིག་ལས་རིགས་ལག་རྩལ་སློབ་གྲྭའི་བོད་ཡིག་ཁྲིད་དཔྱོད་ཁང་ནས། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ལོ་སྟེ་སྤྱི་ལོ༢༠༡༣ལོའི་ཟླ༨པའི་ཚེས་བཟང་པོ་ལ་བྲིས་པ་དགེའོ། །  ། །

༄༅། །ལེགས་པར་བཤད་པ་ཆུའི་བསྟན་བཅོས་ལུགས་གཉིས་རླབས་ཕྲེང་བརྒྱ་ལྡན་ཞེས་བྱ་བ་བཞུགས་སོ། །

མཁྱེན་པའི་གཏིང་མཐའ་མི་མངོན་ཞིང་། །
ཐུགས་རྗེའི་ཡིད་བཞིན་ནོར་གྱིས་གཏམས། །
མཛད་པའི་རླབས་ཕྲེང་གཡོ་བ་ཅན། །
ཐུབ་དབང་ཆོས་ཀྱི་རྒྱ་མཚོ་རྒྱལ། །
ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཏིང་མཐའ་འདི་ཙམ་མོ་ཞེས་མི་མངོན་ཞིང་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་བྱུར་བུར་གཏམས་པ་དང་། དེ་ལ་བརྟེན་ནས་གདུལ་བྱའི་དོན་དུ་མཛད་པ་ལ་སོགས་པའི་དམ་པའི་ཆོས་ཀྱི་རྒྱ་མཚོ་དང་དམའ་བ་དེ་ལ་ཕྱག་འཚལ་བའི་སྒོ་ནས་རྒྱལ་གྱུར་ཅིག་ཅེས་པའི་དོན་ཏེ། དེ་ལ་བསྟོད་པ་བརྒྱ་དང་ལྔ་བཅུ་ལས། དང་པོ་ང་ཞེས་བདག་ལ་ཞན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་སྐྱོད་པ། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡིས། །འགྲོ་ལ་སྙིང་རྗེ་གྱུར་གང་དེ་ལ་འདུད། ། ཅེས་པ་ལྟ་བུའོ། །

རྙོག་བྲལ་དྭངས་པའི་ཆུ་རྒྱུན་གྱིས། །
ལུས་ཅན་གདུང་བ་ཞི་བྱེད་ལྟར། །
ལེགས་བཤད་གསར་བའི་བདུད་རྩི་ཡིས། །
བློ་ལྡན་སྐྱེ་བོ་དབུགས་དབྱུང་བྱ། །
འདམ་ལ་སོགས་པའི་རྙོག་པ་དང་བྲལ་བའི་རབ་ཏུ་དྭངས་པའི་ཆུ་བོའི་རྒྱུན་གྱིས་ལུས་ཅན་ཏེ་སེམས་ཅན་རྣམས་སྐོམ་པའི་གདུང་བ་ཞི་བ་བྱེད་ནུས་པ་ལྟར་ལེགས་པར་བཤད་པ་གསར་པ་ཆུའི་བསྟན་བཅོས་བདུད་རྩི་ལྟ་བུ་འདི་ཡིས་ལེགས་ཉེས་རྣམ་པར་འབྱེད་པའི་བློ་གྲོས་དང་ལྡན་པའི་སྐྱེ་བོ་རྣམས་དབུགས་དབྱུང་བ་བརྩམ་པར་བྱ་ཞེས་པའི་དོན་ནོ། ། དེ་ལ་མཉམ་མེད་ཇོ་བོ་ཆེན་པོའི་ཞལ་ནས། བྱང་ཆུ་ལམ་གྱི་སྒྲོན་མེ་རབ་ཏུ་གསལ་བར་བྱ། ཞེས་པ་ལྟ་བུའོ། །

དྲི་བཟང་བསྒོས་པའི་ཆུ་གཙང་དེ། །
མཆོད་ཡོན་ཞབས་བསིལ་བསང་གཏོར་སོགས། །
གང་དུ་བྱས་ཀྱང་ལེགས་པ་ལྟར། །
ལེགས་བཤད་གཏམ་ནི་ཀུན་ལ་མཛེས། །
དྲི་བཟང་པོས་བསྒོས་པའམ་གོས་པའི་ཆུ་གཙང་མ་དེ་མཆོད་ཡོན་དང་ཞབས་བསིལ་དེ་མིན་བསང་དང་གཏོར་མ་ལ་སོགས་པ་གང་དུ་བྱས་ཀྱང་ལེགས་པའམ་བཟང་བ་ལྟར། ལེགས་པར་བཤད་པའི་གཏམ་མམ་བསྟན་བཅོས་འདི་ལྟ་བུ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཀུན་ལ་མཛེས་པ་ཡིན་ཞེས་གསུངས་སོ། ། བོད་ཀྱི་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་ནི་མཆིས་མཛོད་ལས། བསིལ་དང་ཞིམ་དང་ཡང་བ་དང་། །འཇམ་དང་དྭངས་དང་དྲི་ང་མེད། །འཐུང་ན་མགྲིན་དང་ལྟོ་བ་ལ། །མི་གནོད་ཡན་ལག་བརྒྱད་ལྡན་ཆུ། །ཞེས་པ་སྟེ་བསིལ་བས་ཚུལ་ཁྲིམས་དག་པ་དང་། ཞིམ་པས་ཟས་ཀྱི་རོ་མཆོག་རྙེད་པ། ཡང་བས་ལུས་སེམས་ལས་སུ་རུང་། འཇམ་པས་གཤིས་རྒྱུད་འཇམ་པ། དྭངས་པས་རིག་པ་དྭངས་པ། དྲི་ང་མེད་པས་སྒྲིབ་པ་སྦྱངས་པ། མགྲིན་པ་ལ་མི་གནོད་པས་ངག་སྙན་པ། ལྟོ་ལ་མི་གནོད་པས་ནད་མི་འབྱུང་བ་སྟེ་བརྒྱད་དོ། །

ལུགས་གཉིས་བླང་དོར་ཤེས་པ་ཡིས། །
གནས་སྐབས་མཐར་ཐུག་དོན་འགྲུབ་སྟེ། །
བརྟག་པ་ཀུན་ལ་མཁས་པ་ཡི། །
དེད་དཔོན་རྒྱ་མཚོར་ཞུགས་པ་བཞིན། །
འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལུགས་གཉིས་ཀྱི་བླང་དོར་སོ་སོར་ངོ་ཤེས་པ་ཡིས་གནས་སྐབས་དང་མཐར་ཐུག་གི་འཇིག་རྟེན་མི་ཆོས་དང་དམ་པ་ལྷ་ཆོས་ཀྱི་དོན་རྣམས་འགྲུབ་སྟེ། དཔེར་ན་དེད་དཔོན་མཁས་པ་རྒྱ་མཚོར་ཞུགས་ནས་ནོར་བུ་ལེན་པ་ཇི་བཞིན་ནོ། །

ཆུ་ཕྲན་བརྒལ་བར་མི་ནུས་དེས། །
རྒྱ་མཚོ་རྐྱལ་གྱིས་ག་ལ་ཆོད། །
ཡ་རབས་ལུགས་ཀྱང་མི་ཤེས་ན། །
ཆོས་ཀྱི་དེ་ཉིད་ཇི་ལྟར་རྟོགས། །
ཆུ་ཕྲན་གྱི་ཕ་རོལ་ལ་བརྒལ་བར་བྱེད་མི་ནུས་པའི་མི་དེས་རྒྱ་མཚོ་ཆེན་པོ་ལ་ཆུ་རྐྱལ་བྱས་ན་ག་ལ་ཆོད། དཔེ་དེ་བཞིན་དུ་འཇིག་རྟེན་མི་ཆོས་ཀྱི་ཡ་རབས་གནས་ལུགས་ཀྱང་མི་ཤེས་ན་མི་དེས་ཆོས་ཀྱི་ཚུལ་དེ་ཉིད་ཇི་ལྟར་རྟོགས་ཏེ་མི་རྟོགས་པར་ངེས་སོ། ། དཔེར་ན། དམངས་ཁྲོད་གཏམ་དཔེ་ལས། ཚེ་འདིར་རང་མགོ་མི་ཐོན་པར། །ཤི་བོ་ཡར་འདྲེན་ཇི་ལྟར་ནུས། ཞེས་པ་ལྟ་བུའོ། །

གཟུར་གནས་རིག་པ་ལྡན་པ་དེས། །
གཞན་གྱི་ཡོན་ཏན་ལེན་པར་བྱེད། །
སྤང་ལྗོངས་གཙང་མའི་དལ་འགྲོ་མ། །
ལྷུང་ལྷུང་ཟེར་ཞིང་མེ་ཏོག་འཐུ། །
བློ་གཟུར་བོ་རུ་གནས་པའི་རིག་པ་དང་ལྡན་པའི་མི་དེས་གང་ཟག་གཞན་གྱི་ཡོན་ཏན་ཆུང་ངུ་ཡང་རང་རྒྱུད་ལ་ལེན་པར་བྱེད་དེ། དཔེར་ན། སྤང་ལྗོངས་གཙང་མའི་ངོས་སུ་འབབ་པའི་དལ་འགྲོ་མའམ་ཆུ་བོ་ལྷུང་ལྷུང་ཟེར་ཞིང་དེ་ཡིས་ཞོར་དུ་མེ་ཏོག་ཀྱང་འཐུ་བཞིན་པའོ། །

ངན་པས་ཕྱོགས་མཐའ་བསྐོར་ན་ཡང་། །
སྐྱོན་གྱི་རིགས་རྣམས་སྡུད་པར་བྱེད། །
ངམ་གྲོག་ས་རལ་ཅན་གྱི་ཆུས། །
འདམ་གྱི་སྙིགས་མ་འདྲེན་དང་མཚུངས། །
མི་ངན་པས་ཕྱོགས་ཀྱི་མཐའ་བསྐོར་ནས་སོང་ན་ཡང་བཟང་པོའི་ཡོན་ཏན་མི་ལེན་པར་སྐྱོན་གྱི་རིགས་རྣམས་རང་གི་རྒྱུད་ལ་སྡུད་པར་བྱེད་དེ། དཔེར་ན། ངམ་གྲོག་སྟེ་ས་གཤིས་མི་བཟང་བའི་གྲོག་རོང་ས་རལ་ཅན་གྱི་གནས་ནས་བབས་པའི་ཆུ་འདམ་གྱི་སྙིགས་མ་རྣམས་འདྲེན་པ་དང་མཚུངས་སོ།།

ཡོན་ཏན་དང་པོར་སློབ་དཀའ་ལ། །
ཤེས་བཞིན་མེད་ན་ཉམས་པ་སླ། །
ཆུ་ཐིགས་བསགས་པས་འགེངས་དཀའ་ཡང་། །
བོ་ན་ཅིག་ཅར་ཉིད་དུ་འཛད། །
རང་རྒྱུད་ལ་དང་པོ་ཡོན་ཏན་སློབ་པའི་སྐབས་ནི་ལོབ་དཀའ་ལ་སློབ་པའི་ཡོན་ཏན་དེ་ཤེས་བཞིན་བསྲུང་བ་མེད་ན་ཕྱིར་ཉམས་པ་ཤིན་ཏུ་སླ་སྟེ། དཔེར་ན། ཆུ་ཡི་ཐིགས་པ་རེ་རེ་བྱས་ནས་སྣོད་དུ་བསགས་པས་འགེངས་པ་སྟེ་གང་བ་དཀའ་ཡང་ཆུ་དེ་བོ་ན་དུས་ཅིག་ཅར་ཉིད་དུ་འཛད་འགྲོ་བ་བཞིན་ནོ། ། དེ་ལ་ཞི་བ་ལྷས། ཤེས་བཞིན་མེད་པའི་ཆོམ་རྐུན་དག །དྲན་པ་ཉམས་པའི་རྗེས་འགྲོ་སྟེ། །བསོད་ནམས་དག་ནི་ཉེར་བསགས་ཀྱང་། །རྐུན་པོས་འཕྲོག་བཞིན་ངན་འགྲོར་འགྲོ། ཞེས་པ་ལྟར་རོ། །

དཀའ་སྤྱད་ཁུར་དུ་འཁྱེར་ནུས་ན། །
བྱ་བ་གང་ཡང་དཀའ་བ་མེད། །
ཆུ་ཡི་ནང་དུ་ཞུགས་པ་དེར། །
ཆར་གྱིས་ལྷག་པར་གནོད་མི་འགྱུར། །
རང་གིས་དཀའ་སྤྱད་འབད་བརྩོན་བྱས་ནས་ཁུར་དུ་འཁྱེར་ཏེ་དོན་དུ་ལེན་ནུས་ན་བྱ་བ་གང་འདྲ་ཞིག་བསྒྲུབ་དགོས་ན་ཡང་དཀའ་བ་མེད་པར་སྒྲུབ་ནུས་ཏེ། དཔེར་ན། ཆུ་ཡི་ནང་དུ་ཞུགས་པས་ན་གནས་དེར་ཆར་གྱིས་ལྷག་པར་དུ་གནོད་རྒྱུ་ཅི་ཞིག་ཡོད་དེ་མེད་དོ་ཞེས་པའི་དོན་ནོ། ། དེ་ལ་ཞི་བ་ལྷས། ང་རྒྱལ་རྩོལ་བ་སྐྱེད་པས་ནི། །ཆེན་པོ་ཡིས་ཀྱང་ཐུབ་པ་དཀའ། །ཞེས་པ་ལྟ་བུའོ། །

རྒྱུན་ཆགས་བརྩོན་པ་མ་བཏང་བར། །
བགས་ཀྱིས་བསྒྲུབས་ན་ཅི་ཡང་འགྲུབ། །
ཆུ་བོ་དལ་གྱིས་འབབ་པ་ཡིས། །
ཡངས་པའི་ས་ཆེན་བསྐོར་ནས་འགྲོ། །
བྱ་བ་ཆེན་པོ་ཡུན་གྱིས་ཏེ་རྒྱུན་ཆགས་སུ་སྒྲུབ་པའི་བརྩོན་པ་དེ་ཉིད་མ་བཏང་བར་བགས་ཏེ་རིམ་གྱིས་འབད་པས་ན་བྱ་བ་ཅི་ཡིན་ཡང་མི་འགྲུབ་པ་མེད་པ་སྟེ། དཔེར་ན། ཆུ་བོ་དལ་གྱིས་འབབ་པ་ཡིས་རྒྱ་ཆེ་ཞིང་ཡངས་པའི་ས་ཆེན་པོ་ཡང་བསྐོར་ནས་འགྲོ་བ་བཞིན་ནོ། ། དེ་ལ་ས་པན་གྱིས། མཁས་པས་ཡོན་ཏན་ཀུན་སློབ་པ། །མཐར་ཕྱིན་གཅིག་གིས་འཇིག་རྟེན་གསལ། །བློ་ངན་ཤེས་པ་མང་ན་ཡང་། །སྒྱུ་སྐར་བཞིན་དུ་གསལ་མི་ནུས། །ཞེས་གསུངས་པ་ལྟ་བུའོ། །

བྱ་བ་ཆེན་པོ་ཡུན་གྱིས་བསྒྲུབ། །
ངང་ཐུང་འབད་པས་མཐར་མི་ཕྱིན། །
རླུང་ཆེན་དལ་ཡང་རིང་འགྲོ་ལ། །
རྦ་རླབས་དྲག་ཀྱང་ཆེར་མི་འགྲོ། །
བྱ་བ་ཆེན་པོ་ཞིག་ཡུན་སྲིང་ནས་རིམ་གྱིས་བསྒྲུབ་དགོས་པ་ཡིན་གྱི་ངང་ཐུང་མོ་རུ་འབད་པ་ཙམ་བྱས་པས་མཐར་མི་ཕྱིན་ཏེ། དཔེར་ན། ཆུ་ཀླུང་ཆེན་པོ་རྣམས་དལ་མོ་འབབ་པ་ཡང་རིང་དུ་འགྲོ་ནུས་པ་ལ། གཞན་རྦ་རླབས་དྲག་པོ་ཅན་ཡིན་ཀྱང་ཆེར་མི་འགྲོ་བ་བཞིན་ནོ། །

བྱ་བ་ཉམས་ཀྱིས་མི་ལྕོགས་ན། །
གཞན་གྱིས་རྦད་ཀྱང་བྱར་མི་རུང་། །
རྐྱལ་མི་ཤེས་ན་གཞན་དག་གིས། །
བསྐུལ་ཡང་ཆུ་ནང་ཅི་ཕྱིར་མཆོང་། །
བྱ་བ་ཞིག་བསྒྲུབ་དགོས་ཚེ་བྱ་བ་དེ་རང་གི་ཉམས་ཀྱིས་མི་ལྕོགས་པའམ་མི་ནུས་པ་ཡིན་ན་མི་གཞན་གྱིས་རྦད་ཀྱང་སྟེ་བསྐུལ་ན་ཡང་བྱར་མི་རུང་ལ། དཔེར་ན་ཆུ་རྐྱལ་མི་ཤེས་ན་མི་གཞན་དག་གིས་ཡང་ཡང་བསྐུལ་ན་ཡང་རང་ཉིད་ཆུ་ནང་དུ་ཅི་ཡི་ཕྱིར་མཆོང་སྟེ་མཆོང་མི་རིགས་པ་བཞིན་ནོ། ། ལེགས་བཤད་ལས། གང་ཞིག་ཤེས་པའི་བྱ་བ་བསྒོ། །མི་ནུས་པ་ལ་འགའ་མི་བྱར། །ཆུ་ལ་ཤིང་རྟས་མི་བགྲོད་དེ། །ཐང་ལ་གྲུ་ཡིས་ཇི་ལྟར་འགྲོ་ཞེས་པ་ལྟ་བུའོ། །

ཆུ་བོ་ཐུན་མོང་མཆོད་ཡོན་ཏེ། །
ཉི་ཟླ་ཐུན་མོང་སྒྲོན་མེ་གསལ། །
དམ་པ་ཐུན་མོང་གཙུག་རྒྱན་དང་། །
དམ་ཆོས་ཐུན་མོང་བདུད་རྩི་ཡིན། །
ཆུ་བོ་ནི་ཐུན་མོང་གི་མཆོད་ཡོན་ཡིན་ཏེ་ཉི་མ་དང་ཟླ་བ་ཡང་ཐུན་མོང་གི་སྒྲོན་མེ་གསལ་བ་ཞིག་ཡིན་པ་ཇི་བཞིན་དུ། སྐྱེས་བུ་དམ་པ་རྣམས་ནི་ཐུན་མོང་གི་གཙུག་རྒྱན་དང་དམ་པའི་ལྷ་ཆོས་ནི་ཐུན་མོང་གི་འཆི་བ་མེད་པའི་བདུད་རྩི་ཡིན་ཞེས་པའི་དོན། དེ་ལ་ལེགས་བཤད་ལས། ཆར་དང་ཆུ་བོ་རྒྱ་མཚོ་འབབ། །བློ་དང་རིག་པ་མཁས་ལ་འགོ། །ནོར་དང་སྐྱེ་བོ་རྒྱལ་པོས་བཀུར། །དྲོ་དང་བརླན་པ་ནགས་ཚལ་སྐྱེ། །ཞེས་གསུངས་པ་ལྟར་རོ། །

དར་ཆེན་གྲུ་གཟིངས་རྒྱ་མཚོའི་རྒྱན། །
སྤྲིན་བྲལ་ཟླ་བ་ནམ་མཁའི་རྒྱན། །
མཁས་པའི་སྐྱེ་བོ་བསྟན་པའི་རྒྱན། །
རུ་འདྲེན་དཔའ་བོ་དཔུང་གི་རྒྱན། །
དར་ཆེན་པོ་ནི་གྲུ་གཟིངས་རྒྱ་མཚོ་རུ་འགྲོ་བའི་རྒྱན་ཡིན་པ་དང་སྤྲིན་དང་བྲལ་བའི་ཟླ་བ་ནམ་མཁའི་རྒྱན་དང་རིག་པའི་གནས་ལ་མཁས་པའི་སྐྱེ་བོ་ནི་སངས་རྒྱས་བསྟན་པའི་རྒྱན་དང་དེར་མ་ཟད་མདུན་དུ་སྐྱོད་པའི་རུ་འདྲེན་དཔའ་བོ་ནི་དམག་དཔུང་གི་རྒྱན་ཡིན་ཞེས་པའི་དོན་ནོ། ། རྗེ་ཙོང་ཁ་པ་ཆེན་པོས། བློ་དང་ལྡན་པ་རྣམས་ཀྱིངོ་ཚའི་གོས། །ཚུལ་ཁྲིམས་ཡིན་གྱི་དུ་ཀཱུ་ལ་ཡི་མིན། །མགྲིན་པའི་ལེགས་བཤད་ཡིན་གྱི་དོ་ཤ་མིན། །གཙུག་རྒྱན་བླ་མ་ཡིན་གྱི་ནོར་བུ་མིན། །ཞེས་གསུངས་པ་ལྟར་རོ། །

ཡ་རབས་མཛངས་སྤྱོད་དཔོན་དང་འབངས། །
ཕན་ཚུན་ལེགས་ཚོགས་གོང་དུ་སྤེལ། །
རྒྱ་མཚོ་ཆེ་དང་ཆུ་བོ་རྣམས། །
རེས་མོས་ཚུལ་གྱིས་གྲོགས་སུ་འགྱུར། །
ཡ་རབས་མཁས་ཤིང་མཛངས་པའི་སྤྱོད་ལམ་དང་ལྡན་པའི་དཔོན་པོ་དང་འབངས་བཅས་མཉམ་དུ་འཛོམས་ན་ཕན་ཚུན་ལེགས་པའི་ཚོགས་ཐམས་ཅད་གོང་ནས་གོང་དུ་སྤེལ་བ་ནི་རྒྱ་མཚོ་ཆེན་པོ་དང་ཆུ་བོ་རྣམས་ཕན་ཚུན་རེས་མོས་ཚུལ་གྱིས་གྲོགས་སུ་འགྱུར་བ་བཞིན་ནོ། །

རྗེ་བོ་ངན་དང་གཡོག་ངན་པ། །
གཉིས་ཀས་གཉིས་ཀ་རྒུད་བྱེད་དེ། །
རྫ་གསར་ནང་དུ་ཆུ་བླུགས་ན། །
གཉིས་ཀ་ཆུད་ཟོས་བརླག་པར་འགྱུར། །
རྗེ་བོ་སྟེ་དཔོན་ངན་པ་དང་དེ་བཞིན་དུ་གཡོག་ཀྱང་ངན་པ་གཉིས་འཛོམས་ན་གཉིས་ཀས་ཁོང་གཉིས་ཀ་རྒུད་ཅིང་ཉམས་པ་བྱེད་དེ། དཔེར་ན་རྫ་མ་གསར་བའི་ནང་དུ་ཆུ་བླུགས་ན་དེ་གཉིས་ཀ་ཆུད་ཟོས་ནས་བརླག་པར་འགྱུར་བ་སྟེ་མེད་པ་རུ་འགྲོ་བ་ཇི་བཞིན་ནོ། །

ཤེས་རློམ་དབང་ཅན་མང་བ་ཡིས། །
ཡུལ་ཁམས་མདུན་གྲོས་འཇིག་འགྱུར་ཏེ། །
གཡས་གཡོན་ཀུན་ནས་ཆུ་འབུར་བའི། །
ས་ལ་མཁར་ཁྱིམ་བརྟན་མི་སྲིད། །
ཤེས་རློམ་དབང་ཅན་མང་པོ་ཡོད་པ་དེ་ཡིས་ཡུལ་ཁམས་ཀྱི་མདུན་མའི་གྲོས་མོལ་འཇིག་ཅིང་ཉམས་པར་འགྱུར་ཏེ། དཔེར་ན་གཡས་གཡོན་ཀུན་ནས་ཆུ་འབུར་བའི་ས་དེ་ལ་མཁར་དང་ཁང་ཁྱིམ་བརྟན་པ་ཞིག་ཡོང་མི་སྲིད་པ་བཞིན་ནོ། །དེ་ལ་ས་སྐྱ་པཎ་ཊའི་ཏས། ཆེན་པོས་འབད་ནས་བསྒྲུབས་པའི་གྲོས། །ངན་པས་སྐད་ཅིག་ཙམ་ལ་འཇོམས། །ཞིང་པས་ལོ་ཟླ་འབད་པའི་ཞིང་། །སེར་བས་སྐད་ཅིག་རྡུལ་དུ་བརླག །ཅེས་གསུངས་ལྟར་རོ། །

རྗེ་འབངས་མཐུན་ན་དགྲ་སྡེ་ཡིས། །
ཐུབ་དཀའ་སོ་སོ་གྱེས་ན་མིན། །
རྟ་ཡིས་བརྒལ་དཀའི་ཆུ་བོ་ཡང་། །
མང་དུ་གྱེས་ན་ལུག་ཀྱང་བགྲོད། །
རྗེ་བོ་དང་འབངས་མི་རྣམས་སེམས་དང་བསམ་པ་མཐུན་ན་དགྲ་སྡེ་ཡིས་ཐུབ་པ་དཀའ་ལ་སྟོབས་ཤུགས་སོ་སོར་གྱེས་པའམ་བྲལ་ན་དེ་ཡིས་དགྲ་བོ་གནོད་ཐུབ་པ་མིན་ཏེ། དཔེར་ན། རྟ་ཡིས་བརྒལ་བར་དཀའ་བའི་ཆུ་བོ་ཆེ་བ་ཡང་མང་ཙམ་དུ་ཁ་གྱེས་ན་ལུག་ཡིན་ཀྱང་བགྲོད་པ་ནུས་པ་ཇི་བཞིན་ནོ། ། དེ་ལ་དམངས་ཁྲོད་གཏམ་དཔེ་ལས། །བློ་སེམས་གཅིག་ཏུ་མཐུན་པས་ན། །སྦལ་བས་རི་བོང་འགྲན་པར་རྒྱལ། །ཞེས་པ་ལྟ་བུའོ། །

ཆོས་ལྡན་རྒྱལ་བོས་ཁྲལ་བསྡུས་ཀྱང་། །
དེ་ཉིད་ཀྱིས་ནི་འབངས་རྣམས་སྐྱོང་། །
སྤྲིན་ཆེན་རྒྱ་མཚོའི་ཆུ་དྲངས་ཏེ། །
དལ་གྱིས་འབེབས་པས་འཛིན་མ་སྐྱོང་། །
ཆོས་དང་ལྡན་པའི་རྒྱལ་པོས་ཁྲལ་བསྡུས་ཀྱང་ཁྲལ་དེ་ཉིད་ཀྱིས་ནི་འབངས་རྣམས་སྐྱོང་སྟེ། དཔེར་ན། སྤྲིན་ཆེན་པོས་རྒྱ་མཚོ་ལྟ་བུའི་ཆུ་དྲངས་ཏེ་དལ་གྱིས་འབེབས་པས་འཛིན་མ་སྟེ་ས་གཞི་སྐྱོང་བ་བཞིན་ནོ། །

རྒྱལ་ངན་འབངས་ཀྱི་ཟས་ནོར་ཀུན། །
ཕྲོགས་ཀྱང་ད་དུང་ལྟོགས་ཤིང་བཀྲེན། །
རྒོད་མ་ཁ་ཡི་རྒྱ་མཚོའི་ཆུ། །
འཐུང་གིན་རྟག་ཏུ་འབར་དང་མཚུངས། །
རྒྱལ་པོ་ངན་པས་འཁོར་འབངས་རྣམས་ཀྱི་ཟས་ནོར་ཀུན་འཕྲོགས་ཀྱང་ད་དུང་རྒྱལ་པོ་ཁོ་རང་ལྟོགས་ཤིང་བཀྲེན་པ་ཡིན་ཏེ། དཔེར་ན། རྒོད་མ་ཁ་ཡི་སྟེ་རྟ་གདོང་མེ་ཡིས་རྒྱ་མཚོའི་ཆུ་འཐུངས་ཀྱིན་དུས་རྟག་ཏུ་སྐམ་ནས་མེ་འབར་བ་དང་མཚུངས་སོ། །

གཙོ་བོ་ངན་པ་རྟག་བཀུར་ཡང་། །
གསུག་དང་བྲལ་བ་ཙམ་གྱིས་སྡང་། །
ཆུ་བོ་ཉིན་ཞག་མང་བསྐོལ་ཀྱང་། །
མེ་དང་བྲལ་བའི་མོད་ལ་གྲང་། །
གཙོ་བོ་ངན་པ་རྣམས་དུས་རྟག་ཏུ་བཀུར་ཡང་གསུག་སྟེ་ལྐོག་ཏུ་རྔན་པའི་ཟས་ནོར་དང་བྲལ་བ་ཙམ་གྱིས་ཞེ་སྡང་བ་ནི། དཔེར་ན། ཆུ་བོ་ནི་ཉིན་མོ་དང་ཞག་རེ་རེ་བཞིན་མང་པོ་རུ་བསྐོལ་ཀྱང་མེ་དང་བྲལ་བའི་མོད་ལའམ་རྐྱེན་གྱིས་གྲང་འགྲོ་བ་བཞིན་ནོ། །

ཁེངས་དྲེགས་གདུ་རྩུབ་ཆེ་བ་ཡི། །
དཔོན་ལ་སུ་ཡང་བརྟེན་མི་སྤྲོ། །
ཤིན་ཏུ་འཁྲུགས་པའི་རྦ་ཀློང་དུ། །
ཉ་ལ་སོགས་ཀྱང་སྡོད་མི་བྱེད། །
ཁེངས་དྲེགས་སམ་ང་རྒྱལ་དང་གདུག་རྩུབ་ཆེ་བ་ཡི་དཔོན་པོ་ལ་སུ་ཡང་བརྟེན་པར་མི་སྤྲོ་བའམ་མི་དགའ་སྟེ། དཔེར་ན། ཤིན་ཏུ་འཁྲུགས་པའི་རྦ་ཀློང་དུ་ཉ་སྦལ་ལ་སོགས་ཀྱང་སྡོད་པ་མི་བྱེད་པ་བཞིན་ཏེ། ལེགས་བཤད་ལས། དྲེགས་པས་ཡོན་ཏན་ཉམས་འགྱུར་ཞིང་། །འདོད་པས་ངོ་ཚ་ཉམས་པར་བྱེད། །གཡོག་འཁོར་རྟག་ཏུ་སུན་ཕྱུང་ན། །རྗེ་དཔོན་ཉམས་པའི་གཞི་ཡིན་ནོ། །ཞེས་པ་ལྟར་རོ། །

བརྩེ་ཞིང་ཕན་གདགས་ནུས་པ་དེར། །
སྐྱེ་བོ་ཐམས་ཅད་ངང་དུ་འདུ། །
ཡིད་བཞིན་གྱི་ནི་རྒྱ་མཚོའི་ངོགས། །
འགྲོ་བ་ཀུན་གྱིས་བརྟེན་པར་བྱེད། །
གཞན་ལ་བརྩེ་ཞིང་ཕན་གདས་པར་བྱེད་ནུས་པའི་གནས་དེར་སྐྱེ་བོ་ཐམས་ཅད་ངང་དུ་འདུ་བ་ནི་དཔེར་ན། ཡིད་བཞིན་གྱི་ནོར་བུ་ཡོད་པའི་རྒྱ་མཚོའི་ངོགས་སུ་འགྲོ་བ་ཀུན་གྱིས་བརྟེན་པར་བྱེད་པ་བཞིན་ནོ། །

ཆེ་མཐོ་བརྟེན་པས་དཔལ་ཐོབ་ཀྱང་། །
དེ་ལས་ལྷག་པའི་འཇིགས་པ་འབྱུང་། །
རྒྱབ་མཚོ་རིན་ཆེན་འབྱུང་གནས་དེ། །
གདུག་ཅན་ན་ཀྲའི་གྲོང་ཡང་ཡིན། །
འཇིག་རྟེན་གྱི་སྟེང་ནས་ཆེ་ཞིང་མཐོ་བའི་དཔོན་ལྟ་བུ་ལ་བརྟེན་པས་དཔལ་འབྱོར་སོགས་ཐོབ་ཀྱང་དེ་ལས་ལྷག་པའི་འཇིགས་པའམ་དངངས་སྐྲག་འབྱུང་བ་ནི། དཔེར་ན། རྒྱ་མཚོ་ཆེན་པོ་ནི་རིན་པོ་ཆེ་འབྱུང་བའི་གནས་ཡིན་མོད་ཀྱང་དེ་ཆུ་སྲིན་ནམ་གདུག་ཅན་ན་ཀྲའི་གྲོང་ཡང་ཡིན་པ་བཞིན་ནོ།།

རྒྱུས་མེད་མི་ལ་གསར་འགྲོགས་ཀྱིས། །
ཡིད་བརྟན་བྱེད་པ་ཉམས་པའི་རྒྱུ། །
རྒྱལ་སྲས་ངང་པའི་སྡེ་དཔོན་ཡང་། །
མཚོ་གསར་བརྟེན་པས་རྙི་ཡིས་ཟིན། །
རང་ལ་ཆ་རྒྱུས་མེད་པའི་མི་ལ་གསར་འགྲོགས་ཏེ་ཨ་གསར་གྱིས་ཡིད་བརྟན་པ་བྱེད་པ་དེ་ནི་རང་ཉིད་ཉམས་པའི་རྒྱུ་ཡིན་པ་སྟེ། དཔེར་ན། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ངང་པའི་རྒྱལ་པོའམ་སྡེ་དཔོན་གྱི་སྐྱེ་བ་བཞེས་སྐབས་མཚོ་གསར་བ་ལ་བརྟེན་པས་རྙི་ཡིས་ཟིན་པ་བཞིན་ནོ། །

རྣ་བ་སྲབ་པའི་མཛའ་གཅུགས་དེ། །
རིང་མིན་དབྱེན་གྱིས་སོ་སོར་གཏོང་། །
ཆུ་དང་འོ་མ་རོ་གཅིག་ཏུ། །
འདྲེས་པ་ངང་པའི་མཆུ་ཡིས་འབྱེད། །
རྣ་བ་སྲབ་པ་སྟེ་གཞན་གྱིས་གང་བཤད་ཁ་ལ་ཉན་ཅིང་ཡིད་ཆེས་བྱེད་པའི་མཛའ་གཅུགས་སམ་དགའ་བཟང་དེ་ནི་དུས་ཡུན་རིང་མོ་རུ་གནས་པ་མིན་ཏེ་མི་གཞན་གྱི་དབྱེན་གྱིས་སོ་སོར་གཏོང་བབྱེད་པ་ནི་དཔེར་ན། ཆུ་དང་འོ་མ་གཉིས་རོ་གཅིག་ཏུ་འདྲེས་པ་དེའང་ངང་པའི་མཆུ་ཡིས་སོ་སོར་འབྱེད་པ་བཞིན་ནོ། །

མཁས་པས་བདེན་བརྫུན་བརྟགས་ནས་འབྱེད། །
བླུན་པོ་གྲགས་པའི་རྗེས་སུ་འཇུག །
ཆུ་ནང་ཅལ་གྱི་སྒྲ་བསྒྲགས་པས། །
གཅན་གཟན་རི་དྭགས་ཕལ་ཆེར་གྲོས། །
བྱ་བ་ལ་མཁས་པས་བདེན་བརྫུན་གང་ཡིན་བརྟགས་ཤིང་དཔྱད་ནས་འབྱེད་ལ་མི་བླུན་པོ་ནི་དེ་ལྟར་མིན་པ་གྲགས་པའི་རྗེས་སུ་ཞུགས་ཏེ་ལག་ལེན་བྱེད། དཔེར་ན། ཆུ་ཡི་ནང་ནས་ཅལ་ཞེས་པའི་སྒྲ་གྲགས་བྱུང་ཞེས་བཤད་ནས་བྲོས་པ་དེ་ཡི་ཁ་ལ་ཉན་ནས་རི་དྭགས་ཕལ་ཆེར་བྲོས་པ་ཇི་བཞིན་ནོ། །
འགྲོགས་ན་ལེགས་སྤྱོད་འཕེལ་འགྲིབ་ལས། །

དགེ་དང་སྡིག་པའི་གྲོགས་འགྱུར་ཏེ། །
དྭངས་བསིལ་འདྲ་ཡང་ཕན་གནོད་ལས། །
སྨན་གྱི་ཆུ་དང་དུག་ཆུར་འཇོག །
གྲོགས་ཤིག་དང་འགྲོགས་ན་དེ་ཡིས་ལེགས་སྤྱོད་ཡར་འཕེལ་བ་དང་མར་འགྲིབ་པ་ལས་དགེ་བ་དང་སྡིག་པའི་གྲོགས་སུ་འགྱུར་ཏེ། དཔེར་ན། ཕར་ལྟས་དྭངས་བ་དང་བསིལ་བ་འདྲ་ཡང་ཆུ་བོ་དེ་ཡི་ཕན་པ་དང་གནོད་པ་ལས་སྨན་གྱི་ཆུ་དང་དུག་གི་ཆུར་འཇོག་པ་བཞིན་ནོ། །

སྡིག་གྲོགས་གཡེམ་མའི་འཛུམ་དཀར་ལས། །
ཤ་ཚའི་གདུག་རྩུབ་ཁྲོ་གཉེར་བཟང་། །
ཐན་ཁྱེར་སྤྲིན་གྱི་མདོག་དཀར་ཡང་། །
ཆུ་ལྡན་སྤྲིན་ནག་ཞིང་པའི་གསོས། །
སྡིག་པའི་གྲོགས་པོ་བསླུ་བའི་གཡེམ་མ་སྟེ་སྨད་འཚོང་མའི་འཛུམ་དཀར་ལས་རང་ལ་ཤ་ཚའི་དབང་གིས་གདུག་རྩུབ་ཀྱི་ཁྲོ་གཉེར་བཟང་བ་ནི། དཔེར་ན། ཐན་པས་ཁྱེར་བའི་སྤྲིན་གྱི་མདོག་དཀར་པོ་ཡིན་ཡང་འབབ་རྒྱུ་མེད་པ་དང་། ཆུ་དང་ལྡན་པའི་སྤྲིན་ནག་དེ་ཉིད་མདོག་གཙོག་རུང་ཞིང་པའི་གསོས་སུ་གྱུར་འགྲོ་བ་བཞིན་ནོ། ། ལེགས་བཤད་ལས། དམ་པ་མ་ཅོལ་ལེགས་པར་ཉོན། །དམན་ལ་དྲིས་ཀྱང་ལོག་པར་བཤད། །རྒྱལ་བའི་སྲས་ལ་བརྙས་ཀྱང་བརྩེ། །འཆི་བདག་མཆོད་ཀྱང་གསོད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །

བློ་ལྡན་རང་བཞིན་བཟང་པོ་དེ། །
མཆོག་དམན་བར་མ་ཀུན་གྱིས་བསྟེན། །
འཇུག་ངོགས་བདེ་བའི་རྫིང་བུ་ལ། །
སྐྱེ་བོ་ཐམས་ཅད་དགའ་བཞིན་འཇུག །
ལེགས་ཉེས་རྣམ་པར་འབྱེད་པའི་བློ་གྲོས་དང་ལྡན་པའམ་རང་བཞིན་བཟང་པོའི་མི་དེ་ལ་མཆོག་དམན་བར་མ་ཀུན་གྱིས་བསྟེན་པར་བྱེད་དེ། དཔེར་ན། འཇུག་ངོགས་བདེ་བའམ་འཇུག་བདེ་བའི་རྫིང་བུ་སྟེ་མཚོ་ཆུང་ངུ་དེ་ལ་སྐྱེ་བོ་ཐམས་ཅད་དགའ་བཞིན་འཇུག་པ་ལྟར་རོ། །

ཁེངས་དྲེགས་སྤྱོད་པ་རྩིང་བ་ལ། །
དོན་མེད་རྣམས་ཀྱང་དགྲ་རུ་སྡང་། །
རྒྱགས་ཤིང་འཕྱར་བའི་གངྒཱ་མ། །
ཛ་ཧཱུ་ཁྲོས་པས་ཧུབ་ཀྱིས་བཏུངས། །
ཁེངས་པ་ཆེ་ཞིང་དྲེགས་པའི་སྤྱོད་ལམ་ཡང་ཤིན་ཏུ་རྩིང་པའམ་རྩུབ་པོ་ལ་དོན་མེད་པའི་མི་རྣམས་ཀྱང་དགྲ་རུ་སྡང་བ་ནི། དཔེར་ན། ང་རྒྱལ་གྱིས་རྒྱགས་ཤིང་འཕྱར་བའི་ཆུ་བོ་གངྒཱ་མ་དྲང་སྲོང་ཛ་ཧཱུ་ཁྲོས་པས་ཧུབ་གཅིག་གིས་བཏུངས་པ་ལྟར་རོ། །

ཉམ་ཆུང་སྟེང་དུ་དཔའ་ཐལ་ན། །
ཉམ་ངའི་གཡང་དུ་ལྷུང་འགྱུར་ཏེ། །
ཆུ་ལ་རྐྱལ་གྱིས་དྲེགས་པའི་ཉ། །
སྐམ་ལ་ཡར་ན་འཆི་བར་འགྱུར། །
སེམས་ཅན་ཉམས་ཆུང་གི་སྟེང་དུ་དཔའ་ཐལ་ཞིང་ཆེ་དྲགས་ན་ཉམ་ངའི་གཡང་དུ་སྟེ་ཉམ་ང་བའི་གནས་སུ་ལྷུང་བ་འགྱུར་ཏེ། དཔེར་ན། ཆུ་ལ་རྐྱལ་བའི་གཤོག་རྩལ་གྱིས་དྲེགས་པའི་ཉ་མོ་དེ་ཉིད་ས་སྐམ་ས་ལ་ཡར་ན་འཆི་བ་འགྱུར་རོ། །

རིགས་ངན་ཅུང་ཟད་འབྱོར་ན་ཡང་། །
རྒྱལ་པོ་ལྟ་བུའི་ཁེངས་དྲེགས་འཛིན། །
གཅོང་རོང་དོག་མོའི་ཆུ་ཕྲན་དེ། །
འུར་སྒྲ་རྒྱ་མཚོའི་རྦ་ཀློང་འདྲ། །
རིགས་རྒྱུད་ངན་པའི་མི་ནི་ཅུང་ཟད་ཙམ་འབྱོར་ན་ཡང་རྒྱལ་པོ་ཆེན་པོ་ལྟ་བུའི་ཁེངས་དྲེགས་འཛིན་པ་ལ། དཔེར་ན། གཅོང་རོང་དོག་མོ་སྟེ་གཡང་སའམ་གྲོག་རོང་གི་ཆུ་ཕྲན་དེ་ཡི་འུར་སྒྲ་ནི་རྒྱ་མཚོའི་རྦ་ཀློང་དང་འདྲ་སྟེ། ལེགས་བཤད་ལས། བློ་ཆུང་ཅུང་ཟད་རྒྱལ་བས་ངོམས། །གལ་ཏེ་ཕམ་ན་གཉེན་ལ་འཁང་། །གྲོས་ལ་འཚོགས་ན་འཐབ་རྩོད་སློང་། །གསང་གྲོས་བྱས་ན་ལྐོག་ཏུ་སྨྲ། །ཞེས་པ་ལྟ་བུའོ། །

ཡངས་པའི་རྒྱལ་ཁམས་མ་མཐོང་བ། །
ས་མཐའི་བློན་པོ་རང་མཐོང་ཆེ། །
ཁྲོན་པའི་ཆུ་ལ་འགྱིངས་པ་ཡི། །
རུས་སྦལ་རྒྱ་མཚོའི་གཏམ་གྱིས་ཤི། །
ཡངས་པའི་རྒྱལ་ཁམས་ཀྱི་གནས་མ་མཐོང་བའི་ས་མཐའི་བློན་པོ་རང་མཐོང་ཆེ་བ་ནི། དཔེར་ན། ཁྲོན་པའི་ནང་ངམ་ཆུ་ཆུང་ངུའི་ནང་ལ་འགྱིངས་པ་ཡི་རུས་སྦལ་ལ་རྒྱ་མཚོ་ཆེ་བ་ནས་འོང་བའི་རུས་སྦལ་གྱིས་རྒྱ་མཚོ་ཆེན་པོའི་གཏམ་གྱིས་ཤི་ཞེས་གྲགས་པ་ལྟར་རོ། །

ཐ་ཤལ་རྣམས་ནི་མགུ་སླ་ཞིང་། །
མགུ་བའི་མོད་ལ་ཁྲེལ་ཡང་སླ། །
ཕུ་ཐག་ཐུང་བའི་ཆུ་ཕྲན་དེ། །
བྲུབས་དང་བྲི་བ་ཡུད་ཙམ་ཡིན། །
ཐ་ཤལ་ཅན་གྱི་མི་རྣམས་ནི་མགུ་སླ་ཞིང་མགུ་བའི་མོད་ལ་དེ་མ་ཐག་ཏུ་ཁྲེལ་ཡང་སླ་སྟེ། དཔེར་ན། ལུང་པ་ཕུ་ཐག་ཐུང་བའི་ཆུ་ཕྲན་དེ་ཚུར་བྲུབས་པ་དང་ཕར་བྲི་བ་ཡུད་ཙམ་ཡིན་པ་བཞིན་ནོ། ། ས་པཎ་གྱིས། ལྷུན་པོ་ཡིས་ཀྱང་མི་བསྒུལ་བ། །དེ་བཞིན་བདག་ཉིད་ཆེན་པོ་བརྟན། །ཤིང་བལ་ཆུང་ངུ་གཡོ་བ་ལྟར། །དམན་པའི་སྤྱོད་པ་འགྱུར་ལྡོག་ཆེ། །ཞེས་པ་ལྟར་རོ། །

མ་རབས་གཅེས་པར་བསྐྱངས་ན་ཡང་། །
དྲིན་དུ་མི་ཚོར་འཁྲུག་པར་བྱེད། །
བསིལ་བའི་ཆུ་ཡིས་བྲན་ན་ཡང་། །
རྡོ་ཞུན་ལྷག་པར་ཁོལ་ཞིང་ཚ། །
མི་མ་རབས་ཤིག་ལ་གཅེས་པར་བསྐྱངས་ན་ཡང་དེས་དྲིན་མི་ཚོར་བར་སླར་ཡང་འཁྲུག་པར་བྱེད་ལ། དཔེར་ན། བསིལ་བའི་ཆུ་ཡིས་བྲན་ན་ཡང་རྡོ་ཞུན་ནི་ལྷག་པར་དུ་ཁོལ་ཞིང་ཚ་བ་བཞིན་ནོ། ། དམངས་ཁྲོད་གཏམ་དཔེ་ལས། མི་དྲིན་ཆེན་དཔུང་པ་རྡོ་ཡིས་བཅག །ཟས་རྩི་ཆེན་ལན་པོ་དུག་གིས་འཇལ། །ཞེས་པ་ལྟ་བུའོ། །

དམ་པ་རྣམས་ལ་གནོད་བྱས་ཀྱང་། །
ཁྲོ་མེད་བཟོད་པས་བདེ་བར་གནས། །
བཙོ་ཡི་སྔགས་ཀྱིས་བཏབ་པའི་ཆུ། །
ཁོལ་བཞིན་པ་ཡིས་བྲན་ཀྱང་བསིལ། །
དམ་པ་རྣམས་ལ་ཕར་གནོད་པའི་བྱ་བ་བྱས་ཀྱང་ཁྲོ་བ་མེད་པར་བཟོད་པ་སྒོམ་པས་བདེ་བར་གནས་ལ། དཔེར་ན། བཙོ་ཡི་སྔགས་ཀྱིས་བཏབ་པའི་ཆུ་དེ་ཁོལ་བཞིན་པ་ཡིས་བྲན་ཀྱང་བསིལ་བ་ཉིད་དུ་འགྱུར་རོ། ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཞལ་ནས། བཟོད་པ་སྟོབས་ལྡན་རྣམས་ལ་རྒྱན་གྱི་མཆོག །ཉོན་མོངས་གདུང་བའི་དཀའ་ཐུབ་ཀུན་གྱི་ཕུལ། །ཞེ་སྡང་ལག་འགྲོའི་དགྲ་ལ་ནམ་མཁའ་ལྡིང་། །ཚིག་རྩུབ་མཚོན་ལ་སྲ་བའི་གོ་ཆ་ཡིན། །ཞེས་གསུངས་པ་ལྟར་རོ། །

ཁྲེལ་མེད་རྣམས་ལ་ཕན་བཏགས་ཀྱང་། །
བྱ་བ་ཟིན་ན་བརྗེད་པར་འགྱུར། །
ཆུ་བོའི་ཕ་རོལ་བརྒལ་བ་ན། །
གྲུ་གཟིངས་ལྟོས་པ་མེད་པར་འདོར། །
ཁྲེལ་དང་དགའ་སྡུག་གམ་སྐྱིད་སྡུག་མི་ཤེས་པའི་མི་རྣམས་ལ་ཕན་ཇི་ལྟར་བཏགས་ཀྱང་བྱ་བ་ཟིན་ཙམ་ནས་བརྗེད་པར་འགྱུར་བ། དཔེར་ན། ཆུ་བོའི་ཕ་རོལ་དུ་བརྒལ་བ་ན་གྲུ་གཟིངས་དེ་ལ་ལྟོས་པ་མེད་པར་འདོར་བ་བྱེད་པ་ཇི་བཞིན་ནོ། ། དམངས་ཁྲོད་གཏམ་དཔེ་ལས། ཆུའི་ཕ་རོལ་སླེབས་དུས་གྲུ་བ་བརྗེད། །ནད་བད་ཀན་དྲག་དུས་སྨན་པ་བརྗེད། ཅེས་པ་ལྟ་བུའོ། །

མི་ངན་རེ་རེའི་བྱེད་པས་ཀྱང་། །
ཡུལ་ཁམས་ཆེན་པོ་ཕུང་བར་བྱེད། །
དྲང་སྲོང་གདུག་པ་མཆོངས་པ་ཡིས། །
སི་ཏ་ཚལ་བརྒྱ་གྱེས་ཞེས་གྲགས། །
མི་ངན་པ་རེ་རེའི་བྱ་བ་ངན་པ་བྱེད་པས་ཀྱང་ཡུལ་ཁམས་ཆེན་པོ་ཕུང་བར་བྱེད་པ་སྟེ། དཔེར་ན། དྲང་སྲོང་བི་ཤགས་ཞེས་བྱ་བ་གདུག་པ་ཅན་ཞིག་བུ་ཤི་བའི་མྱ་ངན་གྱིས་གདུང་བས་ཆུ་རུ་མཆོངས་པ་ཡིས་ཆུ་བོ་སི་ཏ་ཚལ་བརྒྱར་གྱེས་ཞེས་གྲགས་སོ། །

དམུ་རྒོད་སྐྱེ་བོས་སུན་ཕྱུང་རྣམས། །
དམ་པ་ལ་ཡང་ཡིད་མི་ཆེས། །
ཆུ་ཟླས་བསླུས་བྱས་ངང་པ་ཡིས། །
ཉིན་མོའང་པད་རྩ་ཟ་མི་བྱེད། །
དམུ་རྒོད་དེ་གཤིས་རྒྱུད་གྱོང་པོའམ་གཏུམ་པོའི་སྐྱེ་བོས་བྱ་བ་ངན་པས་སུན་ཕྱུང་་དེ་རྣམས་དམ་པ་རྣམས་ལ་ཡང་ཡིད་མི་ཆེས་པར་འགྱུར་ཏེ། དཔེར་ན། ཆུ་ཡི་ནང་གི་ཟླ་བས་བསླུས་པ་བྱས་པའི་ངང་པ་ཡིས་ཉིན་མོའང་པད་རྩྭ་ཟ་བར་མི་བྱེད་པ་བཞིན་ནོ། །

སྐྱེ་བོ་ངན་པ་བཅོས་ན་ཡང་། །
རྐྱེན་དང་འཕྲད་ཚེ་རང་མཚང་སྟོན། །
ཆུ་ཀླུང་འོལ་ཁ་བསྒྱུར་བ་དེ། །
བྲུབས་ཚེ་སྔར་གྱི་ལམ་དུ་འགྲོ། །
སྐྱེ་བོ་ངན་པ་རྣམས་ཇི་ལྟར་བཅོས་ན་ཡང་རྐྱེན་ཅུང་ཟད་དང་འཕྲད་ཚེ་རང་མཚང་སྟོན་པ་ནི། དཔེར་ན། ཆུ་ཀླུང་འོལ་ཁ་བསྒྱུར་བ་དེ་བྲུབས་ཚེ་ཡང་སྔར་གྱི་བཞུར་ལམ་དུ་འགྲོའོ། ། ལེགས་བཤད་ལས། ངན་པ་ཇི་ལྟར་བཅོས་གྱུར་ཀྱང་། །རང་བཞིན་བཟང་པོ་འབྱུང་མི་སྲིད། །སོལ་བ་འབད་དེ་བཀྲུས་ན་ཡང་། །ཁ་དོག་བཟང་པོ་འབྱུང་མི་སྲིད། །ཅེས་གསུངས་པ་ལྟར་དོན་ལ་གནས་པའོ། །

དམ་པ་མཐོ་དམན་འབྱོར་རྒུད་སོགས། །
ཅིས་ཀྱང་རང་བཞིན་མི་འགྱུར་ཏེ། །
ཆུ་བོ་བསིལ་ལམ་ཚ་ན་ཡང་། །
རླན་གྱི་རང་བཞིན་ག་ལ་འདོར། །
སྐྱེས་བུ་དམ་པ་རྣམས་མཐོ་དམན་དང་འབྱོར་བ་དང་རྒུད་པ་སོགས་ཇི་ལྟར་བྱུང་ན་ཡང་ཅིས་ཀྱང་ཁོང་གི་རང་བཞིན་ནམ་གཤིས་ལུགས་མི་འགྱུར་ཏེ། དཔེར་ན། ཆུ་བོ་ཁོ་རང་བསིལ་ལམ་དེ་ཉིད་ཇི་ལྟར་ཚ་ན་ཡང་། རླན་གྱི་རང་བཞིན་ཅན་དེ་ག་ལ་འདོར་ཏེ་མི་འདོར་བ་བཞིན་ནོ། ། ས་པཎ་གྱི་ཞལ་ནས། དམ་པ་སྲོག་ལ་བབ་ན་ཡང་། །རང་བཞིན་བཟང་པོ་ག་ལ་འདོར། །ས་ལེ་སྦྲམ་ནི་བསྲེགས་བཅད་ཀྱང་། །དེ་ཡི་ཁ་དོག་ཉམས་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །

མི་བསྲུན་སྐྱེ་བོ་གདམས་པ་ལས། །
ནན་ཏུར་ལས་ཀྱིས་གདུལ་བར་སླ། །
གོས་ཀྱི་དྲི་མ་འཁྲུད་པ་ལ། །
གཙང་མའི་ཆུ་ལས་འགྱུར་བྱེད་བཟང་། །
རྒྱུད་མི་བསྲུན་པའམ་མ་རུང་པའི་སྐྱེ་བོ་རྣམས་ལ་གདམས་པ་ལས་ནན་ཏུར་ལས་ཀྱིས་གདུལ་བར་བྱས་ན་ལས་སླ་བར་འགྱུར་ཏེ། དཔེར་ན། གོས་ཀྱི་དྲི་མ་འཁྲུད་པ་བྱེད་པའི་དུས་ལ་གཙང་མའི་ཆུ་བཟང་པོ་ལས་འགྱུར་བྱེད་ཀྱི་ཆུ་བཟང་བ་ལྟར་རོ། །

ལུས་ཅན་ནང་གི་སྐྱོན་ཡོན་རྣམས། །
ཕྱི་རོལ་སྤྱོད་པས་མཚོན་ནུས་ཏེ། །
ཆུ་སྐྱར་ལྡིང་བས་ཆུ་བོ་དང་། །
དུ་བ་ལས་ནི་མེ་ཤེས་བཞིན། །
ལུས་ཅན་ཏེ་སེམས་ཅན་གྱི་ནང་གི་སྐྱོན་དང་ཡོན་ཏན་དང་བཅས་པ་རྣམས་ལ་བརྟག་པའི་ཚེ་དེ་དག་ཕྱི་རོལ་གྱི་སྤྱོད་པས་མཚོན་པར་བྱེད་ནུས་ཏེ། དཔེར་ན། ཆུ་སྐྱར་ནམ་མཁའ་ལ་ལྡིང་བས་ཆུ་བོ་ཡོད་པ་དང་དུ་བ་ཡོད་པ་ལས་ནི་མེ་ཡང་ཡོད་པར་ཤེས་ནུས་པ་བཞིན་ནོ། །རྣམ་འགྲེལ་ལས། ཆུ་སྐྱར་ལས་ནི་ཆུ་ཤེས་དང་། །དུ་བ་ལས་ནི་མེ་ཤེས་ལྟར། །བྱང་ཆུབ་སེམས་པ་བློ་ལྡན་དག །རིག་ནི་མཚན་མ་དག་ལས་ཤེས། །ཞེས་པ་ལྟ་བུའོ། །

གཞན་གྱི་སྐྱོན་ཡོན་མཐོང་སླ་ཡང་། །
རང་གི་སྤྱོད་ཚུལ་མཐོང་བར་དཀའ། །
མཚོ་ནང་ནམ་མཁའི་ཟླ་སྐར་ཀུན། །
གསལ་ཡང་རང་གི་གཏིང་མི་མཐོང་། །
མི་གཞན་གྱི་སྐྱོན་དང་ཡོན་ཏན་རྣམས་མཐོང་བ་སླ་ཡང་རང་གི་སྤྱོད་ཚུལ་རང་གིས་མཐོང་བ་ཧ་ཅང་དཀའ་བ་ནི། དཔེར་ན། མཚོ་ཡི་ནང་ན་ནམ་མཁའི་ཟླ་སྐར་ཀུན་གསལ་ན་ཡང་རང་གི་གཏིང་ངམ་གདིང་མི་མཐོང་བ་ཇི་བཞིན་ནོ། །དམངས་ཁྲོད་གཏམ་དཔེ་ལས། གཞན་ལ་བལྟ་བའི་མིག་ཡོད་ཀྱང་། །རང་ཉིད་བལྟ་ན་མེ་ལོང་དགོས། ཞེས་པ་ཇི་བཞིན་ནོ། །

བསམ་ངན་གཡོ་སྒྱུའི་བྱ་བ་ནི། །
ལམ་རྒྱུག་འདྲ་ཡང་ཕུགས་སུ་ཕུང་། །
ཆུ་ཀླུང་གྱ་གྱུར་བགྲོད་པ་ཡང་། །
བབས་ཀྱིས་ཐུར་ནས་ཐུར་དུ་འགྲོ། །
བསམ་པ་ངན་པ་དང་ཡོན་ཏན་མེད་བཞིན་ཡོད་མདོག་གི་གཡོ་དང་སྐྱོན་ཡོད་བཞིན་མེད་མདོག་གི་གཡོ་སྒྱུ་ཡི་བྱ་བ་ནི་གནས་སྐབས་ལམ་འགྲོ་རྒྱུག་པ་འདྲ་ཡོད་ན་ཡང་ཕུགས་སུ་ཕུང་བ་ལས་མེད་དེ། །དཔེར་ན། ཆུ་ཀླུང་རྣམས་ཕན་ཚུན་གྱ་གྱུར་དུ་བགྲོད་པ་དེ་ཡང་བབས་ཀྱིས་བབས་པས་ཐུར་ནས་ཐུར་དུ་འགྲོ་བ་ལྟར་རོ། །

རིགས་རྒྱུད་ཟད་འདོད་བུ་ངན་སྐྱེ། །
བསོད་ནམས་ཟད་འདོད་བསམ་ངན་འཆར། །
རང་ཉིད་བརླག་འདོད་རིག་པ་རྒོད། །
ཆུ་མིག་སྐམ་འདོད་སྙིགས་མ་མང་། །
འཇིག་རྟེན་སྟེང་དུ་རིགས་རྒྱུད་ཟད་འདོད་པའི་ཚེ་བུ་ངན་པ་ཞིག་སྐྱེ་བ་དང་བསོད་ནམས་ཟད་འདོད་པས་གཞན་ལ་བསམ་ངན་མང་པོ་འཆང་བ་དང་མ་ཟད་རང་ཉིད་བརླག་ནས་མེད་པར་འགྲོ་འདོད་ཚེ་རིག་པ་ཤིན་ཏུ་རྒོད་པ་རྣམས་འབྱུང་བ་ནི། དཔེར་ན། ཆུ་མིག་སྐམ་འདོད་པའི་ཚེ་སྙིགས་མ་མང་ཙམ་གྱིས་གང་ནས་སྐམ་པ་བཞིན་ནོ། །

བླུན་པོས་ངལ་བརྒྱས་བསྒྲུབས་ན་ཡང་། །
གྲགས་པ་བློ་ལྡན་གཞན་གྱིས་འཁྱེར། །
རི་ལས་སྐྱེས་པའི་པདྨ་ཡང་། །
བསྐྱེད་པའི་གྲགས་པ་ཆུ་ཡིས་འཐོབ། །
མི་བླུན་པོ་སྟེ་རིག་པ་རྟུལ་བའི་མིས་ངལ་བ་བརྒྱས་བསྒྲུབས་ན་ཡང་བསྒྲུབས་པའི་གྲགས་པ་བློ་གྲོས་དང་ལྡན་པའི་མི་གཞན་གྱིས་འཁྱེར་ནས་འགྲོ་བ་ནི། །དཔེར་ན། རི་ལས་སྐྱེས་པའི་མེ་ཏོག་པདྨ་ཡང་མེ་ཏོག་སྐྱེས་པའི་གྲགས་པ་ནི་ཆར་ཆུ་ཡོད་པ་ལས་ཡིན་ནོ་ཞེས་ཆུ་ཡིས་འཐོབ་པའོ། །

ལུང་རྟོགས་ཡོན་ཏན་མི་ལྡན་ཡང་། །
དམ་པར་སྒྲོག་པས་སྐྱེ་བོ་བསླུ། །
སྦྲང་ཆར་བཅུད་དང་བྲལ་བ་ཡི། །
ཐན་ཁྱེར་སྤྲིན་གྱི་འབྲུག་སྒྲ་བཞིན། །
སྡེ་སྣོད་གསུམ་གྱི་ལུང་དང་བསླབ་པ་གསུམ་གྱི་རྟོགས་པའི་ཡོན་ཏན་མི་ལྡན་ཡང་དམ་པའམ་མཆོག་ཏུ་གྱུར་བའོ་ཞེས་སྒྲོག་པས་སྐྱེ་བོ་རྣམས་ལ་བསླུ་བ་བྱེད་དེ། དཔེར་ན། སྦྲང་ཆར་གྱི་བཅུད་དང་བྲལ་བ་ཡི་ཐན་པ་ཡིས་ཁྱེར་བའི་སྤྲིན་གྱི་འབྲུག་སྒྲ་སྒྲོག་པ་བཞིན་ནོ་ཞེས་སོ། །

སྙིགས་དུས་རང་བྱུང་ཀུན་མཁྱེན་རྣམས། །
སྦྱངས་ཚེ་ཕལ་བ་ལས་ཀྱང་རྟུལ། །
རང་བྱུང་ཆུ་ཚན་སྔར་ཚ་ཡང་། །
བསྐོལ་ན་ཆུ་གྲང་རྗེས་སུ་ཁོལ། །
སྙིགས་མ་ལྔ་བདོ་བའི་དུས་རང་བྱུང་གི་ཀུན་མཁྱེན་ཡིན་ནོ་ཞེས་ཁས་ལེན་པ་རྣམས་གཞུང་ལུགས་ལ་སྦྱངས་པ་བྱེད་པའི་ཚེ་སྐྱེ་བོ་ཕལ་བ་ལས་ཀྱང་དབང་པོ་རྟུལ་པོ་རུ་འགྲོ་སྟེ། དཔེར་ན། རང་བྱུང་གི་ཆུ་ཚན་ནི་སྔར་ནས་ཚ་བ་ཡིན་ཡང་དེ་ཉིད་བསྐོལ་བས་ན་ཆུ་གྲང་མོ་རྣམས་ཀྱི་རྗེས་སུ་ཁོལ་བ་བཞིན་ནོ། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་ཞལ་ནས། ཁྱེད་ཀྱིས་སྦྱངས་པའི་གཞུང་བཟང་གདམ་པའི་དོན། །ལོགས་སུ་མེད་པ་གཟིགས་ནས་ཐུབ་དབང་གིས། །མང་དུ་ཐོས་པ་ནག་ན་བདེའོ་ཞེས། །གསུང་པ་དེ་ཡི་དོན་ལའང་དཔྱོད་པ་རིག །ཅེས་རྒྱ་ཆེར་གསུངས་སོ། །

དྲེད་པོ་ཁ་ཡི་ཆོས་བཤད་མཁན། །
ཤེས་རྒྱུད་གདོལ་བ་ལས་ཀྱང་ཐུ། །
དགུན་དུས་རླངས་པ་ན་བུན་བཞིན། །
འཐིབས་པའི་ཀློང་དེ་ལྷག་པར་གྲང་། །
ཆོས་དྲེད་དུ་སོང་བའི་དྲེད་པོ་ཁ་ཡི་ཆོས་བཤད་མཁན་རྣམས་ཀྱི་གཤིས་རྒྱུད་ནི་གདོལ་བ་སྟེ་གཤེད་མ་ལས་ཀྱང་ཐུ་བ་སྟེ་དམན་ལ། དཔེར་ན། དགུན་གྱི་དུས་སུ་རླངས་པ་ན་བུན་ཏེ་སྨུག་པ་བཞིན་དུ་འཐིབས་པའི་ཆུ་ཀློང་དེ་རང་བཞིན་གྱི་ཆུ་གྲང་མོ་ལས་ལྷག་པར་གྲང་བའོ་ཞེས་སོ། །

དམ་པའི་སྐྱེ་བོ་ཉམ་ཐག་ཀྱང་། །
ཆོས་དང་འགལ་བའི་ལས་མི་བྱེད། །
ཆར་འདོད་བྱེའུ་སྐོམ་ན་ཡང་། །
ས་ལ་བབས་པའི་ཆུ་མི་འཐུང་། །
དམ་པའི་སྐྱེ་བོ་ནི་ཉམ་ཐག་ཀྱང་ཁོང་གིས་དམ་པའི་ཆོས་དང་འགལ་བའི་ལས་ངན་པ་གཏན་ནས་མི་བྱེད་པ་ནི། །དཔེར་ན། ཆར་བའི་ནང་དུ་སྡོད་པའམ་ཆར་བ་འདོད་པའི་བྱིའུ་ཁ་ལ་ཡུག་ཅེས་པ་དེ་ཡིས་ཇི་ལྟར་སྐོམ་ན་ཡང་ཁོས་ས་ལ་བབས་པའི་ཆུ་མི་འཐུང་བ་བཞིན་ནོ། ། དམངས་ཁྲོད་གཏམ་དཔེ་ལས། སྐྱེས་པ་ཕོ་ཡི་ཡ་ཆུང་ལ། །སེམས་སྡུག་ཀྱང་མཆི་མ་འབབས་སྲོལ་མེད། །བྲེ་སེར་འབྲོང་གི་ཡ་ཆུང་ལ། །ལྟོ་ལྟོགས་ཀྱང་འདམ་རྩྭ་ཟ་སྲོལ་མེད། །ཅེས་པ་ལྟ་བུའོ། །

དགེ་སྦྱོར་བརྩོན་པ་འདོད་པ་དང་། །
ལོག་པའི་འཚོ་བ་སྒྲུབ་པ་འགལ། །
མེ་ཏོག་སྐྱེས་པ་འདོད་པ་ཡིས། །
ཆུ་ཚན་བླུགས་ན་ཕན་འགྱུར་རམ། །
དགེ་སྦྱོར་ལ་བརྩོན་པར་འདོད་པ་དང་དེ་ཡི་ཕྱིར་དུ་ལོག་པའི་འཚོ་བ་སྒྲུབ་པ་འདི་ནི་འགལ་བ་ཡིན་ཏེ། དཔེར་ན། མེ་ཏོག་བཟང་པོ་ཞིག་སྐྱེས་འདོད་པ་ཡིས་ཀུན་ནས་སློང་སྟེ་ཆུ་ཚན་བླུགས་ན་ཕན་པ་འགྱུར་རམ་སྟེ་མི་འགྱུར་བཞིན་ནོ། ། གུང་ཐང་རིན་པོ་ཆེའི་ཞལ་ནས། གཞན་ནས་སློང་ཞིང་ཟས་ཞིམ་འདོད། །སློང་མོས་འཚོ་ཞིང་ཁེངས་པ་ཆེ། །བསྟན་བཅོས་མི་ཤེས་བརྩོད་པར་འདོད། །འདི་གསུམ་འཇིག་རྟེན་བཞད་གད་རྒྱུ། །ཞེས་གསུངས་པ་ལྟར་རོ། །

ཆེན་པོ་རེ་ཞིག་རྒུད་ན་ཡང་། །
སླད་ནས་གཟི་བྱིན་རྒྱས་པར་འགྱུར། །
འཁྱགས་པའི་སྦུགས་སུ་ཚུད་པའི་མཚོ། །
སོ་ག་རིམ་གྱིས་འཕྱུར་ནས་འོང་། །
ཤེས་རབ་དང་ཡོན་ཏན་ཆེན་པོ་ཅན་རྣམས་རེ་ཞིག་རྒུད་པ་སྟེ་ཉམ་ན་ཡང་སླད་དམ་རྗེས་ནས་གཟི་བརྗིད་དང་བྱིན་རླབས་རྒྱས་པར་འགྱུར་ཏེ། དཔེར་ན། དགུན་ཁར་འཁྱགས་པའི་སྦུགས་སུ་ཚུད་པའི་མཚོ་དེ་ཉིད་སོ་་སྟེ་དཔྱིད་ཀའི་དུས་སུ་རིམ་གྱིས་འཕྱུར་ནས་འོང་ངོ། ། ལེགས་བཤད་ལས། མཁས་པ་བརྩད་ཅིང་མ་དྲིས་པ། །དེ་ཡི་བར་དུ་གཏིང་མི་དཔོག །རྔ་ལ་དབྱུ་གུས་མ་བསྣན་པར། །དེ་སྲིད་གཞན་དང་ཁྱད་ཅི་ཡོད། །ཅེས་གསུངས་པ་ལྟར་རོ། །

བློ་དང་རྩོལ་བ་ཞན་པའི་མིས། །
ཕུན་ཚོགས་ཐོབ་ཀྱང་མོད་ལ་འགྲིབ། །
རྫིང་ཆུང་ལྟག་ཆུ་ཆད་པ་དེ། །
སླར་ཡང་མྱུར་དུ་སྐམ་པར་འགྱུར། །
བློ་གྲོས་དང་རྩོལ་བ་ཞན་པའི་མི་ཡིས་ཕུན་སུམ་ཚོགས་པའི་ལོངས་སྤྱོད་ལ་སོགས་པ་ཐོབ་ཀྱང་དེ་ཡི་མོད་ལ་ཕྱིར་འགྲིབ་པ་ལས་མེད་དེ། དཔེར་ན། རྫིང་ཆུང་ངུའི་ལྟག་ནས་ཆུ་འབབ་རྒྱུ་ཆད་པ་དེ་གནས་སྐབས་ཡོད་རུང་མྱུར་དུ་སྐམ་པར་འགྱུར་བ་ལྟར་རོ། །

ནོར་མེད་མཆོར་དང་ཁ་ཞིམ་འདོད། །
གཞུང་ལུགས་མ་སྦྱངས་མཁས་ཁུར་འཛིན། །
ཆུ་རྐྱལ་མི་ཤེས་མཚོ་བརྒལ་བ། །
བསམ་བཞིན་རང་སྡུག་ཉོས་པ་ཡིན། །
  རང་ལ་ནོར་མེད་ན་ཡང་མཆོར་པོ་སྟེ་མཛེས་པ་འདོད་པ་དང་ཁ་ལ་ཟས་ཞིམ་པོ་འདོད་པ། གཞུང་ལུགས་ལ་མ་སྦྱངས་པར་མཁས་པའི་ཁུར་འཛིན་པ་དེ་ནི། དཔེར་ན། ཆུ་ལ་རྐྱལ་མི་ཤེས་ཀྱང་མཚོ་ལས་ཕ་རོལ་ཏུ་བརྒལ་བར་འདོད་པ་དེ་ནི་བསམ་བཞིན་དུ་རང་སྡུག་རང་གིས་ཉོས་པའི་དཔེ་ཇི་བཞིན་ནོ།།

མངའ་ཐང་བློ་རྒྱ་སྐྱེད་ཆེས་པས། །
བསོད་ནམས་ཚད་ལས་འགོང་མི་རུང་། །
མཚོ་ཆུང་རང་གི་ཁྲོན་པ་ཡི། །
ཚད་ལས་རྒྱས་ན་བོ་བར་འགྱུར། །
མངའ་ཐང་ལ་སོགས་པ་བློ་རྒྱ་སྐྱེད་ཆེས་པས་ཀྱང་སྔར་རང་གི་དགེ་བའི་བསོད་ནམས་བསགས་པའི་ཚད་དེ་ལས་འགོང་མི་རུང་སྟེ། དཔེར་ན། མཚོ་ཆུང་བ་ལ་རང་གི་ཁྲོན་པ་དེ་ཡི་ཚད་ལས་རྒྱས་པས་ན་བོ་བར་འགྱུར་བ་ལྟར་རོ། །

དོན་ཆེན་ཐོག་ཏུ་མ་བབས་པའི། །
དུས་ནས་ཐབས་དང་རིམ་གྲོ་བྱ། །
ཆུ་ལོན་སྔར་ནས་མ་བརྩིགས་ན། །
བྲུབས་ནས་འོལ་ཁ་བསྒྱུར་བ་དཀའ། །
དོན་ཆེན་པོ་གང་ཡིན་པ་ཞིག་རང་གི་ཐོག་ཏུ་མ་བབས་པའི་སྔོན་དུས་ནས་དེ་འགོག་པའི་ཐབས་དང་རིམ་གྲོ་བྱ་དགོས་ཏེ། དཔེར་ན། ཆུ་འགོག་པ་ལ་ཆུ་རག་སྔར་ནས་ཀྱང་མ་བརྩིགས་ན་ཆུ་བྲུབས་ནས་འོལ་ཁ་བསྒྱུར་བ་དཀའ་མོ་རེད་ཅེས་པ་ལྟ་བུའོ། །

དོན་མེ་ལས་ལ་ཕོད་བཙུགས་ནས། །
རང་ཉིད་ཉམས་བྱེད་དཔའ་བོ་མིན། །
ཆུ་ཡི་ནང་གི་གཟུགས་བརྙན་ལ། །
མཆོངས་པས་སེང་གེ་ཤི་དང་འདྲ། །
དོན་མེད་པའི་མི་ལ་ཕོད་བཙུགས་སམ་སྙད་འཚོལ་ནས་ཧམ་པ་བྱེད་པ་དེ་ནི་རང་ཉིད་ཀྱི་སྲོག་ཉམས་པར་བྱེད་ཡིན་པ་ལས་དཔའ་བོ་མིན་ཏེ། དཔེར་ན། ཆུ་ཡི་ནང་གི་གཟུགས་བརྙན་ལ་འཐབ་འདོད་ཀྱིས་ཆུ་རུ་མཆོངས་པས་སེང་གེ་རང་ཉིད་ཤི་བ་དང་འདྲའོ། །

དགྲ་བོ་འདུལ་བར་འདོད་ན་ཡང་། །
སྐྱོང་ཚུལ་དལ་ཞིང་འཇམ་པར་བྱ། །
ཆུ་སྐྱར་འཇབ་ཅིང་འགྲོ་བ་ཡིས། །
ཉ་ལ་སོགས་པ་འཛིན་ལ་ལྟོས། །
ཕ་རོལ་གྱི་དགྲ་བོ་འདུལ་བ་འདོད་ན་ཡང་སྐྱོང་ཚུལ་ཏེ་སྤྱོད་ལམ་ཚུལ་དང་མཐུན་པ་དང་དལ་ཞིང་འཇམ་པར་བྱ་དགོས་ཏེ། དཔེར་ན། ཆུ་སྐྱར་འཇབ་ཅིང་འགྲོ་བ་དེ་ཡིས་ཉ་ལ་སོགས་པ་རྣམས་མ་ལུས་པར་འཛིན་ནུས་པ་ལ་ལྟོས། སྤྱོད་འཇུག་ལས། ཆུ་སྐྱར་བྱི་ལ་ཆོམ་རྐུན་དག །སྒྲ་མེད་འཇབ་ཅིང་འགྲོ་བ་ཡིས། །མངོན་པར་འདོད་པའི་དོན་སྒྲུབ་པ། །ཐུབ་པས་རྟག་ཏུ་དེ་བཞིན་བྱ། ཞེས་གསུངས་པ་ལྟར་རོ། །

གཞན་ཕྱོགས་འབྱོར་བ་ལ་སྡང་བས། །
རང་གི་བསོད་ནམས་ཉམས་པར་བྱེད། །
ཆུ་ཀླུང་དྲག་པོར་མཆོངས་པ་ན། །
བདག་ཉིད་འཆི་ཡིས་དེར་མི་གནོད། །
མི་གཞན་ལ་ཡོད་པའི་འབྱོར་བ་དང་ཡོན་ཏན་ལ་ཕྲག་དོག་གིས་ཞེ་སྡང་བས་གཞན་ལ་མི་གནོད་པར་རང་ཉིད་ཀྱི་བསོད་ནམས་ཉམས་པ་ལས་འོས་མེད་དེ། དཔེར་ན། ཆུ་ཀླུང་གི་རྦ་རླབས་དྲག་པོར་རང་ཉིད་མཆོངས་པ་ན་བདག་ཉིད་འཆི་བ་འགྱུར་བ་ཡིན་གྱི་ཆུ་ཀླུང་དེར་ཅུང་ཟད་ཙམ་ཡང་མི་གནོད་པ་བཞིན་ནོ། །

དེ་བས་དགྲ་ལས་རྒྱལ་འདོད་ན། །
ཡོན་ཏན་སྒྲུབ་ལ་འབད་པར་བྱ། །
ཆུ་བོ་ཆེ་ལ་བརྒལ་བའི་ཐབས། །
ཐང་ནས་གྲུ་གཟིངས་འཆོས་པ་ཡིན། །
གོང་དུ་བཤད་པ་དེ་ལྟར་ན་རང་ཉིད་དགྲ་བོ་ལས་རྣམ་པར་རྒྱལ་བ་འདོད་ན་རང་གི་རྒྱུད་ལ་ཡོན་ཏན་སྒྲུབ་པ་ལ་འབད་པར་བྱ་དགོས་པ་ཡིན་གྱི་ཞེ་སྡང་བ་ཙམ་བྱས་པས་ཕན་པ་མེད་པ་ནི། དཔེར་ན། ཆུ་བོ་ཆེན་པོ་ལ་རང་ཉིད་བདེ་ཐང་གི་ངང་ནས་བརྒལ་བར་འདོད་པའི་ཐབས་ནི་ཆུ་བོ་མ་བརྒལ་བའི་གོང་ལ་ཐང་ནས་གྲུ་གཟིངས་འཆོས་པའམ་བཅོས་དགོས་པ་ཡིན་པ་བཞིན་ནོ། །

རང་ལས་བསོད་ནམས་མ་ཉམས་ན། །
དགྲ་བོ་ཁོ་ནས་མི་ཐུབ་སྟེ། །
ཆུ་མིག་རང་ཉིད་མ་སྐམ་བར། །
ས་ཡིས་མནན་ཀྱང་འགོག་མི་ནུས། །
གང་ཟག་རང་གི་རྒྱུད་ལས་བྱུང་བའི་དགེ་བའི་བསོད་ནམས་དེ་ཉིད་མ་ཉམས་ན་ཕ་རོལ་གྱི་དགྲ་བོ་ཁོ་ནས་རང་ལ་སྡུག་བསྔལ་བྱེད་པ་མི་ཐུབ་སྟེ། དཔེར་ན། ཆུ་མིག་རང་ཉིད་རང་བཞིན་གྱིས་མ་སྐམ་པར་གནས་ན་ས་ཡིས་ཇི་ལྟར་མནན་ཀྱང་ཆུ་དེ་ཉིད་འགོག་མི་ནུས་པ་བཞིན་ནོ། །

དབུལ་ཕྱུག་དར་རྒུད་མཐོ་དམན་ཀུན། །
སྔོན་སྤྱད་ལས་ཀྱི་གོ་རིམ་སྟེ། །
ཆུ་ཡི་དཀྱིལ་འཁོར་བསྲུབས་པ་ལས། །
རི་གླིང་ཁོར་ཡུག་རིམ་པར་ཆགས། །
སེམས་ཅན་རང་རང་སོ་སོ་ལས་འགའ་ཞིག་དབུལ་བ་དང་དེ་བཞིན་དུ་ཕྱུག་པོར་གྱུར་བ་ལ་སོགས་པའི་དར་རྒུད་ཇི་ལྟར་བྱུང་བ་དང་མཐོ་དམན་དུ་གྱུར་པ་ལྟ་བུའི་བྱ་བ་ཀུན་སྐྱེ་བ་སྔོན་མ་རང་གིས་སྤྱད་པའི་ལས་ཀྱི་གོ་རིམ་ཡིན་པ་སྟེ། དཔེར་ན། འཇིག་རྟེན་འདི་ཉིད་དང་པོ་ཆགས་སྐབས་སུ་ཆུ་ཡི་དཀྱིལ་འཁོར་བསྲུབས་པ་ལས་རི་དང་གླིང་ལ་སོགས་པའི་ཁོར་ཡུག་རིམ་པ་ལྟར་ཆགས་པ་ལ་སོགས་པ་ཡང་ལས་ཀྱི་དབང་ལས་བྱུང་བ་ཡིན་ནོ། །

མཁས་པ་ཕལ་ཆེར་དབུལ་འགྱུར་ལ། །
བླུན་པོའི་སྐྱེ་བོ་ནོར་གྱིས་ཕྱུག །
རྙོག་མ་ཅན་གྱི་ཆུ་བོ་ལ། །
སྦལ་ལྕོང་འབུ་སྲིན་ལྷག་པར་མང་། །
བླང་དོར་ལ་མཁས་པ་ཕལ་ཆེར་ལོངས་སྤྱོད་ཀྱིས་དབུལ་བར་འགྱུར་བའི་ཚུལ་དུ་སྣང་ལ་བླང་དོར་ལ་རྨོངས་པའི་བླུན་པོའི་སྐྱེ་བོ་རྣམས་སྐབས་འགའ་རུ་ནོར་གྱིས་ཕྱུག་པོ་ལྟར་སྣང་བ་ནི། དཔེར་ན། རྙོག་མ་མང་པོ་ཅན་གྱི་ཆུ་བོ་ལ་སྦལ་བ་དང་ལྕོང་ལ་སོགས་པའི་འབུ་སྲིན་ལྷག་པར་དུ་མང་བ་ལྟར་ཡིན་པ་ལས་ཡིད་སྨོན་བྱ་མི་རུང་ངོ་། 

བརྒྱ་ཡི་ནང་ནས་དཔའ་བོ་དང་། །
སྟོང་གི་ནང་ནས་མཁས་པ་སྟེ། །
མ་དྲོས་མཚོ་ལས་ཆུ་གསེར་དང་། །
རྒྱ་མཚོ་ཆེ་ལས་ནོར་བུ་འབྱུང་། །
བརྒྱ་ཐམ་པའི་ནང་ནས་དཔའ་བོ་རེ་རེ་འབྱུང་བ་དང་སྟོང་ཕྲག་གི་ནང་ནས་མཁས་པ་རེ་ཙམ་འབྱུང་བ་སྟེ། དཔེར་ན། མ་དྲོས་མཚོ་སྟེ་མཚོ་མ་ཕམ་ལས་ཆུ་གསེར་འབྱུང་བ་དང་རྒྱ་མཚོ་ཆེན་པོ་ལས་ནོར་བུ་འབྱུང་བ་ལྟར་རོ། །

བློ་དང་མི་ལྡན་སྐྱེ་བོ་ཡིས། །
འབྱོར་བ་རྙེད་ཀྱང་སྤྱོད་མི་ཤེས། །
ཁྱི་ནི་སྐོམ་ཡང་ཆུ་ཀླུང་ལ། །
ཧུབ་ཀྱིས་མི་འཐུང་ལྡག་པར་བྱེད། །
བློ་རིག་དང་མི་ལྡན་པའི་སྐྱེ་བོ་ཡིས་ཟས་གོས་ལ་སོགས་པའི་འབྱོར་བ་རྙེད་ཀྱང་ལོངས་སུ་སྤྱོད་མི་ཤེས་པ་སྟེ། དཔེར་ན། ཁྱི་ནི་སྐོམ་ན་ཡང་ཆུ་ཀླུང་ལ་ཧུབ་ཀྱིས་མི་འཐུང་བར་ལྕེ་ཡིས་ལྡག་པར་བྱེད་པ་བཞིན་ནོ། །

རང་གཞན་སུ་ལའང་མི་ཕན་པའི། །
ནོར་དེ་མེད་པ་ཉིད་དང་མཚུངས། །
ཆུ་མེད་ས་གཞི་རྒྱ་ཆེ་ཡང་། །
མྱ་ངམ་ཐང་ཞེས་ཀུན་གྱིས་འདོར། །
རང་གིས་ལོངས་སྤྱོད་པ་དང་གཞན་ལ་གཏོང་བ་ལ་སོགས་པའི་སྒོ་ནས་སུ་ལའང་མི་ཕན་པའི་རྒྱུ་ནོར་དེ་ནི་མེད་པ་ཉིད་དང་མཚུངས་པ་ཡིན་ཏེ། དཔེར་ན། ཆུ་མེད་པའི་ས་གཞི་རྒྱ་ཆེན་པོ་ཞིག་ཡོད་ན་ཡང་ཐང་དེ་ནི་མྱ་ངམ་སྟེ་ཆུ་མེད་པའི་ཐང་སྟོང་ལྟ་བུ་ཡིད་སྐྱོ་བའི་ས་ཞིག་ཡིན་པ་ཀུན་གྱིས་འདོར་བ་བྱེད་པ་དང་འདྲའོ། །

ལོངས་སྤྱོད་སྤེལ་བར་འདོད་པས་ཀྱང་། །
ཅུང་ཟད་གཏོང་ཚུལ་ཤེས་དགོས་ཏེ། །
ཁྲོན་ཆུ་བཅུས་ན་འཕེལ་འགྱུར་ཞིང་། །
བཞག་ན་སྙིགས་མས་སྐམ་པར་འགྱུར། །
རང་གི་རྒྱུ་ནོར་ལོངས་སྤྱོད་གོང་ནས་གོང་དུ་སྤེལ་བ་འདོད་པས་ཀྱང་ཅུང་ཟད་སྦྱིན་པ་གཏོང་བའི་ཚུལ་ཤེས་དགོས་པ་སྟེ། དཔེར་ན། ཁྲོན་ཆུའམ་ཆུ་འཁྱིལ་དེ་ཉིད་བཅུས་ན་འཕེལ་བར་འགྱུར་ཞིང་མ་བཅུས་པར་བཞག་ན་སྙིགས་མས་གང་སྟེ་སྐམ་པར་འགྱུར་བ་ལྟར་རོ། །

བླུན་རྨོངས་འབྱོར་བ་རྒྱ་ཆེ་ཡང་། །
སྡུག་བསྔལ་རྒྱུ་ལས་མ་འདས་ཏེ། །
གསེར་རིའི་བར་གྱི་རོལ་མཚོ་རྣམས། །
རྟག་ཏུ་མུན་པའི་སྨག་གིས་ནོན། །
མི་བླུན་པོ་རྣམས་དང་བློ་རྨོངས་པ་རྣམས་ལ་འབྱོར་བ་ཇི་ལྟར་རྒྱ་ཆེ་ཡང་སྡུག་བསྔལ་མྱོང་བའི་རྒྱུ་ཁོ་ན་ལས་མ་འདས་ཏེ། དཔེར་ན། གསེར་གྱི་རི་བདུན་རྣམས་ཀྱི་བར་དུ་རོལ་བའི་མཚོ་རྣམས་དུས་རྟག་ཏུ་མུན་པ་སྨག་གིས་ནོན་པ་བཞིན་ནོ། ། ས་སྐྱ་པཎ་ཊའི་ཏས། ཤེས་རབ་མེད་པའི་ལོངས་སྤྱོད་ཀྱང་། །ཕལ་ཆེར་རང་ལ་ཕན་པ་ཉུང་། །འདོད་འཇོ་བ་ཡི་འོ་མ་ཡང་། །བེའུས་འཐུང་བ་བརྒྱ་ལམ་ཡིན། །ཞེས་གསུངས་པ་ལྟ་བུའོ། །

འབྱོར་ལྡན་བསོད་ནམས་གསོག་དགོས་ཏེ། །
བསོད་ནམས་ཉམས་ན་རྒུད་པ་སླ། །
ལྗོན་ཤིང་ཡལ་ག་རྒྱ་ཆེ་ཡང་། །
ཆུ་དང་བྲལ་ན་སྐམ་པར་འགྱུར། །
འབྱོར་བ་དང་ལྡན་པར་དགེ་བའི་བསོད་ནམས་གསོག་དགོས་ཏེ་དགེ་བའམ་བསོད་ནམས་དེ་ཉིད་ཉམས་ན་མི་དེ་ཕྱིར་རྒུད་པ་སླ་བ་ནི། དཔེར་ན། ལྗོན་ཤིང་ལ་ཡལ་ག་རྒྱ་ཆེན་པོ་འབྱུང་བ་ཡང་དེ་ཆུ་དང་བྲལ་ན་སྐམ་པ་འགྱུར་བ་བཞིན་ནོ། །

བསོད་ནམས་མཐུ་དང་དགེ་བའི་བློ། །
ཕན་ཚུན་རྒྱུར་གྱུར་སྐལ་བ་བཟང་། །
ཆུ་ཡི་ཆར་དང་ཆར་གྱི་ཆུ། །
རྒྱས་བྱེད་རེས་མོས་གྲོགས་སུ་འགྱུར། །
དགེ་བའི་བསོད་ནམས་བསགས་པའི་མཐུས་ལོངས་སྤྱོད་ཆེ་བ་དངདགེ་བའི་བློ་དེ་གཉིས་ཕན་ཚུན་རྒྱུར་གྱུར་པས་ན་དེ་འདྲའི་མི་དེ་སྐལ་བ་བཟང་པོ་ཡིན་ཏེ། དཔེར་ན། ཆུ་ཡི་ཆར་དང་ནམ་མཁའི་ཆར་གྱི་ཆུ་གཉིས་གཅིག་གིས་གཅིག་ལ་རྒྱས་པར་བྱེད་པ་རེས་མོས་ཏེ་ཕན་བཏགས་རེས་བྱས་ནས་གྲོགས་སུ་འགྱུར་བ་ལྟར་རོ། ། 

ཁ་བཤད་མང་ངམ་ཉུང་ཡང་རུང་། །
དགོས་དོན་ལག་ཏུ་བླངས་ན་གོ། །
ཆུ་ཞེང་ཆེ་ཆུང་ཅི་འདྲ་ཡང་། །
ཟབ་དང་མི་ཟབ་བརྒལ་ན་ཤེས། །
ཁ་ནས་བཤད་པའི་སྐད་ཆ་མང་ངམ་ཡང་ན་ཉུང་ཡང་རུང་བྱ་བ་སྒྲུབ་ནས་དགོས་པའི་དོན་ལག་ཏུ་བླངས་ན་གོ་བ་སྟེ། དཔེར་ན། ཆུ་ལ་ཞེང་ཆེ་ཆུང་ཅི་འདྲ་ཞིག་ཡིན་ཡང་གཏིང་ཟབ་དང་མི་ཟབ་ནི་ཆུ་དེ་བརྒལ་ནས་སོང་ན་ཤེས་པ་ལྟ་བུའོ། །

ལེགས་བྱས་སྲོལ་འབྱེད་མཁས་པ་སྟེ། །
དེ་ཡི་རྗེས་སུ་འཇུག་པ་སླ། །
ཅང་ཤེས་རྟ་ཡིས་རབ་བརྒལ་བས། །
ཕྱི་བཞིན་ཁྱི་ཡང་འབྲང་བར་བྱེད། །
བྱ་བ་གང་ཞིག་དང་པོ་བསྒྲུབས་ནས་ལེགས་པར་བྱས་པའི་སྲོལ་འབྱེད་མཁན་ནི་མཁས་པ་སྟེ་མཁས་པས་སྲོལ་ཕྱེས་རྗེས་དེ་ཡི་རྗེས་སུ་ནི་འཇུག་པ་སླའོ། ། དཔེར་ན། ཅང་ཤེས་རྟ་ཕོ་ཡིས་རབ་ཏུ་བང་རྩལ་གྱིས་རྒྱུགས་པའི་ཕྱི་བཞིན་ཁྱི་ཡང་འབྲང་བར་བྱེད་ནུས་སོ། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཞལ་ནས། འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན། །སྙན་པའི་བ་དན་འགྲོ་ན་ལྷང་ངེ་བ། །ཀླུ་སྒྲུབ་ཐོག་མེད་ཅེས་ནི་ས་གསུམ་ན། །ཡོངས་སུ་གྲགས་པའི་ཞབས་ལ་བདག་ཕྱག་འཚལ། །ཞེས་གསུངས་པ་བཞིན་ནོ། །

མཁས་པ་ཀུན་ལ་སྙོམས་ལྡན་ཞིང་། །
ཕྱོགས་རེའི་མིག་ཅན་ཆགས་སྡང་ཆེ། །
བུམ་པ་གང་བ་བཀུར་བར་སླ། །
ཕྱེད་ཙམ་གང་བ་ཡོ་འཁྱོམ་མང་། །
ཐབས་ལ་མཁས་པའི་མི་བྱ་བ་ཀུན་ལ་སྙོམས་པ་དང་ལྡན་ཞིང་ཕྱོགས་རེའི་མིག་ཅན་རྣམས་རང་ཕྱོགས་ཆགས་ཤིང་གཞན་ཕྱོགས་ལ་ཞེ་སྡང་ཆེ་བ་སྟེ། དཔེར་ན། བུམ་པ་གང་བ་ཞིག་ཡོད་ན་བཀུར་བར་སླ་ལ་ཕྱེད་ཙམ་གང་བ་ཞིག་ཡིན་ན་ཕན་ཚུན་ཡོ་འཁྱོམ་མང་བ་ལྟར་རོ། །

བསམ་ཚད་ཁ་རུ་འདོན་པ་དེར། །
གཏད་སོ་མེད་ཅེས་ཀུན་གྱིས་བརྙས། །
ཤག་ཤག་འབབ་པའི་ཆུ་བོ་ལ། །
བྱིས་པ་རྣམས་ཀྱང་བརྒལ་བར་བྱེད། །
ཁོག་ནས་བསམ་ཚད་ཁ་རུ་འདོན་པའི་མི་དེར་མི་འདི་ཡིས་བཤད་པ་ལ་གཏད་སོ་མེད་ཅེས་མི་ཀུན་གྱིས་བརྙས་པར་བྱེད་པ་བཞིན། དཔེར་ན། ཤག་ཤག་ཏུ་འབབ་པའི་ཆུ་བོ་ལ་ན་ཚོད་མ་སྨིན་པའི་བྱིས་པ་རྣམས་ཀྱང་བརྒལ་བར་བྱེད་པ་བཞིན་ནོ། ། ས་པཎ་རིན་པོ་ཆེས། དུས་སུ་མ་བབ་པ་ཡི་གཏམ། །གང་སྨྲས་དེ་ལ་ཀུན་གྱིས་བརྙས། །མང་པོ་སྨྲ་བའི་གཏམ་ཚིག་ལས། །སྨྱོན་པའི་རྗེས་སུ་མི་འགྲོའམ། །ཞེས་གསུངས་པ་ལྟར་རོ། །

ཁ་ཉུང་བཞིན་འཛུམ་གནད་ཕིགས་པ། །
དེ་ལ་ཀུན་གྱིས་བག་ཟོན་བྱེད། །
སྒྲ་མེད་མེར་གྱིས་འགྲོ་བ་ཡི། །
ཆུ་ཀླུང་གཏིང་མཐའ་དཔོག་པ་དཀའ། །
ཁ་ཉུང་བ་དང་བཞིན་རས་འཛུམ་ཞིང་གནད་འགག་ཕིགས་པར་བྱེད་པའི་མི་དེ་ལ་ཀུན་གྱིས་བག་ཟོན་ཏེ་དོགས་ཟོན་བྱེད་པ་ནི། དཔེར་ན། ཆུ་སྒྲ་མེད་པར་མེར་གྱིས་འབབ་པའམ་འགྲོ་བ་ཡི་ཆུ་ཀླུང་གི་གཏིང་མཐའ་འདི་ཙམ་མོ་ཞེས་དཔོག་པར་དཀའ་བ་ལྟར་རོ། །

ཆུ་ལ་རི་མོ་བྲིས་པ་བཞིན། །
སྡིག་སེམས་མོད་ལ་འདོར་བྱ་ཞིང་། །
དགེ་བའི་དམ་བཅའ་རྡོ་བ་ཡི། །
རི་མོ་བཞིན་དུ་བརྟན་པར་བྱ། །
ཆུ་འབབ་པ་ལ་རི་མོ་བྲིས་པ་བཞིན་སྡིག་སེམས་སྐྱེས་བྱུང་ན་དེ་ཡི་མོད་ལ་འདོར་བར་བྱ་ཞིང་དགེ་བ་སྒྲུབ་པའི་དམ་བཅའ་ནི་རྡོ་བ་ཡི་སྟེ་རྡོ་ངོར་རི་མོ་བྲིས་པའམ་བརྐོས་པ་བཞིན་དུ་བརྟན་པར་བྱའོ། ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། སེམས་ནི་ས་དང་ཆུ་དང་རྡོ་བ་ལ། །རི་མོ་བྲིས་པ་དེ་འདྲ་རིག་པ་བགྱི། །དེའི་ནང་ཉོན་མོངས་ཅན་ལ་དང་པོ་ནི། །མཆོག་དེ་ཆོས་འདོད་རྣམས་ལ་ཐ་མ་ལགས། །ཞེས་གསུངས་སོ། །

བསམ་པ་བཟང་ན་འཇིག་རྟེན་གྱི། །
བྱ་བ་ཀུན་ཀྱང་ཆོས་སུ་འགྲོ། །
ཟོ་ཆུན་ལ་བརྟེན་འོབས་ཀྱི་ཆུ། །
ཤིན་ཏུ་མཐོ་བའི་རི་རྩེར་འགྲོ། །
བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་བསམ་པ་བཟང་ན་འཇིག་རྟེན་གྱི་བྱ་བ་ཀུན་ཀྱང་ཆོས་སུ་འགྲོ་བ་ཡིན་ཏེ། དཔེར་ན། ཆུ་འདྲེན་ཟོ་ཆུན་ལ་བརྟེན་པའི་འོབས་ཀྱི་ཆུ་དེ་ནི་ཤིན་ཏུ་མཐོ་བའི་རི་རྩེར་འགྲོ་བ་བཞིན་ནོ། ། 

གཙོ་བོར་ལས་འབྲས་དཀོན་མཆོག་ལ། །
བློ་ཕུགས་གཏད་ན་ཅི་བསམ་འགྲུབ། །
ལྷ་ཡི་རྒྱལ་པོས་ཆར་ཕབ་ན། །
ལོ་ཏོག་ཕུན་སུམ་ཚོགས་པར་འགྱུར། །
གཙོ་བོ་ནི་ལས་རྒྱུ་འབྲས་དང་དཀོན་མཆོག་གསུམ་ལ་རང་གིས་བློ་ཕུགས་སུ་གཏད་ན་དོན་ཅི་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་སྟེ། དཔེར་ན། ལྷ་ཡི་རྒྱལ་པོས་ཆར་ཕབ་ན་ལོ་ཏོག་ལ་སོགས་པའི་སྐྱེ་དངོས་རྣམས་ཕུན་སུམ་ཚོགས་པར་འགྱུར་བ་བཞིན་ནོ། ། བཀའ་གདམ་གོང་མས་གསུངས་པའི་ཉམས་སུ་བཞེས་པའི་ཕུག་ནོར་བཅུ། བློ་ཕུག་ཆོས་ལ་གཏད། ཆོས་ཕུག་སྤྲང་ལ་གཏད། སྤྲང་ཕུག་བྲག་ལ་གཏད། བྲག་ཕུག་ཤི་ལ་གཏད། ཅེས་པ་དང་། ཐེབ་མེད་རྡོ་རྗེ་སྔོན་དུ་བཏང་། །ཡེ་ཤེས་རྡོ་རྗེ་རང་དང་འགྲོགས། །ཁྲོལ་མེད་རྡོ་རྗེ་རྗེས་སུ་འཇུག །ཅེས་དང་། མི་གྲལ་ནས་བུད། ཁྱི་གྲལ་སྙེག ལྷ་གྲལ་ཐོབ། ཅེས་པ་ལྟ་བུའོ། །

འཇིག་རྟེན་ཚངས་པའི་རལ་ཀློང་དུ། །
འཁྱམས་པའི་སརྒ་མཐར་སོན་ཏེ། །
སྒྲིབ་གཉིས་དྲི་མ་འཁྲུད་པའི་ཕྱིར། །
དམ་པའི་ཆོས་ཀྱི་ལམ་དུ་འདྲེན། །
འཇིག་རྟེན་གྱི་བདག་པོ་ལྷ་ཆེན་ཚངས་པའི་རལ་ཀློང་དུ་འཁྱམས་པའི་སརྒ་ཡིས་མཐར་སོན་ཏེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་པོའི་དྲི་མ་འཁྲུད་པའི་ཕྱིར་ད་ནི་འོག་ནས་འབྱུང་བ་ལྟར་དམ་པའི་ཆོས་ཀྱི་ལམ་དུ་འདྲེན་པ་ཡིན་ཞེས་གསུངས་སོ། །

ཆུ་རིགས་བདུན་ལས་མཆོག་གྱུར་བའི། །
ཆུ་མགོ་གངས་ལ་ཐུག་པ་བཞིན། །
ཆོས་ཀྱང་འཁྲུལ་བྲལ་མ་ནོར་བ། །
རྒྱལ་བའི་བཀའ་ལས་འབྱུང་བ་དགོས། །
འཁྱགས་ཆུ་དང་། གངས་ཆུ། ཆུ་ཀླུང་། ཆུ། ཆུ་མིག ཁྲོན་པ། བ་ཚྭའི་ཆུ་སྟེ་ཆུ་རིགས་བདུན་ལས་མཆོག་ཏུ་གྱུར་བའི་ཆུ་མགོ་ཆུ་བོ་གངས་ལ་ཐུག་པ་བཞིན་ཆོས་ཀྱང་འཁྲུལ་བྲལ་མ་ནོར་བ་རྒྱལ་བ་སྟེ་སངས་རྒྱས་ཀྱི་བཀའ་ལས་འབྱུང་དགོས་པ་ལས་རང་བཟོ་ལྟ་བུ་གང་ཡང་མི་བྱེད་པའོ། །

དེ་ནས་ཟབ་རྒྱས་ཉམས་ལེན་གྱི། །
ལམ་གསུམ་རིམ་པར་འབབ་པ་ཡི། །
གདམས་ངག་ཚང་ལ་མ་ནོར་བ། །
སྐལ་བཟང་རྣམ་སད་མཆོད་ཡོན་ཡིན། །
འཇིག་རྟེན་གྱི་ཚུལ་ལུགས་འགའ་ཞིག་བཤད་ཚར་རྗེས་དེ་ནས་ཟབ་པ་སྟོང་ཉིད་རྒྱས་པ་ས་ལམ་རྣམ་བཞག་བཅས་ཀྱི་ཉམས་ལེན་གྱི་ལམ་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་རིམ་པར་འབད་པ་ཡི་གདམས་ངག་མཆོག་ཏུ་གྱུར་བའི་ཆ་ཡོངས་སུ་རྫོགས་པ་ཚང་བ་ལ་མ་ནོར་བ་འདི་ནི་སྐལ་བ་བཟང་པོའི་ལས་ཅན་རྣམ་སད་དེ་ལྷ་རྣམས་ཀྱིས་ཕུལ་བའི་མཆོད་ཡོན་ཡིན་ཞེས་གསུངས་སོ། །

འོན་ཀྱང་དུས་ཀྱིས་ཆེར་སྙིགས་ཚེ། །
འཇམ་དབྱངས་བླ་མས་གསལ་མཛད་དེ། །
རྒྱ་མཚོར་བྱིངས་པའི་རིག་བྱེད་བཞི། །
ཉ་ཡི་གཟུགས་ཀྱིས་བཏོན་པ་བཞིན། །
དེ་ལྟར་ཡིན་ནའང་འོན་ཀྱང་དུས་ཀྱིས་ཆེར་སྙིགས་མ་ལྔ་བདོའི་སེམས་ཅན་ཚེ་དུས་ཉོན་མོངས་ལྟ་བ་སྟེ་དེ་ལྟ་བུའི་དུས་ཀྱི་ཚེ། རྗེ་བཙུན་འཇམ་དཔལ་དབྱངས་མི་ཡི་གཟུགས་སུ་བྱོན་པའི་བླ་མས་ཏེ་རྗེ་ཙོང་ཁ་པ་ཆེན་པོས་གསལ་བར་མཛད་དེ། དཔེར་ན། རྒྱ་མཚོར་བྱིངས་ཤིང་ནུབ་པའི་རིག་བྱེད་བཞི་སྟེ། མཆོད་སྦྱིན་དང་། སྲིད་སྲུང་། ངེས་མརྗོད། སྙན་ཚིག་བཅས་བཞི་པོ་ལྷ་ཆེན་ཁྱབ་འཇུག་ཉ་ཡི་གཟུགས་ཀྱིས་བཏོན་པ་བཞིན་ནོ། །

འདི་འདྲའི་བསྟན་དང་མཇལ་བཞིན་དུ། །
ལྟར་སྣང་ལམ་ལ་སུ་ཞིག་འཇུག །
ལྷ་ཡི་ཆུ་བོ་གང་གཱའི་རྩར། །
བ་ཚྭའི་ཁྲོན་པ་སུ་ཞིག་བརྐོ། །
གོང་དུ་བཤད་པ་འདི་འདྲའི་བསྟན་པ་དང་མཇལ་བཞིན་དུ་ལྟར་སྣང་གི་ལམ་ལ་གང་ཟག་སུ་ཞིག་འཇུག་སྟེ་འཇུག་མི་རིགས་སོ། ། དཔེར་ན། ལྷ་ཡི་ཆུ་བོ་གང་གཱའི་རྩར་སྡོད་པའི་མིས་བ་ཚྭའི་ཁྲོན་པ་སུ་ཞིག་གིས་བརྐོ་སྟེ་བརྐོ་མི་རིགས་སོ། །

བློ་ཆུང་སྐལ་དམན་ཟབ་ཟབ་ཀྱི། །
གྲགས་པས་བསླུས་ནས་ལོག་པར་འགྲོ། །
སྨིག་རྒྱུ་ཆུ་རུ་འཁྲུལ་བ་ཡི། །
རི་དྭགས་དོན་མེད་སྡུག་བསྔལ་མྱོང་། །
བློ་ཁོག་ཆུང་བའི་སྐལ་བ་དམན་པ་རྣམས་ཟབ་ཟབ་ཡིན་ཟེར་བ་རྣམས་ཀྱི་གྲགས་པས་བསླུས་ནས་ལམ་ལོག་པར་འགྲོ་བ་སྟེ། དཔེར་ན། སྨིག་རྒྱུ་ལ་ཆུ་རུ་འཁྲུལ་བ་ཡིས་རི་དྭགས་རྣམས་ཀྱིས་དོན་མེད་དུ་སྡུག་བསྔལ་མྱོང་བ་ལྟར་རོ། །

ཆོས་ཀྱི་ལམ་དུ་འཇུག་པ་ལ། །
དང་པོར་དགེ་བའི་བཤེས་གཉེན་བསྟེན། །
རྒྱ་མཚོར་བགྲོད་འདོད་བྱ་བའི་འགོ། །
དེད་དཔོན་མཁས་པ་འཚོལ་བ་ཡིན། །
དམ་པའི་ཆོས་ཀྱི་ལམ་དུ་འཇུག་པ་ལ་དང་པོ་ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་ལ་བསྟེན་དགོས་ཏེ། དཔེར་ན། རྒྱ་མཚོར་བགྲོད་པར་འདོད་ན་བྱ་བའི་འགོ་སྟེ་ཐོག་མར་དེད་དཔོན་མཁས་པ་ཞིག་འཚོལ་དགོས་པ་ལྟར་ཡིན་ནོ། །

འཇིག་རྟེན་འཇིག་རྟེན་འདས་པ་ཡི། །
དགེ་ལེགས་རྩ་བ་བླ་མ་སྟེ། །
འཛམ་གླིང་རྩི་ཤིང་ལོ་འབྲས་ཀུན། །
མ་གྲོས་མཚོར་གནས་ཀླུ་ཡི་དྲིན། །
འཇིག་རྟེན་འདི་དང་འཇིག་རྟེན་ལས་འདས་པ་ཐར་བ་དང་ཐམས་ཅད་མཁྱེན་པ་ཡི་དགེ་ལེགས་ཀྱི་རྩ་བ་བླ་མ་སྟེ། དཔེར་ན། འཛམ་གླིང་གི་རྩི་ཤིང་དང་ལོ་མ་དང་འབྲས་བུ་ལ་སོགས་པ་ཀུན་མ་དྲོས་མཚོ་རུ་གནས་པའི་ཀླུ་ཡི་དྲིན་ཡིན་པ་བཞིན་ནོ། །

ང་རྒྱལ་སྤངས་སྟེ་ཞི་དུལ་གྱིས། །
དམ་ཆོས་སྣོད་དུ་རུང་བར་བྱ། །
ཆུ་བོ་སྒང་དུ་མི་གནས་པར། །
དམའ་བའི་གཤོང་དུ་འཁྱིལ་བར་འགྱུར། །
རང་ཉིད་མཆོག་ཏུ་གྱུར་བའོ་སྙམ་པའི་ང་རྒྱལ་སྤངས་ཏེ་སྒོ་གསུམ་ཞི་ཞིང་དུལ་བའི་ཚུལ་གྱིས་དམ་པའི་ཆོས་ཀྱི་སྣོད་དུ་རུང་བ་ཞིག་བྱ་དགོས་ཏེ། དཔེར་ན། ཆུ་བོ་ཡང་སྒང་དུ་མི་གནས་པར་དམའ་བའི་གཤོང་དུ་འཁྱིལ་བར་འགྱུར་བ་བཞིན་ནོ། །

ཆོས་ཀུན་ཅིག་ཅར་མི་ཤེས་ཀྱང་། །
ཅི་ཙམ་ཤེས་བཞིན་དོན་དུ་འགྱུར། །
ཆུ་ཀླུང་རྫོགས་པར་མ་འཐུངས་ཀྱང་། །
ཅི་ཙམ་བཏུངས་པས་སྐོམ་པ་སེལ། །
ཆོས་ཀུན་དུས་ཅིག་ཅར་མི་ཤེས་ཀྱང་རང་གིས་ཅི་ཙམ་ཤེས་པ་དེ་བཞིན་ཉམས་སུ་བླངས་ན་དོན་ལྡན་དུ་འགྱུར་བ་ཡིན་ཏེ། དཔེར་ན། ཆུ་ཀླུང་ཡོངས་སུ་རྫོགས་པར་མ་འཐུངས་ཀྱང་རང་ལ་ཅི་ཙམ་དགོས་པ་དེ་ཙམ་བཏུངས་པས་སྐོམ་པའི་སྡུག་བསྔལ་སེལ་ནུས་པ་ལྟར་རོ། །

ཐོས་མང་ཉམས་སུ་མ་བླངས་ན། །
རང་གི་རྒྱུད་ལ་མི་ཕན་ཏེ། །
ཆུ་ནང་ལོ་བརྒྱར་གནས་པ་ཡི། །
རྡོ་བའི་རང་བཞིན་སྐམ་པོར་གནས། །
ཐོས་པ་མང་ཙམ་བྱས་ནས་ཉམས་སུ་མ་བླངས་ན་རང་གི་སེམས་རྒྱུད་ལ་གང་ཡང་མི་ཕན་ཏེ། དཔེར་ན། ཆུ་ཡི་ནང་ལ་ལོ་བརྒྱར་གནས་པ་ཡི་རྡོ་བའི་རང་བཞིན་སྐམ་པོར་གནས་པ་ལྟར་རོ། །

སྟོང་རྐྱལ་གོམ་པའི་རིམ་པ་ཡིས། །
རྟག་འཇུ་རེས་འཇུ་མི་འཇུ་ལྟར། །
ཐོས་བསམ་སྒོམ་པ་སྒྲ་སྤྱི་ལ། །
བརྟེན་པའི་ཚུལ་ཡང་གསུམ་དུ་གསུངས། །
སྟོང་པའི་རྐྱལ་བ་ལ་གོམ་པའི་རིམ་པ་ཡིས་དུས་རྟག་ཏུ་འཇུ་བ་དང་རེས་འག་འཇུ་བ། རེས་འགའ་རུ་མི་འཇུ་བ་ལྟར་ཐོས་བསམ་སྒོམ་པའི་སྒྲ་སྤྱི་ལ་བརྟེན་པའི་ཚུལ་ཡང་གོང་ལྟར་གསུམ་དུ་གསུངས་སོ། །

མི་ཡི་གྲུ་གཟིངས་རྙེད་དུས་འདིར། །
ཐོས་བསམ་སྒོམ་པའི་བ་དན་ལ། །
བརྟེན་ནས་སྲིད་མཚོ་བརྒལ་བྱ་ཡི། །
གྲུ་འདི་ཕྱི་ནས་རྙེད་པར་དཀའ། །
མི་ཡི་ལུས་རྟེན་གྲུ་གཟིངས་བཟང་པོ་རྙེད་པའི་དུས་སྐབས་འདིར་ཐོས་པ་དང་། བསམ་པ་དང་། སྒོམ་པ་ལ་སོགས་པའི་བ་དན་དཀར་པོ་ལ་བརྟེན་ནས་སྲིད་པ་འཁོར་བའི་རྒྱ་མཚོ་ལས་ཕ་རོལ་ཏུ་བརྒལ་བར་བྱ་སྟེ། ཅིས་ཕྱིར་ཞེ་ན་དལ་འབྱོར་གྱི་གྲུ་བཟང་པོ་འདི་འདྲ་བ་ཞིག་ཕྱི་ནས་རྙེད་པར་དཀའ་བའི་ཕྱིར་རོ། །

རིགས་དྲུག་སྐྱེ་སྒོ་མཐའ་ཡས་ཀྱང་། །
དལ་བརྒྱད་ཚང་བ་ཤིན་ཏུ་དཀོན། །
ཆུ་བོ་གྲངས་མེད་འབབ་ན་ཡང་། །
ཡན་ལག་བརྒྱད་ལྡན་རེ་རེ་ཙམ། །
འགྲོ་བ་རིགས་དྲུག་གི་སྐྱེ་སྒོ་མཐའ་ཡས་པ་ཞིག་ཡོད་ཀྱང་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་པ་ནི་ཤིན་ཏུ་དཀོན་པ་སྟེ། དཔེར་ན། ཆུ་བོ་གྲངས་མེད་པ་ཞིག་འབབ་ཀྱི་ཡོད་ན་ཡང་ཡན་ལག་བརྒྱད་དང་ལྡན་པ་ནི་རེ་རེ་ཙམ་ལས་མེད་པའོ། ། དེ་ཡང་དལ་བརྒྱད་ནི། བཤེས་སྤྲིངས་ལས། སློབ་དཔོན་ཀླུ་སྒྲུབ་ཀྱིས། །ལོག་པར་ལྟ་བ་འཛིན་དང་དུད་འགྲོ་དང་། །ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་དང་། །རྒྱལ་བའི་བཀའ་ནི་མེད་དང་མཐའ་འཁོབ་ཏུ། །ཀླ་ལོ་སྐྱེ་དང་གླེན་ཞིང་ལྐུགས་པ་དང་། །ཚེ་རིང་ལྷ་ཉིད་བཅས་དང་མི་ཁམས་ཀྱི། །གནས་བརྒྱད་ལས་ནི་བྲལ་བ་དལ་བརྒྱད་དོ། །འབྱོར་བ་བཅུ་ནི། སློབ་དཔོན་ཐོག་མེད་ཀྱིས། །མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། བཅས་པ་རང་འབྱོར་ལྔ་ཡིན་ནོ། ། སངས་རྒྱས་བྱོན་དང་དམ་ཆོས་སྟོན། །བསྟན་པ་གནས་དང་དེའི་རྗེས་འཇུག །གཞན་ཕྱིར་སྙིང་ནས་བརྩེ་བ་བཅས། །གཞན་འབྱོར་ལྔ་ཞེས་མཁས་པས་གསུངས། ཆུ་བོ་ཡན་ལག་བརྒྱད་ལྡན་ནི། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། མངར་བ་བསིལ་བ་འཇམ་པ་དང་། །ཡང་བ་དྭངས་པ་གཙང་བ་དང་། །མགྲིན་པར་མི་གནོད་ལྟོ་བར་ཕན། ཆུ་བོ་ཡན་ལག་བརྒྱད་ལྡན་ནོ། །

སྐྱེས་པའི་སྐད་ཅིག་དེ་ཉིད་ནས། །
མི་སྡོད་འཆི་བདག་ཁར་ཕྱོགས་ཏེ། །
ཆུ་ཀླུང་སྐད་ཅིག་རེ་རེ་བཞིན། །
ཕྱིར་མི་ལྡོག་པར་རྒྱ་མཚོར་འགྲོ། །
རང་ཚུར་སྐྱེས་པའི་སྐད་ཅིག་མ་དེ་ཉིད་ནས་མི་འདོད་བཞིན་དུ་སྡོད་དབང་མེད་པར་འཆི་བདག་གཤིན་རྗེའི་དྲུང་དུ་ཁར་ཕྱོགས་ཏེ་འགྲོ་དགོས་པ་ལྟར། ཆུ་ཀླུང་རྣམས་སྐད་ཅིག་རེ་རེ་བཞིན་ཕྱིར་མི་ལྡོག་པར་རྒྱ་མཚོར་འགྲོ་བ་བཞིན་ནོ། །

མི་རྟག་སྲིན་པོས་བཟུང་བཞིན་དུ། །
སོས་བདེར་སྡོད་པ་ག་ལ་རིགས། །
ཆུ་སྲིན་མཆེ་བའི་ཕྲག་གནས་ལ། །
བདེ་བའི་གོ་སྐབས་ནམ་ཡང་མེད། །
མི་རྟག་པ་སྲིན་པོ་ལྟ་བུས་བཟུང་བཞིན་དུ་རང་སོས་བདེ་མོར་སྡོད་པ་ག་ལ་རིགས་ཏེ་ཆུ་སྲིན་གདུག་པ་ཅན་མཆེ་བའི་ཕྲག་ན་གནས་པ་ལ་རང་བདེ་མོ་སྡོད་པའི་གོ་སྐབས་ནམ་ཡང་མེད་པ་བཞིན་ནོ། །

བསྒྲུབས་ཀྱང་ཕ་མཐར་ཕྱིན་མེད་པའི། །
འཇིག་རྟེན་བྱ་བ་བཙན་ཆོད་བྱ། །
ཆུ་གཉེར་གཅིག་རྗེས་གཅིག་ནོན་དེ། །
ཅི་ཙམ་བདས་ཀྱང་ཟིན་དུས་མེད། །
ཇི་འདྲ་བསྒྲུབས་ཀྱང་ཕ་མཐར་ཕྱིན་པའི་དུས་མེད་པའི་འཇིག་རྟེན་ཀྱི་བྱ་བ་འགའ་ཤས་བཙན་ཆོད་དེ་བཙན་ཐབས་ཀྱིས་ཐག་གཅོད་བྱ་དགོས་ཏེ། དཔེར་ན། ཆུ་བོ་ཡི་གཉེར་མ་ནི་གཅིག་རྗེས་གཅིག་ནོན་དེ་ཅི་ཙམ་བདས་ཀྱང་ཟིན་དུ་མེད་པ་བཞིན་ནོ། །

བློ་རིག་སྟོབས་དང་རྩལ་ཆེ་ཡང་། །
དུས་ཀྱི་ཕོ་ཉས་དབང་མེད་འཆིང་། །
ཆུ་ཆེན་རླབས་ཀྱི་གར་མཁན་མ། །
དགུན་དུས་འཁྱག་པའི་སྦུབས་སུ་ཚུད། །
རང་ཉིད་གཞོན་ནུའི་སྐབས་བློ་དང་རིག་པ་སྟོབས་དང་དཔའ་རྩལ་ཇི་ལྟར་ཆེ་ཡང་དུས་ཀྱི་ཕོ་ཉ་སྟེ་འཆི་བདག་ཕོ་ཉས་རང་ལ་རང་དབང་མེད་པར་འཆིང་བ་ཡིན་ཏེ། དཔེར་ན། ཆུ་ཆེན་རླབས་ཀྱི་གར་མཁན་མ་དགུན་གྱི་དུས་སུ་འཁྱགས་པའི་སྦུབས་སུ་ཚུད་པ་བཞིན་ཡིན་ནོ། །

སྒོ་གསུམ་མི་དགེའི་སྤྱོད་ཚུལ་འདིས། །
ཕྱི་མའི་སྐྱེ་བ་ངན་འགྲོར་ངེས། །
རི་བོའི་ཟོམ་ནས་འབབ་པའི་ཆུ། །
གཡང་ས་བརྒྱུད་མར་བརྡབ་ཅིང་འཕྱོ། །
ལུས་ངག་ཡིད་གསུམ་སྟེ་སྒོ་གསུམ་གྱིས་སྡིག་པ་མི་དགེ་བའི་སྤྱོད་ཚུལ་འདིས་ནི་ཕྱི་མའི་སྐྱེ་བ་ངན་འགྲོར་ངེས་པ་སྟེ། དཔེར་ན། རི་བོའི་ཟོམ་མམ་རྩེ་ནས་འབབ་པའི་ཆུ་དེ་གཡང་ས་འཇིགས་སུ་རུང་བར་བརྒྱུད་ནས་མར་བརྡབ་ཅིང་འཕྱོ་བ་བཞིན་ནོ། །

དེ་ནས་ལོ་གྲངས་བྱེ་བ་བརྒྱར། །
བསྲེགས་ཤིང་འཚེད་ཀྱང་འཆི་མི་ནུས། །
རྡོ་སོལ་རི་ལ་ཆར་གྱི་རྒྱུན། །
བབས་པ་བསྐལ་བའི་བར་དུ་ཁོལ། །
དེ་ནས་ལོ་གྲངས་བྱེ་བ་བརྒྱར་མེས་བསྲེགས་ཤིང་འཚེད་དམ་བཙོས་ཀྱང་འཆི་བ་མི་ནུས་པའི་སྡུག་བསྔལ་མྱང་དགོས་ཏེ། དཔེར་ན། རྡོ་སོལ་གྱི་རི་ལ་ཆར་གྱི་རྒྱུན་འབབ་པ་ན་བསྐལ་བ་མ་སྟོང་གི་བར་དུ་ཁོལ་བ་ལྟར་ཡིན་པས་དུས་ཡུན་རིང་པོ་དེ་ཙམ་དུ་སྡུག་བསྔལ་མྱང་དགོས་སོ། །

འཇིགས་ཆེན་དེ་ལས་སྐྱོབ་པའི་སྐྱབས། །
བསླུ་མེད་དཀོན་མཆོག་གསུམ་ལས་མེད། །
ཆུ་བོའི་རྒྱུན་གྱིས་ཁྱེར་བ་དེ། །
སྒྲོལ་བྱེད་མཉན་པ་ཁོ་ནར་ངེས། །
དེ་ལྟ་བུའི་འཇིགས་པ་ཆེན་པོ་དེ་ལས་སྐྱོབ་པའི་སྐྱབས་མགོན་ནི་བསླུ་བ་མེད་པའི་དཀོན་མཆོག་གསུམ་ལས་གཞན་མེད་དེ། དཔེར་ན། ཆུ་བོའི་རྒྱུན་གྱིས་ཁྱེར་བ་དེ་ལས་སྒྲོལ་བྱེད་ནི་མཉན་པའམ་གྲུ་པ་ཁོ་ན་ངེས་པ་བཞིན་ཡིན་པས་དཀོན་མཆོག་གསུམ་ལ་བསྟེན་པར་བྱའོ། །

མཆོག་གསུམ་བྱིན་རླབས་མཐའ་ཡས་ཀྱང་། །
དད་པ་མེད་ན་ཇི་ལྟར་སྐྱོབ། །
རྒྱ་མཚོ་ཆེ་ཡང་ཆར་སྡོད་ཀྱི། །
བྱིའུའི་སྐོམ་པ་སེལ་མི་ནུས། །
དཀོན་མཆོག་གསུམ་གྱི་ཐུགས་རྗེའི་བྱིན་རླབས་མཐའ་ཡས་པ་ཞིག་ཡོད་ཀྱང་གདུལ་བྱའི་ངོས་ནས་དད་པ་མེད་ན་ཇི་ལྟར་སྐྱོབ་སྟེ་སྐྱོབ་མི་ནུས་པ་ནི། དཔེར་ན། རྒྱ་མཚོ་ཆེ་ཡང་ཆར་སྡོད་ཀྱི་བྱིའུའི་སྐོམ་པ་སེལ་མི་ནུས་པ་བཞིན་ནོ། །

འཁོར་བའི་འདམ་ལས་མ་བརྒལ་བའི། །
འཇིག་རྟེན་པ་ལ་བརྟེན་མི་བྱ། །
ཆུས་ཁྱེར་ཆུ་ཡིས་ཁྱེར་བ་ལ། །
འཇུས་ན་གཉིས་ཀ་བྱིང་བར་འགྱུར། །
འཁོར་བའི་རྒྱ་མཚོ་ཆེན་པོའི་འདམ་ལས་ཕ་རོལ་ཏུ་་མ་བརྒལ་བའི་འཇིག་རྟེན་པའི་ལྷ་མི་མཐུ་བོ་ཆེ་ལ་གཏན་གྱི་སྐྱོབ་ཏུ་བརྟེན་པར་མི་བྱ་སྟེ། དཔེར་ན། ཆུས་ཁྱེར་བའི་མི་ཞིག་གིས་ཆུ་ཡིས་ཁྱེར་བ་གཞན་ཞིག་ལ་འཇུས་ན་གཉིས་ཀ་བྱིང་བར་འགྱུར་བ་ལས་འོས་མེད་པ་བཞིན་ནོ། །

མཆོག་གསུམ་བརྟེན་ན་དེ་ཡི་ཁྲིམས། །
ལས་འབྲས་བླང་དོར་འབད་པ་གཅེས། །
དེད་དཔོན་བསྟེན་ཀྱང་གྲུ་གཟིངས་སུ། །
མི་སྡོད་དེ་ཉིད་ཇི་ལྟར་སྒྲོལ། །
སྐྱབས་གནས་དཀོན་མཆོག་གསུམ་ལ་བརྟེན་ན་མཆོག་གསུམ་དེ་ཡི་ཁྲིམས་བཅས་པ་ལས་རྒྱུ་འབྲས་བླང་དོར་ཚུལ་བཞིན་དུ་བྱེད་པ་ལ་འབད་པ་གཅེས་འོས་པ་སྟེ། དཔེར་ན། དེད་དཔོན་ལ་བསྟེན་ཀྱང་གྲུ་གཟིངས་སུ་མི་སྡོད་ན་མི་དེ་ཉིད་ཇི་ལྟར་སྒྲོལ་བར་བྱེད་དེ་སྒྲོལ་མི་ནུས་པ་བཞིན་ནོ། །

སྣོད་བཅུད་བདེ་སྡུག་སྣང་བ་ཀུན། །
འཁྲུལ་མེད་སྔོན་བསགས་ལས་ལས་འབྱུང་། །
ཆུ་ཕོར་གང་ཡང་འགྲོ་བ་བཞིར། །
སྣང་ཚུལ་ཐ་དད་འབྱུང་བར་གསུངས། །
ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་མ་ཟད་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་སྣང་བ་ཀུན་ཅུང་ཟད་ཀྱང་འཁྲུལ་བ་མེད་པ་སྔོན་རང་རང་གིས་བསགས་པའི་ལས་དེ་ལས་འབྱུང་སྟེ། དཔེར་ན། ཆུ་ཕོར་གང་ལ་ཡང་འགྲོ་བ་དམྱལ་བ་དང་ཡི་དྭགས། མི། ལྷ་བཅས་བཞིར་སྣང་ཚུལ་རང་རང་ལ་ཐ་དད་འབྱུང་བ་སྔོན་བྱོན་མཁས་དབང་རྣམས་ཀྱིས་གསུངས་བ་ལྟར་གོ་བར་བྱའོ། །

དགེ་དང་མི་དགེ་ཆུང་ངུ་ནས། །
བསགས་པས་ཤེས་རྒྱུད་གང་འགྱུར་ཏེ། །
ཆར་གྱི་ཐིགས་པ་བསགས་པས་ཀྱང་། །
མཐའ་ཀླས་ཆུ་ཡི་དཀྱིལ་འཁོར་ཆགས། །
དགེ་བ་དང་མི་དགེ་བ་ཆེན་པོ་མ་ཟད་ཆུང་ངུ་ནས་བསགས་པས་རང་གི་ཤེས་རྒྱུད་གང་བར་འགྱུར་ཏེ། དཔེར་ན། ཆར་གྱི་ཐིགས་པ་ཆུང་ངུ་བསགས་པས་ཀྱང་མཐའ་ཀླས་པའམ་མཐའ་ཡས་པའི་ཆུ་ཡི་དཀྱིལ་འཁོར་ཆགས་པ་བཞིན་ནོ། །

གནས་སྐབས་དགེ་བ་ལྟར་སྣང་ཡང་། །
བསྔོ་དང་འདུན་པས་བསླད་པ་མང་། །
མཆོག་ཏུ་མངར་བ་གང་གཱའི་ཆུ། །
རྒྱ་མཚོར་འདྲེས་ན་ཁ་བར་འགྱུར། །
གནས་སྐབས་སུ་དགེ་བ་ལྟར་སྣང་ཡང་བསྔོ་བ་དང་འདུན་པས་བསླད་པའམ་འཁྲུལ་ནས་སྒྱུར་བ་མང་སྟེ། དཔེར་ན། མཆོག་ཏུ་མངར་བའམ་ཞིམ་པའི་གང་གཱའི་ཆུ་དེ་ཡང་རྒྱ་མཚོ་དང་འདྲེས་ན་ཁ་བར་འགྱུར་བ་ལྟར་རོ། །

རྨོངས་པའི་མུན་ནག་གི་ལྡོས་ཤིང་། །
ལས་ཀྱི་ཞགས་པས་བཅིངས་པ་རྣམས། །
སྲེད་པའི་ཀླུང་གིས་རབ་དྲངས་ཏེ། །
མི་བཟད་སྐྱེ་བའི་རྒྱ་མཚོར་འགྲོ། །
བདག་འཛིན་མ་རིག་པ་རྨོངས་པའི་མུན་ནག་གི་མིག་ལྡོངས་ཤིང་དེ་ལ་བརྟེན་ནས་མི་དགེ་བའི་ལས་ཀྱི་ཞགས་པས་བཅིངས་པ་རྣམས། འདོད་ཡོན་ལ་སྲེད་པའི་ཀླུང་གིས་རབ་ཏུ་དྲངས་ཏེ་མི་བཟད་པ་སྟེ་མཐའ་མེད་པའི་སྐྱེ་བ་ནས་སྐྱེ་བ་ལེན་པའི་རྒྱ་མཚོར་འགྲོ་བའོ། །

འདོད་པ་ལན་ཚྭའི་ཆུ་བོ་ནི། །
ཅི་ཙམ་སྤྱད་ཀྱང་མི་ངོམས་པས། །
ཆུ་མཚོ་འཁྱག་པའི་ངང་པ་ལྟར། །
སྲིད་ལས་ངེས་འབྱུང་སྐྱོ་ཤས་སྐྱེད། །
འཁོར་བའི་འདོད་ཡོན་གྱི་སྲེད་པ་ཡི་ལན་ཚྭའི་ཆུ་བོ་ནི་ཅི་ཙམ་ལོངས་སྤྱད་ཀྱང་མི་ངོམས་པས་ཆུ་མཚོ་འཁྱག་གིས་བཟུང་པའི་ངང་པ་ལྟར་སྲིད་པ་འཁོར་བ་ལས་ངེས་འབྱུང་དང་སྐྱོ་ཤས་སྐྱེད་ནས་ཐར་བའི་ལམ་ལ་འབད་པར་བྱའོ། །

ལས་ཉོན་ན་ཀྲས་ཡོངས་གང་བ། །
སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས། །
སྒྲོལ་བྱེད་བསླབ་གསུམ་གྲུ་བོ་ཆེ། །
བཟུང་ནས་ཐར་པའི་གླིང་དུ་གཤེགས། །
ལས་དང་ཉོན་མོངས་པ་ཆུ་སྲིན་ན་ཀྲས་ཡོངས་སུ་གང་བའི་སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པ་ཚུལ་ཁྲིམས་དང་ཏིང་ངེ་འཛིན། ཤེས་རབ་བཅས་ཏེ་བསླབ་པ་གསུམ་གྱི་གྲུ་བོ་ཆེ་ལྟ་བུ་དེ་བཟུང་ནས་ཐར་བའི་གླིང་དུ་གཤེགས་པར་འཚལ་གསུངས་སོ། །

ཁྱད་པར་ཁས་བླངས་ཚུལ་ཁྲིམས་ནི། །
ཉེས་ལྟུང་དྲི་མས་མ་སྦགས་པ། །
རྒྱ་མཚོ་རོ་དང་མི་འགྲོགས་ལྟར། །
རྟག་ཏུ་དྲན་ཤེས་བརྟན་པོས་སྲུངས། །
བསླབ་པ་གསུམ་གྱི་ནང་ནས་གཞི་མ་ཁྱད་པར་དུ་ཁས་བླངས་པའི་ཚུལ་ཁྲིམསནི་སྒོ་གསུམ་གྱི་ཉེས་ལྟུང་གི་དྲི་མས་མ་སྦགས་པ་སྲུང་དགོས་ཏེ། དཔེར་ན། རྒྱ་མཚོ་ཆེན་པོ་དེ་ཉིད་རོ་དང་ལྷན་དུ་མི་འགྲོགས་པ་ལྟར་དུས་རྟག་ཏུ་དྲན་ཤེས་བརྟན་པོས་སྲུང་བར་བྱ་དགོས་པའོ། །

འོན་ཀྱང་མ་རྒན་སེམས་ཅན་རྣམས། །
དོར་ནས་རང་དོན་བྱར་མི་འོས། །
རྒྱ་མཚོའི་གླིང་དུ་གཉེན་བཤེས་ཀུན། །
འབོར་བ་དེད་དཔོན་སྤྱོད་ཚུལ་མིན། །
རང་དོན་མཐའ་ཐུག་ཐར་བ་ཐོབ་པ་དེ་ཡིན་མོད། འོན་ཀྱང་མ་རྒན་སེམས་ཅན་རྣམས་ཡར་བར་དོར་ནས་རང་དོན་གཅིག་པུ་བྱར་མི་འོས་ཏེ། དཔེར་ན། རྒྱ་མཚོའི་གླིང་དུ་གཉེན་བཤེས་ཀུན་འབོར་བ་དེ་འདྲ་བ་ནི་དེད་དཔོན་མཁས་པའི་སྤྱོད་ཚུལ་གྱི་ལུགས་མིན་པའོ་ཞེས་གསུངས་སོ། །

མཚོར་གནས་གཡོ་དང་མི་ལྡན་པའི། །
ཁྱད་པར་གསུམ་ལྡན་ཆུ་ཟླ་ལྟའི། །
འགྲོ་ལ་སྙིང་རྗེ་རྣམ་གསུམ་གྱིས། །
ཐེག་ཆེན་ལམ་གྱི་སྲོག་རྩ་ཚུགས། །
མཚོའི་ནང་དུ་གནས་པ་དང་། གཡོ་བ་དང་། མི་ལྡན་པའི་ཁྱད་པར་གསུམ་དང་ལྡན་པའི་ཆུ་ནང་གི་ཟླ་བ་ལྟར། འགྲོ་བ་རྣམས་ལ་སེམས་ཅན་ཐམས་ཅད་ཕ་མར་ཤེས་པའི་སྙིང་རྗེ་དང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྒོམ་པའི་སྙིང་རྗེ་དེ་ཁོ་ན་ཉིད་མ་རྟོགས་པས་འཁྲུལ་བ་ཤེས་པའི་སྙིང་རྗེ་སྟེ་དེ་ལྟ་བུའི་སྙིང་རྗེ་རྣམ་པ་གསུམ་གྱིས་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་ཚུགས་པར་བྱའོ། །

བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ། །
མི་ཟད་བྱང་ཆེན་རྒྱུར་འགྲོ་སྟེ། །
ཛམ་བུའི་འབྲས་བུ་མ་དྲོས་མཚོར། །
ལྷུང་བས་གསེར་སྦྱངས་ཁམས་སུ་འགྱུར། །
སྨོན་པའི་སེམས་དང་འཇུག་པའི་སེམས་ཏེ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་དགེ་བ་ནི་མི་ཟད་པའི་བྱང་ཆུབ་ཆེན་པོའི་རྒྱུར་འགྲོ་བ་ཡིན་ཏེ། དཔེར་ན། ཤིང་ཛམ་བུའི་འབྲས་བུ་དེ་ཉིད་མ་དྲོས་པའི་རྒྱ་མཚོར་ལྷུང་བས་ཛམ་བུའི་ཆུ་གསེར་ཟེར་བའི་གསེར་སྦྱངས་ཁམས་སུ་འགྱུར་བ་ལྟར་གྱུར་བའོ། །

རྒྱལ་སྲས་སྤྱོད་པ་མཐའ་ཀླས་ཀྱང་། །
ཕ་རོལ་ཕྱིན་པ་དྲུག་དུ་འདུ། །
རི་སུལ་ལ་ལུང་ཆུ་བོ་བརྒྱ། །
ཟམ་འོག་གཅིག་ཏུ་འདྲིལ་བ་བཞིན། །
རྒྱལ་སྲས་བྱང་ཆུབ་སེམས་པའི་སྤྱོད་པ་མཐའ་ཀླས་པའམ་མཐའ་ཡས་ཀྱང་སྦྱིན་པ་དང་། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་སོགས་ཕ་རོལ་དུ་ཕྱིན་པ་དྲུག་ཏུ་འདུ་བ་ཡིན་སྟེ། དཔེར་ན། རི་སུལ་སོ་སོ་དང་ལ་ལུང་གི་ཆུ་བོ་བརྒྱ་སྟོང་མང་པོ་ཡང་ཟམ་ཆེན་གྱི་འོག་གཅིག་ཏུ་འདྲིལ་བའམ་འདུས་པ་བཞིན་ནོ། །

རྒྱལ་སྲས་རྣམས་ནི་བདོག་པ་ཀུན། །
འབྲས་བཅས་གཏོང་སྟེ་སྦྱིན་པའི་མཆོག །
ཆར་གྱིས་རྩི་བཅུད་ལོ་ཏོག་ཀུན། །
བསྐྱངས་ཀྱང་ལན་དང་རེ་བ་མེད། །
རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ནི་རང་ལ་དང་པོ་བདོག་པ་སྟེ་ཡོད་པ་ཀུན་དང་དེའི་འབྲས་བུ་དང་བཅས་པ་བཏང་སྟེ་སྦྱིན་པའི་ཕར་ཕྱིན་མཆོག་ལ་སློབ་པར་མཛད་དེ། དཔེར་ན། ཆར་གྱིས་རྩི་བཅུད་དང་ལོ་ཏོག་ལ་སོགས་པ་བསྐྱངས་ན་ཡང་དེ་ཡིས་ལན་དང་རེ་བ་མེད་པ་བཞིན་ནོ། །

རྣམ་དག་ཁྲིམས་ཀྱིས་ཉེས་ལྟུང་གི། །
རྙོག་པ་མ་ལུས་དྲུངས་འབྱིན་ཏེ། །
ཀེ་ཏ་ཀ་འབྲས་བྱེ་མ་ཡི། །
ཆུ་བོའི་རྙོག་མ་དྭངས་པར་བྱེད། །
རྣམ་པར་དག་པའི་ཚུལ་ཁྲིམས་བསྲུངའི་སྟོབས་ཀྱིས་སྒོ་གསུམ་གྱི་ཉེས་ལྟུང་གི་རྙོག་པ་མ་ལུས་པ་དྲུངས་ནས་འབྱིན་པའམ་སྤང་བར་བྱེད་དེ། དཔེར་ན། ནོར་བུ་ཀེ་ཏ་ཀ་ཡི་འབྲས་བུས་བྱེ་མ་ཡི་ཆུ་བོའི་རྙོག་མ་དེ་ཉིད་དྭངས་པར་བྱེད་པ་བཞིན་ནོ། །

དགེ་ཚོགས་མ་ལུས་སྲེག་བྱེད་པའི། །
ཁོང་ཁྲོའི་དགྲ་འཇོམས་བཟོད་པ་སྟེ། །
ཀུན་ཟ་འབར་བའི་མེ་ལྕེ་ནི། །
གསོད་བྱེད་གཉེན་པ་ཆུ་ཡིན་ནོ། །
དཀར་པོ་དགེ་བ་ཡི་ཚོགས་མ་ལུས་པ་སྲེག་པར་བྱེད་པའི་ཁོང་ཁྲོའི་དགྲ་བོ་འཇོམས་པར་བྱེད་པ་བཟོད་པ་སྟེ། དཔེར་ན། ཀུན་ཟ་བའམ་བསྲེག་ཅིང་འབར་བ་བྱེད་པའི་མེ་ལྕེ་ནི་གསོད་པར་བྱེད་པའི་གཉེན་པོ་ཆུ་བོ་ཡིན་པ་བཞིན་ནོ། །

རྟག་གུས་བརྩོན་པ་མ་བཏང་ན། །
མི་འགྲུབ་བྱ་བ་ཅི་ཡང་མེད། །
ཆུ་ཐིགས་རྟག་ཏུ་འབབ་པ་ཡིས། །
བྲག་གི་རི་བོ་འབིགས་ལ་ལྟོས། །
རྟག་སྦྱོར་དང་གུས་སྦྱོར་གྱིས་བརྩོན་པ་མ་བཏང་ན་མི་འགྲུབ་པའི་བྱ་བ་ཅི་ཡང་མེད་པ་སྟེ། དཔེར་ན། ཆུ་ཡི་ཐིགས་པ་དུས་རྟག་ཏུ་འབབ་པ་ཡིས་བྲག་གི་རི་བོ་ཡང་འབིགས་པ་ལ་ལྟོས་དང་ཤེས་སོ། །
བྱིང་རྒོད་སྐྱོན་བྲལ་ཏིང་ངེ་འཛིན། །

གསལ་བར་ཡོན་ཏན་ཐམས་ཅད་འཆར། །
བཻཌཱུར་མེ་ལོང་ཕྱིས་འདྲ་བའི། །
དྭངས་མཚོར་གཟུགས་བརྙན་ཅི་ཡང་གསལ། །
བྱིང་བ་དང་རྒོད་པའམ་སེམས་མི་གསལ་བ་དང་སེམས་མི་གནས་པར་འཕྲོ་བའི་སྐྱོན་དང་བྲལ་བའི་ཏིང་ངེ་འཛིན་སྒོམ་པས་བདེ་བ་དང་གསལ་བར་ཐོབ་པའི་ཡོན་ཏན་ཐམས་ཅད་འཆར་བ་སྟེ། དཔེར་ན། བཻཌཱུར་མེ་ལོང་ཕྱིས་པ་དང་འདྲ་བའི་དྭངས་གསལ་གྱི་མཚོར་གཟུགས་བརྙན་ཅི་ཡང་གསལ་བ་ལྟར་རོ། །

དངོས་ཀུན་སྟོང་པར་དམིགས་པ་ཡིས། །
འཁོར་བའི་གདུང་བ་ཀུན་སེལ་ཏེ། །
ཆུ་ཀླུང་མཐའ་དག་ཨགསྟྱས། །
ཧུབ་ཀྱིས་གཞལ་བས་བདུ་རྩིར་འགྱུར། །
དངོས་པོ་ཀུན་བདེན་པས་གྲུབ་པ་མེད་པར་སྟོང་པ་ཉིད་དམིགས་པ་དེ་ཡིས་འཁོར་བའི་གདུང་བ་ཀུན་སེལ་བར་བྱེད་ནུས་ཏེ། དཔེར་ན། ཆུ་ཀླུང་མཐའ་དག་ཨ་གསྟྱས་སམ་སྐར་མ་རི་བྱི་ཡིས་ཧུབ་ཀྱིས་གཞལ་བའམ་སྐར་མ་དེ་ཤར་དུས་བདུད་རྩིར་འགྱུར་བ་བཞིན་ནོ། །

ཀླུ་སྒྲུབ་བློ་མཚོ་རྒྱ་ཆེ་བས། །
དངོས་པོར་སྨྲ་རྣམས་སྤོབས་པ་ཕྲོགས། །
རྔམ་གནག་གཏིང་མཐའ་མི་མངོན་པའི། །
རྒྱ་མཚོས་བྱིས་པ་སྐྲག་པར་བྱེད། །
སློབ་དཔོན་ཀླུ་སྒྲུབ་ཀྱི་བློ་མཚོ་ནི་ཤིན་ཏུ་རྒྱ་ཆེ་བས་གྲུབ་མཐའ་འོག་མ་དངོས་པོར་སྨྲ་བ་རྣམས་ཀྱི་བློའི་སྤོབས་པ་ཕྲོགས་པ་སྟེ། དཔེར་ན། རྔམ་ཞིང་གནག་ཅིང་གཏིང་མཐའ་མི་མངོན་པའམ་མི་དཔོག་པའི་རྒྱ་མཚོས་བྱིས་པ་རྣམས་སྐྲག་པར་བྱེད་པ་བཞིན་ནོ། །

ཟབ་མོའི་དེ་ཉིད་འབྱེད་པ་ལ། །
ཐོག་མར་དགག་བྱ་ངེས་དགོས་ཏེ། །
རྒྱ་མཚོར་ནོར་བུ་ལེན་པ་ལ། །
འཇིགས་པ་གར་ཡོད་ཤེས་པ་གཅེས། །
ཟབ་མོའི་མདོ་དེ་ཉིད་ཁོ་ན་འབྱེད་པ་ལ་ཐོག་མར་དགག་པར་བྱ་བའི་གཞི་བློ་ངོར་ངེས་དགོས་ཏེ། དཔེར་ན། རྒྱ་མཚོའི་ནང་ནས་ནོར་བུ་ལེན་པ་ལ་ལམ་གྱི་འཇིགས་པ་གར་ཡོད་ཤེས་པ་གཅེས་ཤིང་འོས་པ་ཡིན་ནོ་ཞེས་པ་ལྟར་རོ། །

གདགས་གཞི་ཕུང་སོགས་འདུས་པ་ལ། །
ངའོ་སྙམ་དུ་འཁྲུལ་བ་སྟེ། །
ཀླུང་ཆེན་གདོད་ནས་བྲུབས་འདྲ་ཡང་། །
ཆུ་ཕྲན་དུ་མ་འདུས་པ་ཡིན། །
མིང་གདགས་སའི་གཞི་ཕུང་བོ་སོགས་ལྔ་པོ་འདུས་པ་ལ་ངའོ་སྙམ་དུ་བདེན་འཛིན་གྱི་འཁྲུལ་བ་སྐྱེ་བ་སྟེ། དཔེར་ན། ཆུ་ཀླུང་ཆེན་པོ་དེ་གདོད་མའམ་ཡེ་ནས་བྲུབས་པ་འདྲ་ཡང་དོན་དུ་དེ་ལྟར་མ་ཡིན་པར་ཆུ་ཕྲན་དུ་མ་འདུས་པ་ལས་གྲུབ་པ་བཞིན་ནོ། །

བཏགས་དོན་རིག་པས་དཔྱད་པ་ན། །
ངོ་བོས་གྲུབ་པ་འགའ་མེད་དེ། །
ཆུ་ཀླུང་ཡུར་བ་བརྒྱར་དྲངས་པའི། །
ཤུལ་ན་ཟིལ་བ་ཙམ་ཡང་མེད། །
བཏགས་པའི་དོན་དེ་རིག་པས་དཔྱད་པ་ན་ངོ་བོས་གྲུབ་པའམ་བདེན་པས་གྲུབ་པ་འགའ་ཡང་མེད་དེ། དཔེར་ན། ཆུ་ཀླུང་ཞིག་ཡུར་བ་བརྒྱ་རུ་དྲངས་པའི་རྗེས་སམ་ཤུལ་ན་ཆུ་ཐིགས་ཟིལ་བ་ཙམ་ཡང་མེད་པ་ལྟར་རོ། །

སྟོན་པས་ཇི་སྙེད་བཀའ་བསྩལ་བ། །
སྟོང་དང་རྟེན་འབྱུང་འདིར་འཇུག་སྟེ། །
ས་སྟེང་ཆུ་བོ་མ་ལུས་པ། །
རྒྱ་མཚོ་ཆེན་པོར་གཞོལ་ཞིང་འབབ། །
སྟོན་པ་སངས་རྒྱས་ཀྱིས་ཇི་ལྟར་ཇི་སྙེད་བཀའ་བསྩལ་བ་དེ་དག་ཐམས་ཅད་སྟོང་པ་ཉིད་དང་རྟེན་ཅིང་འབྲེལ་བ་འདིར་འཇུག་པ་སྟེ། དཔེར་ན། ས་སྟེང་གི་ཆུ་བོ་མ་ལུས་པ་ཐམས་ཅད་རྒྱ་མཚོ་ཆེན་པོར་གཞོལ་ཞིང་འབབ་པ་བཞིན་ནོ། །

རང་རྒྱུད་སྨིན་པའི་རྒྱལ་སྲས་ཀྱིས། །
བསྡུ་བ་རྣམ་བཞིས་གདུལ་བྱ་སྐྱོང་། །
རྒྱ་མཚོར་འཇུག་མྱོང་དེད་དཔོན་གྱིས། །
གཞན་ཡང་ཁྲིད་ནས་ནོར་ལ་སྦྱོར། །
ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་བླངས་ནས་རང་རྒྱུད་དུ་སྨིན་པའི་རྒྱལ་སྲས་ཀྱིས་གཞན་རྒྱུད་སྨིན་པར་བྱེད་པའི་བསྡུ་བ་རྣམ་བཞིས་གདུལ་བྱ་རྣམས་སྐྱོང་དགོས་ཏེ། དཔེར་ན། སྔར་རང་ཉིད་རྒྱ་མཚོར་འཇུག་མྱོང་བའི་དེད་དཔོན་གྱིས་གཞན་ཡང་ཁྲིད་ནས་ནོར་བུ་ཐོབ་པ་བྱེད་ཐབས་ལ་སྦྱོར་བ་བྱེད་པ་བཞིན་ནོ། །

རྒྱུ་ཡི་ཐེག་པའི་ལམ་རིང་ཡང་། །
གསང་སྔགས་ཐབས་ཀྱིས་མྱུར་དུ་བགྲོད། །
ཐང་དུ་འདྲེན་དཀའི་གྲུ་བོ་ཆེ། །
རྒྱ་མཚོར་ཞུགས་ན་ཡུད་ཀྱིས་འགྲོ། །
གོང་དུ་བཤད་པ་དེ་ལྟར་རྒྱུ་ཡི་ཐེག་པའི་ལམ་ལ་བརྟེན་ནས་ཐམས་ཅད་མཁྱེན་པ་བགྲོད་པས་དུས་རིང་ཡང་གསང་སྔགས་ཐབས་ཀྱིས་མྱུར་དུ་བགྲོད་པ་ནི་ཐང་དུ་འདྲེན་དཀའི་གྲུ་བོ་ཆེ་དེ་ཉིད་རྒྱ་མཚོར་ཞུགས་ན་ཡུད་ཙམ་གྱིས་འགྲོ་བ་ལྟར་ཡིན་ནོ། །

རྡོ་རྗེ་ཅན་གྱིས་ལེགས་གསུངས་པའི། །
གསང་སྔགས་ནུས་པ་བསམ་མི་ཁྱབ། །
གདུང་བ་མ་ཞེས་བོས་པས་ཀྱང་། །
ལྷ་ཡི་ཆུ་བོ་འགུགས་པར་བྱེད། །
རྡོ་རྗེ་ཅན་ཏེ་ཕྱག་ན་རྡོ་རྗེ་ཅན་གྱིས་ལེགས་པར་གསུངས་པའི་གསང་སྔགས་རྡོ་རྗེ་ཐེག་པའི་ནུས་པ་ནི་བསམ་གྱི་ས་མི་ཁྱབ་པ་ཞིག་ཡོད་དེ། དཔེར་ན། གདུ་བ་མའམ་གང་གཱ་མ་ཞེས་བོས་པས་ཀྱང་ལྷ་ཡི་ཆུ་བོ་འགུགས་པར་བྱེད་ནས་བྱིན་གྱིས་བརླབས་པ་བཞིན་ནོ། །

ཟུང་འཇུག་གདེངས་ཅན་བདག་པོའི་གནས། །
རྡོ་རྗེ་ཐེག་པ་རྒྱ་མཚོ་ཆེའི། །
འཇུག་ངོགས་བདེ་བའི་འབབ་སྟེགས་ནི། །
དབང་བཞིའི་རིན་ཆེན་ཐེམ་སྐས་ཡིན། །
ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་གདེངས་ཅན་བདག་པོའི་གནས་ཏེ་སངས་རྒྱས་པར་བྱེད་པའི་རྡོ་རྗེ་ཐེག་པ་རྒྱ་མཚོ་ཆེའི་འཇུག་ངོགས་བདེ་བའི་འབབ་སྟེགས་ནི་བུམ་དབང་དང་། གསང་དབང་། ཚིག་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་སྟེ་དེ་བཞི་བོ་ནི་རིན་པོ་ཆེའི་ཐེམ་སྐས་ལྟ་བུ་ཡིན་ཞེས་སོ། །

འོན་ཀྱང་དངོས་གྲུབ་རྣམ་གཉིས་ཀྱི། །
གཞི་རྟེན་དམ་ཚིག་སྡོམ་པ་སྟེ། །
རྩ་བ་ཆུ་མཚོ་སྐམ་གྱུར་ན། །
རླབས་ཀྱི་འཕྲེང་བ་གང་ལས་འབྱུང་། །
འོན་ཀྱང་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་ཀྱི་གཞི་རྟེན་ནི་དམ་ཚིག་དང་སྡོམ་པ་སྟེ། དཔེར་ན། རྩ་བ་ཆུ་མཚོ་སྐམ་པར་གྱུར་ན་ཆུ་ཡི་རླབས་ཀྱི་འཕྲེང་བ་གང་ལས་འབྱུང་སྟེ་མི་འབྱུང་ངོ་ཞེས་གསུངས་སོ། །

དེ་ཉིད་རིག་པའི་རྣལ་འབྱོར་བ། །
འདོད་ལ་སྤྱོད་ཀྱང་ཞེན་པ་མེད། །
ཉ་ནི་ཆུ་གཏིང་ཟབ་མོ་ན། །
འགྱུ་ཡང་ཆུ་ཡིས་འཚུབ་མི་འགྱུར། །
དེ་ཁོ་ན་ཉིད་རིག་པའི་རྣལ་འབྱོར་བ་ཡིན་ན་འདོད་ཡོན་ལ་ལོངས་སུ་སྤྱོད་ཀྱང་ཆགས་ཞེན་གྱི་སྒོ་ནས་སྤྱོད་པ་མེད་དེ། དཔེར་ན། ཉ་ནི་ཆུ་ཡི་གཏིང་ཟབ་མོ་ན་འགྱུ་ན་ཡང་ཆུ་ཡིས་འཚུབ་པ་མི་འགྱུར་བ་བཞིན་ནོ། །

ཆགས་སོགས་ཉོན་མོངས་ཉེས་པ་རྣམས། །
ཉོན་མོངས་ལམ་བྱེད་ཉིད་ཀྱིས་འཇོམས། །
རྣ་བར་ཆུ་སོན་ཆུས་འབྱིན་ཞིང་། །
མེས་འཚིག་མེ་ཡིས་གདུངས་པས་ཞི། །
ཆགས་པ་ལ་སོགས་པའི་ཉོན་མོངས་པའི་ཞེས་པ་རྣམས་ཉོན་མོངས་ལམ་དུ་བྱེད་པ་ཉིད་ཀྱིས་འཇོམས་ཏེ། དཔེར་ན། རྣ་བར་ཆུ་སོན་པར་ཆུས་འབྱིན་ཞིང་མེས་འཚིག་ན་མེ་ཡིས་གདུངས་པས་ན་དེ་ཉིད་ཞི་བ་བྱེད་པ་བཞིན་ནོ། །

བསྐྱེད་རིམ་ཕྲ་རགས་རྣལ་འབྱོར་གྱིས། །
སྐྱེ་ཤི་བར་དོ་གསུམ་སྦྱོང་སྟེ། །
སྐལ་ལྡན་ཤིང་རྟའི་མཆོད་ཡོན་གྱིས། །
དུག་ཅན་དྲི་མ་འཁྲུད་པ་བཞིན། །
ཐ་མ་པའི་སྣང་བ་སྦྱངས་པའི་བསྐྱེད་རིམ་ཕྲ་རགས་རྣམས་ལ་སྒོམ་པའི་རྣལ་འབྱོར་གྱིས་སྐྱེ་བ་དང་ཤི་བ་བར་དོ་གསུམ་སྦྱོང་སྟེ། དཔེར་ན། ཆུ་བོ་སྐལ་ལྡན་ཤིང་རྟའི་མཆོད་ཡོན་གྱིས་བུ་དྲུག་ཁྲི་དུག་ཅན་དྲི་མ་འཁྲུད་པ་བཞིན་ནོ། །

དགའ་བཞིའི་ལྷན་སྐྱེས་བདེ་བ་ཆེས། །
སྟོང་བཞིའི་ཡེ་ཤེས་རྒྱས་འགྱུར་ཏེ། །
ཆུ་བོ་རྣམ་བཞིའི་རྒྱུན་འབབ་པས། །
རྟ་གཏོང་མེ་ཆེན་འབར་བར་འགྱུར། །
དགའ་བ་དང་མཆོག་ཏུ་དགའ་བ་ཁྱད་པར་གྱི་དགའ་བ་ལྷན་སྐྱེས་ཀྱི་དགའ་བ་སྟེ་དགའ་བ་བཞིའི་བདེ་བ་ཆེས་ཆེར་རྒྱས་པས་སྟོང་བ་དང་ཤིན་ཏུ་སྟོང་པ་སྟོང་པ་ཆེན་པོ་ཐམས་ཅད་སྟོང་པ་སྟེ་སྟོང་པ་བཞིའི་ཡེ་ཤེས་རྒྱས་པར་འགྱུར་ཏེ། དཔེར་ན། ཆུ་བོ་གང་གཱ་དང་སིཏཱ་སིན་བྷ་པཀྵུ་སྟེ་ཆུ་བོ་བཞིའི་རྒྱུན་འབབ་པས་རྟ་གདོང་མེ་ཆེན་འབར་བར་འགྱུར་བའི་དཔེ་བཞིན་ནོ། །

ཕྲ་བ་གཉུག་མའི་རླུང་སེམས་ལས། །
སྒྱུ་མ་ལྟ་བུའི་སྐུར་བཞེངས་པ། །
དྭངས་པའི་ཆུ་ལས་ཆུ་བུར་དང་། །
དག་པའི་མཁའ་ལས་ཆུ་འཛིན་བཞིན། །
ཤིན་ཏུ་ཕྲ་བ་གཉུག་མའི་རླུང་སེམ་དེ་ལས་སྒྱུ་མ་ལྟ་བུའི་ལྷ་སྐུར་བཞེངས་པ་དེ་ནི་དྭངས་པའི་ཆུ་ལས་ཆུ་བུར་རྡོལ་བ་དང་དག་པའི་ནམ་མཁའ་ལས་ཆུ་འཛིན་ཏེ་སྤྲིན་བྱུང་བ་བཞིན་ནོ། །

རྩྭ་རྩེའི་ཟིལ་བ་རེ་རེར་ཡང་། །
ཟླ་བའི་གཟུགས་བརྙན་སྣང་བ་བཞིན། །
དཔེ་ཡི་རིམ་པ་རེ་རེས་ཀྱང་། །
འཁོར་འདས་ཆོས་ཀུན་མཚོན་པར་ནུས། །
དཔེར་ན་རྩྭ་རྩེའི་ཟིལ་བ་རེ་རེ་ལ་ཡང་ནམ་མཁའི་ཟླ་བའི་གཟུགས་བརྙན་སྣང་ནུས་པ་བཞིན་བསྟན་བཅོས་འདིས་དཔེ་ཡི་རིམ་པ་རེ་རེས་ཀྱང་འཁོར་བ་དང་མྱང་འདས་ཀྱི་ཆོས་ཀུན་མཚོན་པར་བྱེད་ནུས་པ་ཡིན་ཞེས་གསུངས་སོ། །

འཇིག་རྟེན་ཡ་རབས་སྤྱོད་པ་ནས། །
མདོ་སྔགས་ལམ་གྱི་རིམ་པའི་བར། །
དཔེར་བྱ་གཅིག་གིས་མཚོན་པ་འདི། །
ལེགས་བཤད་འཕྲུལ་གྱི་རྒྱ་མཚོ་ཡིན། །
འཇིག་རྟེན་ན་མཚོན་ན་མི་ཡ་རབས་ཀྱི་སྤྱོད་པ་ནས་བཟུང་སྟེ་མདོ་དང་སྔགས་ཀྱི་ལམ་གྱི་རིམ་པའི་བར་དཔེར་བྱ་གཅིག་གིས་མཚོན་པ་འདི་ལེགས་པར་བཤད་པའི་འཕྲུལ་གྱི་རྒྱ་མཚོ་ཞེས་པ་དེ་ཡིན་ནོ་ཞེས་གསུངས་སོ། །

ལོངས་སྤྱོད་འཁོར་ལོའི་ཆུ་གཏེར་ནས། །
དབྱངས་ལྡན་ངང་མོ་རྣམ་རོལ་བ། །
དེ་ཡི་ཁ་ལས་ལེགས་བཤད་ཀྱི། །
རྦ་རླབས་འཁྲི་ཤིང་ཅི་ཡང་གཡོ། །
ལོངས་སྤྱོད་འཁོར་ལོའི་ཆུ་གཏེར་ཆེན་པོ་དེ་ནས་དབྱངས་སྙན་པོ་དང་ལྡན་པའི་ངང་མོ་རྣམ་པར་རོལ་བ་དེ་ཡི་ཁ་ནས་ལེགས་བཤད་ཀྱི་རྦ་རླབས་ཅི་ཡང་གཡོ་བར་བྱེད་དོ་ཞེས་གསུངས་སོ། །

གང་ཡང་བདག་བློ་ཆུ་གཏེར་ལས་འཁྲུངས་ལེགས་བཤད་གསར་བའི་ཟླ་བ་ནི། །
འཇིག་རྟེན་རྨོངས་པའི་མུན་འཕྲོག་སྙིང་གི་གདུང་སེལ་བསིལ་བའི་རེག་པ་ཅན། །
དེ་ཡི་དགེ་བ་ས་གསུམ་རྣམ་དཀར་འོད་ཀྱི་གོས་བཟང་འཛིན་པ་དེས། །
སྐྱེ་དགུའི་ལེགས་བྱས་བློ་དང་ལྷན་ཅིག་བསྟན་པའི་ཆུ་གཏེར་རྒྱས་གྱུར་ཅིག །
གོང་དུ་བཤད་པ་དེ་ལྟ་བུ་གང་ཅི་ཡང་བདག་བློའི་ཆུ་གཏེར་ཏེ་རྒྱ་མཚོ་ལས་འཁྲུངས་པའི་ལེགས་པར་བཤད་པ་གསར་པ་ཟླ་བ་ནི་འཇིག་རྟེན་རྨོངས་པའི་མུན་ནག་འཕྲོག་ནས་སྙིང་གི་གདུང་བ་སེལ་བའི་བསིལ་བའི་རེག་པ་ཅན་དེ་ཡི་དགེ་བས་ས་འོག་དང་། ས་སྟེང་། ས་བླ་བཅས་གསུམ་པོ་རྣམ་དཀར་འོད་ཀྱི་གོས་བཟང་པོ་ལྟ་བུ་འཛིན་པ་ངེས་སོ་ཞེས་སྐྱེ་དགུའི་ལེགས་པར་བྱས་པའི་བློ་དང་ལྷན་ཅིག་ཏུ་བསྟན་པའི་ཆུ་གཏེར་ཏེ་རྒྱ་མཚོ་དེ་ཉིད་རྒྱས་པར་གྱུར་ཅིག །




༄༅། །ལེགས་པར་བཤད་པ་ཆུའི་བསྟན་བཅོས་ལུགས་གཉིས་རླབས་ཕྲེང་བརྒྱ་ལྡན་གྱི་བརྡ་དོན་དཀའ་བ་འགའ་ཞིག་བཀྲོལ་བ་གཤམ་དུ་གསལ།

གཏམ་པ་ནི། བཅོལ་བ་དང་གང་བ་སོགས་ལ་འཇུག་པ་ལས་འདིར་གང་བའི་དོན་ལ་འཇུག་གོ། །
དེད་དཔོན་ནི། བྱང་ཆུབ་སེམས་དཔའ་དང་ཚོང་དཔོན་གྲུ་བ་སོགས་ལའང་འཇུག་པས་འདིར་ཚོང་དཔོན་ལ་བྱའོ། །
གཟུར་གནས་ནི། ཕྱོགས་རིས་མེད་པའི་དོན་ནོ། །
དལ་འགྲོ་མ་ནི། ཆུའི་མིང་ངོ། །
ངམ་གྲོག་ནི། གཡང་སའམ་གྲོག་རོང་སོགས་ལ་འཇུག
བགས་ཀྱིས་ནི། རིམ་གྱིས་ཞེས་པའི་དོན།
ཉམས་ཀྱིས་མི་ལྕོགས་ནི། འདིར་སྟོབས་ཀྱིས་མི་ནུས་པར་འཇུག
རུ་འདྲེན་ནི། དཔུང་སྣ་འཁྲིད་མཁན་ནམ་དམག་གི་རུ་སྣ་འདྲེན་པ་པོ།
མཛངས་སྤྱོད་ནི། ཐབས་མཁས་ཀྱི་སྤྱོད་པའམ་སྤྱོད་པ་བཟང་པོའི་མིང་ངོ། །
འཛིན་མ་ནི། མངོན་བརྗོད་ལས་མ་མ་དང་། ས་གཞི། ཆུང་མ་སོགས་ལ་འཇུག་མོད་འདིར་ས་གཞིའི་མིང་ལ་འཇུག
བཀྲེན་པ་ནི། ནོར་མེད་དབུལ་ཞིང་ཕོངས་པ།
རྒོད་མ་ཁ་ནི། མཐའ་ཡི་རྒྱ་མཚོའི་ལྷོ་ཕྱོགས་ཀྱི་རྟ་གདོང་རི་སྟེ་མེ་རི་ཅིག་གི་མིང་།
གསུག་ནི། རྐོག་རྔན་ཏེ་དཔོན་ངན་ཟ་རྔམ་ཅན་ལ་གསུག་བྱིན་པ་ལྟ་བུའོ། །
ན་ཀྲ་ནི། ཆུ་སྲིན་ཆེན་པོའི་མིང་དུ་བཤད་དོ། །
རྒྱ་མཚོའི་ངོགས་ནི། རྒྱ་མཚོའི་འགྲམ་གྱི་མིང་ངོ། །
གཡེམ་མ་ནི། སྨད་འཚོང་མ་སྟེ་ཁྱོ་ག་གཏན་འཁེལ་མེད་པའི་བུད་མེད།
འཇུག་ངོགས་ནི། འགྲོ་ལམ་མམ་རྒྱ་མཚོའི་འགྲམ་ངོགས་བྱ་བའི་འཇུག་སྒོ་སོགས་ལ་འཇུག
རྒྱགས་ཤིང་འཕྱར་བ་ནི། རྒྱགས་པ་ནི་སྒྲ་སྒྲོག་པ་དང་འཕྱར་བ་ནི་འདིར་སྒེག་པའི་དོན་ལ་འཇུག
བྲུབས་དང་བྲི་བ་ནི། ཆུ་སོགས་ཡར་རྒྱས་པ་དང་མར་འགྲིབ་པའི་མིང་།
རྡོ་ཞུན་ནི། རྡོ་དཀར་པོ་མེར་བསྲེགས་པའི་རྡོ་ཐལ་ལམ་ས་དཀར་ཏེ། དེ་ལ་ཆུ་གྲང་མོ་བླུགས་ཏེ་དཀྲུགས་ན་དྲོད་ལངས་ནས་ཁོལ་བར་བྱེད་དོ། །
བཙོ་ཡི་སྔགས་ནི། ཆུ་ལ་བཏབ་ན་ཆུ་གྲང་བཞིན་ཁོལ་བའི་སྔགས་ཤིག་གི་མིང་ཡིན་པར་སྣང་།
འོལ་ཁ་བསྒྱུར་བ་ནི། ཆུའི་རྒྱུན་ལམ་བསྒྱུར་བའམ་བཟློག་པའོ། །
ནན་ཏུར་ལས་ནི། དོ་གལ་དང་ཨུ་ཚུགས་ཆད་ལས་སོགས་ལས་འདིར་ཆད་པའི་ལས་ལ་འཇུག
འགྱུར་བྱེད་ནི། སྐབས་འདིར་བུལ་ཏོག་གམ་བ་ཚྭའི་ཆུ་ལ་བྱའོ། །
ཆུ་སྐྱར་ནི། ཉ་ཟ་མཁན་ཆུ་བྱའི་རིགས་ཤིག་སྟེ་མཆུ་རིང་པོ་ཅན་གྱི་ཆུ་བྱ་ཞིག་གི་མིང་།
གྱ་གྱུར་བགྲོད་པ་ནི། ཆུ་ཀླུང་སོགས་ཡ་ཡོར་དུ་འགྲོ་བའམ་འབབ་པའི་མིང་།
གདོལ་བ་ནི། རིགས་ངན་བཤན་པ་དང་སྔར་རྒྱ་གར་གྱི་སྤྱི་ཚོགས་ནང་གི་དམན་པའི་རིགས་ཤིག་གི་མིང་།
ཆར་འདོད་བྱིའུ་ནི། མངོན་བརྗོད་ལས་ཁུག་རྟའི་མིང་ཡིན་ཏེ་ཆར་སྡོད་བྱེའུ་དང་འདག་བྱིའུ་ཁ་ལ་ཡུག་སོགས་འབོད་སྲོལ་ཡོད།
འཆོར་ནི། གཟབ་འཆོར་གྱི་མིང་སྟེ། འཕྱོར་པོ་ཡང་ཟེར།
འགོང་མི་རུང་ནི། ཚད་ལས་འདའ་མི་རུང་ཞེས་པའི་དོན།
ཆུ་ལོན་ནི། ཆུ་རགས་ཀྱི་མིང་ལ་ཟེར།
ཕོད་བཙུགས་པ་ནི། དཔའ་བསྐྱེད་པའམ་ནུས་པ་འདོན་པའི་མིང་།
ཟོ་ཆུན་ནི། དམའ་ས་ནས་ཆུ་སྟེང་དུ་འདྲེན་བྱེད་ཀྱི་ཟོ་བ་མང་པོ་བསྡམས་པའི་འཁོར་ལོའི་མིང་ངོ། །
ཆུ་རིགས་བདུན་ནི། བཏུང་བའི་ཆུ་ལ་རིགས་མི་འདྲ་བ་བདུན་ཏེ། ཆར་ཆུ་དང་། གངས་ཆུ། ཆུ་ཀླུང་གི་ཆུ། ཆུ་མིག་གི་ཆུ། ཁྲོན་པའི་ཆུ། བ་ཚྭ་ཅན་གྱི་ཆུ། ཤིང་གི་རྩ་བ་ལས་འབབ་པའི་ཆུ་དང་བཅས་སོ། །
ལམ་གསུམ་རིམ་པར་འབབ་པ་ནི། གངྒཱའི་མིང་སྟེ། མཐོ་རིས་དང་མི་ཡུལ་དང་ས་འོག་གསུམ་ལམ་གསུམ་དུ་འགྲོ་བའམ་འབབ་པས་ན་ལམ་གསུམ་འགྲོ་དང་ལམ་འབབ་ཅེས་བྱའོ། །
རི་བོའི་ཟོམ་ནི། རི་བོའི་རྩེ་རུ་གོ་བ་ཡིན།
མཉན་པ་ནི། གྲུ་ཡི་ཁ་ལོ་པ་སྟེ་གྲུ་པའམ་གྲུ་མཁན་ལ་འཇུག
ལྡོངས་ནི། ལོང་བ་ལ།
རྒྱ་མཚོ་རོ་དང་མི་འགྲོགས་ནི། ཀླུ་གཙང་སྒྲ་ཅན་གནས་པའི་མཐུས་སེམས་ཅན་ཤི་བའི་རོ་ཆུ་རླབས་ཀྱིས་བདས་ནས་ཞག་ཏུ་མི་འགྲོགས་པར་བཤད་དོ། །
ཀེ་ཏ་ཀ་ནི། ཆུའི་རྙོག་མ་དྭངས་བྱེད་ཀྱི་དངོས་པོ་ཞིག་སྟེ། དེ་ལ་རྡོ་ནོར་བུ་ཀེ་ཏ་ཀ་དང་ཤིང་ཀེ་ཏ་ཀའི་འབྲས་བུ་ཡང་ཡོད་པར་གྲགས།
ཀུན་ཟ་ནི། མེའི་མིང་ཡིན།
ཨ་གསྟྱཿནི། སྐར་མ་རི་བྱི་ཡི་མིང་སྟེ། རི་འདོར་རམ་རི་འཕེན་ཡང་ཟེར།
གདུང་བ་མ་ནི། ཆུ་བོ་གང་གཱ་མའི་མིང་གཞན།
གདེངས་ཅན་བདག་པོའི་གནས་ནི། རྒྱ་མཚོའི་མིང་ཡིན་ཏེ། གདེངས་ཅན་ནི་ཀླུའི་མིང་གི་རྣམ་གྲངས་དང་། དེའི་བདག་པོ་ནི་ཀླུའི་རྒྱལ་པོ་སྟེ། ཀླུ་རྒྱལ་གྱི་གནས་ནི་རྒྱ་མཚོའོ། །
དབང་བཞི་ནི། བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་། ཚིག་དབང་དང་བཞིའོ། །
དངོས་གྲུབ་རྣམ་གཉིས་ནི། ཐུན་མོང་གི་དངོས་གྲུབ་དང་། མཆོག་གི་དངོས་གྲུབ་སྟེ་གཉིས་སོ། །
དེ་ཉིད་རིག་པ་ནི། འདོང་ཡོན་གྱི་རང་བཞིན་རིག་པའོ། །
དགའ་བ་བཞི་ནི། དགའ་བ་དང་། མཆོག་ཏུ་དགའ་བ། ཁྱད་པར་གྱི་དགའ་བ། ལྷན་སྐྱེས་ཀྱི་དགའ་བ་དང་བཞིའོ། །
སྟོང་པ་བཞི་ནི། སྟོང་པ་དང་། ཤིན་ཏུ་སྟོང་པ། སྟོང་པ་ཆེན་པོ། ཐམས་ཅད་སྟོང་པ་དང་བཞིའོ། །
ཆུ་བོ་རྣམ་བཞི་ནི། གངྒཱ་དང་། སིནྡྷུ། པཀྵུ། སིཏཱ་དང་བཞིའོ། །


༄༅། །ལེགས་པར་བཤད་པ་ཤིང་གི་བསྟན་བཅོས་ལུགས་གཉིས་ཡལ་འདབ་བརྒྱ་ལྡན་ཞེས་བྱ་བ་བཞུགས་སོ། །
ཨོཾ་བདེ་ལེགས་སུ་གྱུར་ཅིག
ཨོཾ་ནི་སྟོང་པ་ལ་གོ་ཞིང་གནས་སྐབས་སུ་བདེ་བ་དང་ཕུགས་སུ་ལེགས་པར་འགྱུར་བར་ཤོག་ཅེས་པའོ།།

རིན་ཆེན་སེམས་ཀྱི་རྩ་བ་བརྟན། །
རླབས་ཆེན་ཚོགས་གཉིས་ཡལ་ག་རྒྱས། །
སྐུ་གསུམ་འབྲས་བཟང་སྙེ་མས་དུད། །
སངས་རྒྱས་ལྗོན་པ་དེ་ལ་འདུད། །
རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུ་བྱང་ཆུབ་ཀྱི་སེམས་ཀྱི་རྩ་བ་བརྟན་པ་ལ་གཞི་མཛད་ནས་རླབས་པོ་ཆེའི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡལ་གར་རྒྱས་པ་དང་དེ་ལ་བརྟེན་ནས་ཆོས་སྐུ་དང་། ལོངས་སྐུ། སྤྲུལ་སྐུ་སྟེ་སྐུ་གསུམ་གྱི་འབྲས་བུ་བཟང་པོའི་སྙེ་མས་དུད་པ་དང་དེ་འདྲའི་ཡོན་ཏན་ཕུན་སུམ་ཚོགས་པའི་སངས་རྒྱས་ཀྱི་ལྗོན་པ་དེ་ལ་སྒོ་གསུམ་གུས་པ་ཆེན་པོས་འདུད་པའི་སྒོ་ནས་ཕྱག་འཚལ་ལོ་ཞེས་པའི་དོན།

སྣང་བ་དཔེ་རུ་ཤར་བ་ཡི། །
རྣམ་འབྱོར་དེ་ལ་གདམས་ངག་མང་། །
ནགས་ཀླུང་སྟུག་པོའི་དོ་ར་རུ། །
ཤིང་ལའི་ཕུང་པོ་ཟད་པ་མེད། །
འདིའི་སྐབས་སུ་སྐུ་གསུམ་གྱི་རྣམ་བཞག་རྒྱས་པར་བཤད་དགོས་ཏེ། གོང་མ་རྣམས་ཀྱི་ཞལ་ནས། བསྟན་བཅོས་རྩོམ་པའི་ཐོག་མ་ནས། །སྟོན་པ་ལ་ནི་མཆོད་བརྗོད་བྱ། །བསྟན་པ་སྤེལ་ཕྱིར་དག་པའི་ཚིག །འདི་ལ་འབད་པ་བཟང་པོ་སྣང་། །དེ་ཡང་ཕྱི་རོལ་པའི་སྣང་བ་ཐམས་ཅད་དཔེ་རུ་ཤར་བ་ཡི་རྣལ་འབྱོར་པ་དེ་ལ་གདམས་ངག་གམ་མན་ངག་ཤིན་ཏུ་མང་པོ་ཡོད་དེ། དཔེར་ན། ནགས་ཀླུང་སྟུག་པོའི་དོ་ར་རུ་ཤིང་ལོ་ཡི་ཕུང་པོ་ཟད་པའི་མཐའ་མེད་པ་ཇི་བཞིན་ནོ། །

དཔག་བསམ་ཤིང་ལ་བརྟེན་བྱས་ན། །
དགོས་འདོད་ཐམས་ཅད་ཆར་དུ་བསྙིལ། །
དེ་བཞིན་བཤེས་གཉེན་དམ་པ་ལ། །
བརྟེན་ན་ལེགས་ཚོགས་ལྷུན་གྱིས་གྲུབ། །
བློ་ཡིས་དཔག་པ་ཙམ་གྱིས་ཅི་བསམ་པ་ཐམས་ཅད་འབྱུང་བའི་ཤིང་ལ་བརྟེན་པར་བྱས་ན་རང་ལ་དགོས་པའི་འདོད་དོན་ཐམས་ཅད་ཆར་བ་འབབ་པ་ལྟར་དུ་བསྙིལ་བ་དེ་བཞིན་དུ་དགེ་བའི་བཤེས་གཉེན་དམ་པ་དག་ལ་བརྟེན་ན་ལེགས་པའི་ཚོགས་ཐམས་ཅད་ལྷུན་གྱིས་གྲུབ་པའོ། །

བཤེས་ལ་མི་གུས་སྐྱེ་བོ་དེས། །
གཞུང་བརྒྱ་ཤེས་ཀྱང་དོན་མི་འགྱུར། །
ཤིང་སྐམ་ལོ་བརྒྱ་ཆུར་འཕངས་ཀྱང་། །
ལོ་འདབ་སྐྱེ་བ་སྲིད་ན་མེད། །
འདི་ལ་ཡང་བསམ་པས་བརྟེན་ཚུལ་དང་སྦྱོར་བས་བརྟེན་ཚུལ་སོགས་བྱང་ཆུབ་ལམ་རིམ་ཆེན་མོའི་ནང་བཞིན་བཤད་ནས་སླར་ཡང་དགེ་བའི་བཤེས་གཉེན་ལ་མི་གུས་པའི་སྐྱེ་བོ་དེས་གཞུང་ལུགས་བརྒྱ་ཕྲག་མང་པོ་ཤེས་ཀྱང་གནས་སྐབས་དང་མཐར་ཐུག་གི་དོན་འགྲུབ་པར་མི་འགྱུར་ཏེ། དཔེར་ན། ཤིང་སྐམ་པོ་ལོ་བརྒྱ་ཡི་བར་དུ་ཆུ་ནང་ལ་འཕངས་ཀྱང་དེ་ལ་ལོ་མ་དང་འདབ་མ་སྐྱེ་བ་སྲིད་པ་ན་མེད་པ་བཞིན་ནོ། །

དད་ལྡན་རང་བཞིན་བཟང་པོ་དེར། །
ཚིགས་བཅད་གཅིག་ཙམ་གྱིས་ཀྱང་ཕན། །
རྐང་འཐུང་གསར་བའི་མྱུ་གུ་དེ། །
ཆུ་ཆར་གཟིགས་མ་ཡིས་ཀྱང་འཕེལ། །
འདི་ཡང་ལམ་རིམ་ནས་འབྱུང་བ་ལྟར་གསལ་བཤད་བྱེད་དགོས་ཏེ། དགེ་བའི་བཤེས་གཉེན་དང་དཀོན་མཆོག་གསུམ་ལས་རྒྱུ་འབྲས་སོགས་ལ་དད་པ་དང་ལྡན་པའི་རང་བཞིན་བཟང་པོ་དེ་ལ་ཆོས་མང་པོ་བཤད་མ་དགོས་པར་ཚིགས་བཅད་གཅིག་ཙམ་གྱིས་ཀྱང་ཕན་པ་ནི། དཔེར་ན། རྐང་པས་ཆུ་འཐུང་བའི་གསར་དུ་སྐྱེས་པའི་མྱུ་གུ་དེ་ལ་ཆུ་དང་ཆར་བའི་གཟེགས་མའམ་ཐིགས་པ་གཅིག་བབས་པ་ཡིས་ཀྱང་ཕན་པ་ཇི་བཞིན་ནོ། ། དམངས་ཁྲོད་གཏམ་དཔེ་ལས། མི་གོ་བ་ཅན་ལ་ཚིག་གཅིག །རྟ་གམ་ལག་ཅན་ལ་ལྕག་གཅིག །ཅེས་པ་ལྟར་རོ། །

ཚེར་མ་ཅན་དང་དུག་ཤིང་གིས། །
མི་དགོས་བཞིན་དུ་ས་འདི་གང་། །
མི་ཁོམ་ངན་སོང་སྐྱེ་བོ་ནི། །
ས་ཡི་རྡུལ་བཞིན་གྲངས་ལས་འདས། །
ཚེར་མ་ཅན་དང་དེ་བཞིན་དུ་དུག་གི་ཤིང་གིས་མི་དགོས་བཞིན་དུ་ས་འདི་གང་བ་ལྟར་དུ་དམ་པའི་ཆོས་བསྒྲུབ་པ་ལ་མི་ཁོམ་པའི་ངན་སོང་གི་སྐྱེ་བོ་ནི་ས་ཡི་རྡུལ་བཞིན་གྲངས་ཀ་ལས་འདས་པ་ཞིག་ཡོད་པ་རེད། འདི་ཡང་ངན་སོང་གསུམ་གྱི་ཆོས་སྐོར་ལས་ཤེས་པར་བྱའོ། །

ཙན་དན་ས་མཆོག་ལྗོན་པ་དེ། །
འཇིག་རྟེན་འདི་ན་སྲིད་པ་ཙམ། །
དལ་འབྱོར་ཚང་བའི་རྟེན་བཟང་ཡང་། །
བརྒྱ་ལམ་ཐོབ་པ་མ་བཀག་ཙམ། །
གསེར་ལས་ཀྱང་རིན་ཆེ་བའི་ཙན་དན་ས་མཆོག་གི་ལྗོན་པ་དེ་ནི་འཇིག་རྟེན་འདི་ན་སྲིད་མཐའ་མ་བཀག་པ་ཙམ་ཡིན་པ་དེ་བཞིན་དུ་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་མི་ཡི་ལུས་རྟེན་བཟང་པོ་ཡང་བརྒྱ་ལམ་སྟེ་ཐང་འགའ་རེ་ན་ཐོབ་པ་ཡིན་པས་འདི་ཡང་སྲིད་མཐའ་མ་བཀག་ཙམ་ཡིན་ནོ། ། འདི་ཡི་ཐད་དུ་དལ་འབྱོར་བརྙེད་དཀའ་བའི་སྐོར་བྱང་ཆུབ་ལམ་གྱི་རིམ་པ་ལས་ཤེས་པར་བྱའོ། །

དལ་འབྱོར་སྙིང་པོ་མ་བླངས་ན། །
དུད་འགྲོའི་རྟེན་དུ་གཉིས་སུ་མེད། །
ཨ་མྲའི་འབྲས་བུ་མི་སྤྱོད་ན། །
ཨེ་རཎ་ཊ་དང་ཁྱད་པར་ཅི། །
དལ་འབྱོར་གྱི་མི་ལུས་རིན་ཆེན་ཐོབ་པའི་དུས་སུ་དམ་པའི་ཆོས་ཀྱི་སྙིང་པོ་དེ་མ་བླངས་ན་དུད་འགྲོའི་རྟེན་དང་གཉིས་སུ་མེད་པ་སྟེ་ཁྱད་པར་མེད་པ་ནི། དཔེར་ན། ཨ་མྲའི་འབྲས་བུ་དེ་ཉིད་ལོངས་སུ་མི་སྤྱོད་པ་གཏང་བར་བྱེད་ན་ཆུ་ཤིང་ལྟ་བུ་ཨེ་རཎ་ཌ་དང་ཁྱད་པར་ཅི་ཞིག་ཡོད་དེ་མེད་པ་བཞིན་ནོ། ། དེ་ལ་བྱང་ཆུབ་སེསམ་པའི་སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་གསུངས་སོ།

མདངས་དང་ལོ་འབྲས་མེ་ཏོག་སོགས། །
ལྗོན་པ་གཅིག་ཀྱང་དུས་ཀྱིས་འགྱུར། །
སྐྱེ་རྒ་ན་དང་འཆི་བ་ཡི། །
ཟློས་གར་སྐད་ཅིག་སྐད་ཅིག་བསྒྱུར། །
ཁ་དོག་ལྟ་བུ་མདངས་དང་དེ་བཞིན་དུ་ལོ་མ་དང་འབྲས་བུ་མེ་ཏོག་ལ་སོགས་པ་དེ་དག་ལྗོན་པ་གཅིག་ལ་བརྟེན་པ་རྣམས་ཀྱང་དབྱར་དགུན་ལ་སོགས་པའི་དུས་ཀྱིས་འགྱུར་བ་ལྟར། སྐྱེ་བ་དང་རྒ་བ་དང་ན་བ་དང་དེ་བཞིན་དུ་འཆི་བ་ཡི་གོ་རིམ་སོགས་ཟློས་གར་འཁྲབས་པ་ལྟར་དུས་སྐད་ཅིག་དང་སྐད་ཅིག་གིས་དབང་ལས་བསྒྱུར་བའོ། ། དེ་ལ་པན་ཆེན་བློ་བཟང་ཆོས་གྱི་རྒྱལ་མཚན་གྱི་ཞལ་ནས། འདུས་པ་བྲལ་ཞིང་བསགས་པ་མ་ལུས་ཟད། །མཐོན་པོའི་མཐའ་རྒུད་སྐྱེས་པའི་ཐ་མ་འཆི། །འཆི་བ་མ་ཟད་ནམ་འཆི་ཆ་མེད་པ། །ལོང་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཞེས་གསུངས་པ་ལྟར་དྲན་པར་བྱའོ། །

རིང་དུ་འབྲེལ་བའི་ཤིང་ལོ་དེ། །
ལན་གཅིག་བྲུལ་བ་སླར་མི་འབྱོར། །
མཛའ་བ་ཡུན་རིང་འཁོད་འཁོད་ནས། །
ནམ་ཞིག་གཏན་དུ་འབྲལ་བར་འགྱུར། །
ཕན་ཚུན་ཡུན་རིང་དུ་འབྲེལ་བའི་ཤིང་ལོ་དེ་ཡང་ལན་གཅིག་བྲུལ་ཞིང་འཐོར་བ་སླར་ཡང་ཕྱིར་མི་འབྱོར་བ་དེ་བཞིན་དུ་ཡིད་མཛའ་ཞིང་བརྩེ་བ་རྣམས་ཡུན་རིང་དུ་ལྷན་གཅིག་ཏུ་འཁོད་འཁོད་ནས་དུས་ནམ་ཞིག་གི་ཚེ་ན་གཏན་དུ་འབྲལ་བར་འགྱུར་རོ། །འདི་ཡང་པན་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཞལ་ནས། སེར་སྣས་བསགས་པའི་ཟས་ནོར་ཤུལ་དུ་ལུས། །བརྩེ་ཞིང་གདུང་བའི་གཉེན་རྣམས་གཏན་བྲལ་བྱས། །ཉམས་ངའི་གནས་སུ་གཅིག་པུ་འགྲོ་བའི་ཚེ། །དགའ་སྤྲོ་གདེངས་དང་ལྡན་པར་བྱིན་གྱིས་རློབས། །ཞེས་གསུངས་པ་ལྟར་དྲན་པར་བྱའོ། །

སྡོང་པོ་གཤགས་གཏུབ་དྲས་པ་ཡིས། །
ཤིང་མཁན་མྱུར་དུ་རལ་བར་འགྱུར། །
བསྐལ་བ་དེ་འདྲའི་ལས་བསྒྲུབས་ཀྱང་། །
དམྱལ་སྲུང་རྣམས་ནི་ངལ་བ་མེད། །
ཤིང་གི་སྡོང་བོ་གཤགས་ཤིང་གཏུབ་པའི་སྒོ་ནས་དྲས་པ་ཡིས་ཤིང་མཁན་རྣམས་ནི་མྱུར་དུ་ངལ་ཞིང་དུབ་པར་འགྱུར་བ་ཡིན་ལ། དེ་དང་མི་འདྲ་བའི་བསྐལ་བ་དེ་འདྲའི་ལས་བསྒྲུབས་ཀྱང་དམྱལ་སྲུང་སྟེ་ལས་མཁན་རྣམས་ནི་ངལ་ཞིང་དུབ་པ་མེད་དོ། །

ཇི་སྲིད་མི་དགེ་མ་ཟད་པ། །
དེ་སྲིད་སྡུག་བསལ་འཁོར་མོར་མྱོང་། །
དུག་གི་ས་བོན་གནས་ཀྱི་བར། །
དུག་ལོ་སྐྱེ་བ་ཆོས་ཉིད་ཡིན། །
དུས་ཇི་སྲིད་དུ་ལས་མི་དགེ་བ་མ་ཟད་པ་དེ་སྲིད་དུ་སྡུག་བསྔལ་འཁོར་མོར་ཡུག་ཏུ་མྱོང་བ་ལས་འོས་མེད་དེ། དཔེར་ན། དུག་གི་ས་བོན་ཇི་ཙམ་གནས་ཀྱི་བར་དུག་དེ་ལ་བརྟེན་ནས་དུག་དེ་ཉིད་སྐྱེ་བ་སྲིད་པའི་ཆོས་ཉིད་ཡིན་ནོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། །ཇི་སྲིད་མི་དགེའི་ལས་དེ་མ་ཟད་པར། །དེ་སྲིད་སྲོག་དང་བྲལ་བར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །

གང་ཞིག་གསུམ་ལ་སྐྱབས་སོང་བ། །
དེ་ལ་སྲིད་ཞིའི་རྒུད་པ་མེད། །
ལྗོན་པ་ཆེ་ལ་བརྟེན་པ་དེར། །
གཅན་གཟན་གདུག་པས་གཙེ་མི་ནུས། །
གང་ཟག་གང་ཞིག་གིས་སངས་རྒྱས་དང་ཆོས། དགེ་འདུན་ཏེ་དཀོན་མཆོག་གསུམ་ལ་སྐྱབས་སོང་བ་ཡི་མི་དེ་ལ་སྲིད་པ་འཁོར་བ་དང་ཞི་བ་ཉན་རང་གི་རྒུད་པ་མེད་པ་ལ། དཔེར་ན། ཤིང་གི་ལྗོན་པ་ཆེན་པོ་ལ་བརྟེན་བཅས་ནས་གནས་པ་དེ་ལ་གཅན་གཟན་གདུག་པས་གཙེ་བའམ་གནོད་མི་ནུས་པ་བཞིན་ནོ། །དེ་ལ་ཡང་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ངན་སོང་སྡུག་བསྔལ་འབར་བའི་མོས་འཇིགས་ནས། །སྙིང་ནས་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིང་། །སྡིག་སྤང་དགེ་ཚོགས་མཐའ་དག་བསྒྲུབ་པ་ལ། །བརྩོན་པ་ལྷུར་ལེན་བྱེད་པར་བྱིན་གྱིས་རློབས། །ཞེས་གསུངས་སོ། །

རྩ་བ་རུལ་བའི་ལྗོན་པ་ལ། །
བརྟེན་པར་བྱེད་པ་བླུན་པོའི་རྟགས། །
རང་ཡང་འཁོར་བར་བྱིང་བ་ལ། །
སྐྱབས་སུ་འཛིན་རྣམས་ཀྱེ་མ་འཁྲུལ། །
རྩ་བ་རུལ་སོང་བའི་ལྗོན་པ་ལ་བརྟེན་པར་བྱེད་པ་ནི་བླུན་པོའི་རྟགས་ཡིན་པ་ལྟར་ཁོ་རང་ཡང་འཁོར་བ་ལ་བྱིང་ཞིང་ནུབ་པ་ལ་སྐྱབས་སུ་འཛིན་པ་རྣམས་ཀྱེ་མ་ཀྱེ་ཧུད་དེ་འཁྲུལ་བ་རེད་ཅེས་པའོ། །

དུག་དང་སྨན་གྱི་མྱུ་གུ་ལས། །
འབྲས་བུ་འཆོལ་བ་འགར་ཡང་མེད། །
དགེ་དང་མི་དགེའི་ལས་ལས་ཀྱང་། །
འབྲས་བུ་གཞན་འབྱུང་གནས་མ་ཡིན། །
དུག་གི་ས་བོན་དང་སྨན་གྱི་ས་བོན་ལས་མྱུ་གུ་སྐྱེ་བ་ལས་འབྲས་བུ་འཆོལ་བའམ་ནོར་བ་འགར་ཡང་མེད་པ་ལྟར་རྒྱུ་དགེ་བ་དང་སྡིག་པ་མི་དགེ་བའི་ལས་བསགས་པ་ལས་ཀྱང་འབྲས་བུ་གཞན་འབྱུང་བའི་གནས་མ་ཡིན་ནོ། །མདོ་ལས། ལས་རྣམས་བསྐལ་བ་བརྒྱ་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་འབྱུང་བ་ཉིད་དུ་འགྱུར། །ཞེས་སོ། །

ཐོག་མེད་དུས་ནས་བསགས་པའི་ལས། །
བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །
ཏ་ལའི་ཤིང་འབྲས་སྟོང་ཕྲག་ལོར། །
སྐམ་ཡང་རླན་དང་འཕྲད་ན་སྐྱེ། །
ཚེ་འཁོར་བ་ཐོག་མ་མེད་པའི་དུས་ནས་བསགས་པའི་ལས་སྲེད་ལེན་གཉིས་མ་ཚང་བས་བསྐལ་བ་བརྒྱ་ཡི་བར་དུ་འགྱང་ན་ཡང་ལས་འདི་ཉིད་ཆུད་མི་ཟ་བར་སྨིན་པ་ཡིན་ཏེ། དཔེར་ན། ཏ་ལའི་ཤིང་གི་འབྲས་བུ་དེ་ལོ་འཁོར་སྟོང་ལ་སྐམ་ཡང་དུས་ནམ་ཞིག་གི་ཚེ་ན་རླན་དང་འཕྲད་ན་སྐྱེ་བ་བཞིན་ནོ།།

ས་བོན་ཆུང་སྨིན་ནྱ་གྲོ་ཏའི། །
ཡལ་འདབ་རྒྱས་པས་རྒྱང་གྲགས་ཁེབས། །
ཁམ་གཅིག་ཟས་ཀྱི་སྦྱིན་པས་ཀྱང་། །
འབྲས་བུ་འཁོར་ལོས་སྒྱུར་བ་འཐོབ། །
རྒྱུ་ས་བོན་ཆུང་ན་ཡང་འབྲས་བུ་ཆེན་པོ་འབྱིན་པའི་ནྱ་གྲོ་ཏའི་ས་བོན་ལས་ཡལ་ག་དང་འདབ་མ་རྒྱས་པས་རྒྱང་གྲགས་ཁེབས་པ་སྐྱེ་བ་བཞིན་དུ་ཁམ་གཅིག་ཙམ་གྱི་ཟས་ཀྱི་སྦྱིན་པ་བཏང་བས་ཀྱང་འབྲས་བུ་ཆེན་པོ་འཁོར་ལོས་སྒྱུར་བ་ཐོབ་པ་རེད། འདི་རྒྱལ་པོ་ང་ལས་ནུས་ཀྱི་སྐྱེས་རབས་ལས་བྱུང་བ་ལྟར་སེམས་པའོ། །

རྣམ་བཀྲ་སྲིད་པའི་འཁོར་ལོ་འདིར། །
དོན་ལྡན་སྙིང་པོ་འགའ་མ་མཆིས། །
ཆུ་ཤིང་རློན་པའི་སྡོང་པོ་ལ། །
རྩེ་རྟིང་ཀུན་ན་སྙིང་པོ་མེད། །
རྣམ་པར་བཀྲ་བའི་སྲིད་པའི་འཁོར་ལོ་ཅི་ཙམ་ཞིག་སྐབས་འདིར་འཁོར་ཡང་དོན་དང་ལྡན་པའི་སྙིང་པོ་འགའ་ཡང་མ་མཆིས་པ་སྟེ་མེད་པ་ནི། དཔེར་ན། ཆུ་ཤིང་རློན་པའི་སྡོང་པོ་ལ་བཤགས་བཏུབས་བྱས་ནས་སྙིང་པོ་བཙལ་ཡང་རྩེའམ་རྟིང་ཀུན་ལ་སྙིང་པོ་མེད་པ་བཞིན་ནོ། །མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་ཆུ་ཤིང་རློན་པའི་སྡོང་པོ་ལ། །སྙིང་པོ་འདོད་ཕྱིར་སྐྱེས་བུས་དེ་བཤགས་ཀྱང་། །ནང་དང་ཕྱི་རོལ་ཀུན་ན་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་དྲན་པ་བྱའོ། །

ལྗོན་ཤིང་ལོ་བརྒྱར་སྐྱེས་པ་ཡང་། །
ནམ་ཞིག་ཚེ་ན་འགྱེལ་བར་འགྱུར། །
སྲིད་པའི་རྩེ་མོར་ཕྱིན་ནས་ནི། །
སླར་ཡང་མི་བཟད་ངན་འགྲོར་འགྲོ། །
དཔེར་ན་ལྗོན་ཤིང་ཞིག་ལོ་བརྒྱ་ཡི་བར་དུ་སྐྱེས་པ་ཡིན་ཡང་། ཁོར་རང་མ་རྟག་པའི་ཆོས་ཅན་ལས་འདས་ཏེ་དུས་ནམ་ཞིག་གི་ཚེ་ན་འགྱེལ་བར་འགྱུར་བ་ལྟར། མཐོ་སྲིད་པའི་རྩེ་མོ་ན་ཕྱིན་ནས་ཐུན་མོང་གི་ཏིང་འཛིན་སྒོམ་པ་ཐོབ་ནས་ཕྱིན་ཀྱང་ཕྱིས་ནས་ནི་ཉོན་མོངས་པ་མ་སྤང་བ་ལ་རྟེན་ནས་སླར་ཡང་སྔར་གྱི་ལས་ལ་བསོས་མི་ཟད་པའི་ངན་འགྲོར་འགྲོ་བར་འགྱུར། དེ་ལ་ཀུན་གཟིགས་ལྔ་བ་ཆེན་པོའི་ཞལ་ནས། བྱ་ནམ་མཁའི་དབྱིངས་ནས་འཕུར་འཕུར་ནས། །མཐར་ས་ལ་འབབ་པ་ཇི་བཞིན་དུ། །གནས་སྲིད་རྩེར་ཕྱིན་ཀྱང་ཁམས་གསུམ་འདིར། །ལར་འགལ་མེད་ལྟ་བུ་འཁོར་བས་སྐྱོ། །ཞེས་གསུངས་པ་ལྟ་བུའོ། །

བུར་ཤིང་ཁུ་བས་རབ་བསྒོས་ན། །
ཏིག་ཏའི་ཁ་བ་སེལ་བར་ནུས། །
ལམ་གྱི་བདེན་པ་རབ་གོམས་པས། །
སྡུག་བསྔལ་རྩ་བ་ཀུན་འབྱུང་སྤོང་། །
བུ་རམ་གྱི་ཤིང་གི་ཁུ་བས་རབ་ཏུ་བསྒོས་པའམ་གོས་པའི་ཏིག་ཏའི་ཁ་བ་དེ་ཉིད་སེལ་བར་བྱེད་ནུས་པ་དེ་བཞིན་དུ་ལམ་གྱི་བདེན་པ་ལ་རབ་ཏུ་གོམས་པས་འཁོར་བའི་སྡུག་བསྔལ་རྩ་བ་ཀུན་འབྱུང་བདེན་པ་དེ་སྤོང་ནུས་སོ། །

ཀ་གདུང་ལྕམ་དང་དྲལ་མ་རྣམས། །
ཚོགས་པས་ཡིད་འོང་ལྡིང་ཁང་སྟེ། །
ལྷག་པའི་བསླབ་པ་གསུམ་ཚོགས་པས། །
ཐར་བ་དམ་པའི་ཁང་བཟང་འགྲུབ། །
ཀ་བ་དང་གདུང་མ་ལྕམ་དང་དདྲལ་མ་ལ་སོགས་པ་རྣམས་ཚོགས་པས་ཡིད་དུ་འོང་བའི་ལྡིང་ཁང་གྲུབ་པ་སྟེ། དཔེ་དེ་བཞིན་དུ་ལྷག་པའི་བསླབ་པ་རིན་པོ་ཆེ་གསུམ་ཉམས་སུ་བླང་ཞིང་ཚོགས་པས་ཐར་བ་མྱ་ངན་ལས་འདས་པའི་དམ་པའམ་མཆོག་ཏུ་གྱུར་པའི་ཁང་བཟང་ལྟ་བུའི་གོ་འཕང་དེ་འགྲུབ་བོ་ཞེས་པའི་དོན་ཡིན་ནོ། །དེ་ལ་ཡང་ངག་དབང་བློ་བཟང་རྒྱ་མཚོའི་ཞལ་ནས། སེམས་མཉམ་པར་འཇོག་པའི་མིག་སྟོང་ཅན། །བློ་བག་མེད་ས་སྲུང་སྟེང་འགྱིང་བའི། །བདག་འཛིན་མེད་རྡོ་རྗེ་རྩེ་བརྒྱ་བས། །གཞི་སྲིད་པའི་ས་འཛིན་བགྲོད་པ་བཅོམ། །ཞེས་གསུངས་པ་བཞིན་ནོ། །

ཛན་དུའི་ས་བོན་དེའི་ས་བོན། །
གཞན་ལས་སྐྱེ་ཕྱིར་ཐོག་མ་མེད། །
མཐའ་མེད་འཁོར་བ་སྐྱེས་པ་ན། །
ཕ་མར་མ་གྱུར་སུ་ཞིག་ཡོད། །
ཛན་དུའི་ས་བོན་ཞེས་པ་དེའི་ས་བོན་ཡང་གཞན་ལས་སྐྱེ་བ་ཡིན་པའི་ཕྱིར་ཐོག་མ་མེད་པ་དེ་བཞིན་དུ་མཐའ་མེད་པའི་འཁོར་བ་འཁོར་ནས་སྐྱེས་པས་དེ་ཡི་དུས་ན་ཕ་དང་མར་མ་གྱུར་བ་སུ་ཞིག་ཡོད་དེ་མེད་པའོ། །དེ་ལ་མདོ་ལས། མ་ཡི་ཐུགས་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བགྲང་ཡང་ས་ཡིས་ལང་མི་འགྱུར། །ཞེས་གསུངས་སོ། །

རྟ་གླང་བརྒྱ་ཡི་ཁུར་ལྕི་བ། །
ཤིང་རྟ་ཆེན་པོ་གཅིག་གིས་འདྲེན། །
ཉན་རང་ཀུན་གྱིས་མ་ལོངས་པའི། །
ཁུར་དེ་རྒྱལ་སྲས་ཕྲག་ན་མཛེས། །
རྟ་དང་གླང་པོ་ཆེ་ལ་སོགས་པའི་གྲངས་བརྒྱ་ཐམ་པ་ཡི་ཁུར་ཤིན་ཏུ་ལྕི་བ་དེ་ཤིང་རྟ་ལྟ་བུའི་ཆེན་པོ་གཅིག་གིས་འདྲེན་པ་བྱེད་ནུས་པ་ལྟར། ཉན་ཐོས་དང་རང་རྒྱལ་དགྲ་བཅོམ་ཀུན་གྱིས་མ་ལོངས་པ་སྟེ་མ་ལྕོགས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་ཁུར་ཆེན་པོ་དེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྲག་ན་མཛེས་པ་ཡིན་ནོ། ། རྗེ་བླ་མའི་ཉམས་མགུར་ལས། སེམས་བསྐྱེད་ཐེག་མཆོག་ལམ་གྱི་གཞུང་ཤིང་སྟེ། །རླབས་ཆེན་སྤྱོད་པ་རྣམས་ཀྱི་གཞི་དང་བརྟེན། །ཚོགས་གཉིས་ཀུན་ལ་གསེར་འགྱུར་རྩི་ལྟ་བུ། །རབ་འབྱམས་དགེ་ཚོགས་བསྡུད་པའི་བསོད་ནམས་གཏེར། །དེ་ལྟར་ཤེས་ནས་རྒྱལ་སྲས་དཔའ་བོ་རྣམས། །རིན་ཆེན་སེམས་མཆོག་ཐུགས་དམ་འཐིལ་དུ་འཛིན། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བྱས། །ཐར་འདོད་ཁྱོད་ཀྱང་དེ་བཞིན་སྐྱངས་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །

ཤིང་གཞན་འབྲས་བུ་བླངས་པས་འཛད། །
དཔག་བསམ་ཤིང་འབྲས་ཟད་པ་མེད། །
དགེ་བ་གཞན་འབྲས་སྤྱད་པས་འཛད། །
བྱང་ཆུབ་སེམས་དགེ་ཕྱིར་ཞིང་འཕེལ། །
ཐ་མ་པའི་ཤིང་གཞན་རྣམས་འབྲས་བུ་བླངས་པས་འཛད་པ་འགྱུར་ཞིང་བློ་ཡིས་དཔག་པ་ཙམ་གྱིས་ཅི་བསམ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཤིང་ལ་འབྲས་བུ་ཟད་པ་མེད་ལ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཀྱིས་རྩིས་མ་ཟིན་པའི་དགེ་བ་གཞན་ཁ་འདོན་ལ་སོགས་པ་རྣམས་འབྲས་བུ་ལ་སྤྱད་པས་འཛད་པར་འགྱུར་ཞིང་། བྱང་ཆུབ་སེམས་ཀྱིས་རྩིས་ཟིན་པའི་དགེ་བ་རྣམས་ཕྱིར་ཞིང་སྟེ་འབྲས་བུ་ལྷག་པར་དུ་འཕེལ་བ་འགྱུར་རོ་ཞེས་པའི་དོན་ཡིན། དེ་ལ་སྤྱོད་འཇུག་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེས་ནས་ཟད་པ་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །

ཡོངས་སྨིན་འབྲས་བུས་སྤ་བ་ཡི། །
རྐང་འཐུང་དེ་ལ་སྐྱེ་བོ་འདུ། །
འཇུངས་མེད་གཏོང་བའི་དཔལ་ཡོན་ཅན། །
དེ་ཡིས་སྐྱེ་དགུའི་རེ་བ་སྐོང་། །
ཡོངས་རྫོགས་སྦྱིན་པ་གཏང་བའི་འབྲས་བུས་སྤ་བ་སྟེ་མཛེས་པ་ཡིས་རྐང་འཐུང་སྟེ་ཤིང་དེ་ལ་སྐྱེ་བོ་རྣམས་འདུ་བ་དེ་བཞིན་དུ་འཇུངས་མེད་དེ་སེར་སྣ་མེད་པར་གཏོང་བའི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཡོན་ཏན་ཅན་དེ་ཡིས་སྐྱེ་དགུ་སྟེ་འགྲོ་བ་ཡོངས་རྫོགས་ཀྱི་རེ་བ་སྐོང་བར་བྱེད་དོ། ། དེ་ལ་པཎ་ཆེན་ཆོས་རྒྱན་གྱིས། ལུས་དང་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །སེམས་ཅན་རང་རང་འདོད་པའི་དངོས་གྱུར་ཏེ། །ཆགས་མེད་གཏང་སེམས་སྤེལ་བའི་མན་ངག་གིས། །སྦྱིན་པའི་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས། །ཞེས་པའི་གདམས་ངག་དྲན་པར་བྱའོ། །

མངོན་པར་མཐོ་དང་ངེས་ལེགས་ཀྱི། །
རྩ་བ་ཚུལ་ཁྲིམས་ལས་གཞན་མེད། །
ཡལ་འདབ་གཡུར་དུ་ཟ་བ་ཡི། །
རྩ་བ་སྡོང་བུ་ཉག་གཅིག་ཡིན། །
མངོན་པར་མཐོ་བ་ལྷ་མི་དང་ངེས་ལེགས་ཐར་བ་དང་ཐམས་ཅད་མཁྱེན་པའི་ངེས་ལེགས་ཀྱི་རྩ་བ་ནི་ཚུལ་ཁྲིམས་སྲུང་བ་ལས་གཞན་མེད་དེ། དཔེར་ན། ཡལ་ག་དང་འདབ་མ་གཡུལ་དུ་ཟ་བ་སྟེ་ཕུན་སུམ་ཚོགས་པའི་རྩ་བ་ནི་སྡོང་བུ་ཉག་གཅིག་དེ་ཁོ་ན་ཡིན་ནོ། ། དེ་ལ་ཀུན་མཁྱེན་ལྔ་བ་ཆེན་པོའི་ཞལ་ནས། གཞི་ཚུལ་ཁྲིམས་གཙང་མའི་ཞིང་ས་ལ། །སེམས་ལས་སུ་རུང་བའི་ཆུ་ལུད་ཀྱི། །ལམ་ལྷག་མཐོང་མྱུ་གུ་འབྲས་སྨིན་པས། །གནས་འཁོར་བའི་ལས་ལ་སྙིང་པོ་མེད། །ཅེས་པ་ལྟར་རོ། །

ཚེར་མ་ཟུག་པའི་ལན་དུ་སླར། །
ཁུ་ཚུར་རྡེག་པ་བཞད་གད་རྒྱུ། །
གནོད་བྱེད་ལ་ཡང་སླར་ཁྲོ་བ། །
རང་ཉིད་ཉམས་པའི་རྒྱུ་རུ་ཟད། །
རང་གི་ལུས་པོ་ལ་ཚེར་མ་ཟུག་པའི་ལན་དུ་སླར་ཚེར་མ་དེ་ལ་ཁུ་ཚུར་རྡེག་པ་ན་བཞད་གད་ཀྱི་རྒྱུ་རུ་འགྲོ་བ་བཞིན་ཏེ། དཔེར་ན། རང་ལ་གནོད་པ་བྱེད་པའི་མི་ལ་ཡང་སླར་ཕར་ཁྲོ་བ་ནི་རང་ཉིད་ཀྱི་དགེ་རྩ་ཉམས་པའི་རྒྱུ་རུ་ཟད་དོ། ། འདིར་ཡང་ཀུན་གཟིགས་ལྔ་པ་ཆེན་པོའི་ཞལ་ནས། སྐྱེ་བ་བསགས་པའི་དགེ་ཚོགས་ནགས་ཀྱི་ཀློང་། །ཁོང་ཁྲོ་མེ་དཔུང་གཅིག་གིས་བསྲེག་པར་བྱེད། །ཅེས་སོ། །

རྒྱུ་དུས་བརྩོན་པ་མ་བཏང་ན། །
འབྲས་དུས་ཡོན་ཏན་ཐམས་ཅད་སྐྱེ། །
རྩ་བ་རླན་དང་མ་བྲལ་ན། །
རྩེ་མོར་ལོ་འབྲས་སྨིན་པར་འགྱུར། །
རྒྱུ་ཡི་དུས་སུ་བརྩོན་པ་མ་བཏང་བར་འབད་པས་བསྒྲུབ་ན་འབྲས་བུའི་དུས་སུ་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའམ་སྐྱེ་བ་ནི། །དཔེར་ན། ཤིང་ལ་སོགས་པའི་རྩ་བ་རླན་དང་མ་བྲལ་ན་ཤིང་དེ་ཡི་རྩེ་མོ་ལོ་འབྲས་བཟང་པོ་སྨིན་པར་འགྱུར་བ་བཞིན་ནོ། །དེ་ལ་ཡང་རྒྱལ་སྲས་ཞི་བ་ལྷས། །མི་ཡིས་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པའི་དུས་སུ་གཉིད་མ་ལོགས། །ཞེས་གསུངས་སོ། །

སྡོང་བོ་རླུང་གིས་ཆེར་བསྐྱོད་ན། །
འབྲས་བུ་ས་ལ་འབྲུལ་བ་ལྟར། །
བྱིང་རྒོད་གཡེང་བས་རབ་གཡོས་པས། །
ཏིང་འཛིན་དམིགས་པ་སྟོར་བར་བྱེད། །
ཤིང་གི་སྡོང་བོ་ཞིག་རླུང་གིས་ཆེ་ཆེར་བསྐྱོད་ན་ཤིང་དེ་ཡི་འབྲས་བུ་ས་ལ་འབྲུལ་བ་སྟེ་འཐོར་བཞིན་སེམས་ཀྱི་ནང་དུ་བྱིང་བ་དང་ཕྱི་རོལ་ཏུ་རྒོད་པའི་གཡེང་བས་རབ་ཏུ་གཡོས་པས་ན་དེའི་ཏིང་འཛིན་གྱིས་དམིགས་པ་སྐུ་གཟུགས་ལྟ་བུ་དེ་སྟོར་བར་བྱེད་དོ། །དེ་ལའང་ཞི་བ་ལྷས། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྐྱེད་བྱས་ཀྱང་། །སེམས་གཞན་གཡེང་བར་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་སོ།

བསམ་གཏན་རྣམ་པར་དག་པ་ལས། །
མངོན་ཤེས་ལ་སོགས་ཡོན་ཏན་འབྱུང་། །
སྡོང་བུ་ཉམས་པ་མེད་གྱུར་ན། །
མེ་ཏོག་གེ་སར་མགོ་ལྕོག་ལྡེམ། །
ཏིང་ངེ་འཛིན་བསྒོམ་པ་ལ་བསམ་པ་གཏན་པོའི་སྒོ་ནས་བྱིང་རྒོད་སྤངས་ནས་རྣམ་པར་དག་པ་ལས་མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་འབྱུང་སྟེ། དཔེར་ན། ཤིང་གི་སྡོང་བུ་དེ་ཉིད་ཉམས་པ་མ་འགྱུར་པ་ལ་བརྟེན་ནས་དེ་ཡིས་མེ་ཏོག་གེ་སར་མགོ་ལྕོག་ལྡེམ་པ་སྟེ་མཛེས་པར་འཁྲུངས་པ་བཞིན་ནོ། །དེ་ལ་ཞི་བ་ལྷས། སེམས་ཀྱི་གླང་ཆེན་སྨྱོས་པ་ནི། །ཆོས་ལ་སེམས་པའི་སྐལ་ཆེན་ལ། །ཇི་ལྟར་བཏག་པ་མི་འཆོར་བ། །དེ་ལྟར་འབད་པ་ཀུན་གྱིས་བཏག། །ཅེས་གསུངས་སོ། །

ཤིང་གི་རལ་གྲི་གཡུལ་གྱི་ངོར། །
འཕྱར་བ་དགྲ་ཡི་དགའ་སྟོན་ཡིན། །
ལྟར་སྣང་ཉི་ཚེའི་ལྟ་བ་ཡིས། །
སྲིད་རྩ་གཅོད་འདོད་ཀྱི་ཧུད་མཚར། །
ཤིང་ལས་བྱས་པའི་ཤིང་གི་རལ་གྲི་ནི་དགྲ་ཡི་གཡུལ་གྱི་ངོར་འཕྱར་བ་དེ་ནི་དགྲ་བོ་ཡི་དགའ་སྟོན་བྱེད་པ་ཡིན་པ་ལས་རྒོལ་བ་བྱེད་མི་ནུས་པ་དེ་བཞིན་དུ་ལམ་ལོག་པའི་ལྟར་སྣང་ཉི་ཚེའི་ལྟ་བ་ཙམ་གྱིས་སྲིད་པའི་རྩ་བ་སྟེ་མ་རིག་པ་གཅོད་པའམ་སྤངས་པ་འདོད་པ་ཀྱེ་མ་ཀྱེ་ཧུད་དེ་ཤ་ཚ་བ་ཁྱོད་མཚར་ཤོར་བ་རེད་ཅེས་གསུངས། དེ་ལ་རྗེ་རིན་པོ་ཆེས། ཡུན་རིང་ངལ་བར་བརྟེན་བྱས་ཀྱང་། །ཕྱི་ཕྱིར་སྐྱོན་རྣམས་བོས་པ་བཞིན། །བདག་ཏུ་བལྟ་བ་བརྟེན་ཕྱིར་རོ། །ཞེས་གསུངས་སོ། །

ཧ་རི་ཙན་དན་བཟང་པོ་ཡིས།།
ལུས་ཀྱི་ཚ་གདུང་སེལ་བར་བྱེད།།
སྙིང་རྗེ་བཅུད་ལྡན་ལྟ་བ་ཡིས།།
དུག་གསུམ་ནད་བརྒྱ་དྲུངས་ནས་འབྱིན།།
ཙན་དན་གྱི་ནང་ནས་མཆོག་ཏུ་གྱུར་བ་ཧ་རི་ཙན་དན་ཞེས་བྱའི་བཟང་པོ་དེ་ཡིས་ལུས་ཀྱི་ནད་དང་ཚ་གདུང་ཐམས་ཅད་སེལ་བར་བྱེད་ནུས་པ་དེ་བཞིན་དུ་སྙིང་རྗེ་བྱང་ཆུབ་སེམས་ཀྱི་བཅུད་ཕུན་སུམ་ཚོགས་པ་དོན་ལྡན་དབུ་མའི་ལྟ་བ་ཡིས་འདོད་ཆགས་ཞེ་སྡང་གཏི་མུག་སྟེ་དུག་གསུམ་གྱི་ནད་བརྒྱ་ཕྲག་མང་པོ་བསྐྱོད་པའི་རྩ་བ་མ་རིག་པ་དྲུངས་ནས་འབྱིན་པ་སྟེ་སྤང་བར་བྱེད་དོ། དེ་ལ་ཡང་འཕགས་པ་ལྷས། སྲིད་པའི་ས་བོན་རྣམ་ཤེས་ཏེ། སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་སོ།

ཤིང་ལས་སྐྱེས་པའི་སྲིན་འབུ་ཡིས།།
ཤིང་དེ་ཟད་པར་བྱེད་པ་བཞིན།།
འདོད་ཆགས་ལས་སྐྱེས་ཡེ་ཤེས་ཀྱིས།།
འདོད་ཆགས་ཉེས་པ་ཞི་བར་བྱེད།།
ཤིང་ཁོ་རང་ལས་སྐྱེས་པའི་སྲིན་འབུ་དེ་ཡིས་རང་གང་ལས་སྐྱེས་པའི་ཤིང་དེ་ཉིད་མ་ཟད་ཀྱི་བར་དུ་ཟ་བ་བྱེད་པ་དེ་བཞིན་དུ་འདོད་པ་ལ་ཆགས་པ་ལས་སྐྱེས་པའི་འདོད་ཡོན་ལ་ཉེས་པ་མཐོང་བའི་ཤེས་པའམ་རྣལ་འབྱོར་པའི་ཡེ་ཤེས་དེས་འདོད་ཆགས་དེ་ཉིད་ཀྱི་ཉེས་པ་ཞི་བར་བྱེད་དོ། །དེ་ལ་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཆེན་པོས། རྣམ་མང་རིན་ཆེན་ཚོགས་འབར་གཞལ་མེད་ཁང་། །རྣམ་སྣང་རྣམ་པར་དག་པའི་བདག་ཉིད་ཅན། །རྣམ་པར་བསྒོམ་པས་མ་དག་ཞིང་སྦྱངས་ཏེ། །རྣམ་དག་ཡེ་ཤེས་གཞལ་ཡས་ཁང་འགྲུབ་ཤོག ། ཅེས་སོ།

ཤིང་སྐྱ་རླན་གྱིས་ཟིན་པ་ལས། །
བཻཌཱུརྱ་མདངས་སུ་འཕོ་བ་ལྟར། །
ཐ་མལ་སྣང་པ་འོད་གསལ་གྱིས། །
སྦྱངས་ཏེ་དག་པའི་ལྷ་སྐུར་ལྡང་། །
ཤིང་སྐྱ་བོ་སྟེ་ཆུ་ཤིང་སྐྱ་བོ་དེ་ཉིད་རླན་གྱིས་ཕྲད་ནས་དེ་ཡིས་ཟིན་པ་གྱུར་ན་ཤིང་དེ་ཡི་མདོག་ནི་བཻཌཱུརྱ་ཡི་མདངས་སུ་འཕོ་བ་ལྟར་ཐ་མལ་པ་མ་དག་པའི་སྣང་བ་འདི་ཉིད་འོད་གསལ་གྱིས་སྟོང་པ་ཉིད་ལ་བསྒོམས་པ་ལ་རྟེན་ནས་མ་དག་པའི་སྣང་པ་སྦྱངས་ཏེ་དག་པ་ཡེ་ཤེས་ཀྱི་ལྷ་སྐུར་ལྡང་ནུས་པ་ཡིན་ནོ། །དེ་ལ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཞལ་ནས། དེ་ལ་ལངས་ཚོའི་འཆི་བ་འོད་གསལ་གྱི། །རླུང་སེམས་ཙམ་དུ་མཚན་དཔེའི་དཔལ་འབར་བ། །སྒྱུ་མའི་ཏིང་འཛིན་རྫོགས་པར་བྱིན་གྱིས་རློབས། །ཞེས་གསུངས་པའི་ཕྱིར་རོ། །

ཡལ་འདབ་ཡོངས་སུ་རྫོགས་པ་ཡི། །
ལྗོན་པའི་གྲིབ་མ་ཀུན་ཏུ་བསིལ། །
ཡོན་ཏན་མ་ལུས་རྫོགས་པ་ཡི། །
རྒྱལ་བ་སྐྱེ་དགུའི་མགོན་དུ་གྱུར། །
ཡལ་ག་དང་འདབ་མ་ཡོངས་སུ་རྫོགས་པ་ཡིས་ལྗོན་ཤིང་གི་གྲིབ་མ་དུས་ཀུན་དུ་བསིལ་ཞིང་ཉམས་དགའ་བ་ལྟར། ཇི་ལྟ་ཇི་སྙེད་ཀྱི་ཡོན་ཏན་མ་ལུས་རྫོགས་པ་ཡི་བཅོམ་ལྡན་དེ་ནི་སྐྱེ་དགུ་སྟེ་སེམས་ཅན་ཡོད་དོ་ཅོག་གི་མགོན་དུ་གྱུར་བ་རེད། དེ་ལའང་རྗེ་ཙོང་ཁ་པ་ཆེན་པོའི་ཞལ་ནས། ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུངས། །མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །ཤཱཀྱའི་གཙོ་བོ་དེ་ལ་གུས་ཕྱག་འཚལ །ཞེས་གསུངས་པ་ལྟར་རོ། །

དེ་ལྟར་ཤིང་གི་བསྟན་བཅོས་ལས། །
ཆོས་ཀྱི་ལམ་བསྟན་སརྒ་སྟེ། །
ད་ནི་འཇིག་རྟེན་ཚུལ་ལུགས་འགའ། །
བཤད་དོ་རྣ་བ་བླགས་ཏེ་ཉོན། །
གོང་དུ་བཤད་པ་དེ་ལྟར་ཤིང་གི་བསྟན་བཅོས་ལས་དམ་པ་ཆོས་ཀྱི་ལམ་བསྟན་པའི་སརྒ་སྟེ་ལེའུའོ། །

ད་ནི་འོག་ནས་འབྱུང་བ་ལྟར་འཇིག་རྟེན་གྱི་ཚུལ་ལུགས་འགའ་ཞིག་བཤད་རྒྱུ་ཡིན་པས་ཁྱོད་རྗེས་འཇུག་པ་རྣམས་ཀྱིས་རྣ་བ་རྩེ་གཅིག་ཏུ་བླགས་ཏེ་ཉོན་པར་རིགས་སོ། དེ་ལ་ས་པཎ་གྱི་ཞལ་ནས། མི་ཡིས་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང། །ཞེས་གསུངས་པ་དྲན་པར་བྱའོ།
ཆོས་ལྡན་རྒྱལ་བོའི་གཟི་བྱིན་གྱིས། །
དགྲ་སྡེ་རྣམས་ཀྱང་དབང་དུ་འདུ། །
མ་ལ་ཡར་སྐྱེས་དྲི་བསུང་དེ། །
བུང་བ་འགུག་པའི་ཕོ་ཉ་ཡིན། །
དམ་པའི་ཆོས་དང་ལྡན་པའི་རྒྱལ་པོའི་གཟི་བརྗིད་དང་བྱིན་རླབས་ཏེ་བཀའ་དྲིན་གྱིས་རང་ཕྱོགས་ལ་ཞེ་སྡང་པའི་དགྲ་བོའི་དཔུང་སྡེ་རྣམས་ཀྱང་དབང་དུ་འདུ་བ་ནི། དཔེར་ན། དྲི་མ་ལ་ཡར་སྐྱེས་པའི་དྲི་བསུང་བཟང་པོ་དེ་འབུ་བུང་བ་འགུགས་པའི་ཕོ་ཉའམ་མངགས་ཞུགས་པ་ཡིན་པ་ལྟ་བུའོ། །

རྒྱལ་ངན་ཆབ་འབངས་གཟིར་བ་དེར། །
ནམ་ཞིག་གཡོག་ཀྱང་འཁོར་མི་འགྱུར། །
སྲན་ཕུང་དབྱུག་པས་གཏོར་ན་ཡང་། །
དབྱུག་པའི་ངོས་ལ་འབྱར་མི་སྲིད། །
རྒྱལ་པོ་ངན་པས་རང་གི་ཆབ་འབངས་ཏེ་མངའ་འབངས་སྡུག་བསྔལ་གྱིས་གཟིར་ཞིང་མནར་བའི་གནས་དེར་དུས་ནམ་ཞིག་གི་ཚེ་ན་གཞན་རྣམས་མ་ཟད་ཁོ་རང་གི་གཡོག་རྣམས་ཀྱང་འཁོར་བར་མི་འགྱུར་པ་ནི། དཔེར་ན། སྲན་མའི་ཕུང་པོ་ཞིག་ལ་དབྱུག་པས་གཏོར་ན་ཡང་དབྱུག་པ་དེ་ཡི་ངོས་ལ་སྲན་མ་འབྱར་མི་སྲིད་པ་ཇི་བཞིན་ནོ། །

བློན་དང་འབངས་ཀྱིས་མ་བཀུར་ན། །
རྒྱལ་པོ་ཆེན་པོ་ཇི་ལྟར་གནས། །
གདུང་མ་ཀ་བས་མ་བཏེགས་ན། །
རྒྱལ་པོའི་ཕོ་བྲང་གང་ལས་འབྱུང་། །
རྒྱལ་བོ་རང་གི་བློན་པོ་དང་འབངས་མི་རྣམས་ཀྱིས་གུས་པའི་སྒོ་ནས་མ་བཀུར་ན་རྒྱལ་བོ་ཞེས་པའི་སྲིད་ཁྲི་ཁར་ཇི་ལྟར་གནས་ཏེ། དཔེར་ན། ཕོ་བྲང་ལ་གདུང་མ་དང་ཀ་བས་མ་བཏེགས་ན་རྒྱལ་བོའི་ཕོ་བྲང་དེ་གང་ལས་འབྱུང་སྟེ་མི་འབྱུང་བཞིན་ནོ། །

རྗེ་དཔོན་བཟང་པོའི་བཀའ་དྲིན་གྱིས། །
གཡོག་འཁོར་མངའ་ཐང་དར་བར་གྱུར། །
ལྗོན་པ་ཆེ་ལ་བརྟེན་པ་ཡིས། །
འཁྲི་ཤིང་རྩེ་མོ་དགུང་ལ་བསྙེགས། །
འཁོར་འབངས་རྗེ་བོར་གྱུར་བའི་དཔོན་པོ་བཟང་པོའི་བཀའ་དྲིན་གྱིས་གཡོག་འཁོར་དང་བཅས་པའི་མངའ་འབངས་རྣམས་ལོངས་སྤྱོད་དང་དབང་ཐང་དར་བར་འགྱུར་བ་སྟེ། དཔེར་ན། ཤིང་གི་ལྗོན་པ་ཆེ་བ་ལ་བརྟེན་པ་ཡིས་འཁྲི་ཤིང་གི་རྩེ་མོ་དགུང་ལ་བསྙེགས་པ་སྟེ་མཐོན་པོ་རུ་སྐྱེ་བ་བཞིན་ནོ།།

ཚེར་མའི་ཤིང་ལ་བརྟེན་བྱས་ན། །
གནད་དུ་ཟུག་པའི་སྡུག་བསྔལ་སྐྱེ། །
སྐྱེ་བོ་ངན་ལ་བརྟེན་བྱས་ན། །
ཕྱི་ཕྱིར་སྡུག་བསྔལ་འབའ་ཞིག་བསྐྱེད། །
ཚེར་མ་འདྲ་མིན་སྐྱེས་པའི་ཤིང་ལ་བརྟེན་པར་བྱས་ན་གནད་དུ་ཟུག་པའི་སྡུག་བསྔལ་སྐྱེ་བའམ་ན་ཚ་སྐྱེ་བ་ལྟར་སྐྱེ་བོ་རང་བཞིན་ངན་པ་ལ་བརྟེན་པར་བྱས་ན་ཕྱི་ཕྱིར་ཏེ་སླར་ཡང་སྡུག་བསྔལ་འབའ་ཞིག་བསྐྱེད་དོ། །

ཆབ་འབངས་བདེ་སྐྱིད་རྒྱས་པ་དེ། །
རྗེ་དཔོན་ཉིད་ཀྱི་ཆེ་བའི་རྟགས། །
རབ་རྒྱས་ཡལ་གའི་ཁྱོན་ཡངས་པ། །
སྡོང་བོ་རྩ་བའི་མཛེས་རྒྱན་ཡིན། །
ཆབ་འབངས་ཏེ་མངའ་འབངས་རྣམས་ལ་བདེ་སྐྱིད་ཕུན་ཚོགས་རྒྱས་པ་དེ་རྗེ་དཔོན་བདག་ཉིད་ཆེན་པོ་དེའི་ཆེ་བའི་རྟགས་ཡིན་པ་ནི། དཔེར་ན། རབ་ཏུ་རྒྱས་པའི་ཡལ་ག་དང་འདབ་མ་ཁྱོན་ཡངས་ཤིང་རྒྱ་ཆེ་བ་དེ་སྡོང་པོ་དང་རྩ་བ་དེ་ཡི་མཛེས་པའི་རྒྱན་ཡིན་པ་བཞིན་ནོ། །

གཡོག་འཁོར་རྒུད་པའི་སྡེ་དཔོན་ནི། །
རང་ཉིད་འབྱོར་ཡང་ངོ་ཚའི་རྒྱུ། །
སྡོང་བོ་ཅི་ཙམ་སྦོམ་ན་ཡང་། །
ཡལ་འདབ་མེད་ན་གཅེར་བུ་ཡིན། །
གཡོག་དང་འཁོར་རྣམས་ལོངས་སྤྱོད་མེད་པས་རྒུད་པའི་སྡེ་དཔོན་དེ་ནི་རང་ཉིད་ཇི་ལྟར་འབྱོར་བ་དང་ལྡན་ན་ཡང་ངོ་ཚ་བའི་རྒྱུ་ཡིན་པ་ནི། ཤིང་གི་སྡོང་བོ་ཇི་ཙམ་སྦོམ་ན་ཡང་ཡལ་ག་དང་ལོ་མ། འདབ་མས་རྒྱན་པ་མེད་ན་སྡོང་བོ་དེ་ཉིད་གཅེར་བུ་ཡིན་པ་ལྟ་བུའོ། །

སྡོང་རུལ་རྩ་བར་གནས་པའི་མི། །
ཉིན་མཚན་ཀུན་ཏུ་བག་ཕེབས་བྲལ། །
གཙོ་བོ་ངན་པའི་གཡོག་འཁོར་ཡང་། །
རྟག་ཏུ་སེམས་ཁྲལ་གདུང་བས་གཟིར། །
ཤིང་སྡོང་གི་རྩ་བ་རུལ་བའི་གནས་ལ་སྡོད་པའི་མི་ནི་ཉིན་དང་མཚན་མོ་ཀུན་ཏུ་བག་ཕེབས་དང་བྲལ་བ་ལྟར་མགོ་དཔོན་ནམ་གཙོ་བོ་ངན་པའི་གཡོག་འཁོར་ཡང་དུས་རྟག་ཏུ་སེམས་ལ་ཁྲལ་དང་འུར་ལག་གིས་གདུང་བས་གཟིར་བ་རེད་ཅེས་པ་ལྟ་བུའོ། །

དཔོན་ངན་གཡོག་འཁོར་བྲོས་ན་ཡང་། །
སྡེ་དཔོན་བཟང་པོས་བསྐྲད་ཀྱང་འདུ། །
ཚེར་ཤིང་འབོར་བའི་བྷྲ་མ་ར། །
ཙཱུ་ཏའི་ཤིང་ལས་བསྐྲད་ཀྱང་འདུ། །
དཔོན་པོ་ངན་པའི་གཡོག་འཁོར་རྣམས་ཕྱིར་བྲོས་ན་ཡང་སྡེ་ཡི་དཔོན་པོ་བཟང་པོ་རྣམས་ཀྱིས་གཡོག་འཁོར་རྣམས་ཕར་བསྐྲད་ཀྱང་ཚུར་འདུ་བ་ནི། དཔེར་ན། ཚེར་མའི་ཤིང་འབོར་བའི་བྷྲ་མ་ར་དེ་ཉིད་ཙཱུ་ཏའི་ཤིང་ལས་བསྐྲད་ཀྱང་ཚུར་འཁོར་བ་ལྟར་རོ། །དེ་ལ་ས་པཎ་གྱིས། སྡིག་སྤྱོད་རྒྱལ་པོས་གཙེས་པ་ན། །མི་དབང་ཆོས་རྒྱལ་ལྷག་པར་སྐྱོ། །འབྱུང་པོའི་གདོན་གྱིས་བཏབ་པ་ལ། །གསང་སྔགས་གྲུབ་པས་རྗེས་སུ་འཛིན་ཞེས་པ་ལྟ་བུའོ། །

རྗེ་དཔོན་གསར་ཚེ་བྱམས་བྱེད་ཀྱང་། །
ཕྱི་ནས་བསྒྲུབ་དཀའི་དཔྱ་ཁྲལ་འབེབས། །
ཤིང་ལ་ཆར་སྐྱོབ་བྱེད་མོད་ཀྱང་། །
རྗེས་སུ་ཐིགས་ཕྲེང་ལྕི་བར་འབབ། །
རྗེ་དཔོན་ངན་པས་གསར་ཚེ་སྟེ་ཨ་གསར་ཅན་དང་པོ་བྱམས་པ་ལྟར་བྱེད་ཀྱང་ཕྱིས་ནས་ཏེ་རྗེས་སུ་ཤིན་ཏུ་བསྒྲུབ་པར་དཀའ་བའི་དཔྱ་ཁྲལ་འབེབས་པ་ནི། དཔེར་ན། ཤིང་སྡོང་གི་འོག་ཏུ་བསྡད་ནས་ཆར་བ་ལས་སྐྱོབ་པ་བྱེད་མོད་ཀྱང་རྗེས་སུ་ཐིགས་པ་འཕྲེང་ཐག་གི་རྒྱུད་ནས་ཆུ་ཧ་ཅང་ལྕི་བར་འབབ་པ་ལྟར་རོ། །དེ་ལ་ས་པཎ་གྱིས། རྒྱལ་ངན་དགྲ་དང་ཕྲད་པས་ན། །རང་གི་འཁོར་རྣམས་ཆད་པ་གཅོད། །ཅེས་པ་ལྟར་རོ། །

ལྗོན་པའི་གྲིབ་བསིལ་ཀུན་ལ་སྙོམས། །
ཉི་ཟླའི་སྣང་བ་ཀུན་ལ་སྙོམས། །
སྤྲིན་གྱི་ཆུ་ཆར་ཀུན་ལ་སྙོམས། །
རྒྱལ་པོའི་བཀའ་ཁྲིམས་ཀུན་ལ་སྙོམས། །
ཤིང་ལྗོན་པའི་གྲིབ་བསིལ་ཀུན་ལ་སྙོམས་པ་ལྟར་ནམ་མཁའི་ཉི་ཟླའི་སྣང་བ་སྟེ་འོད་ཟེར་ཀུན་ལ་སྙོམས་པ་དང་བར་སྣང་གི་སྤྲིན་ལས་བབས་པའི་ཆུ་ཆར་གྱི་གཟིགས་མ་ཡང་སེམས་ཅན་ཀུན་ལ་སྙོམས་པ་ནི། དཔེར་ན། རྒྱལ་བོ་ཆེན་པོའི་བཀའ་ཁྲིམས་དེ་སྐྱེ་བོ་ཀུན་ལ་སྙོམས་པ་ཇི་བཞིན་ནོ། །

གཙོ་བོ་བཟང་ཡང་འཁོར་ངན་ན། །
དེ་ཡི་དྲུང་དུ་བསྙེན་པར་དཀའ། །
གདུག་པའི་སྦྲུལ་གྱིས་དཀྲིས་པ་ཡི། །
ཙན་དན་ལྗོན་པ་སུ་ཡིས་བརྟེན། །
རྒྱལ་པོའམ་གཅོ་བོ་བཟང་པོ་ཞིག་ཡོད་ནའང་དེ་ཡི་འཁོར་གཡོག་རྣམས་ངན་ན་གཙོ་བོ་དེ་ཡི་དྲུང་དུ་བསྙེན་པ་སྟེ་བརྟེན་པར་བཀའ་བ་ཡིན་ཏེ། དཔེར་ན། དུག་སྦྲུལ་གདུག་པ་ཅན་གྱིས་དཀྲིས་པ་དེ་ཡིས་ཙན་དན་གྱི་ལྗོན་པ་ལ་མི་སུ་ཡིས་ཅིས་ཀྱང་བརྟེན་པ་མི་ཕོད་པ་བཞིན་ནོ། །

ཕྱི་ནང་སྨིན་དང་མ་སྨིན་པའི། །
ཨ་མྲའི་འབྲས་བུ་རིགས་བཞིར་གསུངས། །
མི་ཡང་སེམས་དང་སྤྱོད་པ་གཉིས། །
དག་དང་མི་དག་དབྱེ་བ་མང་། །
ཕྱི་དང་ནང་གི་སྨིན་པ་དང་མ་སྨིན་པའི་ཤིང་སྡོང་ཨ་མྲའི་འབྲས་བུ་སྟེ་དེའི་ཤིང་ཐོག་རིགས་བཞིར་ཡོད་པ་གསུངས་པ་དེ་བཞིན་དུ་མི་ཡང་སེམས་དང་སྤྱོད་པ་གཉིས་དག་པ་དང་མི་དག་པའི་དབྱེ་བ་ཧ་ཅང་མང་བ་ཇི་བཞིན་ནོ། །

མཁས་པ་ཡོན་ཏན་ཀུན་ལྡན་དེ། །
རློམས་སེམས་མེད་པར་ཞི་ཞིང་དུལ། །
སྙི་མའི་ཁུར་གྱིས་ལྗིད་པ་ཡི། །
ལྗོན་ཤིང་རྩེ་མོ་དུད་དེ་གནས། །
ཤེས་བྱ་རིག་པའི་གནས་ཀུན་ལ་མཁས་པའམ་ཡོན་ཏན་ཀུན་དང་ལྡན་པ་དེ་ལ་རློམས་པའམ་རྒྱག་པའི་སེམས་མེད་པར་རྒྱུད་ཞི་ཞིང་དུལ་བ་རུ་གནས་པ་སྟེ་དཔེར་ན། སྙེ་མའི་འབྲས་བུས་ཁུར་གྱིས་ལྗིད་པ་དེ་ཡི་ལྗོན་ཤིང་གི་རྩེ་མོ་ཁ་ཐུར་དུ་དུད་དེ་གནས་པའོ། །ས་པཎ་རིན་པོ་ཆེས། ཡོན་ཏན་ཆུང་རྣམས་ང་རྒྱལ་ཆེ། །མཁས་པར་གྱུར་ན་དུལ་བར་གནས། ། ཆུ་ཕྲན་རྟག་ཏུ་ཀུ་ཅོ་སྒྲོག །རྒྱ་མཚོས་ཅ་ཅོ་ག་ལ་སྒྲོག །ཞེས་པ་ལྟ་བུའོ། །

ཡོན་ཏན་མེད་པའི་སྐྱེ་བོ་དེ། །
ང་རྒྱལ་མགོ་འཕང་ཅི་ལས་མཐོ། །
འབྲས་བུ་བཅུད་ཀྱིས་མི་བཟུང་བའི། །
ལྗོན་པ་རེངས་པ་ཆོས་ཉིད་ཡིན། །
ཤེས་རིག་ཡོན་ཏན་མེད་པའི་སོ་སོ་སྐྱེ་བོ་དེ་དག་ང་རྒྱལ་གྱི་མགོ་འཕང་ཅི་ལས་ཀྱང་མཐོ་སྟེ། དཔེར་ན། འབྲས་བུ་སྨིན་ཡང་བཅུད་ཀྱིས་མི་བཟུང་བའི་ལྗོན་པ་དེ་རྩེ་མོ་རེངས་པའམ་གྱོང་པོ་ཡིན་པ་ཆོས་ཉིད་ཅིག་ཡིན་ནོ། ས་པཎ་གྱིས་ཁྱི་ཕག་རྣམས་ལ་དྲི་ཞིམ་དང་་་་

ལྷན་སྐྱེས་ཡོན་ཏན་མེད་གྱུར་ན། །
ཕྱི་ཚུལ་བཅོས་པས་ཅི་ལ་ཕན། །
ཡལ་འདབ་མེད་པའི་ཤིང་སྐམ་དེར། །
ཅོད་པན་བཏགས་ཀྱང་ག་ལ་མཛེས། །
ལྷན་གཅིག་སྐྱེས་པའི་ཡོན་ཏན་མེད་གྱུར་ན་ཕྱི་ཚུལ་ཙམ་ལ་བཅོས་པས་ཅི་ཞིག་སྟེ་ཅི་ལ་ཕན་ཏེ། དཔེར་ན། ཡལ་ག་དང་འདབ་མ་མེད་པའི་ཤིང་སྐམ་མདེར་ཅོད་པན་ཏེ་རྒྱན་ཆ་ཇི་ལྟར་བཏགས་ཀྱང་ག་ལ་མཛེས་ཏེ་མི་མཛེས་པའི་ཕྱིར་རོ། །དེ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། ཚུལ་འཆོས་སྤྱོད་པ་བྱ་བ་ཡིས། །ཚུལ་འཆོས་སྤྱོད་པ་གང་བྱེད་པ། །དེ་ནི་བཙུན་པ་མི་འགྱུར་ཏེ། །བྲམ་ཟེ་ཡ་ནའི་བྱུང་བ་བཞིན། །ཞེས་གསུང་པ་ལྟར་རོ།

བསླབ་སྦྱངས་དུས་ན་གཡེལ་བ་དེས། །
མཁས་འདོད་རེ་བ་འབྲས་མེད་ཡིན། །
མེ་ཏོག་སད་ཀྱིས་ཁྱེར་བ་ཡི། །
ཤིང་ལ་འབྲས་བུ་རེ་བ་མེད། །
བསླབ་སྦྱངས་བྱེད་པའི་དུས་ན་སེམས་གཡེལ་ཞིང་གཡེངས་པའི་མི་དེས་མཁས་པ་འདོད་པའི་རེ་བ་ལ་འབྲས་བུ་མེད་པ་ཡིན་པ་སྟེ། དཔེར་ན། མེ་ཏོག་ལྡན་པའི་དུས་སུ་སད་དང་སེར་བས་ཁྱེར་བ་དེ་ཡིས་ཤིང་ལ་འབྲས་བུ་རེ་བ་མེད་པ་བཞིན་ནོ། །ས་པཎ་གྱིས། མཁས་པ་སློབ་པའི་དུས་ན་སྡུག །བདེ་བར་སྡོད་ལ་མཁས་མི་སྲིད། །བདེ་བ་ཆུང་ལ་ཆགས་པ་དེས། །ཆེན་པོའི་བདེ་བ་ཐོབ་མི་སྲིད། །ཅེས་གསུངས་པ་ལྟ་བུའོ། །

བློ་གྲོས་རྩལ་དང་མི་ལྡན་ན། །
གོ་ས་མཐོ་ཡང་ཁྲེལ་བའི་གཞི། །
ཤིང་ལས་བྱས་པའི་སེང་གེ་དེ། །
འཇིགས་འཇིགས་འདྲ་ཡང་སྙིང་བོ་མེད། །
ལེགས་ཉེས་རྣམ་པར་འབྱེད་པའི་བློ་གྲོས་ཀྱི་རྩལ་དང་མི་ལྡན་ན་སྟོབས་དང་གོ་ས་ཅི་འདྲ་མཐོ་ཡང་མི་རྣམས་ཀྱིས་ཁྲེལ་བའི་གཞི་ཡིན་ཏེ། དཔེར་ན་། རྒྱུ་ཤིང་ལས་བྱས་པའི་སེང་གེ་དེ་ཕར་ལྟས་འཇིགས་ཤིང་འཇིགས་པ་འདྲ་སྣང་ཡང་སྙིང་པོ་གང་ཡང་མེད་པ་ལྟར་རོ། །

དྲི་ཞིམ་བསུང་དང་མ་ལྡན་ན། །
ཙན་དན་ཡིན་ཞེས་སྨྲས་ཀྱང་རྫུན། །
དམ་པའི་ཚུལ་དང་མི་མཐུན་ན། །
དམ་པར་ཁས་འཆེ་དོན་དང་བྲལ། །
དྲི་ཞིམ་པ་བསུང་སྟེ་འཐུལ་བ་དང་མི་ལྡན་ན་ཙན་དན་ཡིན་ཞེས་པ་མི་སུ་ཞིག་གིས་སྨྲས་ཀྱང་རྫུན་ཡིན་པ་སྟེ། དཔེར་ན། སྐྱེས་བུ་དམ་པ་རྣམས་ཀྱི་ཚུལ་ལུགས་དང་མི་མཐུན་ན་ང་རང་དམ་པའམ་མཆོག་ཏུ་གྱུར་བ་ཡིན་ནོ་ཞེས་ཁས་འཆེ་བ་ནི་དོན་དང་བྲལ་བའོ། །ས་པཎ་གྱིས། དམན་པའི་སྐྱེ་བོ་བསྟོད་གྲག་ན ་་

དམན་པ་རྒྱལ་སར་བཏོན་ན་ཡང་། །
མ་རབས་སྤྱོད་པའི་རྗེས་སུ་འཇུག །
ཆུ་ཤིང་གྱེན་དུ་སྐྱེས་ན་ཡང་། །
འདབ་མ་ཐུར་དུ་འཕྱང་བར་འགྱུར། །
སྐྱེ་བོ་དམན་པ་སྟེ་ངན་པ་དག་རྒྱལ་སར་བཏོན་པའམ་བཀོས་ན་ཡང་ཚུལ་གྱི་མ་རབས་སྤྱོད་པའི་རྗེས་སུ་འཇུག་པའམ་འགྲོ་བ་ཇི་བཞིན་དུ། དཔེར་ན། ཆུ་ཤིང་གི་སྡོང་བོ་དེ་ཐོག་མར་ཁ་གྱེན་དུ་བཏང་ནས་སྐྱེས་པའི་དབང་དུ་བཏང་ན་ཡང་མཐར་འདབ་མ་ཐམས་ཅད་ཐུར་དུ་འཕྱང་བ་སྟེ་གུག་པར་འགྱུར་རོ། །

ཨ་གར་དུམ་བུ་བརྒྱར་བཏུབས་ཀྱང་། །
ལྷན་སྐྱེས་དྲི་བཟང་མི་གཏང་ལྟར། །
དམ་པ་ཅི་ཙམ་རྒུད་ན་ཡང་། །
བཟང་པོའི་རང་བཞིན་ག་ལ་འདོར། །
སྨན་ཨ་ག་རུ་ཞིག་དུམ་བུ་བརྒྱར་བཏུབས་ཀྱང་ཁོ་རང་གི་ལྷན་སྐྱེས་ཀྱི་དྲི་མ་བཟང་པོ་དེ་ཉིད་མི་གཏང་བར་ཡོད་པ་ལྟར་སྐྱེས་བུ་དམ་པ་རྣམས་ཇི་ཙམ་རྒུད་ནས་ཞན་ན་ཡང་ཁོང་གིས་བཟང་པོའི་རང་བཞིན་ནམ་གཤིས་ལུགས་བཟང་པོ་དེ་ག་ལ་འདོར་ཏེ་མི་འདོར་པའོ། །

ཤུག་པའི་ལོ་མ་མེར་བཅུག་ན། །
ལྷག་པར་དྲི་བཟང་རྒྱས་པ་བཞིན། །
དམ་པ་རྣམས་ལ་གནོད་བྱས་པས། །
ཕྱིར་ཞིང་དེ་ཡི་ཆེ་བ་འདོན། །
དྲི་ཞིམ་ཅན་གྱི་ཤུག་པའི་ལོ་མ་མེར་ཏེ་མེ་ཡི་ནང་དུ་བཅུག་ན་ཡང་ཆེས་ལྷག་པར་དུ་དྲི་ཞིམ་བཟང་པོ་རྒྱས་པ་བཞིན་དུ་དམ་པ་རྣམས་ལ་གནོད་པ་ཅི་འདྲ་བྱས་ཀྱང་ཕྱིར་ཞིང་སྟེ་ལྷག་པར་དུ་དམ་པ་དེ་ཡིས་ཆེ་བ་འདོན་པ་སྟེ་ཡོན་ཏན་ཇེ་རྒྱས་སུ་འགྲོ་བ་ལས་གཞན་མེད་དོ། །

དམ་པ་དབེན་པར་གནས་ན་ཡང་། །
གྲགས་སྙན་ལྷ་ཡིས་སྒྲོག་པ་བྱེད། །
ལྷོ་ཡི་རི་ལས་སྐྱེས་པ་ཡི། །
ཙན་དན་དྲི་བསུང་རླུང་གིས་འགྱེད། །
སྐྱེས་བུ་དམ་པ་རྣམས་ནི་དབེན་པའི་ཡུལ་ཏེ་དགོན་པའམ་རི་ཁྲོད་ལ་གནས་ཀྱང་དེ་ཡི་གྲགས་པ་སྙན་པོ་དེ་ནི་དཀར་ཕྱོགས་ལ་མངོན་པར་དགའ་བའི་ལྷ་ཡིས་སྒྲོག་པར་བྱེད་པ་སྟེ། དཔེར་ན། ལྷོ་ཕྱོགས་ཀྱི་རི་ལས་སྐྱེས་པའམ་བཞད་པའི་ཙན་དམ་གྱི་དྲི་བསུང་བཟང་པོ་དེ་རླུང་གིས་ཕྱོགས་ཀུན་ཏུ་འགྱེད་པ་ལྟར་ཡིན་ནོ། །ས་པཎ་གྱིས། དམ་པའི་ཡོན་ཏན་སྦས་གྱུར་ཀྱང་། །འཇིག་རྟེན་ཀུན་ལ་ཁྱབ་པར་གསལ། །སྣ་མའི་མེ་ཏོག་ལེགས་བཀབ་ཀྱང་། །དྲི་ཞིམ་ཀུན་ཏུ་ཁྱབ་པར་འགྱུར་ཞེས་པ་ལྟ་བུའོ། །

ཁྱོག་པའི་ཤིང་དེ་བསྲངས་ན་ཡང་། །
རླན་དང་འཕྲད་ཚེ་ཡ་ཡོར་འགྱུར། །
རང་བཞིན་ངན་པ་བཅོས་ན་ཡང་། །
རྐྱེན་དང་འཕྲད་ཚེ་རང་མཚང་འདོན། །
གཡས་དང་གཡོན་དུ་འཁྱོག་པའི་ཤིང་དེ་རེ་ཞིག་བསྲངས་ན་ཡང་རླན་དང་འཕྲད་ཚེ་སླར་ཡང་ཡ་ཡོར་དུ་འགྱུར་བ་དེ་བཞིན་དུ་རང་བཞིན་ངན་པའི་མི་དེ་གནས་སྐབས་བཅོས་པར་བྱས་ན་ཡང་ཕྱིས་ནས་རྐྱེན་ངན་པ་དང་འཕྲད་ཚེ་རང་འཚང་ངན་པ་དེ་འདོན་པའོ། །དེ་ལ་ས་པཎ་གྱིས། གཡོ་ཅན་ཚུལ་བཟོ་ངག་འཇམ་ལ། །མ་བརྟགས་བར་དུ་ཡིད་མི་བརྟན། །རྨ་བྱ་གཟུགས་མཛེས་སྐད་སྙན་ཡང་། །དེ་ཡི་ཁ་ཟས་དུག་ཆེན་ཡིན། །ཞེས་པ་ལྟ་བུའོ། །

ཀླད་ཆུང་རང་བཞིན་ངན་པ་ལ། །
ཡོན་ཏན་ཡོད་ཀྱང་ཕན་མི་ཐོགས། །
རྩ་བ་དུག་ཏུ་གནས་པ་ཡི། །
མེ་ཏོག་མཛེས་ཀྱང་སུ་ལ་མཁོ། །
ཀླད་རྒྱ་ཆུང་བ་དང་རང་བཞིན་ངན་པ་ལ་ཡོན་ཏན་ཅུང་ཟད་ཙམ་ཡོད་ཀྱང་མི་གཞན་ལ་ཕན་མི་ཐོགས་ཏེ། དཔེར་ན། རང་གང་ལས་སྐྱེས་པའི་རྩ་བ་དུག་ཏུ་གནས་པའམ་དུག་ཡིན་པ་ལ་དེ་ཡི་མེ་ཏོག་ཕྱི་ནས་མཛེས་ཀྱང་སུ་ཞིག་ལ་མཁོ་སྟེ་མི་མཁོ་བ་བཞིན་ནོ། །

ཙན་དན་ཤུག་པའི་ཀ་བ་གཉིས། །
གདུང་མ་འདེགས་པའི་ནུས་པ་མཚུངས། །
སྙིང་སྟོབས་ལྡན་ན་དབུལ་ཕྱུག་གཉིས། །
བྱ་བ་བྱེད་པའི་དུས་སུ་འདྲ། །
ཙན་དན་དང་ཤུག་པའི་ཀ་བ་གཉིས་ཁང་པའི་གདུང་མ་ཡར་འདེགས་པའི་ནུས་པ་མཚུངས་པ་ལྟར་སྙིང་སྟོབས་ཆེན་པོ་དང་ལྡན་པ་ཡིན་ན་མི་དབུལ་པོ་དང་ཕྱུག་པོ་གཉིས་ཀྱིས་བྱ་བ་བྱེད་པའི་ཚེའམ་དུས་སུ་འདྲ་བ་ཡིན་ནོ། །

ལོངས་སྤྱོད་མངའ་ཐང་མཉམ་ན་ཡང་། །
བཟང་ངན་ལས་ལ་སྦྱར་ན་ཤེས། །
ཕྲ་སྦོམ་མཉམ་ཡང་ཆུར་འཕངས་ན། །
ཤིང་གི་མགོ་མཇུག་ཤེས་པར་ནུས། །
ལོངས་སྤྱོད་དང་མངའ་ཐང་མཉམ་ཞིང་འདྲ་ན་ཡང་མི་དེ་རྣམས་ནི་བྱ་བ་བསྒྲུབ་པའི་ལས་ལ་སྦྱར་ན་ནུས་པ་ཆེ་ཆུང་ཤེས་ནུས་པ་སྟེ། དཔེར་ན། ཤིང་ཞིག་གི་ཕྲ་སྦོམ་མཉམ་ན་ཡང་ཤིང་དེ་ཆུ་ཡི་ནང་དུ་འཕངས་ན་ཤིང་དེ་ཡི་མགོ་མཇུག་ཤེས་པར་ནུས་པ་ལྟ་བུའོ། །

མཁས་པའི་སྐྱེ་བོ་ཡུལ་གཞན་དུ། །
བྲིན་ཞིང་ཀུན་གྱིས་བཀུར་བར་འགྱུར། །
ནགས་སུ་སྐྱེས་པའི་ཤིང་གིས་ནི། །
གཞན་དུ་ཤིང་གི་བྱ་བ་བྱེད། །
མཁས་པའི་སྐྱེ་བོ་ནི་ཡུལ་ཁམས་གཞན་དུ་བྲིན་པའམ་རིན་ཐང་ཆེ་ཞིང་སེམས་ཅན་ཀུན་གྱིས་གོང་དུ་བཀུར་བར་འགྱུར་བ་ནི། དཔེར་ན། ནགས་སུ་སྐྱེས་པའི་ཤིང་གིས་ནི་ཡུལ་ཕྱོགས་གཞན་དུ་ཤིང་རིན་ཐང་གི་བྱ་བ་བྱེད་པ་བཞིན་ནོ། །ལེགས་བཤད་ལས། མཁས་པ་རང་གི་ཡུལ་ལས་ཀྱང་། །ཡུལ་ཁམས་གཞན་ལས་མཆོད་པ་ཐོབ། །ནོར་བུ་གཞན་དུ་བྲིན་པ་ཙམ། རྒྱ་མཚོའི་གླིང་དུ་ག་ལ་བྲིན། །ཞེས་པ་ལྟ་བུ་འོ། །

ཤིང་བལ་རླུང་གིས་བདས་པ་དེ། །
རི་རྩེར་མི་སྡོད་གཤོང་དུ་ཆགས། །
བློ་ཆུང་ཕྱོགས་མཐར་འཁྱམས་འཁྱམས་ནས། །
མཐའ་མར་རྒུད་པའི་གནས་སུ་ལྷུང་། །
ཤིང་གི་བལ་དེ་རླུང་གིས་བདས་པས་ཤིང་བལ་དེ་ཉིད་རི་ཡི་རྩེ་མོ་རུ་མི་སྡོད་པར་གཤོང་ངམ་དམའ་སར་ཆགས་པ་ལྟར། བློ་ཤེས་རྒྱ་ཆུང་བ་ཡི་མི་དེ་ཕྱོགས་ཀྱི་མཐར་འཁྱམས་ནས་དེ་ལྟར་འཁྱམས་པའི་མཐའ་མར་རྒུད་པ་སྟེ་ཉམས་པའི་གནས་སུ་ལྷུང་བ་ལས་འོས་མེད་པའོ། །

སྐྱོན་གྱིས་གོས་པ་ཆེས་སླ་སྟེ།།
ཡོན་ཏན་སློབ་པ་དེ་ལྟ་མིན། །
ཤིང་ལ་མེ་ལྕེ་མཆེད་སླ་ཡང་། །
ཆུ་བོ་སོ་སོར་འགྱེས་པར་དཀའ། །
གྲོགས་ལ་སྐྱོན་ཡོད་པ་དེ་རང་ལ་གོས་པ་ཆེས་སླ་བ་ཞིག་ཡིན་པ་སྟེ་ཤེས་བྱ་ཡོན་ཏན་སློབ་པ་ལ་དེ་ལྟར་ལས་སླ་མོ་ཞིག་མིན་ཏེ། དཔེར་ན། ཤིང་ལ་མེ་ལྕེ་མཆེད་པ་ཆེས་སླ་ཡང་ཆུ་བོ་རྣམས་སོ་སོར་འབྱེད་དགོས་ན་དཀའ་བ་ལྟ་བུའོ། །

མ་རབས་སྐྱེ་བོ་གཉིས་འགྲོགས་ན། །
ཕུགས་སུ་རང་གཞན་གཉིས་ཀ་འཕུངས། །
གཙུབ་ཤིང་ཟུང་དུ་བརྡར་བ་ཡིས། །
མཇུག་ཏུ་གཉིས་ཀ་བསྲེག་པར་བྱེད། །
མ་རབས་སྤྱོད་པ་ཅན་གྱི་སྐྱེ་བོ་འམ་མི་གཉིས་གྲོགས་སུ་འགྲོགས་ན་ཕུགས་སུ་རང་གཞན་གཉིས་ཀ་འཕུངས་པ་ནི། དཔེར་ན། གཙུབ་པའི་ཤིང་གཉིས་ཟུང་དུ་བརྡར་བ་ཡིས་མཐའ་མཇུག་ཏུ་གཉིས་ཀ་བསྲེག་པར་བྱེད་པ་ཇི་བཞིན་ནོ། །

ཕུན་སུམ་ཚོགས་པའི་ལྗོན་པ་ཡང་། །
ཆུ་དང་འགྲོགས་ན་རྩ་བ་འབྱིན། །
ཡ་རབས་ཡོན་ཏན་ལྡན་པ་ཡང་། །
གྲོགས་པོ་ངན་པས་ཉམས་པར་བྱེད། །
ཕུན་སུམ་ཚོགས་པའི་ལྗོན་ཤིང་བཟང་པོ་ཡང་ཆུ་དང་མ་བྲལ་བར་འགྲོགས་ན་ཤིང་དེ་ཡི་རྩ་བ་འབྱིན་པ་ལྟར་མི་ཡ་རབས་ཀྱི་ཡོན་ཏན་མང་པོ་ལྡན་པ་ཡང་གྲོགས་པོ་ངན་པ་དང་འགྲོགས་པས་ན་དེ་ཡི་སྐྱོན་གྱིས་ཡོན་ཏན་ཉམས་པར་བྱེད་དོ། །འདི་ནི་ཆང་འཐུང་བའི་དཔེ་ཡིས་མཚོན་ནུས་པ་རེད།

འབྲས་ལྡན་ཤིང་གཉིས་སྦྱར་བ་ལས། །
འབྲས་བུ་ཕུང་གསུམ་འབྱུང་བ་ལྟར། །
བློ་དང་ལྡན་པ་གཉིས་འགྲོགས་ན། །
སྔོན་མེད་ལེགས་པའི་བློ་གྲོས་སྐྱེ། །
འབྲས་བུ་དང་ལྡན་པའི་ཤིང་གཉིས་ཀྱི་ས་བོན་སྦྱར་བ་ལས་དེ་ཡི་འབྲས་བུ་ཕུང་གསུམ་པ་ཞིག་འབྱུང་བ་ལྟར་ལེགས་ཉེས་རྣམ་པར་འབྱེད་པའི་བློ་གྲོས་དང་ལྡན་པ་གཉིས་ལྷན་གཅིག་ཏུ་འགྲོགས་པ་ན་སྔོན་མེད་པའི་ལེགས་པའི་བློ་གྲོས་ཤིག་སྐྱེ་བ་ཡིན་ནོ། །དེ་ལ་ས་པཎ་གྱིས། །བློ་གྲོས་ལྡན་པ་གཉིས་འགྲོགས་ན། །བློ་གྲོས་ལེགས་པ་གཞན་འབྱུང་སྲིད། །ཡུང་མ་དང་ནི་ཚ་བ་ལས། །ཁ་དོག་གཞན་ཞིག་འབྱུང་བར་ལྟོས། །ཞེས་གསུངས་པ་ལྟར་རོ། །

ལྗོན་པའི་གྲིབ་བསིལ་བསྟེན་པ་ཡིས། །
གླང་པོས་ཤིང་གི་རྩ་བ་འབྱིན། །
གཡོག་འཁོར་ངན་པ་བསྟེན་པ་ཡིས། །
ལེགས་བྱས་རྩ་བ་ཉམས་པར་བྱེད། །
ཤིང་སྡོང་གི་ལྗོན་པའི་གྲིབ་མའམ་གྲིབ་བསིལ་ལ་བསྟེན་པ་ཡི་གླང་པོ་ཆེན་པོས་ཤིང་སྡོང་གི་རྩ་བ་དེ་ཉིད་འབྱིན་པ་བྱེད་པ་དེ་བཞིན་དུ་གཡོག་འཁོར་ངན་པ་ལ་བསྟེན་པའི་མི་དེ་ཡིས་རང་གི་ལེགས་བྱས་ཀྱི་རྩ་བ་དེ་ཉིད་ཉམས་པར་བྱེད་དོ། །གུང་ཐང་རིན་པོ་ཆེས། འཁོར་ལ་བྱམས་པ་སྒོམ་པ་དགོས་མོད་ཀྱང་། །འཁོར་ངན་སྐྱོང་ན་ཁ་མཆུ་སྣ་འདྲེན་ཡིན། །ཞེས་སོ། །

ཤིང་སྡོང་གཙུག་གིས་བཀུར་བ་ཡི། །
འདབ་ཆགས་འགྲོ་ཚེ་བྱ་ཐལ་གཏོང་། །
ཟླ་གྲོགས་ངན་པ་བསྟེན་ན་ཡང་། །
ནམ་ཞིག་རྗེས་ངན་བཞག་ནས་འགྲོ། །
ཤིང་སྡོང་བཟང་པོ་སྤྱི་བོའི་གཙུག་གིས་བཀུར་འོས་པ་དེ་ཡི་གནས་ལ་འདབ་ཆགས་ཀྱི་བྱ་རྣམས་འགྲོ་ཚེ་བྱ་ཐལ་ཏེ་བྱ་རིལ་གཏང་བ་ལྟར། དཔེར་ན། ཟླ་གྲོགས་ངན་པ་ཞིག་ལ་བསྟེན་ན་ཡང་ནམ་ཞིག་གི་ཚེ་ན་རྗེས་ངན་པ་ཞིག་བཞག་ནས་འགྲོ་བ་ཇི་བཞིན་ནོ། །ས་པཎ་རིན་པོ་ཆེ་ཡིས། བྱ་བ་མི་འདྲ་བརྒྱ་ཕྲག་ཙམ། །མཐར་ཕྱིན་བྱ་བ་གཅིག་ཀྱང་མེད། །བློ་རྒོད་ཕལ་ཆེར་གྲོང་བར་གྱི། །ཁྱི་རྒན་འདྲ་བར་རྒྱུན་དུ་འཁྱམས། །ཞེས་སོ། །

ངན་པར་ཅི་ཙམ་ཕན་བཏགས་ཀྱང་། །
ལན་དུ་ཕན་པའི་རེ་བ་མེད། །
ཤིང་གིས་རྟག་ཏུ་མེ་གསོས་ཀྱང་། །
མེ་ཡིས་དེ་ཉིད་ཐལ་བར་བྱེད། །
གྲོགས་པོ་ངན་པ་ལ་ཕར་ཅི་ཙམ་ཕན་བཏགས་ཀྱང་ཚུར་ལ་ལན་དུ་ཕན་བཏགས་པའི་རེ་བ་ཡི་གོ་སྐབས་མེད་པ་ནི་རི་བོང་གི་ར་བཞིན། དཔེར་ན། ཤིང་གིས་དུས་རྟག་ཏུ་མེ་གསོས་པ་ཡིན་མོད་ཀྱང་མེ་དེ་ཡིས་ཤིང་དེ་ཉིད་ཐལ་བར་བྱེད་པ་ལྟར་རོ། །ལེགས་བཤད་ལས། བྱ་རོག་གིས་ནི་བསྐུང་བ་དང་། །གཞུང་ངན་པ་ལ་ཕན་བཏགས་པ། །ཞིང་ངན་ས་བོན་བཏབ་པ་རྣམས།  །རེ་བ་མང་སྟེ་སྤྱོད་པ་ཉུང་། །ཞེས་པ་ལྟར་རོ། །

བློ་དང་མཐུ་ལྡན་རེ་རེས་ཀྱང་། །
མཆོག་དམན་ཀུན་གྱི་དགོས་པ་བསྒྲུབ། །
འོད་མའི་གནམ་རུ་གཅིག་གིས་ཀྱང་། །
ཉག་ཕྲན་སྟོང་གི་བྱ་བ་བྱེད། །
བློ་གྲོས་ཀྱི་ནུས་མཐུ་ལྡན་པའི་སྐྱེ་བོ་རེ་རེས་ཀྱང་མི་མཆོག་དམན་ཀུན་གྱི་དགོས་དོན་བསྒྲུབ་པ་ནི་དཔེར་ན། འོད་མའི་གནམ་རུ་སྟེ་གཞི་གཅིག་གིས་ཀྱང་ཉག་ཕྲན་ནམ་མདའ་མོ་སྟོང་གི་བྱ་བ་བྱེད་ནུས་པ་ཇི་བཞིན་ནོ། །

ལོངས་སྤྱོད་དཔལ་དང་མི་ལྡན་ན། །
རིགས་རུས་མཐོ་ཡང་དགོས་པ་ཆུང་། །
དགོས་པའི་གྲིབ་བསིལ་མེད་གྱུར་ཚེ། །
རྩེ་མོ་མཐོ་བས་ཅི་ལ་ཕན། །
རྒྱུ་ནོར་ལོངས་སྤྱོད་དང་རིག་པའི་གནས་ཀྱི་དཔལ་ཕུན་སུམ་ཚོགས་པ་དང་མི་ལྡན་ན་རྒྱལ་བོ་ལྟ་བུའི་རིགས་དང་རུས་པ་མཐོ་ཡང་དགོས་པ་ཆུང་བ་ནི། དཔེར་ན། ཚ་བ་དང་ཚད་པས་གདུང་བ་ལ་དགོས་པའི་གྲིབ་བསིལ་མེད་ནའམ་མེད་པར་གྱུར་ན་ཤིང་གི་རྩེ་མོ་ཙམ་མཐོ་བས་སམ་མཐོ་ཡང་ཅི་ལ་ཕན་ཏེ་མི་ཕན་པ་བཞིན་ནོ། །དེ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས། ཡོན་ཏན་དག་ལ་འབད་བྱ་ཡིས། །འགྱིང་ཚུལ་དགོས་པ་ཅི་ཞིག་ཡོད། །འོ་མ་མེད་པར་གྱུར་བའི་བ། །།དྲིལ་བུ་བཏགས་ཀྱང་ཉོ་མི་འདོད། །ཅེས་གསུངས་པ་ལྟ་བུའོ། །

རྩ་བ་བསོད་ནམས་མེད་གྱུར་ན། །
བསགས་པས་དབུལ་བ་མི་སེལ་ཏེ། །
སྡོང་བོ་རླན་དང་བྲལ་བ་ལ། །
ཡལ་ག་ཆུ་བོས་བྱུགས་ཀྱང་ཅི། །
ལོངས་སྤྱོད་ཀྱི་རྩ་བ་དགེ་བའི་བསོད་ནམས་བསགས་པ་མེད་པར་གྱུར་ན་ད་ལྟ་ལོངས་སྤྱོད་མང་པོ་གསོག་འདོད་པའམ་བསགས་པས་དབུལ་བའི་སྡུག་བསྔལ་མི་སེལ་ཏེ། དཔེར་ན། ཤིང་གི་སྡོང་བོ་ལ་རླན་གཤེར་དང་བྲལ་བ་ལ་ཕྱི་ནས་ཤིང་དེ་ཡི་ཡལ་ག་ལ་ཆུ་བོས་བྱུགས་ཀྱང་མི་ཕན་པ་ལྟ་བུའོ། །
བུན་དང་བསྐྱེད་ཀྱིས་ནོར་སྤེལ་བ། །

འདོད་ཀྱང་རྩ་བ་སྟོང་པ་མང་། །
ཤིང་སྐྱེས་བཅད་ནས་ས་གཞན་དུ། །
བཙུགས་པ་ཕལ་ཆེར་སྐམ་པར་འགྱུར། །
བུན་དང་བསྐྱེད་ཀྱིས་རྒྱུ་ནོར་ལོངས་སྤྱོད་གོང་ནས་གོང་དུ་སྤེལ་བར་འདོད་ཀྱང་རྩ་བ་སྟོང་པ་མང་པ་སྟེ། དཔེར་ན། ཡར་སྐྱེས་ཤིང་བཅད་ནས་ས་གཞན་དུ་བཙུགས་པ་ཕལ་ཆེར་སྐམ་པར་འགྱུར་རོ། །བསྟན་པའི་སྒྲོན་མེས། མཚན་སྙན་གྲགས་སྟོང་སྐད་འབྲུག་གི་སྒྲ། །ལས་བསོད་ནམས་སྤྲིན་ཕུང་ཡལ་བའི་རྒྱུ། །བཅོལ་ཆུང་གི་ཤིང་ལོ་རླུང་ཁྱེར་དེ། །མཐར་སྨད་པའི་རྫབ་ཏུ་ལྷུང་ཉན་ཡོད། །ཅེས་གསུངས་སོ། །

གཡང་ས་མཐོན་པོར་སྐྱེས་པ་ཡི། །
ས་ཧ་ཀཱ་རའི་འབྲས་བུ་བཞིན། །
རང་གཞན་གང་ལའང་མི་ཕན་པའི། །
ལོངས་སྤྱོད་ཆེ་དེ་སྦ་བ་ཡིན། །
གཡང་ས་འཇིགས་སུ་རུང་བ་ཤིན་ཏུ་མཐོན་པོར་སྐྱེས་པ་ཡི་ས་ཧ་ཀཱ་རིའི་འབྲས་བུ་དེ་ཅུང་ཟད་ཀྱང་མི་ཕན་པ་བཞིན་དུ་རང་གིས་ལོངས་མི་སྤྱོད་པ་དང་གཞན་ལ་སྦྱིན་པ་མི་བྱེད་པས་ན་མི་ཕན་པའི་ལོངས་སྤྱོད་ཆེ་བོ་དེ་ནི་སྦ་བ་སྟེ་མགྲིན་པ་ལ་ཤ་ལྷག་གསོབ་ཅན་སྐྱེས་པ་ཅན་རེད་ཅེས་ཟེར།
ལོངས་སྤྱོད་སྤེལ་བར་འདོད་པ་ཡིས། །

ཆ་ཤས་གཏོང་བ་མན་ངག་སྟེ། །
ལྗོན་ཤིང་ཡལ་ག་རྒྱས་འདོད་ན། །
རྩེ་མོ་འབྲེག་པ་ཐབས་སུ་བཟང་། །
ལོངས་སྤྱོད་གོང་ནས་གོང་དུ་སྤེལ་བར་འདོད་པ་ཡི་མི་དེས་ཆ་ཤས་ཙམ་ཡིན་ན་ཡང་སྦྱིན་པ་གཏོང་བ་མན་ངག་ཡིན་ཏེ། དཔེར་ན། ལྗོན་ཤིང་ཡལ་ག་རྒྱས་པར་འདོད་ན་དེ་ཡི་རྩེ་མོ་ནས་འབྲེག་པ་ཐབས་སུ་བཟང་བ་ལྟར་རེད།

དམན་པས་བསགས་ཀྱང་མི་འགྲུབ་ལ། །
བསོད་ནམས་ལྡན་པས་བཏང་ཡང་འབྱོར། །
རླན་སར་བཅད་ཀྱང་སྐྱེ་བའི་ཤིང་། །
སྐམ་སར་བཙུགས་ཀྱང་ག་ལ་སྐྱེ། །
ལས་དང་བསོད་ནམས་དམན་པས་ཚུར་བསགས་ཀྱང་མི་འགྲུབ་ལ་སྦྱིན་པ་ལ་སོགས་པའི་བསོད་ནམས་ལྡན་པས་ཕར་སྦྱིན་པ་བྱས་ནས་བཏང་ཡང་འབྱོར་བ་མི་ཉམས་པ་དཔེར་ན། རླན་དང་ལྡན་པའི་སར་བཅད་ཀྱང་སྐྱེ་བའི་ཤིང་དེ་ཉིད་སྐམ་པའི་སར་བཙུགས་ཀྱང་ག་ལ་སྐྱེ་སྟེ་མི་སྐྱེ་བ་བཞིན་ནོ། །
ལམ་ཁའི་ཤིང་གི་འབྲས་བུ་དེ། །

བྱིས་པའི་རྡོ་ཆར་འབེབས་པའི་རྒྱུ། །
བདག་པོ་ངན་པའི་ལོངས་སྤྱོད་ཀྱང་། །
ཕལ་ཆེར་དགྲ་ཡི་གཡབ་མོ་ཡིན། །
ལམ་ཁ་ལ་སྐྱེ་བའི་ཤིང་གི་འབྲས་བུ་དེ་ལ་ན་ཚོད་མ་སྨིན་པའི་བྱིས་ན་རྣམས་ཀྱི་རྡོ་ཆར་འབེབས་པའི་རྒྱུ་ཡིན་པ་ལྟར་བདག་པོ་རང་གིས་ལོངས་སྤྱོད་མི་ནུས་པའི་རྒྱུ་དེ་ནི་དགྲ་དང་རྐུན་མ་ལ་སོགས་པའི་གཡབ་མོ་སྟེ་འབོད་མཁན་ཡིན་པའོ། །

བསོད་ནམས་དམན་པའི་སྐྱེས་བུ་དེར། །
དཔལ་འབྱོར་བྱུང་ན་སྲོག་ཀྱང་བརླག།
སྨྱུག་མའི་ཤིང་གི་རྩེ་མོ་ལ། །
འབྲས་བུ་ཆགས་པ་ཉམས་པའི་རྟགས། །
དགེ་བའི་བསོད་ནམས་དམན་པའི་སྐྱེས་བུ་དེ་ལ་བློ་བུར་དུ་དཔལ་འབྱོར་བྱུང་ན་ཁོ་རང་གི་སྲོག་ཀྱང་བརླག་པའི་རྒྱུ་ཡིན་ཏེ། དཔེར་ན། སྨྱུག་མའི་ཤིང་གི་རྩེ་མོ་ལ་འབྲས་བུ་ཆགས་པ་ན་སྨྱུག་མ་དེ་ཉིད་ཉམས་པའི་རྒྱུ་སྟེ་ལྟས་ཤིག་ཡིན་པ་བཞིན་ནོ། །

བུར་ཤིང་གཅོད་པ་རོ་ཡི་ཕྱིར། །
ཝ་སྐྱེས་གསོད་པ་པགས་པའི་སླད། །
དོན་མཐུན་འཇོམས་པ་ནོར་གྱི་དོན། །
རྒྱལ་པོར་རྒོལ་བ་འབངས་ཀྱི་ཆེད། །
བུ་རམ་གྱི་ཤིང་གཅོད་པ་ནི་མངར་མོ་རོ་ཡི་ཕྱིར་དུ་ཡིན་པ་དང་དེ་བཞིན་དུ་ཝ་སྐྱེས་རྣམས་གསོད་པ་པགས་པའི་སླད་དང་དོན་མཐུན་འཇོམས་པ་སྟེ་ཚོང་པའམ་མགྲོན་པོ་བཅོམ་པ་ནི་ལོངས་སྤྱོད་ཀྱི་སླད་དམ་དོན་ཡིན་པ་མ་ཟད་རྒྱལ་བོ་རྣམས་ཀྱང་ཕན་ཚུན་རྒོལ་བ་དེ་ནི་མངའ་འབངས་ཀྱི་ཆེད་དུ་ཡིན་ནོ། །

ཤིང་ལ་ཐོག་མར་ཐིག་འདེབས་ཀྱི། །
དྲས་ཤིང་བཏུབས་ནས་བསྒྱུར་དུ་མེད། །
བྱ་བའི་ཐོག་མར་བསམ་དགོས་ཀྱི། །།
རྗེས་ནས་འགྱོད་བརྡལ་བླུན་པོའི་རྟགས། །
ཤིང་མཁན་རྣམས་ཀྱིས་ཤིང་གི་ཚད་ཐོག་མར་ཐིག་འདེབས་ནས་གཅོད་པར་བྱེད་ཀྱི་ཐིག་གི་སྔོན་ནས་ཤིང་དེ་དྲས་ཤིང་གཏུབས་ནས་རྗེས་སུ་བསྒྱུར་དུ་མེད་པ་ལྟར་བྱ་བ་བསྒྲུབ་པའི་ཚེ་ཐོག་མར་བརྟག་དཔྱད་ཀྱི་སྒོ་ནས་བསམ་དགོས་པ་ཡིན་གྱི་བྱ་བ་བསྒྲུབ་ཚར་རྗེས་སུ་འགྱོད་བརྡལ་བྱེད་པ་ནི་བླུན་པོ་སྟེ་གཟའ་བོའི་རྟགས་རེད་ཅེས་གསུངས་སོ། །

སྟབས་ལེགས་ཙམ་གྱིས་དོན་གྲུབ་ཀྱང་། །
བློ་དང་ལྡན་པར་སུ་ཞིག་རློམ། །
ལོ་མ་འཁུམས་ནས་ཉལ་བའི་ཤིང་། །
སེམས་ལྡན་བསྒྲུབས་པ་མུ་སྟེགས་ལུགས། །
དུས་སྐབས་ཤིག་ལ་སྟབས་ལེགས་ཙམ་གྱིས་དོན་ཞིག་གྲུབ་ན་ཡང་དེ་ནི་བློ་དང་ལྡན་པ་ཡིན་སྙམ་དུ་མི་སུ་ཞིག་གིས་རློམ་སྟེ་མི་རློམ་པ་སྟེ། དཔེར་ན། རང་གི་ལོ་མ་འཁུམས་ནས་ཉལ་བ་ལྟ་བུ་སྣང་བའི་ཤིང་དེ་ནི་སེམསས་དང་ལྡན་པ་ཡིས་བསྒྲུབས་པ་ཡིན་འདོད་པ་ནི་ཕྱི་རོལ་མུ་སྟེགས་པའི་ལུགས་ཡིན་པ་དང་འདྲའོ། །དེ་ལ་རྗེ་ས་པཎ་གྱིས། བླུན་པོས་བྱ་བ་ལེགས་གྲུབ་ཀྱང་། །སྟེས་དབང་ཡིན་གྱི་བསྒྲུབས་པས་མིན། །སྲིན་བུའི་ཁ་ཆུ་དར་སྐུད་དུ། ། འགྲོ་བ་མཁས་ནས་བྱུང་བ་མིན། །ཞེས་གསུངས་པ་ལྟར་རོ། །

སྲང་མདོར་ལོ་འདབ་ཉལ་ཉིལ་དུ། །
གནས་པའི་ཤིང་དེ་ཀུན་གྱིས་བརྫི། །
དོན་མེད་འཆོལ་བའི་གཏམ་མང་བའི། །
མི་དེ་ཀུན་ལ་ངོ་ཐང་ཆུང་། །
ལམ་གྱི་སྲང་མདོར་ལོ་འདབ་ཉལ་ཉིལ་དུ་གནས་པའི་ཤིང་ལ་སོགས་པ་དེ་རྣམས་མི་ཀུན་གྱིས་བརྫི་ནས་འགྲོ་བ་ལྟར་དོན་མེད་པའི་འཆོལ་བའི་གཏམ་མང་གྲགས་པའི་མི་དེ་མི་གཞན་ཀུན་གྱི་ངོ་ཐང་ཆུང་བའོ། །

མི་ངན་བྱས་པ་ཆུང་ན་ཡང་། །
དྲིན་ཆེའི་ཡུས་ཀྱིས་རྣ་བ་འགེངས། །
བུད་ཤིང་རློན་པ་མེ་ཆུང་ཡང་། །
དུད་པ་ནག་པོས་ཚང་མང་འགེངས། །
མི་ངན་པ་རྣམས་ཀྱིས་བྱས་པ་ཅུང་ཟད་དམ་ཆུང་ངུ་བྱས་ཡོད་ན་ཡང་ང་རང་དྲིན་ཆེན་ཡིན་ཞེས་པའི་ཡུས་ཀྱིས་རྣ་བ་འགེངས་པར་བྱེད་པ་སྟེ། དཔེར་ན། བུད་ཤིང་རློན་པ་ཞིག་མེར་བསྲེག་ན་མེ་ཆུང་ངུ་ལས་ཀྱང་དུད་པ་ནག་པོས་ཚང་མང་སྟེ་ཇ་ཁང་འགེངས་པ་བཞིན་ནོ། །དེ་ལ་ལེགས་བཤད་ལས། དྲོད་ཆུང་ཁ་ཡིས་དགྲ་བོ་འདུལ། །རྒྱང་ནས་མཐོང་ན་ཅ་ཅོ་འབྱིན། །འཐབ་ས་ཕྲད་ན་ཐལ་མོ་སྦྱོར། །ཁྱིམ་ནང་སླེབས་ན་ང་རྒྱལ་སྨྲ། །ཞེས་པ་ལྟ་བུའོ། །

ཤིང་ལ་ལན་གཅིག་སྦྲུལ་གནས་དེ། །
ཕྱིས་ཀྱང་མཐོང་ཚེ་འཇིགས་པ་ལྟར། །
རྐུ་དང་རྫུན་ལ་གཅིག་ཞུགས་པའི། །
མི་དེར་རྟག་ཏུ་དོགས་པ་སྐྱེ། །
ཤིང་ལ་ལན་གཅིག་སྦྲུལ་གནས་ནའམ་གནས་པ་དེ་ལ་ཕྱིས་ཀྱང་ཤིང་དེ་མཐོང་ཚེ་འཇིགས་པ་སྐྱེ་བ་ལྟར་རྐུ་བྱེད་པ་དང་རྫུན་བཤད་པ་ལ་ལན་གཅིག་ཞུགས་པའི་མི་དེ་ལ་དུས་རྟག་ཏུ་གཞན་གྱིས་དོགས་པ་སྐྱེ་བ་བཞིན་ནོ། །དེ་ལ་དམངས་ཁྲོད་གཏམ་དཔེ་ལས། སྔ་མོ་སྦྲུལ་གྱིས་སྲོག་བཅད་ན། །ཕྱིར་དྲོ་ཐག་ཁྲར་འཇིགས་པ་ལྟར། །ཉིན་གཅིག་རྐུ་ལ་ཞུགས་པའི་མི། ། ཚེ་གཅིག་རྐུ་མའི་མིང་དེ་ཐོག །ཅེས་པ་ལྟར་རོ། །

ཚེར་མ་རྣོ་ཡང་བྲག་རི་ལ། །
བསྣུན་ན་རྩེ་མོ་འཇིལ་བར་བྱེད། །
སྐྱེས་བུ་དམ་པ་ཕྲག་དོག་གིས།།
སྨོད་པ་རང་གི་དམའ་འབེབས་ཡིན། །
ཚེར་མའི་སྣེ་མོ་ཤིན་ཏུ་རྣོ་ན་ཡང་བྲག་གི་རི་ལ་བསྣུན་ན་རྩེ་མོ་འཇིལ་བ་སྟེ་ཞི་བ་དང་འཇིག་པ་བྱེད་པ་ལྟར་སྐྱེས་བུ་དམ་པ་རྣམས་ལ་ཕྲག་དོག་གིས་སྨོད་པ་བྱས་ན་སྨོད་པ་པོ་རང་ཉིད་དམའ་འབེབས་བྱེད་པ་ཡིན་པ་ལས་གཞན་མེད་དོ། །ལེགས་བཤད་ལས། མཁས་པ་་མཁས་པའི་ནང་ནས་མཛེས། །བླུན་པོས་མཁས་པ་ཇི་ལྟར་མཛེས། །ཙན་དན་གསེར་ལས་རིན་ཆེ་བ། །བླུན་པོས་སོལ་བ་བྱས་ལ་ལྟོས། །ཞེས་པ་བཞིན་ནོ། །

གནས་མིན་ལ་ཡང་དུལ་ཆེ་ན། །
སྙེགས་མའི་དུས་འདིར་ཀུན་གྱིས་བརྙས། །
ཤིང་བལ་འཇལ་མོ་འཇམ་མོ་ཞེས། །
ཀུན་གྱིས་གདན་དུ་མི་བྱེད་དམ། །
རྒྱུད་ཞི་ཞིང་དུལ་བའི་གནས་མིན་པ་ལ་ཤིན་ཏུ་དུལ་ཆེ་ན་སྙིགས་མ་ལྔ་བདོ་བའི་དུས་འདིར་སེམས་ཅན་ཀུན་གྱིས་བརྙས་པ་ལ་རྒྱུད་དུལ་བ་ཡིན་པ་མི་གོ་སྟེ། དཔེར་ན། ཤིང་གི་བལ་འདི་ནི་ཤིན་ཏུ་འཇམ་མོ་འཇམ་མོ་ཞེས་མི་ཀུན་གྱིས་གདན་དུ་མི་བྱེད་དམ་སྟེ་བྱེད་པ་མིན་པ་བཞིན་ནོ། །ས་པཎ་གྱིས། མདའ་ཡིས་ཕ་རོལ་གསོད་པའམ། །ཡང་ན་རང་ཉིད་འཆག་པར་འགྱུར། །གནས་མིན་ཧ་ཅང་དྲང་པོ་ཡང་། །རང་གཞན་གཉིས་ཀ་བརླག་པར་ཡོང་། །ཞེས་པའོ། །

ཤིང་སྐྱེས་དྲང་པོ་མཛེས་ན་ཡང་། །
སྒ་ཤིང་འཁྱོག་པོ་ཅི་ལས་བཟང་། །
རང་བཞིན་དྲང་ན་བཟང་མོད་ཀྱང་། །
རེས་འགའ་ལྡེམ་པོ་རྒྱལ་བས་གསུངས། །
ཤིང་སྐྱེས་པ་རྣམས་དྲང་པོ་ཡིན་ན་མིག་ལམ་དུ་མཛེས་མོ་ཡིན་ན་ཡང་སྐབས་འགར་སྒ་ཤིང་ལྟ་བུ་དགོས་པའི་ཚེ་འཁྱོག་པོ་ཞིག་ཡོད་ན་ཅི་ལས་ཀྱང་མི་བཟང་བ་ལྟར་དུས་རྒྱུན་དུ་རང་བཞིན་དྲང་པོ་ཡིན་ན་བཟང་མོད་ཀྱང་རེས་འགའ་ན་ལྡེམ་པོ་སྟེ་འཁྱོག་པོར་བཟང་བ་རྒྱལ་བས་མདོ་ལས་གསུངས་སོ། །དེ་ལ་ལེགས་བཤད་ལས། །རང་དང་གཞན་གྱི་དོན་འགྲུབ་ན། །འཇམ་རྩུབ་ཇི་ལྟར་བྱས་ཀྱང་རུང་། །ཐབས་ལ་མཁས་པའི་སྤྱོད་པ་ལ། །གཡོ་སྒྱུ་ཐུབ་པས་མ་གསུངས་སོ། །ཞེས་སོ། །

མདེའུ་མེད་པའི་མདའ་འཕེན་པ། །
དགྲ་བོ་སྤྱན་འདྲེན་ཕོ་ཉ་ཡིན། །
དགྲ་བོ་འཇོམས་པའི་མཐུ་མེད་ན། །
དོན་མེད་དཔའ་སྐད་ཅི་ལ་སྨྲ། །
མདེའུ་མེད་པའི་མདའ་འཕེན་པ་དེ་ནི་དགྲ་བོ་སྤྱན་འདྲེན་པའི་ཕོ་ཉ་ལྟ་བུ་ཡིན་པ་ལྟར་ཕ་རོལ་གྱི་དགྲ་བོ་འཇོམས་པའི་མཐུ་རྩལ་མེད་ན་དོན་ཅུང་ཟད་ཀྱང་མེད་པའི་དཔའ་སྐད་ཅི་ལ་སྨྲ་སྟེ་སྨྲ་བ་མི་རིགས་སོ། །

གཉེན་ལ་ཧ་ཅང་བྱམས་པ་ཡང་། །
འཁོན་གྱི་རྒྱུ་རུ་འགྲོ་བ་མང་། །
བུར་ཤིང་མངར་མོ་སྤྱོད་ཆེས་ན། །
མ་ཞུས་སྒྲིགས་པ་སྐྱུར་མོ་བྱུང་། །
རང་གིས་གཉེན་ལའམ་ཉེ་འབྲེལ་ལ་ཧ་ཅང་བྱམས་པ་ཆེ་དྲགས་ན་ཡང་བྱམས་པ་དེ་ཉིད་འཁོན་པའི་རྒྱུ་རུ་འགྲོ་བ་མང་སྟེ། དཔེར་ན། བུར་ཤིང་གི་ཤིང་མངར་ཡང་ལོངས་སྤྱོད་ཆེས་ན་དེ་མ་ཞུས་པའི་གནད་ཀྱིས་སྒྲིགས་པ་སྟེ་རྒྱག་སྐད་གྲགས་ནས་སྐྱུར་མོ་བྱུང་བའམ་འབྱུང་བ་ལྟར་རོ། །

ཤིང་དགྲ་སྟ་རེ་ཡིན་མོད་ཀྱང་། །
དེ་ཡི་ཡུ་བ་ཤིང་གིས་བྱེད། །
དགྲ་ཡིས་བརྩམས་པའི་ཕུང་ཀྲོལ་ཀྱང་། །
ཕལ་ཆེར་རྩ་བ་གཉེན་གྱིས་བྱེད། །
ཤིང་གི་དགྲ་དངོས་སུ་གཅོད་བྱེད་སྟ་རེ་ཡིན་མོད་ཀྱང་སྟ་རེ་དེ་ཡི་ཡུ་བ་ཤིང་གིས་བྱེད་པ་བཞིན་དུ་ཕ་རོལ་དགྲ་བོ་ཞེས་པ་དེ་ཡི་ཕལ་ཆེ་བའི་རྩ་བ་གཉེན་དང་ཉེ་འབྲེལ་གྱིས་བྱེད་པ་ཡང་ཡོད་དོ། །ས་པཎ་རིན་པོ་ཆེས། སྐྱེ་བོ་ཕལ་ཆེར་རང་ཉིད་དང་། །མཐུན་པའི་རིགས་ཀྱིས་གནོད་པ་བྱེད། །ཉི་མའི་འོད་ཟེར་ཤར་བ་ན། །འོད་ཟེར་ཅན་རྣམས་བརླག་པར་བྱེད། །ཅེས་གསུངས་པ་ལྟ་བུའོ། །

སྡོང་བོ་གཅོད་པའི་ཐབས་ཉེས་ན། །
རང་གི་སྟེང་དུ་ལྷུང་བར་འགྱུར། །
དགྲ་ལ་ཧ་ཅང་སྡང་བ་ཡང་། །
རང་གི་གཤེད་དུ་འགྲོ་བ་མང་། །་
ཤིང་གི་སྡོང་བོ་གཅོད་པའི་ཐབས་ཉེས་ན་རང་གི་སྟེང་དུ་ལྷུང་ནས་ཕུང་བར་འགྱུར་བ་དེ་བཞིན་དུ་རང་གིས་དགྲ་བོ་ལ་ཧ་ཅང་སྡང་བ་ཆེ་ན་ཡང་རང་གི་གཤེད་དུ་འགྲོ་བ་མང་པོ་ཡོད་པའོ། །ལེགས་བཤད་ལས། ཧ་ཅང་མཐུ་རྩལ་ཆེ་དྲགས་ན། །ལྕེབ་པའི་སྟ་གོན་བྱེད་པ་ཡིན། །གཡུལ་དུ་བསད་པ་ཕལ་མོ་ཆེ། །མཐུ་རྩལ་ཅན་ལས་བྱུང་བ་ཡིན། །ཞེས་གསུངས་སོ། །

ཤིང་སྐམ་དགུགས་པ་མི་ནུས་དེ། །
རླན་གྱིས་བསྒོས་ན་ལས་སུ་རུང་། །
དགྲ་བོ་མི་བསྲུན་སེམས་ལྡན་ཡང་། །
ཐབས་ལ་མཁས་ན་འདུལ་བར་ནུས། །
ཤིང་སྐམ་པོ་དགུགས་པར་མི་ནུས་པ་དེ་རླན་གྱིས་བསྒོས་ན་ལས་སུ་རུང་བ་སྟེ་ལས་སླ་བོ་ཡིན་པ་དེ་བཞིན་དུ་རང་གིས་དགྲ་བོ་མི་བསྲུན་པའམ་མ་རུང་བའི་སེམས་དང་ལྡན་པ་ཡང་ཐབས་ལ་མཁས་ན་དགྲ་བོ་འདུལ་བ་ནུས་སོ། །

ཉི་ཟླས་མི་ཕྱེད་མྱ་ངན་མེད། །
ན་ཆུང་རྐང་གདུབ་རེག་པས་འབྱེད། །
ལེགས་པར་བཤད་ཀྱང་མི་གོ་བའི། །
མ་རབས་ལ་ལ་སྨད་པས་ཐུལ། །
ཉི་མ་དང་ཟླ་བས་ཁ་མི་ཕྱེད་པའི་མྱ་ངན་མེད་པའི་ཤིང་དེ་ན་ཆུང་མ་རྣམས་ཀྱི་རྐང་གདུབ་བམ་རྐང་རྒྱན་གདུ་བུས་རེག་པས་ཁ་འགྱེད་པ་བཞིན་དུ་མི་འགའ་རེར་ལེགས་པར་བཤད་ཀྱང་མི་གོ་བའི་མ་རབས་ལ་ལ་སྨད་པས་ཐུལ་བ་རེད་ཅེས་པ་ལྟ་བུའོ། །

གནས་ན་གནས་རྣམས་ཁང་བཟང་དང་། །
དེར་གནས་སྐྱེད་མོས་ཚལ་ལ་དགའ། །
འཚོ་བས་དབུལ་བ་རབ་བྱུང་དང་། །
རྒྱགས་པས་མྱོས་པ་ཁྱིམ་ལ་ཕྱོགས། །
ནགས་ཚལ་ལ་གནས་པ་རྣམས་ནི་ཁང་བཟང་ལ་དགའ་སྣང་བྱེད་ལ་ཁང་བཟང་དེར་གནས་པ་རྣམས་སྐྱེད་མོའི་ཚལ་ལ་དགའ་བ་དང་། ཁྱིམ་པ་འཚོ་བས་དབུལ་བ་རྣམས་རབ་བྱུང་ལ་ཡིད་སྨོན་པ་དང་རབ་བྱུང་རྒྱགས་པས་མྱོས་པ་དག་ཁྱིམ་ལ་ཕྱོགས་པའམ་དགའ་བའོ། །

ནགས་དེར་སྐྱེས་པའི་སྤྲེའུ་ཡང་། །
འབྲས་བུ་ཟད་ན་གཞན་དུ་འགྲོ། །
རྒུད་ཚེ་སྙིང་དུ་སྡུག་པ་ཡི། །
བུ་ཡང་གཞན་གྱི་ཕྱོགས་སུ་འབྲོས། །
ནགས་དེར་སྐྱེས་པའི་སྤྲེའུ་ཡང་བྲས་བུ་ཟད་ན་རང་སྐྱེས་པའི་གནས་དེ་སྐྱུར་ནས་གནས་གཞན་དུ་འགྲོ་ལ། དཔེར་ན། རང་ཉིད་ཉམས་ཤིང་རྒུད་པའི་ཚེ་སྙིང་དུ་སྡུག་པ་ཡི་རང་གི་བུ་ཡིན་ཡང་གཞན་གྱི་ཕྱོགས་སུ་འབྲོས་འགྲོ་བ་བཞིན་ནོ། །དམངས་ཁྲོད་གཏམ་དཔེ་ལས། སྐྱིད་ན་ནམ་མཁའི་བྱ་ཡང་འཁོར། །སྡུག་ན་སྒོ་ཁའི་ཁྱི་ཡང་བྲལ། །ཞེས་པ་བཞིན་ནོ། །

ནགས་ཚལ་ཕུན་སུམ་ཚོགས་པ་དེར། །
དོན་མེད་ནམ་མཁའི་བྱ་ཡང་འཁོར། །
གང་ན་བདེ་སྐྱིད་འཛོམས་པ་དེར། །
མ་བསྡུས་པ་ཡང་སྐྱེ་བོ་འདུ། །
ནགས་ཚལ་ལ་སོགས་པའི་ཕུན་སུམ་ཚོགས་པའི་གནས་དེ་ལ་དོན་མེད་པའི་ནམ་མཁའི་བྱ་ཡང་འཁོར་བ་དང་ཡུལ་གང་ན་བདེ་སྐྱིད་འཛོམས་པའི་གནས་དེར་རང་གིས་མ་བསྡུས་པར་ཡང་སྐྱེ་བོ་རྣམས་འདུ་བ་བཞིན་ནོ། །ལེགས་བཤད་ལས། འབྱོར་བའི་དུས་ན་ཐམས་ཅད་གཉེན། །གལ་ཏེ་རྒུད་ན་ཀུན་ཀྱང་དགྲ། །རིན་ཆེན་གླིང་དུ་རིང་ནས་འདུ། །མཚོ་སྐམ་པ་ལ་སུ་ཡང་སྤོང་། །ཞེས་པ་ལྟར་རོ། །

ཤིང་གི་འབྲས་སུ་ལེགས་བསྐྱངས་ན། །
ལོ་འདབ་ལ་སོགས་ཞར་ལ་འབྱུང་། །
དམ་པའི་ཆོས་ལ་བརྩོན་བྱས་ན། །
སྲིད་ཀྱི་དཔལ་ཡང་དེ་ཡིས་འགྲུབ། །
ཤིང་གི་འབྲས་བུ་དེ་ལེགས་པར་བསྐྱངས་ན་ཤིང་དེ་ཡི་ཤིང་ལོའི་ཡལ་ག་དང་འདབ་མ་ལ་སོགས་པ་ཞར་ལ་འབྱུང་བ་ལྟར་དམ་པའི་ལྷ་ཆོས་ལ་བརྩོན་པ་བྱས་ན་དེ་ཡི་ཞོར་དུ་སྲིད་པ་འཁོར་བའི་དཔལ་འབྱོར་ཡང་དེ་ཡིས་འགྲུབ་པར་འགྱུར་རོ། །

དེ་ལྟར་ལུགས་གཉིས་བླང་དོར་ཀུན། །
ཤིང་གི་ཁྱད་པར་ཁོ་ན་ཡིས། །
མཚོན་བྱེད་གཏམ་གྱི་སྦྱོར་བ་འདི། །
སྔོན་མེད་མཁས་པའི་དགའ་སྟོན་ཡིན། །
གོང་དུ་བཤད་པ་དེ་ལྟར་བླང་དོར་གྱི་ལེགས་ཉེས་ཀུན་ཤིང་ལ་དཔེ་བཀོད་ནས་དེ་ཡི་ཁྱད་པར་ཁོ་ན་ཡིས་མཚོན་པ་བྱེད་པའི་སྒོ་ནས་གཏམ་གྱི་སྦྱོར་བ་འདི་སྔོན་མེད་པའི་ལེགས་ཉེས་འབྱེད་པ་ལ་མཁས་པའི་དབང་པོ་རྣམས་ལ་དགའ་སྟོན་དུ་འབུལ་བ་ཡིན།

གང་མགྲིན་འོ་མའི་རྒྱ་མཚོ་རུ། །
དབྱངས་ལྡན་ངང་མོ་རྣམ་རོལ་བ། །
དེ་ཡི་ཁ་ལས་ལེགས་བཤད་ཀྱི། །
རྦ་རླབས་འཁྲི་ཤིང་ཅི་ཡང་གཡོ། །
གུང་ཐང་རིན་པོ་ཆེ་ལྟ་བུ་གང་ཞིག་གི་མགྲིན་པ་འོ་མའི་རྒྱ་མཚོ་རུ་དབྱངས་སྙན་པོ་དང་ལྡན་པའི་ངང་མོ་རྣམ་པར་རོལ་བ་དེ་ཡིས་ཁ་ལས་ལེགས་བཤད་ཀྱི་རྦ་རླབས་ཀྱི་འཁྲི་ཤིང་ཅི་ཡང་གཡོ་བ་མཛད་དོ། །

གྲགས་སྙན་ནོར་བུ་ཞགས་པ་ཡིས། །
རྒྱ་བོ་འཛིན་མའི་མཐའ་བཅིངས་པ། །
དཔལ་ལྡན་ས་སྐྱ་པཎ་ཊི་ཏའི། །
ལེགས་བཤད་ལམ་ལ་བསྟན་པ་ཡིན། །
གྲགས་པའི་སྙན་པ་དཀར་པོ་ནོར་བུའི་ཞགས་པ་ལྟ་བུ་དེ་ཡིས་རྒྱ་བོད་ལ་སོགས་པ་འཛིན་མ་སྟེ་ས་གཞིའི་མཐའ་ཡི་བར་བཅིངས་པའི་དཔལ་ལྡན་ས་སྐྱ་པཎ་ཊི་ཏའི་ལེགས་པར་བཤད་པའི་ལམ་ལ་བརྟེན་ནས་བསྟན་བཅོས་འདི་བརྩམས་པ་ཡིན་ཞེས་པའི་ཆོས་ཀྱི་ཕྱུག་གང་ལ་མཛད་ནས་བརྩམས་པ་རེད། །

དོན་གྱི་སྒོ་ལྕགས་མཁྱིད་གང་ལ། །
དཔེ་ཡི་ལྡེ་མིག་ཁྲུ་གང་བ། །
དེ་ལྟའི་གཞུང་ཡང་སྣང་མོད་དེ། །
མཁས་བླུན་སུ་ཡི་དབང་དུ་བྱས། །
བསྟན་བཅོས་ལ་ལ་དོན་གྱི་གོ་བ་བསྟོན་མི་ནུས་པ་སྒོ་ལྕགས་ལྟ་བུ་ལ་མཁྱིད་གང་ཙམ་མ་རྟོགས་པ་མེད་པ་ལ་དཔེ་ཡི་ལྡེ་མིག་སྟེ་དཔེ་ཤིན་ཏུ་མང་བ་ཁྲུ་གང་ཡོད་པ་དེ་ལྟ་བུའི་གཞུང་ཡང་སྣང་མོད་ཀྱི་དེ་ནི་མཁས་པ་དང་བླུན་པོ་སུ་ཡིས་དབང་དུ་བྱས་པ་མི་ཤེས་པས་ཇི་ལྟར་ཡིན་དྲི་བའི་ཚུལ་དུ་མཛད་དོ། །

ལུགས་གཉིས་བླང་དོར་ཤེས་འདོད་རྣམས། །
དཔེ་ཡི་སོར་མི་ཙམ་མིན་པ། །
དོན་གྱི་ཟླ་ཤེལ་ལྟོས་ཤིག་དང་། །
ངོ་མཚར་རི་དྭགས་མཚན་མ་ཡོད། །
འཇིག་རྟེན་མི་ཆོས་ཀྱི་ལུགས་དང་དམ་པའི་ལྷ་ཆོས་ཀྱི་ལུགས་གཉིས་ཀྱི་བླང་དོར་ཤེས་འདོད་ཅན་རྣམས་ལ་དཔེ་ཡི་སོར་མོ་བསྟོན་པ་ཙམ་མིན་པར་དོན་གྱི་ཟླ་ཤེལ་གྱི་དཀྱིལ་འཁོར་ལ་ལྟོས་ཤིག་དང་ནང་དོན་ངོ་མཚར་ཏེ་ཕུན་སུམ་ཚོགས་པའི་རི་དྭགས་མཚན་མ་ཡོད་ཅེས་སོ། །

འདིར་འབད་ལེགས་བྱས་ནྱ་གྲོ་ཏའི། །
ས་བོན་སྨིན་པའི་དགེ་མཚན་གྱི། །
ཡལ་ག་ཕྱོགས་བཅུ་རྒྱས་པ་ཡིས། །
འགྲོ་བ་ཀུན་གྱི་དོན་བྱེད་ཤོག །
སྐབས་འདིར་ཤིང་གི་བསྟན་བཅོས་བརྩམས་པའི་འབད་པ་ཆེན་པོ་མཛད་པའི་ལེགས་བྱས་ནྱ་གྲོ་ཏའི་ས་བོན་སྨིན་པའི་དགེ་མཚན་གྱི་ཡལ་ག་ཤར་ཕྱོགས་ལ་སོགས་པའི་ཕྱོགས་བཅུར་རྒྱས་བ་ཡིས་འགྲོ་བ་ཀུན་གྱི་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་འགྲུབ་པ་བྱེད་པར་ཤོག་ཅིག་ཅེས་གསུངས་སོ། །



༄༅། །ཤིང་གི་བསྟན་བཅོས་ལས་བརྡ་དོན་དཀའ་བ་འགའ་ཞིག་བཀྲོལ་བ་གཤམ་དུ་གསལ།
ཚོགས་གཉིས་ནི། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས།
ལེགས་བཤད་ནི། བཤད་སྟངས་ཡག་པོ་ཡང་དག་པར་བཤད་པའི་གཏམ་ལ་ལེགས་བཤད་ཅེས་ཟེར་བ་ཡིན།
བསྟན་བཅོས་ནི། སྟོན་པའི་རྗེས་འཇུག་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་སངས་རྒྱས་ཀྱི་བཀའི་དོན་བཤད་ཅིང་ཐར་བ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པའི་ལེགས་བཤད་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་ལྡན་དང་། གཞུང་ལུགས་འཆད་རྩོམ་གྱི་དཔེ་ཆ་ལ་བསྟན་བཅོས་ཞེས་བྱའོ། །
ལུགས་གཉིས་ནི། འཇིག་རྟེན་མི་ཆོས་ཀྱི་ལུགས་དང་དམ་པའི་ལྷ་ཆོས་ཀྱི་ལུགས་སོ། །
སྐུ་གསུམ་ནི། ཆོས་སྐུ་དང་། ལོངས་སྐུ། སྤྲུལ་སྐུ་དང་གསུམ་མོ།
ཆོས་སྐུ་ནི། ཤེར་ཕྱིན་དངོས་པོ་བརྒྱད་ཀྱི་ནང་གསེས། སྦྱོར་བ་བསྒོམས་པའི་འབྲས་བུ་མཐར་ཐུག་ཆོས་ཀྱི་སྐུ་སྟེ། ཟག་མེད་ཀྱི་ཡོན་ཏན་དུ་མ་དང་ལྡན་པ་སྐུ་བཞིའི་དབྱེ་གཞིར་གྱུར་བ་སངས་རྒྱས་ཀྱི་སྐུའོ། ། = 2 \* GB3 སྐུ་གཉིས་ཀྱི་ཡ་གྱལ། རང་དོན་དུ་སྤང་རྟོགས་མཐར་ཕྱིན་པའི་འབྲས་བུ་མངོན་དུ་བྱས་པའོ། །
ལོངས་སྐུ་ནི། ལོངས་སྤྱོད་རྫོགས་པའི་སྐུའི་བསྡུས་མིང་སྟེ། སངས་རྒྱས་ཀྱི་སྐུའི་བྱེ་བྲག་ཅིག་སྟེ། ཆོས་ཀྱི་སྐུ་ལས་མ་གཡོས་པར་གདུལ་བྱ་བྱང་སེམས་འཕགས་པ་ཁོ་ན་ལ་སྣང་བའི་སྐུ་གང་ཞིག་སྤྲུལ་སྐུའི་འཆར་གཞིར་གྱུར་བ་མཚན་དང་དཔེ་བྱེད་ཀྱིས་བརྒྱན་པ། ཤེར་ཕྱིན་དོན་བདུན་བཅུའི་ནང་གསེས་ཤིག་ཀྱང་ངོ། །
སྤྲུལ་སྐུ་ནི། སྤྲུལ་བའི་སྐུའི་བསྡུས་མིང་ཡིན་ཏེ། སྤྲུལ་བའི་སྐུ། = 1 \* GB3 སངས་རྒྱས་ཀྱི་སྐུའི་བྱེ་བྲག་ཅིག་སྟེ། ལོངས་སྐུའི་བདག་རྐྱེན་ལས་བྱུང་བའི་དག་མ་དག་གི་གདུལ་བྱ་རྣམས་ལ་སྣང་ཞིང་དེ་དག་གི་དོན་མཛད་པར་བསམ་བཞིན་སྲིད་པར་བཟུང་བའི་གཟུགས་སྐུའོ། །ཤེར་ཕྱིན་དོན་བདུན་ཅུའི་ནང་གསེས་ཤིག་ཀྱང་ངོ། = 2 \* GB3 བླ་མ་ཆེ་གྲས་ཀྱི་ཡང་སྲིད་ལ་བཏགས་པའི་མིང་།
དཀོན་མཆོག་ནི། རིན་པོ་ཆེ་ལྟ་བུ་འཇིག་རྟེན་ན་དཀོན་ཞིང་མཆོག་ཏུ་གྱུར་བ་སྟེ། བསོད་ནམས་མ་བསགས་པ་ལ་སྣང་བ་མིན་པས་འབྱུང་བ་དཀོན་པ་དང་། རང་བཞིན་གྱིས་རྙོག་པའི་ཆོས་ཅན་མ་ཡིན་པས་དྲི་མ་མེད་པ་དང་། རང་གཞན་གྱི་དོན་སྒྲུབ་པས་མཐུ་དང་ལྡན་པ་དང་། འགྲོ་བ་རྣམས་ཀྱི་བསམ་པ་དགེ་བའི་རྒྱུ་ཡིན་པས་འཇིག་རྟེན་གྱི་རྒྱན་དང་། འཇིག་རྟེན་ལས་མཆོག་ཏུ་གྱུར་བ་དང་། རྣམ་པར་འགྱུར་བའི་རང་བཞིན་ཅན་མ་ཡིན་པས་འགྱུར་བ་མེད་པ་དང་བཅས་ཀྱི་ཡོན་ཏན་དང་ལྡན་པས་དཀོན་མཆོག་ཅེས་བྱའོ། །
དཀོན་མཆོག་གསུམ་ནི། སངས་རྒྱས་དང། ཆོས། དགེ་འདུན་ཏེ་གསུམ།
སངས་རྒྱས་ནི། བུདྡྷ། སྒྲིབ་གཉིས་མུན་པ་སངས་ཤིང་། མཁྱེན་གཉིས་ཀྱི་སྣང་བ་རྒྱས་པ་ལ་སངས་རྒྱས་ཞེས་བྱའོ། །དེའི་མཚན་ཉིད་ནི། འདུས་མ་བྱས་སོགས་ཡོན་ཏན་བརྒྱད་དང་ལྡན་པའི་སྐྱབས་གནས་མཐར་ཐུག་དེ་སངས་རྒྱས་དཀོན་མཆོག་གི་མཚན་ཉིད་དོ། །འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱིས་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པ་ལྡན། །དོན་གཉིས་ལྡན་པ་སངས་རྒྱས་ཉིད། །ཅེས་པ་ལྟ་བུའོ། །
ཆོས་ནི། དྷརྨ། ཤེས་བྱའམ་དངོས་པོ་དང་ལུགས་སྲོལ། ཡུལ་ཆོས་བཟང་པོ་རྣམས་སྔར་རྒྱུན་རང་སོར་འཇགས་པ་སྟེ། ད་ལྟ་ཡོངས་གྲགས་སུ་ལུགས་དང་གསུང་རབ་དང་། ཤེས་བྱ་བཅས་གསུམ་ལ་འཇུག་པ་གཙོ་ཆེའོ། །དེའི་མཚན་ཉིད་ནི། རང་དོན་དང་གཞན་དོན་ཕུན་སུམ་ཚོགས་པ་འགོག་ལམ་གཉིས་ཀྱིས་བསྡུས་པའི་རྣམ་དཀར་དགེ་བའི་ཡོན་ཏན་དེ་ཆོས་དཀོན་མཆོག་གི་མཚན་ཉིད་དོ། །
དགེ་འདུན་ནི། སཾགྷ། ཉོན་མོངས་པ་སྤོང་བ་ལ་ཞུགས་པའི་སློབ་པ་ལམ་གྱི་གང་ཟག་གམ་སོ་སྐྱེའི་བཙུན་པ་ཁྲིམས་ལྡན་བཞི་སྡེའི་ཡན་ཆད་ལའོ། །དེའི་མཚན་ཉིད་ནི། རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་གང་ཟག་འཕགས་པ་དེ་དགེ་འདུན་དཀོན་མཆོག་གི་མཚན་ཉིད་དོ། །ཇི་ལྟར་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་པ་ལྟར་རོ། །
བསོད་ནམས་ཀྱི་ཚོགས་ནི། དམིགས་པ་དང་བཅས་པའི་མཆོད་སྦྱིན་སོགས་དཀར་པོ་དགེ་བའི་ལས་ལ་བསོད་ནམས་ཀྱི་ཚོགས་སོ། །
ཡེ་ཤེས་ཀྱི་ཚོགས་ནི། དམིགས་པ་མེད་པའི་ཡེ་ཤེས་ཀྱི་ཚོགས་ཏེ་སྟོང་ཉིད་བྱང་ཆུབ་ཀྱི་རྩིས་ཟིན་པའི་འབྲས་བུ་ཡེ་ཤེས་ཆོས་སྐུ་ཐོབ་པར་བྱེད་པའི་ཟག་མེད་ཀྱི་དགེ་བའི་ཚོགས་ལ་ཡེ་ཤེས་ཀྱི་ཚོགས་ཟེར་རོ། །
སྟུག་པོ་ཞེས་པ་ནི། འཐུག་པོའི་མིང་ངོ། །
དོ་ར་ནི། གར་བྱེད་པའི་ས་གཞིའམ་གནས་ཀྱི་མིང་དང་ར་བ་དང་དགའ་ཚལ་སོགས་ལའང་འཇུག་པར་སྣང་ངོ། །
རྐང་འཐུང་ནི། ལྗོན་ཤིང་གི་མིང་ཡིན་ཏེ། རྐང་པའམ་རྩ་བས་ཆུ་འཐུང་བ་ལྟ་བུར་གྱུར་པས། རྐང་འཐུང་ཞེས་མིང་བཏགས་སོ། །
གཟེགས་མ་ནི། ཆ་ཤས་དང་། ཐིགས་པ་དང་། ཉག་མ་སོགས་ལ་འཇུག་གོ། །
ཙན་དན་ས་མཆོག་ནི། ཙན་དན་དཀར་པོའི་མིང་དུ་མངོན་བརྗོད་ལས་བཤད་ལ། ཙན་དན་ནི་རྒྱ་གར་གྱི་སྐད་དེ། བོད་སྐད་དུ་བསྒྱུར་ན་དབང་པོ་ཚིམ་པར་བྱེད་པས་ན་ཚིམ་བྱེད་ཡིན་པར་གསུངས་སོ། །
ཨ་མྲ་ཞེས་པ་ནི། ཤིང་ཏོག་གི་མིང་ཡིན་ཏེ། ཨ་མྲའི་འབྲས་བུ་དང་ཤིག་ཐོག་ཨ་མྲ་ལ་རྒྱ་ནག་གི་སྐད་དུ་ཚི་ཛི་དང་། རྒྱ་གར་སྐད་དུ་དེང་སང་ཨཱམ་ཟེར་བའི་ཤིང་ཐོག་རོ་མངར་ལྡན་པ་ཞིག་ཡོད།
ཨེ་རཎ་ཌ་ནི། མངོན་བརྗོད་མཁས་པའི་རྣ་རྒྱན་ལས་འདི་ནི་འབྲས་བུ་སྨིན་མ་ཐག་ཏུ་འཇིག་པའི་ཤིང་། དེ་ལ་ཆུ་ཤིང་དང་། སྨྱུག་མ། ཨེ་རཎ་ཌ་ཞེས་ཤིང་གསུམ་པོ་འབྲས་བུ་སྨིན་ན་འཇིག་པར་བཤད་འདུག་གོ། །
བྲུལ་བ་ནི། ལྷུང་བའི་དོན་ལ་འཇུག
འཁོར་མོའམ་འཁོར་མོ་ཡུག་ནི། རྒྱུན་ཆད་མེད་པའི་དོན་ལ་འཇུག ཡང་ཁོར་ཡུག་རི་མཐའ་ནས་ཡོངས་སུ་བསྐོར་བ་ལའང་འཇུག་གོ། །
ཀྱེ་མ་ནི། འབོད་པའི་སྒྲ་སྟེ་ངོ་མཚར་བ་དང་། ཞུམ་པ་དང། སྨད་པ་སོགས་ལ་འཇུག་པས་འདིར་སྨད་པའི་དོན་ནོ། །
ཏ་ལའི་ཤིང་ནི། དེང་རྒྱ་གར་དུ་ཏཱ་ལ་ཞེས་པ་ལོ་མ་ལ་ཡི་གེ་འབྲི་ཆོག་པ་དང་རླུང་གཡབ་སོགས་ཀྱང་བཟོ་ཆོག་པ་ཞིག་གོ། །
ནྱ་གྲོ་ཏ་ནི། ནྱ་གྲོ་དྷ་ཞེས་ཏེ། ནྱ་གྲོ་དྷ་དང་བཧུ་བད་དང་པ་ཊ་རྣམས་མིང་གི་རྣམ་གྲངས་སུ་བཤད་ཅིང་། བོད་སྐད་དུ་རྐང་མང་ཞེས་པའོ། །དེའི་ས་བོན་ནི་ཡུངས་དཀར་གྱི་བཞི་ཆ་ཙམ་ཡོད་པ་ལ་ལོ་རེ་ལ་ཡལ་ག་རྒྱང་གྲགས་ཙམ་དུ་ཁྱབ་པར་སྐྱེ་བར་བཤད་པས་ཤིན་ཏུ་འཕེལ་རྒྱས་ཆེ་བའི་ཤིང་ཞིག་གི་མིང་ངོ། །
ཏིག་ཏ་ནི། རོ་ཤིན་ཏུ་ཁ་བའི་རྩྭ་ཞིག་སྟེ། དེའི་བཅུད་ཀྱིས་མཁྲིས་པ་དང་ཚ་བའི་ནད་ཀྱི་སྨན་བཟོ་ཆོག་པ་ཞིག་གོ། །
ལྕམ་ནི། ཁང་ཐོག་གི་ལྕམ་ཤིང་ལའོ། །
དྲལ་མ་ནི། ལྕམ་གྱི་སྟེང་ནས་འགེབས་རྒྱུའི་ཤིང་སྟེ་དང་སང་ཤག་ཟེར་བ་དེ་ལའོ། །
ལྡིང་ཁང་ནི། ཁང་པ་བྱ་འདབ་ཅན་གྱི་མིང་ཡིན།
ཛན་དུའི་ས་བོན་ནི། ཛན་དུ་ཕལ་ཞེས་པ་ཨུ་དུམ་བ་རའི་མིང་སྟེ།
ཨུ་དུམ་བཱ་ར་ནི། བདུ་འཇོམ་ཞེས་པ་སྟེ། དེའི་མེ་ཏོག་ཁྱད་པར་ནི་སས་རྒྱས་འཇིག་རྟེན་དུ་བྱོན་པའི་ཚེ་འབྱུང་ཞིང་ཚད་ཤིང་རྟ་འཕང་ལོ་ཙམ་དང་དྲི་དཔག་ཚད་ཀྱི་བར་དུ་ཁྱབ་པ་ཤིན་ཏུ་དཀོན་པ་ཞིག་ཡིན་པར་རྟོགས་བརྗོད་བརྒྱ་པ་སོགས་ལས་གསུངས་སོ། །
དཔག་བསམ་ཤིང་ནི། ཀལྤ་བྲི་ཀཱ་ཞེས་བྱ་བ་ལྷ་ཡུལ་ན་ཡོད་ཅིང་གནས་སྐབས་ཀྱི་དགོས་འདོད་ཐམས་ཅད་སྩོལ་ནུས་པ་ཞིག་གོ། །
སྤ་བ་ནི། བརྡ་རྙིང་སྟེ། མཛེས་པའམ་བྱིན་ཆགས་པ་བརྒྱན་པ་སོགས་ལས་འདིར་བརྒྱན་སྤྲས་པའི་དོན་ལ་འཇུག
འཇུངས་མེད་ནི། སེར་སྣ་མེད་པའི་དོན།
གཡུར་དུ་ཟ་ནི། རྒྱས་པ་དང་ལེགས་པར་སྨིན་པ་ལ་འཇུག་སྟེ། ཤིང་དང་ཞིང་སོགས་ཀྱི་འབྲས་བུ་ཕྱུག་པའམ་རྒྱས་པའི་དོན།
ཉག་གཅིག་ནི། གཅིག་ཁོ་ནའི་དོན་དང་། སྐབས་འགར་རྡོག་པོ་གཅིག་ལའང་འཇུག
མགོ་ལྕོག་ལྡེམ་ནི། མེ་ཏོག་དང་འབྲས་བུ་སོགས་མགོ་ལྡེམ་ལྡེམ་བྱེད་པའི་མིང་དང་། སྐབས་འགར་མགོ་ལྕོག་ནི་ཐོག་གུའམ་འབྲས་བུ་ལའང་འཇུག་པ་ཡིན།
གཡུལ་གྱི་ངོ་ནི། དམག་སོགས་འཐབ་མོ་བྱེད་པའི་སའམ་གནས་ལ་ཟེར།
ཉི་ཚེ་ནི། = 1 \* GB3 ཉིན་གང་གི་ཚེ་ལས་མེད་པའི་འབུ་སྲིན། = 2 \* GB3 ཕྱོགས་རེ་བའམ་ཐོར་བུའམ་ཕྲན་ཚེགས་སོགས་ལ་འཇུག
ཀྱེ་ཧུད་ནི། འབོད་པའི་སྒྲ་སྟེ། ཉམ་ཐག་པ་དང་སྨད་པ་སོགས་ལས་འདིར་སྨད་པའི་དོན་ལ་འཇུག
ཧ་རི་ཙན་དན་ནི། མངོན་བརྗོད་ལས་ཙན་དན་དཀར་པོའི་མིང་དུའོ། །
བཻཌཱུརྱ་ནི། བསྒྱུར་ན་རིན་པོ་ཆེ་ཤིན་ཏུ་དྭངས་པ་ཞེས་པ་ཡིན་ལ། འདི་ལ་དཀར་སེར་སྔོ་གསུམ་ཡོད་པའི་སྔ་མ་སྔ་མའི་མཆོག་ཏུ་གསུང་ལ། ལ་ལས་ནག་པོའམ་ཡོད་ཟེར་རོ། །
སྐྱེ་དགུ་ནི། འགྲོ་བ་སེམས་ཅན་ཐམས་ཅད་དེ། འདོ་པའི་ཁམས་ལས་ཚེ་འཕོས་ཏེ་ཁམས་གསུམ་དུ་སྐྱེ་བ་གསུམ། གཟུགས་ཁམས་ལས་ཚེ་འཕོས་ཏེ་ཁམས་གསུམ་དུ་སྐྱེ་བ་གསུམ། གཟུགས་མེད་ཁམས་ལས་ཚེ་འཕོས་ཏེ་ཁམས་གསུམ་དུ་སྐྱེ་བ་གསུམ་ལ་བྱའོ། །
སརྒ་ནི། ལེའུ་དང་རབ་བྱེད་ཀྱི་མིང་ཡིན་ནོ། །
རྣ་བ་བླགས་ནི། རྣ་བ་གཏོད་ཅེས་པའི་བརྡ་རྙིང་ཡིན་ནོ། །
མ་ལ་ཡར་སྐྱེས་ནི། ཙན་དན་སྤྱིའི་མིང་སྟེ། རི་བོ་མ་ལ་ཡ་ལས་སྐྱེས་པའི་ཙན་དན་ལ་གནས་ཀྱི་སྒོ་ནས་མིང་བཏགས་པའོ། །
དྲི་བསུང་ནི། དྲི་མ་བཟང་པོ་དང་ཞིམ་པོ་ལ་དྲི་བསུང་ཞེས་བྱའོ། །
ཆབ་འབངས་ནི། མངའ་འབངས་དང་མི་སེར་ཏེ་འབངས་ནི་དམངས་ཀྱི་དོན།
འཁྲི་ཤིང་ནི། ཤིང་གི་རྩ་བ་ལྟར་ཤིན་ཏུ་མཉེན་པ་ས་ལ་ཉལ་ནས་སྐྱེས་ཤིང་། ཤིང་གཞན་ལ་བརྟེན་ནས་གྱེན་དུ་བསླང་ནུས་པ་ཞིག་སྟེ། སྦོམ་ཕྲ་མཐེབ་སོར་ཙམ་ཡོད་པའོ། །
དགུང་ནི། གནམ་དང་མཚན་མོ་གཉིས་ལ་འཇུག
བསྙེགས་ནི། རེག་པ་དང་རྗེས་འདེད་པ་སོགས་ལ་འཇུག
བྷྲ་མ་ར་ནི། འབུ་བུང་བའི་མིང་ཡིན་ཏེ། སྐད་དོན་ལྟར་ན་འཁོར་སྒྲོག་གམ་འཁོར་འགྲོ་ཞེས་པ་ཡིན་ནོ། །
ཙཱུ་ཏའི་ཤིང་ནི། བོད་སྐད་དུ་བསྒྱུར་ན་འཛག་བྱེད་ཅེས་འགྲེལ་པ་འདོད་འཇོ་ལས་བཤད་པ་ཨ་མྲ་དང་། ཙཱུ་ཏ་སོགས་མིང་གི་རྣམ་གྲངས་སུ་མངོན་བརྗོད་འཆི་མེད་མཛོད་ལས་གསུངས་སོ། །
ཨ་གར་ནི། སྨན་ཨ་ག་རུའི་རིང་ངོ་། །
བྲིན་ནི། རྩིས་ཆེ་བ་དང་མཐོང་ཆེ་བ་སྟེ་རྩིས་མཐོང་ཆེ་བའང་ཟེར།
གཤོང་ནི། འོབས་ལྟ་བུ་དམའ་བའི་མིང་།
མཆེད་པ་ནི། རྒྱས་པ་དང་འཕེལ་བ་སོགས་ལ་འཇུག
གཙུབ་ཤིང་ནི། ཤིང་ཤིན་ཏུ་མཁྲེགས་པ་རྒྱ་གར་ན་ཡོད་ཅིང་ཡུན་རིང་དུ་ཕན་ཚུན་བརྡར་ནས་མེ་ལེན་པའི་ཤིང་ཞིག་གི་མིང་།
འོད་མ་ནི། སྨྱུག་མ་ལྟར་ཚིགས་མང་པོ་ཡོད་པའི་ཤིང་ཞིག་གི་མིང་།
གནམ་རི་ནི། གཞུ་ལ་ཟེར།
ཉག་ཕྲན་ནི། མདའི་མིང་ཡིན་ནོ།
ས་ཧ་ཀཱ་ར་ནི། བོད་སྐད་དུ་ལྷན་ཅིག་བྱེད་པ་ཞེས་པ་ཡིན་ཏེ། དེ་ནི་ཨ་མྲ་ཁྱད་པར་ཅན་གྱི་མིང་ཡིན། ཨ་མྲ་སྡོང་པོ་ལ་འོ་མའི་ཆུ་དྲངས་ནས་སྐྱེད་བསྲིངས་པ་ལས་ཨ་མྲའི་འབྲས་བུ་དྲི་ཞིམ་ལ་ཁྱད་པར་དུ་འཕགས་པ་ཞིག་འབྱུང་བ་ལ་ས་ཧ་ཀཱ་ར་ཞེས་མངོན་བརྗོད་འགའ་ཞིག་ལས་བཤད་དོ། །
དོན་མཐུན་འཇོམས་པ་ནི། དོན་མཐུན་ནི་ཚོང་པའི་མིང་སྟེ་འཇོམས་པ་ནི་བཅོས་པའི་དོན།
གྱོད་བརྡལ་ནི། གྱོད་བྱས་པའམ་འགྱོད་པ་བྱས་པའི་མིང་ངོ། །
ལོ་མ་འཁུམས་པ་ནི། ལོ་མ་འདས་པའི་དོན་ནོ། །
ཚང་མང་ནི། མེ་ཁང་ངམ་ཐབ་ཚང་གི་མིང་ཡིན་ནོ། །
འཇིལ་བ་ནི། ཆག་པ་དང་ཉམ་པ་དང་འཇམས་པ་སོགས་འདིར་ཆག་པའི་དོན།
ལྡེམ་པོ་ནི། འཁྱོག་པོ་དང་དྲང་པོ་མ་ཡིན་པའི་དོན།
ཕུང་ཀྲོལ་ནི། ཕུང་བྱེད་དང་རྩོད་གླེང་དང་ཉེས་པ་སོགས་ལ་བྱའོ། །
འོ་མའི་རྒྱ་མཚོ་ནི། འཇིག་རྟེན་ན་རྒྱ་མཚོ་ཆེན་པོ་ལ་འོ་མའི་རྒྱ་མཚོར་གྲགས་པས་རྒྱ་མཚོའི་མིང་ངོ། །
དབྱངས་ལྡན་ནི། དབྱངས་ཅན་མ་ལ།
ངང་མོ་ནི། ངང་པ་མོ་སྟེ། དབྱངས་ཅན་མ་ངང་མོའི་གཟུགས་སུ་བཀོད་པས་གཟུགས་ཅན་གྱི་རྒྱན་ཡིན་ནོ། །
པཎ་ཌི་ཏ་ནི། རྒྱ་གར་གྱི་སྐད་དེ། བོད་སྐད་དུ་བསྒྱུར་ན་ཁས་པའམ་ལྔ་རིག་པ་ཞེས་པ་ཡིན་པར་གསུངས།
མཁྱིད་གང་ནི། ཁུ་ཚུར་བཅངས་པའི་སྟེང་དུ་མཐེ་བོང་བགྲད་དེ་བཞག་པ་ལ་མཁྱིད་ཅེས་བྱ་སྟེ་སོར་བདུན་དང་མཐེ་བོང་གི་སྐད་ཚིགས་ཡན་ལ་མཚོན་ཞེས་བྱ་སྟེ་དོན་ལ་སོར་དོ་ཡིན་ཞེས་སྨན་གྱི་བྱང་ཁོག་ལུས་ཐིག་གི་སྐབས་སུ་བཤད་དོ། །
ཟླ་ཤེལ་ནི། ནོར་བུ་ཆུ་ཤེལ་དང་། ཟླ་བའི་དཀྱིལ་འཁོར་ལ་འཇུག་སྟེ། འདིར་ཟླ་བའི་དཀྱིལ་འཁོར་ལ་བྱའོ། །

མཇུག་བྱང་།
ལུགས་གཉིས་བླང་དོར་གསལ་བའི་མེ་ལོང་ཆེ། །
ཆུ་ཤིང་བསྟན་བཅོས་རྩ་འགྲེལ་ཡིད་བཞིན་ནོར། །
ཇི་ལྟར་སྨྲ་བའི་མ་བཅོས་ཀུན་སློང་གི །
སྤོབས་པའི་ལྷག་བསམ་མེ་ལྕེ་གྱེན་དུ་འཕྱོ། །
འདི་ལས་བྱུང་བའི་རྣམ་དཀར་ས་བོན་གྱི། །
བསོད་ནམས་ཞིང་དུ་བཏབ་པའི་འབྲས་བུའི་དཔལ། །
གཡུར་དུ་ཟ་བའི་ཕུན་ཚོགས་དགེ་ལེགས་མཚན། །
བློ་གསལ་གཞོན་ནུའི་བློ་ཡི་དགའ་སྟོན་ཤོག །
རླབས་ཆེན་ཤེས་རིག་ཡངས་པའི་ཐང་ཆེན་དུ། །
བགྲོད་པའི་ཅང་ཤེས་སྐལ་ལྡན་སློབ་བུ་ཚོགས། །
བླང་དོར་རིན་ཆེན་བསླབ་བྱའི་ལྕག་ཤད་ཀྱིས། །
སྐུལ་བའི་ཐར་ལམ་ས་ལ་ཟིན་གྱུར་ཅིག །
འོན་ཀྱང་བདག་བློ་ཤེས་བྱ་མ་སྨིན་པས། །
མ་རྟོགས་ལོག་པར་བཤད་དང་ཚིག་གི་སྦྱོར། །
སྔ་ཕྱི་མ་འབྲེལ་ནོར་འཆུག་ཅི་མཆིས་པ། །
ཤེས་ལྡན་མཁས་དབང་ཚོགས་ཀྱི་སྤྱན་སྔར་བཤགས། །
ཞེས་ལེགས་པར་བཤད་པ་ཆུ་ཡི་བསྟན་བཅོས་ལུགས་གཉིས་རླབས་འཕྲེང་བརྒྱ་ལྡན་དང་། ལེགས་པར་བཤད་པ་ཤིང་གི་བསྟན་བཅོས་ལུགས་གཉིས་ཡལ་འདབ་བརྒྱ་ལྡན་གྱི་རྩ་འགྲེལ་ཞེས་བྱ་བ་འདི་ནི་རང་སློབ་ཀྱི་སློབ་གཙོ་དམ་པ་སྐྱིད་དགེ་ལེགས་དང་། རྒན་ཡོན་ཏན་ཤེས་རབ་རྣམ་གཉིས་ཀྱིས་ཆུ་ཤིང་བསྟན་བཅོས་རྩ་འགྲེལ་ལྷན་འཛོམས་ཤིག་ཡོད་ན་སློབ་ཁྲིད་ཀྱི་བྱ་ལས་ལ་ཕན་པ་ཧ་ཅང་ཆེ་བར་དགོངས་ཏེ་ནན་གྱིས་བསྐུལ་བ་ལ་བརྟེན་ནས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བརྒྱད་གཅིག་ལས་རིགས་ལག་རྩལ་སློབ་གྲྭའི་བོད་ཡིག་ཁྲིད་དཔྱོད་ཁང་ནས་འབྲི་ཁུལ་བྱས་པ་ཛ་ཡནྟུ། སརྦ་མངྒ་ལཾ། །  ། །

སྐྱིད་སྡུག་མ་ངེས་འཁོར་བའི་མཚོ་མཇིངས་སུ། །
དགའ་སྡུག་རེས་མོས་འཕྱོ་བའི་རླབས་ཀྱི་ཕྲེང་། །
མ་ངེས་ལོ་ཟླའི་ཁྲོད་ནས་ཟད་གྱུར་ཀྱང་། །
མི་ཟས་ཡུན་རིང་ཟོས་པའི་རིན་དོད་དུ། །
ལེགས་བཤད་དོན་དུ་འགྲེལ་བའི་རྩོམ་གྱི་ཕྲེང་། །
ཅུང་ཟད་དལ་བའི་གོ་སྐབས་བློས་བཏང་ནས། །
བརྩོན་འགྲུས་སོར་མོའི་འདུ་བྱེད་སྒྱུར་བ་ཡིས། །
དེབ་ཆུང་འདི་ཉིད་བདག་གི་ཚབ་ཏུ་བཞག །

དྲ་ནས། http://blog.amdotibet.cn/society-news/archives/115642.aspx

Friday, 2 March 2018

ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ།


     ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ།    

        ༄༅།། ལྷ་སའི་ཆོ་འཕྲུལ་སྨོན་ལམ་དུས་ཆེན་ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་སྤྱི་ལོ་ཆིག་སྟོང་བཞི་བརྒྱ་བཅུ་མེད་དགུའི་ལོ་ལ་གསར་འཛུགས་གནང་པ་ཞིག་རེད།  
        ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི་རྗེ་ཙོང་ཁ་པ་ཆེན་པོས་སྔོན་སྟོན་པ་ཤཱཀྱ་ཐུབ་པས་ཟླ་བ་དང་པོའི་ཚེས་བརྒྱད་ནས་ཚེས་བཅོ་ལྔ་བར་མུ་སྟེགས་ཀྱི་སྟོན་པ་དྲུག་དང་ཆོ་འཕྲུལ་འགྲན་ནས་ཕམ་པར་མཛད་པའི་དུས་དེ་དང་བསྟུན་ནས་སེ་འབྲས་དགའ་གསུམ་གྱི་དགེ་འདུན་ཡོངས་རྫོགས་ལྷ་སར་གདན་དྲངས་ཏེ་གཙུག་ལག་ཁང་དུ་ཚེས་གྲངས་ཆད་ལྷག་བབས་ཀྱིས་ཚེས་གསུམ་བཞི་གང་རུང་ནས་དབུ་ཚུགས་ཏེ་ཚེས་ཉེར་ལྔ་བར་ཉིན་ཉི་ཤུ་རྩ་གཅིག་རིང་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་གཟབ་རྒྱས་དང་འབྲེལ་དགེ་འདུན་ཡོངས་ནས་ཉིན་རེ་ཚོགས་དུས་གསུམ་ལ་གསོལ་ཇ། བཞེས་ཐུག ཚབ་ར། སྐུ་འགྱེད་བཅས་བསྙེན་བཀུར་བླ་ན་མེད་པ་གནང་སྟེ་བསྟན་པ་རྒྱས་པ་དང་། འགྲོ་བ་བདེ་བའི་ཞལ་འདོན་ཐུགས་སྨོན་རྒྱ་ཆེ་མཛད་ཀྱི་རེད། དེའི་རིང་དགོང་དྲོ་ས་རུབ་རྗེས་འཁྱམས་རའི་ནང་དགེ་བཤེས་ལྷ་རམས་གསར་པ་རྣམས་ཀྱིས་མཚན་ཉིད་བགྲོ་གླེང་འགྲན་རྩོད་གནང་དགོས་པ་རེད། 
        དེ་སྔ་བོད་ཟླ་དང་པོའི་ཚེས་གསུམ་ནས་ལྷ་ས་གཙུག་ལག་ཁང་དུ་སྨོན་ལམ་གྱི་གྲལ་འཛིན་འགོ་ཚུགས་པ་ནས་ཆོས་སྡེ་ཆེན་པོ་འབྲས་སེ་དགའ་གསུམ་གཙོ་བོར་གྱུར་པའི་དགེ་འདུན་ཉིས་ཁྲི་ནས་སུམ་ཁྲི་བར་འཚོགས་ཏེ་འདུས་ཚོགས་སུ་བསྙེན་བཀུར་མཆོད་སྤྲིན་སྤེལ་བའི་སྨོན་ལམ་ཆེན་མོ་ཚོགས་སྲོལ་ཡོད་པ་དེ་ནི་སྔོན་སྟོན་པ་ཤཱཀྱ་མུ་ནེས་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་གཉན་ཡོད་ཅེས་པའི་ཡུལ་དུ་སྤྱི་ལོའི་སྔོན་གྱི་༥༡༡ལོ་མེ་འབྲུག་ཟླ་༡ཚེས་༡ནས་ཚེས་༡༥བར་མུ་སྟེགས་པའི་སྟོན་པ་དྲུག་དང་རྫུ་འཕྲུལ་འགྲན་པ་དང་། ཚེས་༨ཉིན་རྫུ་འཕྲུལ་གྱིས་དངོས་གཞིའི་མཐོ་རླབས་འཕྱུར་ཏེ་མི་ཚོགས་རྒྱ་མཚོ་ལྟ་བུའི་དབུས་སུ་མཐར་མུ་སྟེགས་པའི་སྟོན་པ་དྲུག་འཁོར་ཚར་བཅད་དེ་རྣམ་པར་རྒྱལ་བ་དེར་དྲན་གསོ་ཞུ་ཆེད་རྒྱ་གར་དུ་ཆོ་འཕྲུལ་མཆོད་པའི་དུས་སྟོན་ཆེན་མོ་བྱ་སྲོལ་དང་དུས་མཚུངས་པར་རབ་བྱུང་བདུན་པའི་ས་གླང་(༡༤༠༩)ལོར་རྗེ་བླ་མ་ཙོང་ཁ་པ་ཆེན་པོས་སྣེ་གདོང་མི་དབང་གྲགས་པ་རྒྱལ་མཚན་དང་སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོར་སློབ་སྟོན་མཛད་དེ་དད་སྦྱིན་ཁག་ནས་གཙུག་ལག་ཁང་ཞིག་གསོ་གསར་བཞེངས་ལྟ་བུ་མཛད་ཅིང་། 
      ཁྱད་པར་སྟོན་པ་དགུང་གྲངས་བཅུ་གཉིས་ཀྱི་སྐུ་ཚད་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་ཁྱད་པར་ཅན་ཇོ་བོ་རིན་པོ་ཆེར་འབོད་པ་མ་འོངས་ཀླུ་ཡུལ་དུ་གཤེགས་པའི་ལུང་བསྟན་ཡོད་པ་ལྟར་དེ་ལས་ཕྱིར་བསྲིངས་ཕྱིར་ངེས་པ་ལྔ་ལྡན་གྱི་ལོངས་སྐུར་ཞལ་བསྒྱུར་བའི་རིན་ཆེན་དང་པོའི་དབུ་རྒྱན་དང་མཆོད་པ་སྣ་ཚོགས་བཤམས་ཤིང་། ཚེས་པ་བརྒྱད་དང་བཅོ་ལྔ་ལ་གསེར་ཆབ་ཀྱིས་མཚོན་བསྙེན་བཀུར་ཚོགས་མཆོད་དཔག་ཏུ་མེད་པ་མཛད། ཕྱི་རོལ་དུ་ཕྱོགས་སྐྱོང་གི་དར་ཆེན་བཅོ་ལྔ་རང་རང་གི་ཕྱོགས་སུ་བཙུགས། དགེ་འདུན་ཁྲི་ཕྲག་འགར་བསྙེན་བཀུར་བའི་སྲོལ་བཟང་ཚུགས་ཏེ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དྲི་མ་མེད་པ་སྤྱི་དང་། ཁྱད་པར་འཇམ་མགོན་རྒྱལ་བ་གཉིས་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ། དེ་འཛིན་བསྟན་པའི་སྲོག་ཟུང་ཆེན་པོ་གང་ན་སུ་བཞུགས་པ་རྣམས་གདུལ་བྱའི་དོན་དུ་བསྐལ་པ་རབ་འབྱམས་ཞིང་གི་དུས་སྙེད་དུ་འཚོ་ཞིང་བཞེས་པ། མཐའ་དབུས་ཀྱི་སྐྱེ་རྒུ་མཐའ་དག་གནས་སྐབས་རྫོགས་ལྡན་ཕན་བདེའི་དགའ་སྟོན་ལ་ལོངས་སྤྱོད་ཅིང་། རིང་པོར་མི་ཐོགས་པར་བྱང་ཆུབ་སྙིང་པོའི་གོ་འཕང་ལ་བདེ་བླག་ཏུ་རེག་པར་གྱུར་བ་བཅས་ཀྱི་སྨོན་ལམ་གཙོ་བོར་མཛད་ཅིང་། ཉིན་མཚན་ཀུན་ཏུ་ཆོས་སྒྲ་ཆག་མེད་དུ་སྒྲོག་པའི་སྲོལ་གཏོད།
        ལྷ་ལྡན་སྨོན་ལམ་ཆེན་མོར་གདན་ས་ཆེན་པོ་འབྲས་སེ་གཉིས་ནས་དགེ་འདུན་ཕེབས་མུས་ཡང་དེ་རྗེས་བོད་རབ་བྱུང་བརྒྱད་པའི་ས་རྟ་༡༤༩༨ལོར་སྐབས་དེའི་སྲིད་འཛིན་དཔོན་ཚབ་ཞྭ་དམར་བ་བཞི་པ་ཆོས་གྲགས་ཡེ་ཤེས་དང་རིན་སྤུངས་པ་ནོར་བུ་བཟང་པོའི་བུ་མཚོ་སྐྱེས་རྡོ་རྗེ་གཉིས་ནས་སྨོན་ལམ་ཆེན་མོར་འབྲས་སེ་གཉིས་ཀྱི་དགེ་འདུན་པ་བཞུགས་མི་ཆོག་པ་བཟོས་ནས་ལོ་ཉི་ཤུ་ཙམ་རིང་བཀའ་བརྒྱུད་པ་དང་ས་སྐྱ་བ་གཉིས་ཀྱང་རྩོད་པ་བྱུང་རྐྱེན་གྱིས་སྨོན་ལམ་ཆེན་མོའི་འདུས་ཚོགས་ཀྱི་གཙོ་བོ་སུས་བྱེད་སྐོར་ལ་འགྱུར་བ་ཕྲན་བུ་བྱུང་ཡོད་འདུག དེ་རྗེས་སྡེ་སྲིད་ཕག་མོ་གྲུ་པའི་སྡེ་པ་ངག་དབང་བཀྲ་ཤིས་གྲགས་པས་དངོས་སུ་སྲིད་དབང་བཟུང་སྟེ་བོད་རབ་བྱུང་དགུ་པའི་ས་སྟག་༡༥༡༨ལོ་ནས་སླར་ཡང་སེ་འབྲས་གཉིས་ལྷ་སར་སྨོན་ལམ་ཚོགས་པར་ཡོང་རྒྱུ་བསྐྱར་གསོ་བྱས། དུས་དེ་ཙམ་ནས་རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོས་ལོ་ལྟར་སྨོན་ལམ་གྱི་ཚོགས་དབུ་གནང་ཐོག་ཚོགས་ཆེན་གྱི་འདོན་དབྱངས་དང་སྒྲིག་ལམ་གསར་པ་འགའ་ཞིག་གཏན་ལ་ཕབ། 
         དེ་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་ན་རིམ་དང་། ལྷག་པར་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་འབྲས་ཚོགས་ཆེན་དགེ་བསྐོས་གཉིས་ལ་སྨོན་ལམ་རིང་གི་ཆོས་སྲིད་གནོན་བསྡེམས་ཀྱི་དབང་ཆའི་བཅའ་ཡིག་ཆེན་མོ་བསྩལ་བ་ལྟར་སྨོན་ལམ་ཞག་ཉེར་གཅིག་རིང་ལྷ་སའི་ཁྲིམས་བདག་ཀྱང་འབྲས་སྤུངས་ཚོགས་ཆེན་ཞལ་ངོ་གཉིས་ནས་བྱས་ཏེ་གྲོང་ཁྱེར་ནང་ཁུལ་ས་མཚམས་ཀྱི་རྒྱས་བཅད་པ་ཚུན་ལ་ཁྲིམས་གནོན་དང་། སྲིད་གཞུང་ནས་ཀྱང་དགེ་འདུན་ལ་བསྙེན་བཀུར་ཚ་འགྱེད་ཇ་ཐུག་སོགས་ཀྱི་མཚོན་གཏོང་སྒོ་འགན་སྲུང་ཆེད་སྨོན་ལམ་སྤྱི་ཁྱབ་པ་ཞེས་ཤོད་སྐོར་ཛ་སག་ནས་རིམ་བཞི་གང་རུང་གཅིག རྩེ་མགྲོན་གཅིག ལྷ་གཉེར་གཅིག རྣམ་གྲྭ་བཀྲས་ཁང་གཉེར་པ། ལྷ་ས་གཉེར་ཚང་དྲུང་ཡིག་བཅས་ཟུར་བཙུགས་ལས་ཁུངས་ཤིག་ཡོད་པའི་ལས་འགན་ཁག་བགོས་ཐོག་བླ་ཕྱག་སེར་སྐྱ་ངོ་མ་བཞིས་བཤེར་ཁག་འགྱེད་གཏོང་སར་རྟོགས་ཞིབ་དང་། དངུལ་རྩིས་པ་རྩེའི་སྐུ་ཚབ་རྩེ་མགྲོན་གཅིག བླ་ཕྱག་ཕྱག་དྲུང་། ཡིག་ཚང་ལས་བྱ་རྩེ་དྲུང་གཅིག་བཅས་ནས་ཚོགས་ཐེངས་སོ་སོའི་འགྱེད་དངུལ་བླ་ཕྱག་ནས་ཁུག་བདོག་བྱེད་པ། འགྱེད་གཏོང་རྩེ་དྲུང་བདུན་དང་། དངུལ་ཁུག་པ་བླ་ཕྱག་ཇོ་ལགས་བདུན་སོ་སོས་དགེ་འདུན་གྱི་ཕྱག་ཏུ་ཆད་ལྷག་མེད་པར་འབུལ་བ་དང་། གྲངས་རྒྱག་པ་ཞེས་དོག་བདེའི་མི་སེར་ཁོངས་ནས་མི་བཅུ་བཞི་ཡོད་པ་དེས་བཤེར་ཁག་སོ་སོར་དགེ་འདུན་ཞལ་གྲངས་གང་ཡོད་གྲངས་རྒྱག་གིས་བརྒྱ་ཐེའུ་ཕབ་པ་དང་སྦྲགས་འགྱེད་དངུལ་ལྷག་བསྡད་བར་འཁུམ་བོར་བརླག་མེད་པ་རྩིས་འབུལ་བྱུང་གཞུང་འགོད་རྒྱུ། རྩེ་གཟིམ་འགག་གཅིག་ཡོད་པ་དེས་བླ་ཕྱག་ལས་ཁུངས་ནས་ཇ་མར། བཞེས་ཐུག་རྒྱུ་འབྲས་དང་། ནས་བཅགས། བཞེས་སྡོར། ཕྱུར་བ་སོགས་སྨིན་གཏོང་ཆེད་ཚོགས་ཁྲོའི་ཁར་བལྟ་རྟོགས་བྱེད་པ། མཐའ་དབུས་ཀྱི་སྐྱེ་རྒུ་དྲག་གཞན་རང་རང་སོ་སོའི་འཁོར་འབྱོར་ལ་གཞིགས་པའི་གསོལ་ཇ། བཞེས་ཐུག སྐུ་འགྱེད་འབུལ་མཁན། གཞན་ཡང་བསྔོ་རྟེན། སྐྱབས་ཡོན། འདོན་བསྐུལ། མང་དོད་དང་ཞལ་འདེབས་སོགས་འབུལ་མཁན་གྲངས་ལས་འདས་པ་ཡོད། མང་ཇའི་འགྱེད་ལག་འདོན་དང་མཆོད་རྩའི་ཐེབས་རིགས་གཉིས་སུ་དབྱེ་ཞིང་། ཐེབས་རྩའི་མ་རྐང་དེ་རྗེས་སུ་ཐེབས་སྦྱར་ལས་ཁུངས་ནས་སྐྱེད་འབབ་གཏོང་སྒོ་དོ་དམ་བྱེད་སྲོལ་ཆགས། 
        ཚེས་གསུམ་གྲལ་འཛིན་བཞུགས་སྟངས་ཐད། དེ་སྔོན་སྐུ་ཕྲེང་ལྔ་པའི་སྐབས་ཁྱམས་ར་དང་། ཤིང་ར་གཉིས་སུ་འབྲས་སྤུངས་པ་དང་། ཁྱམས་ར་ནང་སེ་ར་དགོན་པར་མདའ་རྐྱང་རིང་མོའམ་ཟླ་གཅིག་མ་ཞེས་གྲལ་གཅིག་བཅས་ཡིན་ཞིང་། རྗེས་སུ་རྒྱལ་བ་སྐུ་ཕྲེང་བདུན་པའི་སྐབས་དགའ་ལྡན་པ་སྨོན་ལམ་ཆེན་མོར་ཕེབས་དགོས་པའི་བཀའ་གནང་བ་བཞིན། སྒྲོལ་མ་ལྷ་ཁང་གི་མདུན་ནས་གཞུང་སྒོ་ནང་མ་བརྒྱུད་དུ་དགའ་ལྡན་པའི་གྲལ་བཞི་ཡོད། བར་བསྐོར་ནང་མ་ཤར་བརྒྱུད་སེ་ར་ལྟག་སྒོ་དང་བར་བསྐོར་བྱང་བརྒྱུད་བཅས་ལ་སེ་ར་དགོན་པ། བར་བསྐོར་ལྷོ་རྒྱུད་དང་ལྷོ་སྒོ་ནང་དགའ་ལྡན་དགོན་པ། སྟེང་མདའ་གཡབ་འོག་ཏུ་འབྲས་སེ་དགའ་གསུམ། གསུང་ཆོས་ར་བར་མདོ་དགེ་འདུན་ཞེས་གཞིས་དགོན་ཁུངས་ནས་གོང་དཀར་ཆོས་སྡེ་སོགས་དང་། གསུང་ཆོས་ར་བའི་རྡོ་གཅལ་མཐིལ་དུ་དབོན་སེར་གཟུགས་བཅས་དགེ་འདུན་ཉིས་སྟོང་སྐོར་ཁྱོན་བསྡོམས་དགེ་འདུན་ཉིས་ཁྲི་ལྔ་སྟོང་སྐོར་སོ་སོའི་བཞུགས་གནས་སུ་གྲལ་འཁོད། ཁྱམས་རའི་ནང་ཚོགས་ཆེན་དགེ་བསྐོས་རྒན་པས་བཅའ་ཡིག་ཆེན་མོ་སྒྲོགས་སྦྱངས་དང་འབྲེལ་སྨོན་ལམ་རིང་དགེ་འདུན་རྣམས་ནས་ཆོས་ཁྲིམས་སྲུང་སྡོམ་བྱེད་སྒོའི་ཚོགས་གཏམ་བཏང་། གྲལ་འཛིན་གྲུབ་ནས་དགོང་ཇའི་བཤེར་ཁག་ཐོག་དགེ་འདུན་རེར་བཀྲ་ཤིས་ཁ་བཏགས་ཞེས་ཟུབ་ཕྱི་དང་ཛ་ཏི་རེ་ཕུལ། 
         སྨོན་ལམ་སྐབས་སྔ་དགུང་དགོང་གསུམ་ལ་ཉིན་རེར་རློན་ཚོགས་ཐེངས་གསུམ་ལ་ཚོགས་ཐེངས་རེར་གསོལ་ཇ་གཉིས་རེ་དང་། སྔ་དགུང་གཉིས་ལ་བཞེས་ཐུག་རེ། ཚེས་༡༣ཞོགས་ཚོགས་ཐོག་རྩམ་བཞེས་ལས་ཁུངས་ནས་དགེ་འདུན་རེར་རྩམ་པ་བཅུ་འབོ་རེ། སྨོན་ལམ་ཚོགས་ཤིང་ཐད་ཚོགས་སྨོན་ཤིང་གཉེར་ཞེས་རྩེ་དྲུང་གཉིས་ཟུར་བསྐོས་ཡོད་པ་ནས་གཏོང་དགོས། ཞོལ་གཉེར་ཚྭ་བུལ། དེ་བྱིངས་ཇ་མར་གྱིས་མཚོན་དགོས་མཁོ་བླ་ཕྱག་ལས་ཁུངས་ནས་གཏོང་དགོས། 
        ཆོས་ལུགས་གནང་སྒོའི་ཐད་ཚོགས་དབུས་སུ་རློན་ཚོགས་སྔ་དགོང་གཉིས་ཐོག་ཚོགས་ཆེན་དབུ་མཛད་ནས་ཞལ་འདོན་འཆར་ཅན་གསུང་སྐུལ་གྲོལ་རྗེས་ཀྱི་བར་གསེང་དུ་སྐམ་ཚོགས་སྨོན་ལམ་གྱི་དབུ་བཞུགས་སུ་དགའ་ལྡན་ཁྲི་རིན་པོ་ཆེ་ཕེབས་ཏེ་གདན་སའི་མཁན་པོ་རྣམ་པ་དང་། བླ་སྤྲུལ་ཆེ་ཆུང་། དགེ་བཤེས་ལྷ་རམས་པ། འབྲས་སྤུངས་གྲྭ་ཚང་བཞིའི་དབུ་མཛད་རྣམ་པ། དགེ་འདུན་མང་ཚོགས་བཅས་ནས་བསྟོད་པ་ལེགས་བྲིས་མ་དང་། སྐབས་གསུམ་པ། འཕགས་པ་བྱམས་པའི་སྨོན་ལམ་དང་། ཐོག་མཐའ་མ་གཉིས་རེས་མོས། སྤྱན་འདྲེན་ཁྲུས་གསོལ། ལྟུང་གཤགས། གཞི་བདག་གཏོར་མའི་དབུ་བསྐུལ། གསང་བའི་རྣམ་ཐར། ཡོན་ཏན་གཞིར་འགྱུར་མ་བཅས་གདངས་སྙན་པོའི་སྒོ་ནས་ལེགས་པར་གསུངས་རྗེས་ཐུབ་པའི་བསྟན་པ་རིན་པོ་ཆེ་སྲིད་མཐར་དར་ཞིང་འགྲོ་ཀུན་བདེ་སྐྱིད་དཔལ་ལ་སྤྱོད་ཕྱིར་དགེ་ཚོགས་བྱང་ཆེན་གྱི་རྒྱུར་མཚམས་སྦྱོར་དང་། ངན་སོང་གསུམ་གྱི་སྣོད་བཅུད་སྟོང་པར་གྱུར་པའི་ལྗགས་བསྔོ། བསྟན་འབར་མ་དང་། བདེ་བ་ཅན་གྱི་སྨོན་ལམ་མཐུན་གྱུར་དང་བཅས་མཉམ་མེད་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་བཞེད་སྲོལ་ཇི་ལྟ་བ་བཞིན་ཉམས་པ་མེད་པའི་བཀའ་དྲིན་ཉིན་ལྟར་བསྐྱངས།
        བོད་རབ་བྱུང་བཅུ་པའི་ཆུ་གླང་༡༦༡༣ལོ་ནས་པཎ་ཆེན་སྐུ་ཕྲེང་བཞི་པ་ཆོས་ཀྱི་རྒྱལ་མཚན་གྱིས་ལོ་དྲུག་རིང་ལྷ་ས་སྨོན་ལམ་ཆེན་མོའི་ཚོགས་དབུ་གནང་ཞིང་དེ་སྐབས་གདན་ས་ཆེན་པོ་གསུམ་གྱི་དགེ་བཤེས་མཁས་པ་རྣམས་ནས་འདེམ་བསྒྲུགས་ཐོག་སྨོན་ལམ་ཚོགས་དབུས་སུ་མཚན་ཉིད་དམ་བཅའ་བཞག་སྟེ་སྔ་དྲོ་ཚད་མ་རྣམ་འགྲེལ། ཉིན་དགུང་དབུ་མ་ཕར་ཕྱིན། དགོང་དྲོ་འདུལ་བ་དང་མཛོད་བཅས་མཚན་ཉིད་ཀྱི་གཞུང་ཆེན་པོ་ལྔ་ལ་བགྲོ་གླེང་བྱས་པ་བརྒྱུད་མཚན་ཉིད་བཟང་རིམ་ལ་ཨང་ཀི་དང་པོ་གཉིས་པ་དང་བྱ་དགའི་དངོས་པོ་སོགས་སྤྲོད་པའི་ལམ་ལུགས་གསར་བཏོད་གནང་། དགོང་ཚོགས་གྲོལ་རྗེས་ཁྱམས་རའི་ནང་གོང་ལྟར་རྒྱལ་མཚན་དཀར་པོའི་འོག་ཏུ་དགེ་བཤེས་ལྷ་རམས་པ་རྣམས་ཉིན་གཅིག་རིང་གི་རེས་མོས་ཀྱིས་དམ་བཅའ་འཇོག་དགོས། དེའི་སར་རྒྱུགས་ལེན་བླ་མ་གཞུང་ལས་པ་ཞེས་འབྲས་སྤུངས་དགོན་གྱ་མཁན་པོ་གཉིས། གནམ་ཡངས་ལྡིངས་གུར་འོག་ཏུ་ཏཱ་ལའི་བླ་མའི་མཚན་ཞབས་རྣམས་ཕེབས་དགོས། ཚོགས་སུ་བླ་སྤྲུལ་ཆེ་ཆུང་། གདན་སའི་མཁན་པོ་ལས་ཟུར། རྩོད་གྲྭའི་སློབ་གཉེར་བ་ཡོངས་རྫོགས་བཞུགས་དགོས། 
         ཚེས་༡༢ ༡༣ ༡༤གསུམ་ལ་དགེ་བཤེས་ལྷ་རམས་པ་གསར་པ་ཕྱག་དཔེ་མཁས་པ་གྲགས་ཅན་དག་དམ་བཅར་བཞུགས་སྐབས་དགེ་འདུན་པ་ཁྱམས་རར་མ་གཤོངས་པ་ལྟབུའི་འཚང་ཀ་ཤིག་ཤིག་ཏུ་ཕེབས་ཡོང་། ཞོགས་ཚོགས་གྲོལ་རྗེས་ཉིན་ལྟར་གསུང་ཆོས་ར་བའི་བང་རིམ་གོང་མའི་སྟེང་གི་ཆོས་ཁྲིར་དགའ་ལྡན་ཁྲི་པ། བང་རིམ་སྟེང་འོག་མཐའ་འཁོར་དུ་སེ་འབྲས་དགེ་གསུམ་གྱི་མཁན་པོ། བླ་སྤྲུལ། དགེ་བཤེས་ལྷ་རམས་པ། དབུ་མཛད་རྣམ་པ། རྡོ་གཅལ་ནང་གྲྭ་དམངས་བཅས་ཀྱི་ཚོགས་དབུས་སུ་ཚད་མ་རྣམ་འགྲེལ་གྱི་བགྲོ་གླེང་ཆུ་ཚོད་གཉིས་ཙམ་གནང་། 
       གསུང་ཆོས་སྐབས་ཁྲི་རིན་པོ་ཆེས་སྟོན་པའི་མཛད་པ་ལས་བརྩམས་པའི་སྐྱེས་རབས་སོ་བཞི་པ་དང་། སྔོན་བྱོན་དམ་པའི་གསུང་རབ་ཆོས་ཐུན་རེ་དགེ་འདུན་ཕེབས་ངོ་ཡོད་པ་དང་། སྐྱ་བོ་ཕོ་མོ་རྣམས་ཀྱང་ཆོས་ཞུར་རྡོ་གཅལ་ནང་སོང་ནའང་འགྲིག་གི་ཡོད། 
       སྨོན་ལམ་འདི་དང་ཐོག་ཆོ་འཕྲུལ་ཟླ་༡ཚེས་༡ནས་ཚེས་༡༥བར་ཉིན་བཅོ་ལྔ་ལས་མེད་ཅིང་། དེ་རྗེས་སྨོན་ལམ་གྱི་དུས་སྟོན་རྒྱ་ཆེ་རུ་སོང་སྟེ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་འདས་མཆོད་འགོ་ཚུགས་པ་ནས་ཏཱ་ལའི་བླ་མ་རིམ་བྱུང་གི་དགོངས་རྫོགས་མཆོད་སྤྲིན་ལ་ལྷ་ས་སྨོན་ལམ་ཉིན་ཞག་རིམ་འཕར་དབང་གིས་མཐར་ཧོར་ཟླ་༡ཚེས་༤ནས་འགོ་ཚུགས་ཏེ་ཚེས་༢༤་ལ་སྨོན་ལམ་གཏོར་རྒྱག་དང་། ཚེས་༢༥ལ་བྱམས་པ་གདན་འདྲེན་གྲུབ་རྗེས་སྨོན་ལམ་གྲོལ་བ་ལགས་སོ། །    

མཆན། ཡིག་བཅོས་ཅུང་ཟད་ཙམ་ལས་མ་གཞི་དྲ་རྒྱ་གཞན་ལས་སོ།

Thursday, 1 February 2018

དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཟིན་བླ་མའི་གསུང་འགྲོས་ལྟར་བཀོད་པ་བྱིན་རླབས་ཀྱི་འཇུག་སྒོ་ཞེས་བྱ་བ།

  

དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཟིན་བླ་མའི་གསུང་འགྲོས་ལྟར་བཀོད་པ་བྱིན་རླབས་ཀྱི་འཇུག་སྒོ་ཞེས་བྱ་བ།

རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པ་གཅིག་བསྡུས་ངོ་བོ་རིགས་གསུམ་མགོན།། 
བསམ་བཞིན་མི་ཡི་གར་དུ་རོལ་བ་མཉམ་མེད་ཀུན་མཁྱེན་ཙོང་ཁ་བ།། 
ད་ལྟའི་དུས་སུ་བཀའ་དྲིན་མཚུངས་མེད་བློ་བཟང་ཆོས་ཀྱི་གྲགས་པའི་ཞབས།། 
རྣམ་གསུམ་དབྱེར་མེད་གུས་པས་བཏུད་ཏེ་བླ་མའི་གདམས་ངག་གསུང་བཞིན་བྲི།། 
གསང་བདག་ཕྱག་ན་རྡོ་རྗེ་ཡིས་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ཚང་ལ་བླ་མ་ལ་མོས་གུས་མ་ཐོབ་པར་ཡི་དམ་ལྷ་ཡི་ཞལ་མཐོང་ཟེར་བ་དང་རྒྱུད་ལ་ཉམས་རྟོགས་བཟང་བོ་སྐྱེས་ཟེར་བ་རྫུན་ཡིན་གསུངས། དེས་གང་ཟག་རང་ཉིད་ཀྱིས་ཐོས་བསམ་སྒོམ་སྒྲུབ་གང་བྱས་རྣལ་དུ་འགྲོ་བ་ལ་བླ་མའི་རྣལ་འབྱོར་འདི་གལ་ཆེ་བ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་གང་སྒྲུབ་པ་ལ་བླ་མ་གལ་ཆེ་བ། ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་བླ་མ་ཉིད་ཡིན་པ་བསྟན་ཡོད། 
ཡབ་རྗེ་བླ་མས་ཀྱང། 
རི་མཐོན་པོར་གནས་པའི་སྒོམ་ཆེན་ཀུན།། 
དུས་ཐོག་མར་བླ་མའི་རྣལ་འབྱོར་ལ།། 
ཆོས་དགེ་སྦྱོར་གྱི་སུམ་གཉིས་བྱེད་པ་དེ།།
 ཁོང་དམ་པ་སྔ་མའི་ཕྱག་སྲོལ་ཡིན།། 
ཞེས་རི་མཐོན་པོར་གནས་པའི་སྒོམ་ཆེན་ཞིག་ཡིན་ནའང་དུས་ཐོག་མ་ནས་རང་གི་དགེ་སྦྱོར་གྱི་སུམ་ཆའི་གཉིས་བླ་མའི་རྣལ་འབྱོར་གྱི་སྟེང་དུ་དྲིལ་ནས་ཉམས་ལེན་བྱེད་པ་འདི་སྔོན་བྱོན་དམ་པ་གོང་མ་རྣམས་ཀྱི་ཕྱག་སྲོལ་བཟང་བོ་ཡིན་ཟེར་བ་རེད། དེའི་ཕྱིར་བླ་མའི་རྣལ་འབྱོར་འདི་ཧ་ཅང་གལ་ཆེ་བ་ཡིན། 
བླ་མ་མཆོད་པ་ཟེར་བ་དང་བླ་མའི་རྣལ་འབྱོར་ཟེར་བ་འདི་གཉིས་དོན་ཕལ་ཆེར་འདྲ་ཞེས་གུང་ཐང་བསྟན་པའི་སྒྲོན་མེ་ཚང་གིས་དེ་ལྟར་གསུངས། བླ་མའི་རྣལ་འབྱོར་ཞེས་པ་བླ་མ་ལ་དད་གུས་རྩེ་གཅིག་གི་སྟེང་ནས་ལུས་ཀྱིས་བསྙེན་བཀུར་བྱེད་པ། ངག་གིས་ཡོན་ཏན་བརྗོད་པ། ཡིད་ཀྱིས་བཀའ་དྲིན་དྲན་པ། དེ་འདྲའི་སྟེང་ནས་བླ་མས་ཅི་གསུང་བཀའ་བཞིན་སྒྲུབ་པ་དེ་མཆོད་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་བ་ཡིན་པས་དེ་ལྟར་ཉམས་ལེན་བྱས་པ་ལ་བླ་མའི་རྣལ་འབྱོར་ཉམས་སུ་བླངས་ཟེར་བ་ཡིན། 
འདི་ལ་རང་ཅག་གིས་བླ་མ་མཆོད་པ་ཟེར་ལ་བླ་མའི་རྣལ་འབྱོར་ཡང་ཟེར། བཀའ་བརྒྱུད་པ་རྣམས་ཀྱིས་བླ་སྒྲུབ་ཅེས་ཐ་སྙད་བཏགས་ཡོད་པ་དང་། རྙིང་མ་བ་རྣམས་ཀྱིས་རིག་འཛིན་གདུང་སྒྲུབ་ཅེས་མིང་བཏགས་པ་སོགས་མིང་འདོགས་ཚུལ་མི་འདྲ་བ་མ་གཏོགས་ཡིན་རྒྱུ་ནི་བླ་མ་མཆོད་པ་ཟེར་བ་འདི་དང་འདྲ། དེ་འདྲའི་བླ་མའི་རྣལ་འབྱོར་འདི་གལ་ཆེ་བ་ཡིན་པས་ཐོག་མར་ཤེས་དགོས་པ་ཞིག་ཡིན། 
དེས་ན་བླ་མའི་རྣལ་འབྱོར་འདི་ལ་དབེན་ས་སྙན་བརྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་དང་། སྲད་བརྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་གཉིས་ཡོད་པས་དེ་དག་གི་ལོ་རྒྱུས་བརྒྱུད་རིམ་ཆོས་ཀྱི་ཆེ་བ་སོགས་ཁྲིད་ཡིག་རྒྱས་པ་དག་ལས་ཤེས་པར་བྱེད་དགོས། 
དེས་ན་དབེན་ས་སྙན་བརྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ངོ་གདོང་གི་དོན་མདོར་བསྡུས་ཤིག་འཆད་པ་ལ། རང་གི་རྩ་བའི་བླ་མ་དང་རྗེ་བཙུན་ཙོང་ཁ་བ་ཆེན་པོ་དབྱེར་མེད་པའི་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་ནས་ཉམས་སུ་ལེན་པའི་རིམ་པ་དེ་བཤད་བྱ་རེད། 
དེ་ལ་སྦྱོར་བའི་ཆོ་ག 
དངོས་གཞིའི་ཆོ་ག 
མཇུག་གི་ཆོ་ག་དང་རིམ་པ་གསུམ་ཡོད། 
སྦྱོར་བའི་སྐབས་ནས་བླ་མ་གསེར་གླིང་བའི་རྣམ་ཐར་ལྟར་གནས་ཁང་བྱི་དོར་བྱས་ཏེ་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་པ། 
མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམས་པ། 
བདེ་བའི་སྟན་ལ་ཚུལ་དང་མཐུན་པའི་སྤྱོད་ལམ་གྱིས་འཁོད་དེ་སྐྱབས་འགྲོ་སེམས་བསྐྱེད་བྱ་བ་དང་གསུམ་པོ་དེ་འདིའི་སྦྱོར་བའི་རིམ་པ་རེད། 
གནས་ཁང་བྱི་དོར་བྱེད་པ་འདི་ཡང་དགོས་པ་རྒྱ་ཆེ་བ་ཡིན་ཏེ། ཚོགས་ཞིང་ལ་བསྙེན་བཀུར་བྱ་བའི་ཆེད་དང་མ་འོངས་པ་ན་རང་ཉིད་གང་དུ་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་སྦྱོང་བའི་དགོས་པ་ཡོད་པ་ཡིན། དེས་ན་གནས་ཁང་བྱི་དོར་གཙང་མ་ཞིག་བྱས་ཏེ་རྗེ་ཡབ་སྲས་ཀྱི་སྐུ་བརྙན་གཙོ་བོར་གྱུར་བའི་སྐུ་གསུང་ཐུགས་ཀྱི་རྟེན་གོ་རིམ་མ་ནོར་བའི་སྟེང་ནས་བཤམས། 
དེའི་མདུན་དུ་མཆོད་པ་གཡོ་མེད་པ་སྟེ་རྒྱུའི་གཡོ་ཚུལ་འཆོས་སོགས་ལོག་འཚོའི་སྟེང་ནས་སྒྲུབ་པའི་མཆོད་རྫས་སོགས་འབུལ་བ་དང་། ཀུན་སློང་གི་གཡོ་ཚེ་འདིའི་རྙེད་པ་དང་བཀུར་སྟི་ལ་རེ་བའི་བསམ་པ་དང་ཀུན་སློང་གི་སྟེང་ནས་མཆོད་པ་མཛེས་མཛེས་སོགས་བཤམས་པ། དེ་འདྲའི་རྒྱུའི་གཡོ་དང་ཀུན་སློང་གི་གཡོ་ཅན་དུ་མ་སོང་བའི་སྒོ་ནས་རང་ལ་ཅི་འཛོམས་ན་འཛོམས་ཚོད་ཙམ་གྱི་མཆོད་པ་མཛེས་པར་བཤམས། བཤམས་པའི་ཚེ་ཡང་ཏིང་ཕོར་རྣམས་གཙང་མ་ཞིག་ཕྱིས་སྟེ་དེའི་ནང་དུ་ཆུ་ནས་འབྲུའི་ཚད་ཙམ་གྱིས་མ་གང་བ། ཧ་ཅང་ཉུང་ན་ལོངས་སྤྱོད་ཉམས་པའི་རྟེན་འབྲེལ་དང་། ཁ་ནས་འབོ་བ་ལྟ་བུ་བྱས་ན་ཚུལ་ཁྲིམས་འཆལ་བའི་རྟེན་འབྲེལ་མི་འགྲིག་པ་དེ་འདྲ་ཡོང་ཟེར་བ་ཡིན། ཡང་མཆོད་པའི་བར་ཐག་ཧ་ཅང་བཀྱེད་ན་བླ་མ་དང་འབྲལ་བའི་རྟེན་འབྲེལ་དང་། ཕན་ཚུན་གཏུགས་དྲག་ན་དབང་བོ་རྟུལ་བོར་འགྱུར་བའི་རྟེན་འབྲེལ་མི་འགྲིག་པ་ཡོང་ཟེར་བ་ཡིན། 
དེ་ནས་བདེ་བའི་སྟན་ལ་ཚུལ་མཐུན་གྱི་སྤྱོད་ལམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་བྱ་བ་སྟེ། རྒྱབ་ཅུང་ཟད་མཐོ་བའི་བདེ་བའི་སྟན་གྱི་སྟེང་དུ་ཚུལ་མཐུན་གྱི་སྤྱོད་ལམ་སངས་རྒྱས་རྣམ་པར་སྣང་མཛད་བཞུགས་སྟངས་ལྟ་བུའི་ངང་ནས་སྐྱབས་ཡུལ་གསལ་བཏབ། དོན་ཡིད་ལ་དྲན་བཞིན་པའི་སྒོ་ནས་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་ཚིག་བརྗོད་པ་ལྟ་བུའི་སྟེང་ནས་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་རིམ་པ་དེ་སོང་། སེམས་བསྐྱེད་ཀྱི་ནུས་པ་གོང་ནས་གོང་དུ་འཕེལ་བ་དང་གེགས་སེལ་དང་བོགས་འདོན་གྱི་ཆེད་དུ་ཚད་མེད་བཞི་བསྒོམས། སྤྱིར་བཏང་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་བྱམས་པ་ཚད་མེད་དེ་མགོ་ན་ཡོད་ཀྱང་ལག་ལེན་གྱི་སྟེང་ནས་བཏང་སྙོམས་ཚད་མེད་དེ་སྔོན་དུ་ཡོད་པ་དེ་འདྲའི་སྟེང་ནས་འགྲོ་དགོས། 
ཐོག་མར་སྐྱབས་འགྲོ་དང་སེམས་བསྐྱེད་འདི་ལ་ནན་ཏན་བྱེད་དགོས་པའི་རྒྱུ་མཚན་ནི། སྐྱབས་འགྲོས་མ་ཟིན་ན་རང་གིས་ཆོས་གང་དང་གང་ཞིག་བྱས་ནའང་ནང་བ་སངས་རྒྱས་པའི་ཆོས་སུ་མི་འགྲོ་བ་དང་། སེམས་བསྐྱེད་ཀྱིས་མ་ཟིན་ན་ཐེག་པ་ཆེན་པོའི་ཆོས་སུ་མི་འགྲོ་བ་དེ་འདྲའི་སྟེང་ནས་རྒྱུ་མཚན་ཤེས་པར་བྱས་ནས་སྐྱབས་འགྲོ་དང་སེམས་བསྐྱེད་སྔོན་དུ་སོང་། 
དེ་ནས་དངོས་གཞིའི་སྐབས་ལ་ཡང་ཚོགས་ཞིང་གསལ་འདེབས་པ། 
བསགས་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་འབུལ་བ། 
མཎྜལ་འབུལ་ཞིང་རང་གི་འདོད་དོན་ལ་གསོལ་བ་བཏབ་ནས་བྱིན་རླབས་ཞུ་བ་དང་གསུམ་ཡོད། 
དང་པོ་ཚོགས་ཞིང་གསལ་འདེབས་ཀྱི་སྐབས་སུ་སྤྱིར་སྤྱན་འདྲེན་ཚུལ་ལ་རང་བཞིན་གྱི་གནས་ནས་སྤྱན་འདྲེན་ཚུལ་དང་རང་རང་གང་དུ་བཞུགས་པའི་གནས་ནས་སྤྱན་འདྲེན་ཚུལ་སོགས་མང་པོ་ཡོད། རང་བཞིན་གྱི་གནས་ནས་སྤྱན་འདྲེན་པ་ལ་ཡང་ལོངས་སྐུའི་གནས་ནས་སྤྱན་འདྲེན་པ་དང་ཆོས་སྐུའི་གནས་ནས་སྤྱན་འདྲེན་པ་གཉིས་ཡོད། སྐབས་འདི་ན་དེ་ལྟ་མ་ཡིན་པར་རྗེ་བཙུན་བྱམས་མགོན་གྱི་ཐུགས་ཀ་ནས་རྗེ་ཡབ་སྲས་གསུམ་སྤྱན་འདྲེན་པ་ཡིན། དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས།། རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་རྩེར།། ཆོས་ཀྱི་རྒྱལ་བོ་ཀུན་མཁྱེན་བློ་བཟང་གྲགས།། སྲས་དང་བཅས་པ་གནས་འདིར་གཤེགས་སུ་གསོལ།། ཞེས་དགའ་ལྡན་ལྷ་བརྒྱའི་མགོན་ཞེས་པའི་སྐབས་སུ་རྗེ་བཙུན་བྱམས་པའི་ཐུགས་ཀ་གསེར་གྱི་གཏན་པ་ཕྱིས་པ་ལྟ་བུ་ལ་དཔལ་བེའུ་དྲ་མིག་ཁྲ་སེང་ངེ་བའི་དབུས་སུ་རྗེ་ཡབ་སྲས་གསུམ་བཞུགས་པ་རང་གིས་མངོན་སུམ་དུ་མཐོང་བ་ལྟ་བུའི་མོས་པ་བྱས། དེ་ལྟར་ཚིག་རིས་བརྗོད་པའི་སྒོ་ནས་དར་དཀར་བརྐྱངས་པ་ལྟ་བུའི་སྤྲིན་འབུར་བོ་གསུམ་གྱི་དབུས་མ་དེ་ཅུང་ཟད་མཐོན་པོར་བྱས་ལ་གཡས་གཡོན་གྱི་སྤྲིན་གཉིས་ཅུང་དམའ་བར་བྱས་པའི་སྟེང་ནས་རྗེ་ཡབ་སྲས་གསུམ་སྤྱན་འདྲེན་པ་ཡིན། 
དེ་ལྟར་སྤྱན་འདྲེན་པའི་དུས་ལ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་བསྟན་སྲུང་ཡེ་ཤེས་པའི་ཚོགས་ཐམས་ཅད་དགའ་ལྡན་ནས་སྤྱན་འདྲེན་རྒྱུ་ཞིག་དང་། ཡང་རྗེའི་ཐུགས་ཀ་ནས་སྐྱབས་ཡུལ་ཚོགས་ཞིང་དེ་དག་སྤྲོས་ནས་སྤྱན་འདྲེན་རྒྱུ་ཞིག ཡང་རྗེ་ཡབ་སྲས་གསུམ་བླ་མ་ཀུན་འདུས། ཡི་དམ་ཀུན་འདུས། སངས་རྒྱས་ཀུན་འདུས། དམ་ཆོས་ཀུན་འདུས། དགེ་འདུན་ཀུན་འདུས། མཁའ་འགྲོ་ཀུན་འདུས། ཆོས་སྐྱོང་ཀུན་འདུས་སོགས་ཀུན་འདུས་ནོར་བུའི་ལུགས་ཀྱིས་སྤྱན་འདྲེན་པ་སོགས་སྤྱན་འདྲེན་ལུགས་མི་འདྲ་བ་དུ་མ་གསུངས་ཡོད་པ་རེད། 
འདི་ནས་རྗེ་ཡབ་སྲས་གསུམ་པོ་སྐྱབས་གནས་ཀུན་འདུས་ཀྱི་མོས་པ་བྱས་ནས་སྤྱན་འདྲེན་པ་ཡིན། སྤྱིར་བླ་མ་སྒོམ་པའི་གནས་དེ་ལ་རང་གི་ཚོགས་བསགས་ཀྱི་ཆེད་དུ་ཡིན་ན་བླ་མ་མདུན་གྱི་ནམ་མཁར་སྒོམ་པ་དང་། གསོལ་བ་འདེབས་པ་ལྟ་བུའི་སྐབས་ཡིན་ན་བླ་མ་སྤྱི་གཙུག་ཏུ་སྒོམ་པ་དང་། དུས་རྟག་ཏུ་བླ་མ་སྙིང་གར་སྒོམ་པ་སོགས་སྒོམ་པའི་གནས་མི་འདྲ་བ་དེ་ལྟར་དུ་ཡོད། འདི་ནས་ཡན་ལག་བདུན་པ་བྱ་བ་སོགས་ཚོགས་བསགས་སྒྲིབ་སྦྱོང་གི་ཞིང་དུ་སྤྱན་འདྲེན་པ་ཡིན་པས་གཞི་རང་གི་སྨིན་མཚམས་ཀྱི་ཐད་དྲང་གི་ནམ་མཁའ་དེ་ལ་རྗེ་བཙུན་བྱམས་མགོན་གྱི་ཐུགས་ཀ་ནས་ཀུན་འདུས་ནོར་བུའི་ལུགས་ཀྱི་དབང་དུ་བྱས་ནས་སྤྱན་འདྲེན་པ་ཡིན། 
སྔགས་དང་འབྲེལ་ནས་སོང་ན་མདུན་གྱི་ནམ་མཁར་དམ་ཚིག་པ་མང་བོ་བསྐྱེད། དགའ་ལྡན་གྱི་གནས་ནས་ཡེ་ཤེས་པའི་ཚོགས་མང་བོ་སྤྱན་དྲངས་ཏེ་མདུན་གྱི་དམ་ཚིག་པ་ལ་བསྟིམ་པའི་རིམ་པ་དེ་འདྲ་ཡོད། 

དེ་ནས་བསགས་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་བྱ་བ་ནི། ཚོགས་བསགས་སྒྲིབ་སྦྱོང་གི་གནད་བསྡུས་པ་ཞེས་པ་སྟེ་རྗེ་རིན་པོ་ཆེས་འདི་ལྟར་གསུངས་པ་ཡིན། ཚོགས་བསགས་སྒྲིབ་སྦྱོང་གི་ལྷན་ཅིག་བྱེད་རྐྱེན་དེ་མེད་ན་ཉེར་ལེན་གྱི་རྒྱུ་དམིགས་རྣམ་ལ་བློ་སྦྱངས་པ་ཁོ་ནའི་སྟེང་ནས་ལམ་ཤིན་ཏུ་སྐྱེ་དཀའ་གསུངས་པ་རེད། ལམ་གྱི་དམིགས་རྣམ་ལ་བློ་སྦྱོང་བ་ནི་དཔེར་ན་ས་བོན་ལྟ་བུ་དང་ཚོགས་བསགས་སྒྲིབ་སྦྱོང་ནི་ཆུ་ལུད་དྲོད་གསུམ་གྱི་ལྷན་ཅིག་བྱེད་རྐྱེན་ལྟ་བུ་རེད། དེ་འདྲའི་ལྷན་ཅིག་བྱེད་རྐྱེན་དེ་ཚང་བའི་སྒོ་ནས་ཉམས་རྟོགས་དང་ས་ལམ་གྱི་ཡོན་ཏན་རྒྱུད་ལ་སྐྱེ་བའི་སྣོད་རུང་དུ་མ་སོང་ན་ལམ་གང་དང་གང་ཡིན་ནའང་རྒྱུད་ལ་སྐྱེ་ཐུབ་པ་མིན། དཔེར་ན་རང་གི་ཤེས་རྒྱུད་སྡིག་སྒྲིབ་དང་ལྟུང་བས་མ་རུངས་པར་སོང་བ་ཡིན་ན་ལམ་གྱི་ཡོན་ཏན་སོགས་རྒྱུད་ལ་སྐྱེ་ས་མི་འགྲོ་ལ་བླ་མའི་བྱིན་རླབས་ཀྱང་ཞུགས་རྒྱུ་མེད། རྒྱུད་ལ་ལྟུང་བ་ལྟ་བུ་བྱུང་ན་ལས་དང་ལམ་ལ་སྒྲིབ་པ་དེ་ལྟུང་བའི་དགག་བྱ་ཡིན་པས་འདུལ་བ་ལྟར་གྱི་ལས་བྱས་ནའང་ལས་མི་ཆགས་པ་དང་ལམ་རྒྱུད་ལ་སྐྱེ་བ་ལའང་གེགས་བྱེད་པ་ཡིན། དེས་ན་ལམ་རྒྱུད་ལ་སྐྱེ་བའི་སྣོད་རུང་ཞིག་ཏུ་གཏོང་དགོས་པས་ཚོགས་བསགས་སྒྲིབ་སྦྱོང་གི་སྟེང་ནས་རང་གི་རྒྱུད་དེ་ཞིང་ས་གཤིན་པོ་ལྟ་བུ་ཞིག་ཏུ་བཏང་བ་ཡིན་ན་དེའི་སྟེང་དུ་ལམ་གྱི་དམིགས་རྣམ་སྐྱོང་བའི་ས་བོན་གང་བཏབ་ཀྱང་དེ་དང་མཐུན་པའི་ཉམས་རྟོགས་ཀྱི་མྱུ་གུ་སྐྱེ་བ་ནི་རྟེན་འབྲེལ་གྱི་ཆོས་ཉིད་ཡིན། རྒྱུ་མཚན་དེའི་ཕྱིར་ཚོགས་བསགས་སྒྲིབ་སྦྱོང་གི་གནད་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་པ་ཡན་ལག་བདུན་པའི་སྟེང་ནས་རང་གི་རྒྱུད་སྣོད་རུང་ཞིག་ཏུ་གཏོང་རྒྱུ་འདི་ཧ་ཅང་གལ་ཆེ་བ་ཡིན། 
སྤྱིར་ན་ཡན་ལག་བདུན་པའི་གོ་རིམ་དེ། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་།། རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི།། དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ།། ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ།། ཞེས་ཕྱག་འཚལ་བ་དང་པོ་ན་ཡོད་པ་དང་དེ་ནས་མཆོད་པ་སོགས་བསྔོ་བའི་བར་གོ་རིམ་དེ་ལྟར་ཡོད་ནའང་། འདི་ནས་རྟེན་འབྲེལ་གྱི་གནད་ཀྱི་དབང་གིས་སྙན་བརྒྱུད་ཀྱི་མན་ངག་གི་གནད་མི་འདྲ་བ་ཞིག་ཡོད་པས་ཕྱག་འཚལ་བ་དང་པོར་མ་སོང་བར་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་པར་གསོལ་བ་འདེབས་པ་དེ་ཡན་ལག་བདུན་པའི་ནང་གི་རིམ་པ་དང་པོར་བླངས་ཡོད། དེའི་རྒྱུ་མཚན་ཡང་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་བླ་མ་ལ་ཐུག་ཡོད་པས་བླ་མ་ནི་ནམ་ཡིན་ཡང་རང་དང་འབྲལ་དུ་མི་རུང་བའི་གལ་བོ་ཆེ་ཡིན་པ་རང་གི་སེམས་གཏིང་ནས་ཤེས་ནས་གདུང་ཤུགས་དྲག་པོའི་སྒོ་ནས་བདག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བདག་གི་མགོན་དང་སྐྱབས་དང་དཔུང་གཉེན་དུ་བརྟན་པར་བཞུགས་སུ་གསོལ་སྙམ་པ་དེ་འདྲའི་བརྟན་བཞུགས་ཀྱི་གསོལ་འདེབས་དེ་རིམ་པ་དང་པོར་བྱས་པ་རེད། འདི་ཡང་སྙན་བརྒྱུད་ཀྱི་མན་ངག་གནད་ཆེ་བ་ཞིག་ཡིན། 
དེ་བས་རྩ་བ་ན། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་།། རྗེ་བཙུན་བླ་མ་དགྱེས་པའི་འཛུམ་དཀར་ཅན།། བདག་བློ་དད་པས་བསོད་ནམས་ཞིང་མཆོག་ཏུ།། བསྟན་པ་རྒྱས་ཕྱིར་བསྐལ་བརྒྱར་བཞུགས་སུ་གསོལ།། ཞེས་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་མགོ་འདི་ན་འགྲོ་ཀི་ཡོད་པ་ཡིན། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་ཞེས་རང་གི་སྨིན་མཚམས་ཀྱི་ཐད་དྲང་གི་ནམ་མཁའ་ན་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ལ་ཡངས་པ། སེང་གེ་ཆེན་པོ་བརྒྱད་ནི་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བླ་མ་དང་ཐུབ་པའི་དབང་བོ་དེ་ལ་བསྙེན་བཀུར་བའི་ཕྱིར་དུ་སེང་གེའི་གཟུགས་སུ་སྤྲུལ་ནས་ཁྲི་ཡར་བཀྱགས་པ་རེད། པདྨ་ཟླ་བ་ཉི་མའི་དཀྱིལ་འཁོར་གྱི་གདན་སུམ་བརྩེགས་སྟེ། པདྨ་ནི་འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མས་མ་གོས་པས་ངེས་འབྱུང་གི་བསམ་པ་མཚོན་པ་དང་། ཟླ་བ་ནི་དཀར་བོ་ཡིན་པ་དང་ཚ་གདུང་སེལ་བར་བྱེད་པའི་སྒོ་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མཚོན་པ་དང་། ཉི་མ་ནི་མ་སྨིན་པ་སྨིན་པར་བྱེད་པ་དང་གྲང་བ་སེལ་བར་བྱེད་པའི་ཁྱད་ཆོས་ཡོད་པས་ཟབ་མོ་སྟོང་བ་ཉིད་ཀྱི་ལྟ་བ་མཚོན་པ་ཡིན་པས་དེ་འདྲའི་གདན་སུམ་བརྩེགས་ཀྱི་སྟེང་དུ་བཞུགས་པ་དེས་ལམ་གྱི་གཙོ་བོ་གསུམ་ལ་དབང་བསྒྱུར་བ་དེ་མཚོན་པ་ཡིན། དེ་འདྲའི་གདན་སུམ་བརྩེགས་ཀྱི་སྟེང་དུ། རྗེ་བཙུན་བླ་མ་དགྱེས་པའི་འཛུམ་དཀར་ཅན་ཞེས་རྗེ་ཐམས་ཅད་མཁྱེན་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་ཅན། ཕྱག་ན་ཨུཏྤལ་ལའི་ཡུ་བ་འཛིན་པ། ཆོས་གོས་ངུར་སྨྲིག་གི་མདོག་ཅན་གསུམ་གསོལ་བ། དེས་ཚུལ་ཁྲིམས་ཀྱི་ཕུང་བོ་ཡོངས་སུ་རྫོགས་པ་མཚོན་པ་ཡིན། དབུ་ཞྭ་སེར་བོ་པཎ་ཞུ་གསེར་གྱི་མདོག་ཅན་ཞེས་པ་དེས་རྗེ་བླ་མའི་བསྟན་པ་གསེར་སྦྱངས་བཙོ་མ་ལྟ་བུ་ཡིན་པ། དཔྱད་པ་གསུམ་གྱིས་དག་པ་ཡིན་པ་མཚོན་པ་དང་། དབུ་ཞྭའི་རྩེ་མོ་དགུང་ལ་བསྙེགས་པ་དེས་ལྟ་བའི་ཆ་ནས་ལྟ་བ་ཐམས་ཅད་ཀྱི་ཡང་རྩེ་ཡིན་པ་མཚོན་པ་ཡིན། དེ་ལྟར་དུ་རྗེ་བླ་མ་ཐུགས་ཧ་ཅང་དགྱེས་པའི་ངང་དུ་བཞུགས་པར་བསམ་ལ། བདག་བློ་དད་པའི་བསོད་ནམས་ཞིང་མཆོག་ཏུ།། བསྟན་པ་རྒྱས་ཕྱིར་བསྐལ་བརྒྱར་བཞུགས་སུ་གསོལ།། ཞེས་རང་གི་དད་པའི་ཡུལ་དང་བསོད་ནམས་གསོག་པའི་ཞིང་དམ་པར་བསྐལ་བ་བརྒྱ་ཕྲག་ཏུ་བཞུགས་པར་གསོལ་བ་འདེབས་པ་དང་། ཡང་མདོ་སྔགས་ཡོངས་རྫོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཡུན་ནས་ཡུན་དུ་རྒྱས་པའི་ཕྱིར་དུ་བསྐལ་བ་བརྒྱ་ཕྲག་ཏུ་བརྟན་པར་བཞུགས་པར་གསོལ་བ་འདེབས་པ་འདི་འདྲའི་དགོས་པའི་ཆེད་དུ་མྱ་ངན་ལས་མི་འདའ་བར་བརྟན་བཞུགས་འབུལ་བ་ཡིན། བླ་མའི་ཞབས་བརྟན་སློབ་མའི་ཚེ་སྒྲུབ་ཀྱི་མཆོག་ཏུ་འགྱུར་བ་ཡིན་ཞེས་པ་དམིགས་པ་འདི་འདྲའི་སྟེང་ནས་མྱ་ངན་ལས་མི་འདའ་བར་བརྟན་བཞུགས་བྱས་ན་རང་གི་ཚེ་སྒྲུབ་ཀྱི་ཡང་མཆོག་ཏུ་འགྲོ་ཟེར་བ་ཡིན། 
དེ་ནས་རིམ་པ་གཉིས་པ་ཕྱག་འཚལ་བ་ནི། ཤེས་བྱའི་ཁྱོན་ཀུན་འཇལ་བའི་བློ་གྲོས་ཐུགས།། སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང་།། གྲགས་པའི་དཔལ་གྱིས་ལྷམ་མེར་མཛེས་བའི་སྐུ།། མཐོང་ཐོས་དྲན་པ་དོན་ལྡན་ལ་ཕྱག་འཚལ།། ཤེས་བྱའི་ཁྱོན་ཀུན་འཇལ་བའི་བློ་གྲོས་ཐུགས་ཞེས་པ་འདི་བསྔགས་འོས་བསྔགས་བསྟོད་ལས། ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས།། ཤེས་བྱ་མཐའ་དག་ཁྱབ་ལགས་ཀྱི།། ཁྱོད་ལས་གཞན་པ་ཐམས་ཅད་ཀྱི།། ཤེས་བྱ་ཁོ་ན་ལྷག་པ་ལགས།། ཞེས་གསུངས་པ་ལྟར། རྗེ་རིན་པོ་ཆེའི་མཁྱེན་པས་ཤེས་བྱ་མཐའ་དག་ལ་ཁྱབ་ཡོད་པ་དེ་བསྟན་པ་དང་། འདི་ནས་སྐུ་གསུང་ཐུགས་ཞེས་པའི་གོ་རིམ་དེ་ལྟར་མ་ཡོང་བར་ཤེས་བྱའི་ཁྱོན་ཀུན་འཇལ་བའི་བློ་གྲོས་ཐུགས་ཞེས་ཐུགས་ཀྱི་ཡོན་ཏན་དང་པོར་བརྗོད་ནས་དེའི་རྗེས་སུ་གསུང་གི་ཡོན་ཏན་དང་སྐུའི་ཡོན་ཏན་རིམ་པ་བཞིན་བརྗོད་པ་ནི། རྗེ་བཙུན་འཇམ་པའི་དབྱངས་ཀྱི་དབང་དུ་བྱས་ནས་བརྗོད་པ་སྟེ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་བྱིན་རླབས་རང་རྒྱུད་ལ་ཞུགས་དགོས་ན་དང་པོར་རང་གི་རྒྱུད་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་རྒྱས་སུ་འཇུག་དགོས་ལ། དེའི་སྟོབས་ཀྱིས་ངག་སྒོ་ཡངས་པ་ངག་གི་ཡོན་ཏན་ཡོང་བ་དང་། དེ་འདྲའི་ཐུགས་དང་ངག་གི་ཡོན་ཏན་དེའི་སྟེང་ནས་མཚན་དཔེའི་དཔལ་འབར་བའི་སྐུའི་ཡོན་ཏན་གཟི་བྱིན་རྒྱས་པ་སོགས་ཡོང་བ་ཡིན། རྒྱུད་ལ་ནང་གི་ཡོན་ཏན་ཉམས་རྟོགས་བཟང་བོ་སོགས་འཁྲུངས་ན་སྐུའི་གཟི་མདངས་ཀྱང་ཇེ་གསལ་ཇེ་ཆེར་འགྲོ་བ་རྟེན་འབྲེལ་གྱི་ཆོས་ཉིད་རེད། དེར་མ་ཟད་འཇིགས་བྱེད་ཀྱི་ཉེར་སྤྱོད་ཀྱི་མཆོད་པའི་སྐབས་སུ་དྲི་ཆབ་སྔོན་དུ་འགྲོ་བ་དེ་ཡང་དྲི་ཆབ་འབུལ་སའི་ཡུལ་ནི་ཐུགས་ཡིན་པས་སྔོན་དུ་ཐུགས་ལ་འབུལ་བ་ཐུགས་ཀྱི་བྱིན་རླབས་དང་པོར་འཇུག་པ་དེ་འདྲའི་སྟེང་ནས་ཡོང་བ་ཡིན། སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང་ཞེས་སྐལ་བཟང་རྣ་བའི་རྒྱན་དུ་གྱུར་ཚུལ་ཡང་། བསྟོད་པ་བརྒྱ་ལྔ་བཅུ་བ་ལས། རེ་ཞིག་དང་པོར་ཁྱོད་ཀྱི་གསུང་།། ཉན་པ་རྣམས་ཀྱི་ཡིད་འཕྲོག་མཛད།། དེ་ནས་ཡིད་ལ་བསམ་བགྱིས་ན།། འདོད་ཆགས་གཏི་མུག་རྣམས་ཀྱང་སེལ།། ཞེས་གསུངས་པ་ལྟར་རྗེ་ཐམས་ཅད་མཁྱེན་པའི་གསུང་དེ་ཐོས་པ་ཙམ་གྱིས་ཉན་པ་པོ་རྣམས་ཀྱི་ཡིད་འཕྲོག་པར་མཛད་པ་དང་། དེ་ནས་གསུང་གི་དོན་ཡང་དང་ཡང་དུ་བསམ་པར་བགྱིས་ན་འདོད་ཆགས་སོགས་དུག་གསུམ་ཐམས་ཅད་སེལ་བར་བྱེད་པ་དེ་འདྲའི་སྟེང་ནས་སྐལ་བཟང་སློབ་མ་རྣམས་ཀྱི་རྣ་བའི་རྒྱན་དུ་གྱུར་བའི་ལེགས་བཤད་ཀྱི་གསུང་ཡིན་པར་བསམ་དགོས། གྲགས་པའི་དཔལ་གྱིས་ལྷམ་མེར་མཛེས་བའི་སྐུ།། མཐོང་ཐོས་དྲན་པ་དོན་ལྡན་ལ་ཕྱག་འཚལ།། ཞེས་སྐུའི་ཡོན་ཏན་ཡང་། དཔེ་ལ་བསྟོད་པ་ལས། ཁྱོད་སྐུ་མཚན་གྱིས་སྤྲོས་གྱུར་བ།། མཛེས་གྱུར་མིག་གི་བདུད་རྩི་ནི།། སྤྲིན་མེད་སྟོན་གྱི་ནམ་མཁའ་ལ།། སྐར་མའི་ཚོགས་ཀྱིས་སྤྲས་པ་འདྲ།། ཞེས་གསུངས་པ་ལྟར་མཚན་བཟང་བོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་བོ་བརྒྱད་ཅུས་བརྒྱན་པའི་ཡོན་ཏན་གྱིས་ལྷམ་མེར་མཛེས་པའི་རྗེ་རིན་པོ་ཆེའི་སྐུ་དེ་ཉིད་མཐོང་བ་དོན་དང་ལྡན་པ་དང་། དེ་བཞིན་དུ་ཁོང་གི་གསུང་ཐོས་པ་དོན་དང་ལྡན་པ། ཐུགས་ཀྱི་ཡོན་ཏན་དྲན་པ་དོན་དང་ལྡན་པ་སྟེ། དེ་ལྟར་དུ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་པའི་དད་གུས་རྩེ་གཅིག་གི་སྒོ་ནས་ལུས་ངག་ཡིད་གསུམ་གྱིས་ཕྱག་འཚལ་དགོས་པ་ཡིན་ནོ།། འདིའི་སྐབས་སུ་ཨ་ཁུ་བློ་གྲོས་ཚང་གིས། དགའ་ལྡན་ལྷ་བརྒྱ་མའི་སྐབས་འདིར་མཐོང་ཐོས་དྲན་པ་དོན་ལྡན་ལ་ཕྱག་འཚལ་ཞེས་ཟེར་དགོས་པ་དང་། སྐབས་གསུམ་པའི་སྐབས་སུ་མཐོང་ཐོས་དྲན་པས་དོན་ལྡན་མཛད་པ་ཁྱོད་ཅེས་དྲན་པས་ཞེས་སྦྱར་ན་བརྡ་སྤྲོད་ཀྱི་དགོངས་པ་དང་མཐུན་པ་རེད་གསུངས་པའི་གསུང་རྒྱུན་ཡོད། 
དེ་ནས་མཆོད་པ་འབུལ་བའི་ཡན་ལག་ནི། ཡིད་འོང་མཆོད་ཡོན་སྣ་ཚོགས་མེ་ཏོག་དང་།། དྲི་ཞིམ་བདུག་སྤོས་སྣང་གསལ་དྲི་ཆབ་སོགས།། དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འདི།། བསོད་ནམས་ཞིང་མཆོག་ཁྱོད་ལ་མཆོད་པ་འབུལ།། ཞེས་ཡིད་འོང་མཆོད་ཡོན་ཞེས་ཞབས་བསིལ་དེའི་ཁོངས་ན་ཡོད། སྣ་ཚོགས་མེ་ཏོག་དང་ཞེས་མེ་ཏོག་ལ་དངོས་མ་དང་བཅོས་མ་སོགས་མེ་ཏོག་གི་ཕྲེང་བ་དང་། སིལ་མའི་རིགས་མང་བོ་དང་། ཡང་མཆོད་པ་ལ་མི་འགྲོ་བའི་ཨརྐའི་མེ་ཏོག་སོགས་དུག་རིགས་མ་ཡིན་པའི་སྣ་ཚོགས་མེ་ཏོག དེ་ནས་དྲི་ཞིམ་བདུག་སྤོས་དང་སྣང་གསལ་སྟེ་འདི་ལ་ནོར་བུ་རིན་པོ་ཆེའི་འོད་དང་གློག་འོད། མར་ཁུ་ལ་སོགས་པའི་སྒྲོན་མེའི་འོད་སོགས་རྣམ་པ་སྣ་ཚོགས་ཡོད། མར་མེ་ནི་མར་ཁུ་འབུལ་བ་མིན་པར་མར་མེའི་འོད་འབུལ་བ་ཡིན་པས་མར་ཅུང་ཟད་ཁ་ཚ་ཡང་སྐྱོན་མེད་ཅེས་ལམ་རིམ་སོགས་ན་གསུངས་ཡོད། དེ་ནས་དྲི་ཆབ་ལ་སྤོས་ཆུ་ཡོན་ཆབ་ཏུ་གསོལ་བ་ཞེས་ནང་དུ་བཟང་དྲུག་སོགས་དྲི་བཟང་མང་པོ་བཏབ་པའི་དྲི་ཆབ་སྟེ་དེ་འདྲའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་དངོས་སུ་བཤམས་པའི་མཆོད་པ་དང་།
 ཡིད་སྤྲུལ་ནི་མདོ་ལུགས་རྐྱང་བའི་སྟེང་ནས་ཡིན་ན་བྱང་སེམས་ཀུན་ཏུ་བཟང་བོའི་ཕྱག་གི་ཐལ་མོ་སྦྱར་བའི་བར་ན་ནོར་བུ་ཡོད་པ། ནོར་བུའི་སྟེང་ནས་མཆོད་རྫས་སོགས་ནམ་མཁའ་གང་བ་དེ་འདྲ་སྤྲོས་ཏེ་རང་གི་བསམ་པའི་སྟེང་ནས་ཀྱང་དེ་འདྲའི་མོས་པ་བྱས་ནས་རྗེ་བླ་མ་ཡབ་སྲས་གསུམ་ལ་ཡིད་སྤྲུལ་གྱི་སྟེང་ནས་མཆོད་པར་འབུལ།
སྔགས་དང་འབྲེལ་ན་ཀུན་བཟང་དེ་བྱང་སེམས་ཀུན་ཏུ་བཟང་པོ་དེ་ལ་མི་གོ་བར་ཀུན་བཟང་ཞེས་པ་དེ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱི་སྟེང་ནས་བཤད་པ་ཡིན། ངོ་བོ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཡིན་པ་ལ་རྣམ་པ་མཆོད་རྫས་ཀྱི་རྣམ་པར་ཤར་བ། དེ་འདྲས་ནམ་མཁར་གང་བ་མཆོད་པར་འབུལ་བ་ཡིན། 
སྤྱིར་སྔགས་དང་འབྲེལ་བའི་སྐབས་སུ་མཆོད་ཡོན་སོགས་ཕྱིའི་མཆོད་པ་དང་། ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་སྦྱངས་རྟོགས་སྦར་གསུམ་བྱས་ནས་འབུལ་བ་ནང་གི་མཆོད་པ། རང་གི་ཐུགས་ཀ་ནས་ཞིང་སྐྱེས་སྔགས་སྐྱེས་ལྷན་སྐྱེས་ཀྱི་ལས་ཀྱི་ཕྱག་རྒྱ་སྤྲོས་ནས་བླ་མའི་ཐུགས་ཀ་ན་ཡོད་པའི་ཡུམ་ལ་ཐིམ། དེ་ནས་བླ་མ་ཡབ་ཡུམ་གཉིས་དགའ་བདེར་རོལ་བའི་སྟེང་ནས་བདེ་བ་ཁྱད་པར་ཅན་འཁྲུངས་པ་དེ་འདྲའི་སྟེང་ནས་མོས་པ་བྱས་པ་ལྟ་བུ་གསང་བའི་མཆོད་པ། བླ་མ་ཡབ་ཡུམ་དགའ་བདེར་རོལ་བ་ལ་བརྟེན་ནས་ཐུགས་རྒྱུད་ལ་ཟག་པ་མེད་པའི་ལྷན་སྐྱེས་ཀྱི་བདེ་བ་ཁྱད་པར་ཅན་སྐྱེས་པར་མོས་པ་བྱས་པ་ལྟ་བུ་དེ་ཁོ་ན་ཉིད་ཀྱི་མཆོད་པ་སྟེ། ཕྱི་མཆོད། ནང་མཆོད། གསང་བའི་མཆོད་པ། དེ་ཁོ་ན་ཉིད་ཀྱི་མཆོད་པ་དེ་འདྲ་ཡང་འབུལ་ཆོག་པ་ཡིན་ནོ།། 
 འདི་ནས་མ་གཞི་དྲི་ཆབ་སོགས་ཞེས་ཕྱི་མཆོད་ཀྱི་སྟེང་ནས་སོང་ཡོད། དེ་འདྲའི་རང་གིས་དངོས་སུ་བཤམས་པ་འདི་མཚོན་བྱེད་ཙམ་ཡིན། དེས་མཚོན་པའི་ཡིད་སྤྲུལ་གྱི་མཆོད་སྤྲིན་རྒྱ་མཚོ་ཞེས་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་ནམ་མཁར་གང་བ་དེ་འདྲ་རང་གི་ཡིད་ཡུལ་དུ་བྱས་ནས་འབུལ་བ་དང་། བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པར་འབུལ།། ཞེས་འདི་འདྲའི་མཆོད་རྫས་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་སྤྲིན་རྒྱ་མཚོ་ནམ་མཁའི་ཁྱོན་གང་བ་འདི་བསོད་ནམས་ཀྱི་ཞིང་མཆོག་ཏུ་གྱུར་བ་རྗེ་བླ་མ་ཡབ་སྲས་ཁྱེད་ལ་མཆོད་པར་འབུལ་ཞེས་པའི་དོན་ཡིན། དུས་གསུམ་སངས་རྒྱས་ཀུན་མཆོད་ལས།། བླ་མའི་བ་སྤུ་གཅིག་མཆོད་ལྷག། ཅེས་རྒྱུད་སོགས་ན་གསུངས་ཡོད། བླ་མའི་བ་སྤུ་ཞེས་པ་ཡང་ལུས་ཀྱི་སྟེང་གི་བ་སྤུ་དངོས་ལ་མི་གོ་བར་བླ་མའི་ཉེ་གནས་དང་བླ་མའི་སྒོ་ཁྱི་ལྟ་བུ་སོགས་ལ་ཟེར་བ་ཡིན། བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པ་འབུལ་ཞེས་འདི་ན་མཆོད་པ་འབུལ་ཞེས་སྦྱར་བ་དང་གཞན་པ་ན་མཆོད་པར་འབུལ་ཞེས་སྦྱར་ཡོད་པས་ར་ཡིག་དེ་ཡོད་ན་བདེ་བ་འདྲ། དེས་ན་ཕྱི་མཆོད་ཆུ་གཉིས་ཉེར་སྤྱོད་ལ་སོགས་པའི་དེ་འདྲའི་རྫས་རིགས་ནི་མཆོད་རྫས་དང་། མཆོད་རྫས་དེ་དག་མཆོད་ཡུལ་ལ་ཕུལ་བའི་སྟེང་ནས་མཆོད་ཡུལ་གྱི་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་འཁྲུངས་པ་དེ་མཆོད་པ་དངོས་དང་། དེ་ལྟར་ཕུལ་བ་ལ་བརྟེན་ནས་རང་གི་སེམས་སྟེང་ལ་བཞག་པའི་འབྲས་བུ་ཕུན་སུམ་ཚོགས་པ་འབྱུང་བྱེད་ཀྱི་ནུས་པ་ཞིག་ལ་མཆོད་པའི་བསོད་ནམས་ཟེར། མཆོད་པའི་རྫས་དང་། མཆོད་པ་དངོས། མཆོད་པའི་བསོད་ནམས་གསུམ་པོ་འདི་ལ་མཆོད་པའི་འཁོར་གསུམ་ཟེར་བ་འདྲ། 
དེ་ནས་སྡིག་པ་བཤགས་པའི་ཡན་ལག་ནི། གང་ཞིག་ཐོག་མེད་དུས་ནས་བསགས་པ་ཡི།། ལུས་ངག་ཡིད་ཀྱིས་མི་དགེ་ཅི་བགྱིས་དང་།། ཁྱད་པར་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས།། སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས།། གང་ཞིག་ཐོག་མེད་དུས་ནས་བསགས་པ་ཡི་ཞེས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་བསགས་པ་དེ་དུས་ཀྱི་སྟེང་ནས་འགྲོ་བ་དང་། ལུས་ངག་ཡིད་ཀྱིས་མི་དགེ་ཅི་བགྱིས་དང་ཞེས་ལུས་ངག་ཡིད་གསུམ་སྟེ་ལམ་གྱི་སྟེང་ནས་འགྲོ་བ་དང་། དེའི་རྒྱུའི་ཀུན་སློང་དུག་གསུམ་གང་རུང་ཤུགས་ནས་སྟོན་པ་ཡིན། ཁྱད་པར་སྡོམ་པ་གསུམ་གྱིས་མི་མཐུན་ཕྱོགས།། སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས།། ཞེས་ཁྱད་པར་དུ་སོ་ཐར་གྱི་སྡོམ་པ་དང་བྱང་སེམས་ཀྱི་སྡོམ་པ། སྔགས་ཀྱི་སྡོམ་པ་དང་གསུམ་གྱི་མི་མཐུན་ཕྱོགས་ཀྱིས་གོས་པ་སྟེ། སོ་ཐར་གྱི་སྡོམ་པའི་སྟེང་ནས་ཕམ་པ་བཞི་ལྷག་མ་བཅུ་གསུམ་སྤང་ལྟུང་སུམ་ཅུ་འབའ་ཞིག་པ་དགུ་བཅུ་སོར་བཤགས་བཞི་ཉེས་བྱས་བརྒྱ་དང་བཅུ་གཉིས་ལ་སོགས་པའི་མི་མཐུན་ཕྱོགས་ཀྱིས་གོས་པ་དང་། བྱང་སེམས་ཀྱི་སྡོམ་པའི་སྟེང་ནས་རྩ་བའི་ལྟུང་བ་བཅོ་བརྒྱད་དང་ཉེས་བྱས་ཞེ་དྲུག་ལ་སོགས་པའི་མི་མཐུན་ཕྱོགས་ཀྱིས་གོས་པ་དང་། གསང་སྔགས་ཀྱི་སྡོམ་པའི་སྟེང་ནས་སྔགས་བླ་མེད་སྤྱིའི་དབང་དུ་བྱས་ན་རྩ་ལྟུང་བཅུ་བཞི་དང་། རིགས་ལྔ་སོ་སོའི་དམ་ཚིག་གི་སྟེང་ནས་དབྱེ་བསྡུ་མི་འདྲ་བའི་དབང་གིས་རྩ་ལྟུང་བཅོ་བརྒྱད་དང་བཅུ་དགུའི་བཤད་པ་དེ་འདྲ་ཡོད། སྤོང་བསྟེན་བཟའ་བའི་དམ་ཚིག་ཉམས་པ་སོགས་དེ་འདྲའི་ཚུལ་ཁྲིམས་གསུམ་གྱི་མི་མཐུན་ཕྱོགས་ཏེ་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས་ཀྱིས་རང་གི་རྒྱུད་མ་རུངས་པར་བྱས་པ་དེ་དག་དུག་ཁོང་དུ་སོང་བ་ལྟ་བུའི་འགྱོད་སེམས་དྲག་པོའི་སྟེང་ནས་ཕྱིན་ཆད་སྲོག་ལ་བབ་ཀྱང་འདིའི་རིགས་མི་བྱ་སྙམ་པའི་སྔར་བྱས་ལ་འགྱོད་སེམས་དང་ཕྱིན་ཆད་མི་བྱེད་པར་སྡོམ་སེམས་ཀྱི་སྟེང་ནས་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པ་བྱེད་པའོ།། རྒྱུད་ལ་སྡིག་ལྟུང་དང་བཅས་བཞིན་དུ་ལམ་གྱི་རྟོག་པ་རྒྱུད་ལ་སྐྱེ་མི་སྲིད་པས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སྒོ་གསུམ་གྱིས་བསགས་པའི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བ་ཐམས་ཅད་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་བསྡམས་བྱེད་པ་དེ་ཧ་ཅང་གལ་ཆེ་བ་ཡིན། རང་གི་ཤེས་རྒྱུད་དེ་སྡིག་ལྟུང་གིས་ཆུད་ཟོས་སུ་སོང་ན་ཉམས་རྟོགས་ཕྲ་མོ་ཞིག་ཡིན་ཡང་རྒྱུད་ལ་སྐྱེ་མི་ནུས་པ་རྒྱུ་འབྲས་ཀྱི་ཆོས་ཉིད་ཅིག་རེད།   སྤྱི་བཤགས་སོགས་ན་སྡོམ་འདི་འདྲ་ཞིག་གི་སྟེང་ན་གསུངས་ཡོད། དུས་རྒྱུ་ལམ་ལས་ཡུལ་སྦྱོར་སྒོ་དྲུག་སྡིག ཅེས་དུས་དང་། རྒྱུ། ལམ། ལས། ཡུལ། སྦྱོར་བ་སྟེ་དྲུག་གི་ནང་དུ་བསྡུས་ནས་སྡིག་པ་བསགས་ཚུལ་བཤད་ཡོད། དུས་ནི་ད་ལྟའི་ཚེ་རབས་འདི་ལ་བསགས་པའི་སྡིག་པ་ཙམ་མིན་པར་ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་བསགས་པའི་སྡིག་པ་སྟེ་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བ་ཡོངས་རྫོགས་དུས་ཀྱི་མཚམས་བཟུང་ནས་ངོས་འཛིན་པ་ཡིན། རྒྱུ་ནི་སྡིག་པ་སོགས་གང་དང་གང་བསགས་ནའང་གསོག་པའི་དུས་ལ་ཉོན་མོངས་པ་དུག་གསུམ་གྱིས་ཀུན་ནས་བསླངས་ཏེ་གསོག་པ་དེ་འདྲ་ཞིག་རེད། ལམ་ནི་མི་དགེ་བའི་ལས་བཅུ་ལྟ་བུ། སྒོ་གསུམ་གྱི་སྟེང་ནས་སྟེ་ལུས་ངག་ཡིད་གསུམ་གང་རུང་གི་སྟེང་ནས་གསོག་པ་དེ་འདྲ་རེད། ལས་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བ་གང་ཡིན་ཀྱང་འདྲ། སོ་ཐར་བྱང་སེམས་གསང་སྔགས་ཀྱི་སྡོམ་པ་གང་དང་གང་ཡིན་རུང་ལུས་ངག་ཡིད་གསུམ་གྱི་ལས་གསུམ་གྱི་ནང་དུ་བསྡུ་ཐུབ་པ་ཡིན། ཡུལ་ནི་དཀོན་མཆོག་ལ་བརྟེན་ནས་གསོག་རྒྱུ་ཞིག་དང་སེམས་ཅན་ལ་བརྟེན་ནས་གསོག་རྒྱུ་གཉིས་ཡོད། དེའི་ནང་ནས་ཀྱང་ཕ་དང་མ་ལ་མ་གུས་པ་དང་མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དེ་ཡིན་ན་ཕན་འདོགས་ཀྱི་ཞིང་དང་བཀའ་དྲིན་ཆེ་བའི་ཞིང་ཡོན་ཏན་གྱི་ཞིང་དེ་འདྲ་ལ་བརྟེན་ནས་བསགས་རྒྱུ་ཡོད། སྦྱོར་བ་ནི་རང་གིས་དངོས་སུ་བྱས་པ་དང་གཞན་ལ་བྱེད་དུ་བཅུག་པ། གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་བ་དེ་འདྲའི་སྟེང་ནས་བསགས་པ་ཞིག་ཡིན། བཤགས་པ་འདི་ཚོགས་བསགས་སྒྲིབ་སྦྱོང་གཉིས་ཀྱི་ནང་ནས་འགལ་རྐྱེན་སྒྲིབ་པ་སྦྱོང་བ་དེ་ཡིན། འགལ་རྐྱེན་སྒྲིབ་པ་སྦྱོང་བ་ཡན་ལག་བདུན་པའི་ནང་དུ་སྡིག་བཤགས་འདི་མ་གཏོགས་མེད། 
དེ་ནས་རྗེས་སུ་ཡི་རང་གི་ཡན་ལག་ནི། སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན།། ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱས།། མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ།། བདག་ཅག་བསམ་པ་ཐག་པས་ཡི་རང་ངོ་།། སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན་ཞེས་རྗེ་ཐམས་ཅད་མཁྱེན་པ་ནི་དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ་ཞེས་གསུངས་པ་ལྟར་དང་པོར་མིའི་དགེ་བའི་བཤེས་གཉེན་བཅུ་ཕྲག་བཞིར་ཉེ་བ་ཞིག་བསྟེན་ནས་མདོ་སྔགས་ཡོངས་རྫོགས་ལ་ཐོས་པ་རྒྱ་ཆེན་པོ་བྱས། ཁྱད་པར་དུ་ལྷའི་དགེ་བའི་བཤེས་གཉེན་རྗེ་བཙུན་འཇམ་པའི་དབྱངས་ལ་བརྟེན་ནས་གཞུང་གི་དཀའ་གནས་སོགས་ལ་དོགས་གཅོད་བྱས་ཏེ་ཐོས་པ་རྒྱ་ཆེན་པོ་བྱས་པས་མང་ཐོས་ཞེས་སྦྱར་བ་ཡིན། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་ཞེས་འཕྲོ་ནས་མདོ་སྔགས་ཡོངས་རྫོགས་ཀྱི་གསུང་རབ་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཐབས་དམ་པར་གོ་ནས་མདོ་སྔགས་གཉིས་འགལ་བ་མེད་པར་གཅིག་གྲོགས་སུ་གཅིག་འཁྱེར་བ་གྲུ་བཞི་ལམ་གྱི་སྒོ་ནས་ཉམས་ལེན་བྱས་པ་ཡིན། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་ཞེས་འོལ་ཁ་ཆོས་གླིང་སོགས་སུ་རང་གིས་ཐོས་པ་བྱས་པའི་དོན་དེ་ཐོས་རྐྱང་ཙམ་དུ་མ་སོང་བར་ཉིན་མཚན་དུས་དྲུག་ཏུ་སྒྲུབ་པ་ཉམས་ལེན་གྱི་སྟེང་ནས་དུས་འདའ་བ་ཡིན། ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱས་ཞེས་འཇིག་རྟེན་ཆོས་བརྒྱད་སྤངས་ཚུལ་དེ་ཡང་ཆོས་བརྒྱད་དཀར་ནག་ཁྲ་གསུམ་གྱི་སྟེང་ནས་བཤད་པ་ཡིན། ཚེ་འདིའི་སྣང་ཞེན་མ་ལྡོག་པའི་སྟེང་ནས་རྙེད་པ་དང་བཀུར་སྟིའི་ཆེད་དུ་ཐོས་བསམ་སྒོམ་སྒྲུབ་གང་བྱས་ཀྱང་ཆོས་བརྒྱད་ནག་པོར་འགྲོ་བ་ཡིན། རང་གཅེས་འཛིན་གྱི་བསམ་པས་བསླད་པའི་སྟེང་ནས་ཚེ་འདིའི་རྙེད་པ་དང་བཀུར་སྟིའི་ཆེད་དུ་ཐོས་བསམ་སྒོམ་སྒྲུབ་གང་བྱས་ཀྱང་ཆོས་བརྒྱད་ཁྲ་བོར་འགྲོ་བ་ཡིན། བདེན་འཛིན་གྱིས་བསླད་པའི་སྟེང་ནས་ཚེ་འདིའི་རྙེད་པ་དང་བཀུར་སྟིའི་ཆེད་དུ་ཐོས་བསམ་སྒོམ་སྒྲུབ་གང་བྱས་ཀྱང་ཆོས་བརྒྱད་དཀར་བོར་འགྲོ་བ་ཡིན། དེས་ན་རྗེ་ཐམས་ཅད་མཁྱེན་པས་ཆོས་བརྒྱད་དཀར་ནག་ཁྲ་གསུམ་ཐམས་ཅད་སྤངས་ཏེ་ཐོས་བསམ་སྒོམ་སྒྲུབ་ཡ་མ་བྲལ་བའི་སྟེང་ནས་དལ་འབྱོར་དོན་ཡོད་པ་ཞིག་བྱས་པ་རེད། རྟོགས་བརྗོད་འདུན་ལེགས་མ་ན་རྗེ་རིན་པོ་ཆེའི་ཐོས་བསམ་མཛད་ཚུལ་གྱི་རིམ་པ་དེ་གཙོ་བོར་སྟོན་པ་དང་རྗེའི་ཉམས་མགུར་སྟེ་ལམ་རིམ་བསྡུས་དོན་སོགས་ན་རྗེ་རིན་པོ་ཆེའི་སྒྲུབ་པ་ཉམས་ལེན་གྱི་རིམ་པ་དེ་གཙོ་བོར་སྟོན་པས་དེ་གཉིས་སྦྲགས་ཏེ་བལྟས་ན་རྗེ་རིན་པོ་ཆེ་ཁོང་གི་ཐོས་བསམ་སྒོམ་སྒྲུབ་ཡ་མ་བྲལ་བའི་ཡོན་ཏན་ཆ་ཚང་བ་ཞིག་སྟོན་པ་ཡིན། དེ་འདྲའི་འཆད་རྩོད་རྩོམ་གསུམ་གྱི་སྟེང་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛམ་གླིང་ཆེན་པོའི་ཡུལ་འདིར་དར་ཞིང་རྒྱས་པར་མཛད་པ་དང་སངས་རྒྱས་སྲས་དང་བཅས་པའི་མཛད་པ་ཐམས་ཅད་སྐུ་ཚེ་གཅིག་གི་ནང་དུ་ཉམས་སུ་བཞེས་ཏེ་མཛད་འཕྲིན་བསྐྱངས་པ་དེའི་ཕྱིར། མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ།། བདག་ཅག་བསམ་པ་ཐག་པས་ཡི་རང་ངོ་།། ཞེས་གསུངས། འདི་ནས་རྗེས་སུ་ཡི་རང་ཞེས་པ་ནི་ཉོན་མོངས་དང་མ་འདྲེས་པའི་དགའ་བའི་རྣམ་པ་ཅན་སྟེ་དང་བའི་དད་པ་ཞིག་ཡིན། སྤྱིར་རྗེས་སུ་ཡི་རང་བྱེད་པའི་གནས་དེ་ལ་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་དགེ་བ་སོགས་ལ་རྗེས་སུ་ཡི་རང་བྱེད་པ་དང་དེ་བཞིན་དུ་ཉན་ཐོས་རང་རྒྱལ་བྱང་སེམས་སོ་སྐྱེ་སོགས་ཀྱི་རྒྱུད་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་བྱེད་པ་སོགས་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བྱེད་པ་དང་རང་གི་དགེ་བ་ལ་རྗེས་སུ་ཡི་རང་བྱེད་པ་གཉིས་ཡོད། སྐབས་འདི་ནས་རྗེ་ཐམས་ཅད་མཁྱེན་པའི་ཐུགས་རྒྱུད་ཀྱི་ཡོན་ཏན་དང་རླབས་ཆེ་བའི་མཛད་པ་ལ་རྗེས་སུ་ཡི་རང་བྱེད་པ་ཡིན། རྗེས་སུ་ཡི་རང་འདི་ཚེགས་མེད་དམ་པ་ཞེས་ཚེགས་ཆུང་ངུའི་སྟེང་ནས་དོན་ཆེན་པོ་འགྲུབ་བྱེད་ཀྱི་ཐབས་མཆོག་ཏུ་གྱུར་བ་ཞིག་ཡིན་ཟེར། 
དེ་ནས་ཆོས་འཁོར་བསྐོར་བར་གསོལ་བ་འདེབས་པ་ནི། རྗེ་བཙུན་བླ་མ་དམ་པ་ཁྱེད་རྣམས་ཀྱི།། ཆོས་སྐུའི་མཁའ་ལ་མཁྱེན་བརྩེའི་ཆུ་འཛིན་འཁྲིགས།། ཇི་ལྟར་འཚམ་པའི་གདུལ་བྱའི་འཛིན་མ་ལ།། ལྷུན་གྲུབ་ཆོས་ཀྱི་ཆར་བ་དབབ་ཏུ་གསོལ།། ཞེས་སྔོན་ཚངས་པ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་ལ་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པ་དེའི་ཚེ་ན་གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་ཞིག་ཕུལ་ནས་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པ་ཡིན། རྟེན་འབྲེལ་དེ་འདྲའི་སྟེང་ནས་རང་གི་ལག་ཏུའང་གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་ཞིག་ཐོགས་ཏེ་རང་ཉིད་ཚངས་པ་ཆེན་པོའི་མོས་པ་བྱས་ནས་རྗེ་བླ་མའི་ཐུགས་དག་པ་གཉིས་ལྡན་གྱི་ཆོས་སྐུ་དེ་ལས་མཁྱེན་པ་དང་བརྩེ་བའི་སྒོ་ནས་གདུལ་བྱར་གང་ལ་གང་འཚམ་གྱི་ཆོས་འཁོར་བསྐོར་བར་གསོལ་བ་འདེབས་པ་ཡིན། རྗེ་བཙུན་བླ་མ་དམ་པ་ཁྱེད་རྣམས་ཀྱིས།། ཞེས་པ་དེ་ཡང་རང་གི་རྩ་བའི་བླ་མ་དང་དངོས་བརྒྱུད་ཀྱི་བླ་མ་ཐམས་ཅད་ལ་བྱེད་པ་ཡིན་པས་རྣམས་སྒྲ་སྦྱར་བ་ཡིན། ཆོས་སྐུའི་མཁའ་ལ་མཁྱེན་བརྩེའི་ཆུ་འཛིན་འཁྲིགས་ཞེས་དག་པ་གཉིས་ལྡན་གྱི་དབྱིངས་མཐར་ཐུག་ཆོས་སྐུ་དེ་ནམ་མཁའི་གཟུགས་སུ་བཀོད་ནས་མཁྱེན་པ་དང་བརྩེ་བའི་ཡོན་ཏན་དེ་ཆུ་འཛིན་གྱི་གཟུགས་སུ་བཀོད་པ་ཡིན། འདི་ནས་ངོ་བོ་ཉིད་སྐུ་ལ་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་དང་ལྡན་ཚུལ་གྱི་རིམ་པ་དེ་ཡོང་གི་ཡོད། ཇི་ལྟར་འཚམ་པའི་གདུལ་བྱའི་འཛིན་མ་ལ་ཞེས་གདུལ་བྱའི་བློ་ཁ་དང་འཚམ་པ་དཔེར་ན། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་འཆད་པ་སྐབས་སུ་བབ་པ་དེ་འདྲ་ཞིག་ཡིན་ན་སྐྱབས་འགྲོ་དང་ལས་འབྲས་ཀྱི་སྐོར་གསུངས། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱོང་བ་སྐབས་སུ་བབ་པ་ཞིག་ཡིན་ན་ངེས་འབྱུང་དང་བསླབ་གསུམ་གྱི་རིམ་པ་སོགས་གསུངས། སྐྱེས་བུ་ཆེན་པོའི་ལམ་རིམ་སྦྱོང་བའི་སྣོད་རུང་ཞིག་ཡིན་ན་བྱང་ཆུབ་ཀྱི་སེམས་དང་ཟབ་མོ་དབུ་མའི་ལྟ་བ་སོགས་ཀྱི་ཆོས་གསུངས། སྔགས་བླ་མེད་ཀྱི་ལམ་གྱི་རིམ་པ་སྟོན་པའི་སྣོད་རུང་དུ་སོང་ཡོད་ན་བསྐྱེད་རིམ་དང་རྫོགས་རིམ་སྟེ་རིམ་གཉིས་ཀྱིས་བསྡུས་པའི་ཆོས་གསུངས་ཏེ་གདུལ་བྱའི་བློ་ཁ་དང་འཚམ་པ་སྟེ་གང་ལ་གང་འཚམ་གྱི་ཆོས་གསུངས་ཚུལ་བསྟན་པ་ཡིན། གདུལ་བྱའི་འཛིན་མ་ལ་ཞེས་གདུལ་བྱའི་ཤེས་རྒྱུད་འཛིན་མའི་གཟུགས་སུ་བཀོད་ནས་གསུངས། འདི་ནས་ཟབ་རྒྱས་ཆོས་ཀྱི་ཆར་བ་དབབ་ཏུ་གསོལ་ཞེས་སྦྱར་བའང་ཡོད་ལ། འདི་ན་ལྷུན་གྲུབ་ཆོས་ཀྱི་ཆར་བ་དབབ་ཏུ་གསོལ་ཞེས་གསུངས། ཟབ་རྒྱས་ཞེས་སྦྱར་ན་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཆར་བ་དབབ་ཏུ་གསོལ་ཞེས་པ་ལ་གོ་བ་དང་། ལྷུན་གྲུབ་ཅེས་པ་འབད་མེད་ལྷུན་གྲུབ་ཀྱི་སྟེང་ནས་ཆོས་ཀྱི་ཆར་བ་དབབ་ཏུ་གསོལ་ཞེས་ཆོས་འཁོར་བསྐོར་བར་གསོལ་བ་འདེབས་པ་ལའོ།།
 དེ་ནས་བསྔོ་བའི་ཡན་ལག་སྟེ། བསྔོ་བའི་སྟེང་ནས་དགེ་བ་དེ་གང་དང་གང་གི་རྒྱུར་འགྲོ་དགོས་པ་དེར་བསྒྱུར་བ་ཡིན། དཔེར་ན་དགེ་བ་དེ་ཚེ་ཕྱི་མ་འཁོར་བའི་མངོན་མཐོ་འགྲུབ་པའི་རྒྱུ་དང་། ཡང་ངེས་ལེགས་ཐར་བའི་གོ་འཕང་འཐོབ་བྱེད་ཀྱི་རྒྱུ་དང་། ཡང་ན་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་བྱེད་ཀྱི་རྒྱུ་སོགས་བསྔོ་བའི་སྟེང་ནས་སྒོ་གསུམ་གྱིས་བསགས་པའི་དགེ་བ་དེ་གཞན་དང་གཞན་དུ་བསྒྱུར་ཐུབ་པ་དེ་འདྲ་ཞིག་ཡིན། དེའི་ཕྱིར་དགེ་བའི་རྩ་བ་དེ་གསེར་རྡོག་ལྟ་བུ་དང་བསྔོ་བ་ནི་གསེར་མགར་གྱིས་རྒྱན་སོགས་བརྡུངས་པ་ལྟ་བུ་ཡིན། གསེར་རྡོག་དེ་གསེར་མགར་གྱིས་རྒྱན་ཆ་ཅི་ཞིག་ཏུ་ཡང་བསྒྱུར་ཆོག་པ་དེ་དང་འདྲ་བ་ཡིན། དེས་ན་ཐོག་མཐའ་གཉིས་ལ་བྱ་བ་གཉིས་ཞེས་པ་ལྟར། ཐོག་མར་གལ་ཆེ་བ་ཀུན་སློང་བཅོས་ཚུལ་སྟེ་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་སྟེང་ནས་ཀུན་སློང་བཅའ་བ་གལ་ཆེ་བ་དང་། མཐའ་མར་བསྔོ་བ་གལ་ཆེ་བ་ཡིན་པས་བཀའ་གདམས་གོང་མ་རྣམས་ཀྱིས་ཐོག་མཐའ་གཉིས་ལ་བྱ་བ་གཉིས་ཞེས་གསུངས་པ་རེད། འདིའི་བསྔོ་བའི་ཚིག་ལ། བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས།། བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང་།། ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི།། བསྟན་པའི་སྙིང་བོ་རིང་དུ་གསལ་བྱེད་ཤོག། ཅེས་རང་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་ལུས་ངག་ཡིད་གསུམ་གྱི་སྟེང་ནས་བསགས་པའི་དགེ་བ་དང་། ཁྱད་པར་དུ་བླ་མའི་རྣལ་འབྱོར་འདི་ཉམས་སུ་བླངས་པ་འདིའི་སྟེང་ནས་བྱུང་བའི་དགེ་བ་དེ་གང་ལ་བསྔོ་བ་ཡིན་ཞེ་ན། བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང་ཞེས་སྤྱིར་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་འགྲོ་བ་སེམས་ཅན་ལ་ཕན་བདེ་འབྱུང་བའི་རྒྱུ་རུ་བསྔོ་བ། ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི།། བསྟན་པའི་སྙིང་བོ་རིང་དུ་གསལ་བྱེད་ཤོག། ཅེས་ཁྱད་པར་དུ་རྒྱལ་བའི་བསྟན་པ་སྤྱིའི་ནང་ནས་སྙིང་བོ་ཕྱོགས་གཅིག་ཏུ་བསྡུས་ནས་ལམ་གྱི་ལུས་ཡོངས་རྫོགས་སྟན་ཐོག་གཅིག་ཏུ་གྲུ་བཞིར་ཉམས་སུ་ལེན་པ་སྟེ་མདོ་སྔགས་གཉིས་འགལ་མེད་དུ་གཅིག་གྲོགས་སུ་གཅིག་འཁྱེར་བའི་སྒོ་ནས་ཉམས་སུ་ལེན་ཚུལ་རྗེ་བླ་མའི་བཀའ་སྲོལ་འདི་ཉིད་འཇིག་རྟེན་གྱི་ཁམས་ཀུན་ཏུ་ཡུན་རིང་དུ་གསལ་བའི་ཆེད་དང་། རང་ཉིད་ཀྱང་ནམ་མཁའ་ཇི་སྲིད་དུ་ལམ་གྱི་གནད་འགག་གི་སྙིང་བོ་ཕྱོགས་གཅིག་ཏུ་བསྡུས་པ་བསྟན་པའི་སྙིང་བོ་རྗེ་ཐམས་ཅད་མཁྱེན་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་དང་མི་འབྲལ་བར་ཐོས་བསམ་སྒོམ་པའི་སྟེང་ནས་རང་གི་ཉམས་འོག་ཏུ་ཚུད་དེ་འཆད་རྩོད་རྩོམ་པའི་སྒོ་ནས་གདུལ་བྱ་གཞན་གྱི་རྒྱུད་ལ་གསལ་བར་ཤོག་ཅིག་སྙམ་པའི་ཀུན་སློང་དེ་འདྲ་ཞིག་གི་སྟེང་ནས་བསྔོ་དགོས་པ་ཡིན་གསུངས། 
དགའ་ལྡན་ལྷ་བརྒྱ་མའི་ཤོ་ལོ་ཀ་བརྒྱད་པོ་འདི་དགེ་ལྡན་སྙན་བརྒྱུད་སྤྲུལ་བའི་གླེགས་བམ་དེ་ནས་རིམ་བཞིན་སྙན་ནས་སྙན་དུ་བརྒྱུད་འོང་བ་ཡིན། འདི་ཡི་གེར་འགོད་པ་པོ་རྒྱུད་ཆེན་སངས་རྒྱས་རྒྱ་མཚོ་ཚང་ཡིན་ལ་དེའི་བར་དུ་ཡི་གེར་བཀོད་མེད། 
ཡན་ལག་བདུན་པོ་འདི་རྒྱལ་སྲས་ཀྱི་སྤྱོད་པ་ཐམས་ཅད་ཀྱི་སྡོམ་ཆེན་པོ་ཞིག་ཡིན་ཞིང་བསགས་སྦྱང་གི་གནད་ཐམས་ཅད་ཀྱང་འདིར་འདུས་པ་ཡིན། བསགས་སྦྱང་གི་གནད་ཐམས་ཅད་འདུས་པའི་ཡན་ལག་བདུན་པོ་འདི་ཡང་བསྡུས་ན་ལམ་རིམ་ཆེན་མོ་སོགས་ན་གསུངས་པའི་བསགས་པ་དང་སྦྱང་བ་དང་སྤེལ་ཞིང་མི་ཟད་པར་བྱེད་པ་གསུམ་དུ་འདུ་བ་ཡིན། ཕྱག་འཚལ་བ། མཆོད་པ་འབུལ་བ། རྗེས་སུ་ཡི་རང་། བསྐུལ་བ། གསོལ་བ་འདེབས་པ་དང་ལྔ་མཐུན་རྐྱེན་ཚོགས་བསགས་པ་ཡིན་ཞིང་དེའི་ནང་ནས་རང་གི་དགེ་བ་ལ་རྗེས་སུ་ཡི་རང་བ་དེ་རང་གི་དགེ་བ་སྤེལ་བར་བྱེད་པའི་ཐབས་དང་། སྡིག་པ་བཤགས་པ་སྟེ་འགལ་རྐྱེན་སྒྲིབ་པ་སྦྱོང་བ་དེ་བསགས་སྦྱང་གཉིས་ཀྱི་ནང་ནས་སྦྱང་བ་ཡིན། བསྔོ་བ་ནི་དགེ་བ་ཆུང་ངུ་ཆེན་པོར་སྤེལ་བ་དང་དེ་མ་ཐག་ཏུ་ཟད་པར་འགྱུར་བ་དེ་སངས་རྒྱས་མ་ཐོབ་ཀྱི་བར་དུ་མི་ཟད་པར་བྱེད་པའི་ཐབས་ཡིན། 

དེ་ནས་མཎྜལ་འབུལ་ཞིང་གསོལ་བ་བཏབ་ནས་དངོས་གྲུབ་ཞུ་བ་ལ། དོན་གལ་ཆེན་གནས་སྐབས་དང་མཐར་ཐུག་གི་འདོད་དོན་འགྲུབ་པའི་ཆེད་དུ་ཞུ་བ་འབུལ་དགོས་ན་ཞུ་རྟེན་ཞིག་དགོས་པས་མཎྜལ་འབུལ་བ་དེ་ཞུ་རྟེན་ཡིན། རང་གི་རྩ་བའི་བླ་མ་དང་རྗེ་ཐམས་ཅད་མཁྱེན་པ་ངོ་བོ་དབྱེར་མེད་ཡིན་པའི་མོས་པ་བྱས་ནས་མོས་པ་དེའི་སྟེང་ནས་རྗེ་ཐམས་ཅད་མཁྱེན་པའི་ལུགས་ཀྱི་མཎྜལ་ཚོམ་བུ་ཉེར་གསུམ་མ་འབུལ་ནའང་ཆོག་ལ་འགྲོ་མགོན་འཕགས་པའི་ལུགས་ཀྱི་མཎྜལ་ཚོམ་བུ་སོ་བདུན་མ་འབུལ་ནའང་ཆོག རྟག་ཏུ་ངུས་མཛད་པའི་མཎྜལ་ཚོམ་བུ་བདུན་མ་སོགས་གང་འབུལ་ཀྱང་ཆོག 
མཎྜལ་ཕུལ་རྗེས་སུ་འདོད་དོན་ལ་གསོལ་བ་འདེབས་པའི་སྐབས་སུ་དམིགས་བརྩེ་མའི་གསོལ་འདེབས་དང་། གཞན་ཡང་དཔལ་ལྡན་ས་གསུམ་མའི་སྟེང་ནས་མཆོག་གི་དངོས་གྲུབ་བརྙེས་ལ་གསོལ་བ་འདེབས་ཞེས་པའི་བར་གྱི་ཚིག་དོན་དྲན་བཞིན་པའི་ངང་ནས་གསོལ་བ་བཏབ་ཀྱང་ཆོག གསོལ་བ་འདེབས་པ་ཞེས་པ་ནི་བུ་སྟོན་ཐམས་ཅད་མཁྱེན་པའི་འདུལ་བའི་ལས་ཆོག་གི་ཊྰིཀྐ་ན་གསོལ་བ་འདེབས་པ་ནི་ཞུ་བ་འབུལ་བའི་དོན་ཡིན་ཟེར། 
བཀའ་གདམས་གླེགས་བམ་སོགས་ན་རེས་འགའ་གསོལ་འདེབས་དབྱངས་ཀྱི་གཟུགས་ཞེས་པ་དེ་དམིགས་བརྩེ་མའི་གསོལ་འདེབས་འདི་གནས་ཚོད་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་རྒྱུད་ཀྱི་ཡེ་ཤེས་དེ་གསོལ་འདེབས་ཀྱི་གཟུགས་སུ་ཤར་བ་དེ་ཡིན་ལ་སྣང་ཚོད་ཀྱི་སྟེང་ནས་ཀྱང་རྗེ་རིན་པོ་ཆེའི་གསུང་འཁྲུལ་མེད་ཡིན་ཟེར། དེས་ན་གནས་ཚོད་སྣང་ཚོད་གང་གི་དབང་དུ་བྱས་ནའང་གཞན་དང་མི་འདྲ་བའི་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་ཡིན། དམིགས་བརྩེ་མའི་སྒོ་ནས་གསོལ་བ་འདེབས་ཚུལ་ལ་དོན་དག་གསུམ་སྟེ། 
ཕྱི་མཚུངས་པ་གསལ་བྱེད་ཀྱི་སྒོ་ནས་གསོལ་བ་འདེབས་པ། 
ནང་ཡོན་ཏན་དེ་ལྡན་གྱི་སྒོ་ནས་གསོལ་བ་འདེབས་པ། 
གསང་བ་ལྷག་པའི་ལྷ་དང་ངོ་བོ་དབྱེར་མེད་དུ་གསོལ་བ་འདེབས་པ་དང་དོན་གསུམ་ཡོད། 
ཕྱི་མཚུངས་པ་གསལ་བྱེད་ཀྱི་སྒོ་ནས་གསོལ་བ་འདེབས་པ་ནི། རྒྱལ་བ་ཐམས་ཅད་ཀྱི་ནང་ནས་མཁྱེན་བརྩེ་ནུས་གསུམ་གྱི་སྟེང་ནས་རིགས་གསུམ་མགོན་པོ་ལྷག་པ་དཔེ་དེ་བཞིན་དུ་བོད་གངས་ཅན་གྱི་མཁས་པ་ཐམས་ཅད་ཀྱི་ནང་ནས་མཁྱེན་བརྩེ་ནུས་གསུམ་གྱི་སྒོ་ནས་རྗེ་ཐམས་ཅད་མཁྱེན་པ་ལྷག་པ་ཡིན་པའི་མོས་པ་དེའི་ངང་ནས་བདག་ཀྱང་རྗེ་ཐམས་ཅད་མཁྱེན་པ་ཁྱེད་རང་དང་འདྲ་བར་ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་སྟེང་ནས་དམིགས་བརྩེ་མའི་གསོལ་འདེབས་བྱས་ན་རྗེ་བླ་མ་ཕྱི་སྒྲུབ་ཀྱི་མན་ངག་ཡིན། ལྷག་ཚུལ་དེ་ཡང་གོ་བ་གཞན་གྱི་སྟེང་ནས་བཙལ་དགོས་པ་མ་གཏོགས་སངས་རྒྱས་ནང་ཕན་ཚུན་སྤངས་རྟོགས་ཀྱི་ཡོན་ཏན་མི་མཉམ་པའི་སྟེང་ནས་གོ་མི་རུང་། 
ནང་ཡོན་ཏན་དེ་ལྡན་གྱི་སྒོ་ནས་གསོལ་བ་འདེབས་པ་ནི། རིགས་གསུམ་མགོན་པོའི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཇི་སྙེད་ཡོད་པ་རྗེ་ཐམས་ཅད་མཁྱེན་པའི་རྒྱུད་ནའང་དེ་སྙེད་ཡོད་པ་དེ་ལྟར་བལྟས་པའི་སྒོ་ནས་བདག་ཀྱང་རྗེ་ཐམས་ཅད་མཁྱེན་པ་ཁྱེད་རང་དང་འདྲ་བར་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ལྡན་པར་བྱིན་གྱིས་རློབས་ཤིག་སྙམ་པའི་སྟེང་ནས་དམིགས་བརྩེ་མའི་གསོལ་འདེབས་བྱེད་པ་དེ་རྗེ་བླ་མ་ནང་སྒྲུབ་ཀྱི་མན་ངག་ཡིན། 
གསང་བ་ལྷག་པའི་ལྷ་དང་ངོ་བོ་དབྱེར་མེད་དུ་གསོལ་བ་འདེབས་པ་ནི། རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་བསྡུས་པའི་རང་གཟུགས་དེ་རིགས་གསུམ་མགོན་པོ་ཡིན་ལ། རིགས་གསུམ་མགོན་པོ་གཅིག་ཏུ་བསྡུས་པའི་རང་གཟུགས་དེ་རྗེ་བླ་མ་ཡིན་པ་དེ་འདྲའི་སྟེང་ནས་རྗེ་བླ་མ་རིགས་གསུམ་གཅིག་བསྡུས་ཀྱི་ངོ་བོ་ཡིན་པའི་མོས་པའི་སྟེང་ནས་བདག་ཀྱང་རྗེ་བླ་མ་ཁྱེད་རང་ལྟ་བུར་རིགས་གསུམ་གཅིག་བསྡུས་ཀྱི་ངོ་བོར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་སྟེང་ནས་དམིགས་བརྩེ་མའི་གསོལ་འདེབས་བྱས་ན་རྗེ་བླ་མ་གསང་སྒྲུབ་ཀྱི་མན་ངག་ཡིན། 
དམིགས་བརྩེ་མའི་གསོལ་བ་འདེབས་པའི་ཚེ་དམིགས་རིམ་འདི་འདྲ་ཞིག་སྐྱོང་བ་སྟེ་སེམས་ལ་འདི་འདྲ་ཞིག་དྲན་དགོས། འདི་འདྲའི་སྐབས་སུ་རྗེ་བླ་མའི་སྤྱི་བོར་སྤྱན་རས་གཟིགས་བཀོད། མགྲིན་པར་རྗེ་བཙུན་འཇམ་པའི་དབྱངས་བཀོད། ཐུགས་ཀར་གསང་བདག་ཕྱག་ན་རྡོ་རྗེ་བཀོད་ནས་གསལ་བཏབ་ཆོག་ལ་རྗེ་བླ་མ་ཁོང་ཉིད་རིགས་གསུམ་ཀུན་འདུས་ཀྱི་བདག་ཉིད་ཡིན་པའི་མོས་པ་བྱས་ཏེ་གསོལ་བ་བཏབ་ཀྱང་ཆོག 
ཡང་དམིགས་བརྩེ་མ་ལྔ་སྐོར། དྲུག་སྐོར། དགུ་སྐོར་སྟེ། དམིགས་བརྩེ་མ་ལྔ་སྐོར་ནི། བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་ཞེས་རྗེ་བླ་མའི་ཐུགས་ཀར་ཐུབ་པའི་དབང་བོ་བཀོད་པའི་ཚེ། ཐུབ་པའི་དབང་བོ། རྗེ་བླ་མ། རིགས་གསུམ་མགོན་པོ་སྟེ་ལྔ་སྐོར་ཞེས་པ་དེ་འདྲའི་སྟེང་ནས་འགྲོ་དགོས་པ་འདྲ། བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས།། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།། ཞེས་སོགས་ཀྱིས་གསོལ་བ་བཏབ་ན་དམིགས་བརྩེ་མ་ལྔ་སྐོར་གྱི་སྟེང་ནས་གསོལ་བ་འདེབས་ཚུལ་དང་། 
དམིགས་བརྩེ་མ་དྲུག་སྐོར་ལ་རྗེ་བླ་མའི་ཐུགས་ཀར་ཐུབ་པའི་དབང་བོ་བཀོད། ཐུབ་པའི་དབང་བོའི་ཐུགས་ཀར་རྒྱལ་བ་རྡོ་རྗེ་འཆང་བཀོད་ནས་གསོལ་བ་འདེབས་པའི་ཚེ། དངོས་གྲུབ་ཀུན་འབྱུང་ཐུབ་དབང་རྡོ་རྗེ་འཆང་།། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས་ཞེས་ཐུབ་པའི་དབང་བོ། རྒྱལ་བ་རྡོ་རྗེ་འཆང་། རིགས་གསུམ། རྗེ་བླ་མ་སྟེ་དྲུག་སྐོར་ཞེས་པ་དེ་འདྲའི་སྟེང་ནས་བཤད་པ་འདྲ། 
དམིགས་བརྩེ་མ་དགུ་སྐོར་གྱི་སྟེང་ནས་གསོལ་བ་འདེབས་པ་ནི། རྗེ་བླ་མའི་སྤྱི་བོར་སྤྱན་རས་གཟིགས་ཕྱི་ནང་གསང་གསུམ་བཀོད། མགྲིན་པར་འཇམ་དབྱངས་ཕྱི་ནང་གསང་གསུམ་བཀོད། ཐུགས་ཀར་ཕྱག་རྡོར་ཕྱི་ནང་གསང་གསུམ་བཀོད་དེ་དགུ་སྐོར་གྱི་སྟེང་ནས་གསོལ་བ་འདེབས་ཚུལ། ཡང་རྗེའི་ཐུགས་ཀར་འཇམ་དབྱངས་ཕྱི་ནང་གསང་གསུམ་བཀོད། རྒྱལ་ཚབ་རྗེའི་ཐུགས་ཀར་སྤྱན་རས་གཟིགས་ཕྱི་ནང་གསང་གསུམ་བཀོད། མཁས་གྲུབ་རྗེའི་ཐུགས་ཀར་གསང་བདག་ཕྱི་ནང་གསང་གསུམ་བཀོད་ནས་དེ་འདྲའི་སྟེང་ནས་དགུ་སྐོར་དང་། ཡང་རྗེ་བླ་མའི་སྤྱི་བོ་མགྲིན་པ་ཐུགས་ཀའི་གནས་གསུམ་ཀར་འཇམ་དབྱངས་ཕྱི་ནང་གསང་གསུམ་སྟེ་འཇམ་དབྱངས་དགུ་ཕྲུགས་བཀོད་དེ་དགུ་སྐོར་གྱི་སྟེང་ནས་གསོལ་བ་འདེབས་པའང་ཡོད། དེ་འདྲ་ལ་སྐུ་ནོར་བུ་མཛོད་འཛིན། གསུང་ཉི་མ་སྣང་བྱེད། ཐུགས་གསང་བ་མཛོད་འཛིན་གྱི་ཐ་སྙད་བཏགས་ཡོད། 
དེར་མ་ཟད་རྗེ་བླ་མའི་ཐུགས་ཀར་འཇིགས་བྱེད་བཀོད་ནས། འཇམ་དཔལ་ཁྲོས་པའི་ཟློས་གར་གཤིན་རྗེ་གཤེད།། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།། ཞེས་གསོལ་འདེབས་བྱེད་ཚུལ་དེ་ཡང་སྙན་བརྒྱུད་ཀྱི་མན་ངག་ཅིག་ཡིན་གསུངས། 
དེས་ན་དམིགས་སྐོར་ཐམས་ཅད་ཡོང་དཀའ་བས་མདོར་བསྡུས་ཀྱི་སྟེང་ནས་གསོལ་འདེབས་བྱེད་ན་ཕྱི་མཚུངས་པ་གསལ་བྱེད་ཀྱི་སྒོ་ནས་གསོལ་བ་འདེབས་པ། ནང་ཡོན་ཏན་དེ་ལྡན་གྱི་སྒོ་ནས་གསོལ་བ་འདེབས་པ། གསང་བ་ལྷག་པའི་ལྷ་དང་ངོ་བོ་དབྱེར་མེད་དུ་གསོལ་བ་འདེབས་པ་དེ་ཙམ་ཞིག་ཡིད་ལ་འཆར་སླ་བ་ཡིན། 
གསོལ་བ་འདེབས་པའི་ཚེ་རང་གི་འདོད་དོན་ལ་གསོལ་བ་ཇི་ལྟར་འདེབས་ཞེ་ན། གསོལ་འདེབས་ཀྱི་ཚིག་བརྗོད་པའི་སྐབས་དེ་ལ་སེམས་ཀྱི་གཏིང་ནས་ད་ནས་བཟུང་སྟེ་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་རང་ཁོ་ནའི་དོན་གཙོ་བོར་བྱེད་པའི་རང་དོན་ཡིད་བྱེད་དང་རྒྱལ་སྲས་ཀྱི་སྤྱོད་པ་བྱ་དཀའ་བ་རྣམས་ལ་སྒྱིད་ལུག་ཅིང་ཞུམ་པའི་བསམ་པ་དེའི་རིགས་དོར་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པར་སློབ་པ་ལ་སྤྱན་རས་གཟིགས་ལྟ་བུར་ད་ལྟ་ཉིད་དུ་མྱུར་བ་མྱུར་དུ་འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག་སྙམ་པ་དང་། སྐྱོན་ཐམས་ཅད་དང་བྲལ་བའི་ཆེ་གསལ་མྱུར་ཟབ་ཀྱི་ཤེས་རབ་ཀྱི་སྒོ་ནས་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་ཇི་བཞིན་འབྱེད་པ་ལ་རྗེ་བཙུན་འཇམ་པའི་དབྱངས་ལྟ་བུར་ད་ལྟ་ཉིད་དུ་མྱུར་བ་མྱུར་དུ་འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག་སྙམ་པ་དང་། བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པའི་བདུད་བཞི་ཕྲ་རགས་སོགས་ཕྱི་ནང་གསང་བའི་བར་ཆད་མ་ལུས་པ་འཇོམས་པ་ལ་དཔལ་ཕྱག་ན་རྡོ་རྗེ་ལྟ་བུར་ད་ལྟ་ཉིད་དུ་མྱུར་བ་མྱུར་དུ་འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག་སྙམ་པའི་བསམ་པ་དེ་འདྲའི་སྟེང་ནས་དམིགས་བརྩེ་མ་བགྲང་། 
ལམ་རིམ་གྱི་རྟོགས་པ་དེ་མདོ་ལུགས་རྐྱང་བའི་དབང་དུ་བྱས་ན་དགེ་བའི་བཤེས་གཉེན་ལ་མ་གུས་པ་ནས་བདག་གཉིས་སུ་མཚན་མར་འཛིན་པའི་བར་གྱི་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་འགག་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་དང་། བཤེས་གཉེན་ལ་གུས་པ་ནས་བདག་མེད་པའི་དེ་ཁོ་ན་ཉིད་རྟོགས་པའི་བར་གྱི་ཕྱིན་ཅི་མ་ལོག་པའི་བློ་སྣ་མཐའ་དག་རྒྱུད་ལ་བདེ་བླག་ཏུ་སྐྱེ་བར་བྱིན་གྱིས་རློབས་ཤིག་སྙམ་པ། ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་དེ་འདྲའི་འདོད་དོན་ཡིད་ལ་དྲན་པའི་སྒོ་ནས་གསོལ་བ་འདེབས་པ་སོགས་མདོ་ལུགས་རྐྱང་བའི་དབང་དུ་བྱས་པ་ཡིན། 
སྔགས་དང་འབྲེལ་ན་དགེ་བའི་བཤེས་གཉེན་ལ་མ་གུས་པ་ནས་སྣང་མཆེད་ཐོབ་གསུམ་གྱི་གཉིས་སྣང་ཕྲ་མོའི་བར་གྱི་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་མྱུར་དུ་འགག་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་དང་། བཤེས་གཉེན་ལ་གུས་པ་ནས་མི་སློབ་པའི་ཟུང་འཇུག་གི་བར་གྱི་ཕྱིན་ཅི་མ་ལོག་པའི་བློ་སྣ་མཐའ་དག་བདེ་བླག་ཏུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་སྟེང་ནས་གསོལ་བ་འདེབས་པ་དང་། དེ་ནས་བྱང་ཆུབ་སྒྲུབ་པ་ལ་ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་སྟེང་ནས་དམིགས་བརྩེ་མ་བགྲངས་ཏེ་གསོལ་བ་འདེབས་པ། 
ཡང་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་མདོ་སྔགས་ཡོངས་སུ་རྫོགས་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་དྲི་མ་མེད་པ་འདི་ཉིད་དང་མཇལ་ཏེ་རྩ་བའི་བླ་མ་དང་དབྱེར་མེད་པའི་རྗེ་ཐམས་ཅད་མཁྱེན་པ་ཁྱོད་ཉིད་ཀྱིས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དགེ་བའི་བཤེས་གཉེན་མཛད་ནས་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་མང་དུ་ཐོས་པ། རང་གིས་ཐོས་པའི་དོན་དེ་རིགས་པ་བཞིའི་སྒོ་ནས་ཡང་དང་ཡང་དུ་བསམ་པ། བསམ་པའི་དོན་དེ་རྒྱུད་ལ་སྦྱར་ནས་ཉམས་སུ་བླངས་ཏེ་སྐྱེས་བུ་ཆུང་ངུའི་སྐབས་ལ་སྐྱབས་འགྲོ་དང་ལས་འབྲས། འབྲིང་གི་སྐབས་ལ་ངེས་འབྱུང་དང་བསླབ་པ་གསུམ། ཆེན་པོའི་སྐབས་སུ་བྱང་ཆུབ་ཀྱི་སེམས་དང་དབུ་མའི་ལྟ་བ། སྔགས་བླ་མེད་ཀྱི་སྐབས་སུ་ལམ་རིམ་པ་གཉིས་ལ་སོགས་པའི་རྟོགས་པ་ཐམས་ཅད་རང་གི་རྒྱུད་ལ་མངོན་དུ་གྱུར་ཏེ། སྐལ་ལྡན་རྗེས་སུ་འཛིན་པའི་ཐབས་འཆད་པ། ལོག་སྨྲ་ཚར་གཅོད་པའི་ཐབས་རྩོད་པ། མཁས་པ་མགུ་བ་སྐྱེད་པའི་ཐབས་རྩོམ་པའི་སྒོ་ནས་རྗེ་ཐམས་ཅད་མཁྱེན་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པའི་སྙིང་བོ་འདི་ཉིད་སྤེལ་བ་དང་། ཞི་རྒྱས་དབང་དྲག་གི་འཕྲིན་ལས་བཞིའི་སྒོ་ནས་བསྟན་པ་རིན་པོ་ཆེ་འདི་ཉིད་སྲུང་བ་ལ་ལུས་དང་སྲོག་ལ་ལྟོས་པ་མེད་པར་སྙིང་སྟོབས་ཕུལ་དུ་སོན་པ་རྗེ་བླ་མ་ཁྱོད་དང་འདྲ་བར་བྱིན་གྱིས་རློབས་ཤིག་སྙམ་པའི་སྒོ་ནས་དམིགས་བརྩེ་མ་བགྲང་བར་བྱ། 
ཡང་གནས་སྐབས་བྱང་ཆུབ་སྒྲུབ་པའི་བར་ཆད་ནད་གདོན་སོགས་སེལ་བ་དང་བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་ཚེ་རིང་བ་ལ་སོགས་པ་སྐྱེ་བ་ཕྱི་མ་སོགས་སུ་ཡང་དལ་འབྱོར་གྱི་ཨང་ཀ་མི་འཁྲུགས་པ་རྣམ་སྨིན་ཡོན་ཏན་བརྒྱད་ལྡན་དང་མཐོ་རིས་ཡོན་ཏན་བདུན་ལྡན་གྱི་རྟེན་བཟང་ཁྱད་པར་ཅན་ཡང་དང་ཡང་དུ་རྙེད་པ། རྙེད་པ་ཙམ་དུ་མ་ཟད་བསྟན་པའི་སྙིང་བོ་རྗེའི་བསྟན་པ་འདི་དང་མཇལ། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱི་མགོན་གྱིས་ཟིན། རང་གིས་དེའི་སྟེང་ནས་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་པ་རྒྱ་ཆེན་པོ་བྱས། ཐོས་པའི་དོན་དེར་ལྟོས་པའི་རིགས་པ་ལ་སོགས་པའི་རིགས་པ་བཞིས་ཡང་དང་ཡང་དུ་བསམ། བསམ་པ་ཙམ་དུ་མ་ཟད་བསམ་པའི་དོན་དེ་སྒྲུབ་པས་ཉམས་སུ་བླངས། དེ་འདྲའི་སྟེང་ནས་ཟུང་འཇུག་གི་གོ་འཕང་བདེ་བླག་ཉིད་དུ་འཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ། དེ་ལྟར་གནས་སྐབས་དང་མཐར་ཐུག་གི་འདོད་དོན་མང་པོར་དམིགས་ནས་གསོལ་འདེབས་ཇི་ལྟར་བྱས་ཀྱང་ཆོག འདི་འདྲའི་སྟེང་ནས་གནས་སྐབས་དང་མཐར་ཐུག་གི་འདོད་དོན་ལ་གསོལ་བ་འདེབས་ཚུལ་མཚོན་བྱེད་ཙམ་བཀོད་པ་ཡིན་ལ་འདིས་ཁྱད་པར་ཕྱེ་ནས་གསོལ་འདེབས་བྱེད་ཚུལ་གྱི་དམིགས་སྐོར་ཇི་སྙེད་གསུངས་པ་ཐམས་ཅད་འདིར་བླང་བར་བྱ་ཡི་དམིགས་སྐོར་ཐམས་ཅད་གཞུང་གཅིག་གི་སྟེང་ནས་བཤད་མི་ནུས་པ་ཡིན། 
རང་གི་བློ་སྣ་ཆོས་ལ་ཕྱོགས་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ། ཆོས་ལམ་དུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ། ལམ་ལ་བར་ཆད་མེད་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ། བྱང་ཆུབ་སྒྲུབ་པ་ལ་ཕྱི་ནང་གསང་གསུམ་གྱི་རྐྱེན་ངན་བར་ཆད་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་དམིགས་པའི་སྟེང་ནས་དམིགས་བརྩེ་མའི་གསོལ་འདེབས་བྱས། 
གསོལ་བ་འདེབས་པའི་ཚེ་འདི་འདྲའི་འདོད་དོན་དེར་དམིགས་ཏེ་གསོལ་བ་འདེབས་པ་གལ་ཆེ་བ་རེད་མ་གཏོགས་སེམས་རྣམ་གཡེང་སོགས་ཀྱི་སྟེང་ནས་གསོལ་འདེབས་བྱས་ན། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན།། ཡུན་རིང་དུས་སུ་སྤྱད་བྱས་ཀྱང་།། སེམས་གཞན་གཡེང་བས་བྱས་པ་ནི།། དེ་ཉིད་རིགས་པས་དོན་མེད་གསུངས།། ཞེས་གསུངས་པ་ལྟར་གསོལ་འདེབས་མང་དུ་བྱས་ཀྱང་གནད་དུ་འགྲོ་དཀའ། ལྷའི་བསྙེན་པ་སོགས་ལ་བསྡད་ནའང་སྐབས་དེ་ན་བཤད་པའི་བཟླས་པ་བྱེད་ཚུལ་གྱི་རིམ་པ་ཞིག་ཡོད། དེ་མིན་པར་དེའི་སྐབས་ན་མི་ཡོང་བའི་དམིགས་སྐོར་གཞན་པ་དོན་མཆོག་ཏུ་གྱུར་བ་ཞིག་ཡིན་ནའང་དེ་བསམ་ནས་བཟླས་པ་བྱས་ཀྱང་མི་འགྲིག་པ་ཡིན། ལེ་ལོ་འདོད་ཆགས་མི་དགེ་ལྡན་པའི་སེམས།། གང་དང་གང་དུ་གཡེང་ཞིང་རྒྱུ་བ་དག། དེ་དང་དེ་ལས་མྱུར་དུ་ལྡོག་ནས་ནི།། གསང་སྔགས་ཡི་གེ་མཆོག་ལ་ལེགས་པར་སྦྱར།། ཞེས་དཔུང་བཟང་གི་རྒྱུད་སོགས་ན་ཡོད་པ་འདི་དྲངས་ཡོད། བཟླས་པ་བྱེད་པའི་སྐབས། དེའི་དམིགས་སྐོར་དེ་དང་དེ་ལ་དམིགས། དམིགས་པ་དེ་ལ་སྦྱར་ནས་གསོལ་བ་བཏབ། དེ་ལྟར་བཟླས་པ་བྱས་པ་ཡིན་ན་ཉུང་ཉུང་ཞིག་བཏོན་ནའང་གནད་དུ་འགྲོ་བ་ཡིན། དེ་མིན་པར་ལེ་ལོའི་དབང་གིས་སེམས་གཡེང་བ་དང་། རྒོད་པ་སོགས་འདོད་ཆགས་ཀྱི་ཆར་གཏོགས་ཀྱིས་སེམས་གཡེང་བ། མི་དགེ་བའི་སེམས་ཀྱིས་སེམས་གཡེང་བའི་སྟེང་ནས་བཟླས་པ་བྱས་ན་གནད་དུ་མི་འགྲོ་བས་ཤེས་བཞིན་གྱི་སྟེང་ནས་བདག་སེམས་དམིགས་པ་འདིའི་སྟེང་ནས་མ་བསྡད་པར་འདིའི་ཕྱོགས་སུ་གཡེང་སོང་སྙམ་དུ་ཤེས་པར་བྱས་ནས་མྱུར་དུ་སེམས་དེ་ཕྱིར་བཀུག་ཏེ་སྐབས་དེའི་དམིགས་པ་དེའི་ཕྱོགས་སུ་རང་སེམས་སྦྱོར་དགོས་གསུངས་པ་རེད།
 དེ་ནས་དངོས་གྲུབ་ཞུ་བའི་དམིགས་པ་བྱ་ཚུལ་ལ་ཐུན་མོང་མ་ཡིན་པའི་དངོས་གྲུབ་ཤེས་རབ་ཀྱི་དངོས་གྲུབ་ཞུ་བ་དང་། ཐུན་མོང་བའི་དངོས་གྲུབ་ལམ་ཡོངས་རྫོགས་ཀྱི་རྟོགས་པ་རྒྱུད་ལ་སྐྱེ་བའི་བྱིན་རླབས་ཞུ་བ་གཉིས་ཡོད། ཐུན་མོང་མ་ཡིན་པ་ཤེས་རབ་ཀྱི་དངོས་གྲུབ་ཞུ་ཚུལ་ནི། མ་དག་འཁྲུད་དང་མི་ཤེས་བསལ།། སྐུ་ཡིས་ཆེ་ཞིང་གསུང་གིས་གསལ།། ས་བོན་མྱུར་བ་ཕྱག་མཚན་ཟབ།། གླེགས་བམ་རལ་གྲི་གླེགས་རལ་གྱིས།། འཆད་དང་རྩོད་དང་རྩོམ་པའོ།། ཞེས་མ་དག་པ་འཁྲུད་པའི་དམིགས་པ། མི་ཤེས་པ་བསལ་བའི་དམིགས་པ། སྐུའི་སྒོ་ནས་ཤེས་རབ་ཆེ་བ་སྒྲུབ་པ། གསུང་གི་སྒོ་ནས་གསལ་བ། ས་བོན་གྱི་སྒོ་ནས་མྱུར་བ། ཕྱག་མཚན་གྱི་སྒོ་ནས་ཟབ་པ། གླེགས་བམ་གྱི་སྒོ་ནས་འཆད་པ། རལ་གྲིའི་སྒོ་ནས་རྩོད་པ། གླེགས་བམ་དང་རལ་གྲི་གཉིས་ཀྱི་སྒོ་ནས་རྩོམ་པའི་དངོས་གྲུབ་ཞུ་ཚུལ་སོགས་ཁྲིད་ཡིག་རྒྱས་པ་དག་ན་ཡོད། 
འདི་ནས་ཐམས་ཅད་ཀྱི་དམིགས་སྐོར་ཕྱོགས་གཅིག་ཏུ་བཤད་ན། རྒྱལ་བའི་གསུང་རབ་མཐའ་དག་གི་དགོངས་དོན་ཇི་བཞིན་དུ་འབྱེད་པ་ལ་ཤེས་རབ་ཆེ་བ་གསལ་བ་མྱུར་བ་ཟབ་པའི་ཤེས་རབ་དང་སྐལ་ལྡན་རྗེས་སུ་འཛིན་པ་དང་ལོག་སྨྲ་ཚར་གཅོད་པ་དང་མཁས་པ་མགུ་བ་བསྐྱེད་པའི་ཡན་ལག་ཏུ་འཆད་རྩོད་རྩོམ་པའི་ཤེས་རབ་མཐའ་དག་བསྩལ་ཏུ་གསོལ་སྙམ་པའི་སྟེང་ནས་གསོལ་འདེབས་བྱས། རང་གི་མདུན་གྱི་ནམ་མཁར་སྤྱན་དྲངས་པའི་རྗེ་ཡབ་སྲས་ཀྱི་སྐུའི་སྟེང་ནས་བདུད་རྩིའི་རྒྱུན་དཀར་བོ་འོད་ཀྱི་སྦུ་གུ་བརྒྱུད་ནས་རང་གི་སྤྱི་གཙུག་གི་ཚངས་བུག་ནས་མར་ལུས་ཀྱི་ནང་དུ་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་གང་། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་སྤྱི་དང་ནང་སྒོས་སུ་ཆེ་གསལ་མྱུར་ཟབ་ལ་སོགས་པའི་ཤེས་རབ་ཀྱི་གེགས་ཏེ་མི་ཤེས་པ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པ་དང་སྦལ་ལྕོང་དང་སྡོམ་སྡིག་དང་རྣག་ཁྲག་གི་རྣམ་པ། ངོ་བོའི་སྟེང་ནས་ནད་གདོན་སྡིག་སྒྲིབ་ཆེ་གསལ་མྱུར་ཟབ་ཀྱི་ཤེས་རབ་ཀྱི་གེགས་མི་ཤེས་པ་ལ་སོགས་པ་ཡིན་པ་ལ་རྣམ་པ་དུད་ཁུ་དང་སོལ་ཁུ་སྦལ་ལྕོང་སྡོམ་སྡིག་རྣག་ཁྲག་གི་རྣམ་པར་གྱུར་བ་དེ་བདུད་རྩི་དཀར་བོ་དེས་དེད་ནས་མི་གཙང་བའི་བུམ་པ་ཆུས་བཀྲུས་པ་བཞིན་དུ་དབང་བོའི་སྒོ་ཐམས་ཅད་ནས་ཐོན་ཏེ་རང་གི་འོག་ཏུ་རང་གི་ལས་དབང་གིས་གྲུབ་པའི་འཆི་བདག་སྲིན་པོ་ཞིག་ཁ་གདངས་ཏེ་ཡོད་པ་དེའི་ཁའི་ནང་དུ་མི་གཙང་བ་དེ་དག་ཐམས་ཅད་སོང་བ་ན་དེའི་ཡིད་ཚིམ་ནས་ཁ་རྡོ་རྗེ་རྒྱ་གྲམ་གྱིས་བཅད་པ་ལྟར་བསམ་ན་ཚེ་སྒྲུབ་ཡང་དེ་ལས་ལྷག་པ་མེད་ཞེས་ཁྲིད་ཡིག་སོགས་ན་གསུངས་ཡོད། 
བདུད་རྩི་འབེབས་སྦྱང་གི་སྟེང་ན་མི་མཐུན་ཕྱོགས་སྦྱོང་བའི་དམིགས་པ་དང་མཐུན་ཕྱོགས་རྒྱས་པའི་དམིགས་པ་སྟེ་དམིགས་རིམ་གཉིས་ཡོད། གོང་གི་འདི་མི་མཐུན་ཕྱོགས་སྦྱོང་བའི་དམིགས་པ་ཡིན། མཐུན་ཕྱོགས་རྒྱས་པའི་དམིགས་པ་ནི། རང་གི་ལུས་དྭངས་གསལ་འོད་གྱི་རང་བཞིན་ཅན་དུ་གྱུར་ནས་ཚེ་བསོད་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་རྒྱས་སོང་སྙམ་པའི་དམིགས་པ་དེ་འདྲ་ལ་ཟེར། བླང་དོར་གྱི་གནས་རྣམས་རང་སྟོབས་ཀྱིས་འབྱེད་ནུས་པའི་ཤེས་རབ་རླབས་ཆེ་བ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆ་ཤས་ཕྲ་ཞིང་ཕྲ་བ་རྣམས་མ་འདྲེས་པར་འབྱེད་ནུས་པའི་ཤེས་རབ་གསལ་བ། མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་བསམ་པ་སྐྱེས་མ་ཐག་ཏུ་འགོག་ནུས་པའི་ཤེས་རབ་མྱུར་བ། གཞན་གྱིས་ཚད་གཟུང་མི་ནུས་པར་གསུང་རབ་ཀྱི་ཚིག་དོན་ལ་གཏུགས་པ་མེད་པར་འཇུག་པའི་ཤེས་རབ་ཟབ་པ། སྐལ་ལྡན་གྱི་གདུལ་བྱ་རྣམས་རྗེས་སུ་འཛིན་པའི་ཐབས་ལེགས་པར་གསུངས་པའི་དོན་མ་ལུས་པ་ལ་ཐོགས་པ་མེད་པའི་འཆད་པའི་ཤེས་རབ། ལོག་པར་སྨྲ་བའི་རྒོལ་བ་མཐའ་དག་ཚར་གཅོད་པའི་ཐབས་གསུང་རབ་ཀྱི་དོན་མ་ལུས་པ་གཏན་ལ་འབེབས་པ་ལ་འགྲན་ཟླ་མེད་པའི་རྩོད་པའི་ཤེས་རབ། མཁས་པའི་སྐྱེ་བོ་རྣམས་མགུ་བར་བྱེད་པའི་ཐབས་སྙན་ངག་སྨྲ་བ་ལ་མཚུངས་ཟླ་མེད་པའི་རྩོམ་པའི་ཤེས་རབ་སོགས་སྩལ་ཏུ་གསོལ་སྙམ་དུ་ཡིད་ཀྱིས་བསམ་ཏེ་དམིགས་བརྩེ་མ་བརྗོད་བཞིན་གསོལ་བ་ཕུར་ཚུགས་སུ་བཏབ་པས་རྗེ་ཡབ་སྲས་ཀྱི་ཐུགས་ཀ་ནས་འོད་ཀྱི་སྦུ་གུ་བརྒྱུད་དེ་བདུད་རྩི་དམར་སེར་གྱི་རྒྱུན་བབས། ལུས་ཀྱི་ནང་ཐམས་ཅད་གང་། འོད་ཟེར་གྱི་རྡུལ་ཕྲ་རབ་ཚུན་ཆད་འཇམ་དཔལ་ཞི་དྲག་ཡབ་ཡུམ་དང་རྗེ་ཡབ་སྲས་ཀྱི་སྐུ་ཨ་ར་པ་ཙ། ཧྲྰིཿཥྟྰིཿསྭ་ར་སྭ་སྟི་དམིགས་བརྩེ་མ་ལ་སོགས་པ། ངྷྰིཿ་ཧྲྰིཾ་ཧཱུཾ་མཾ་ལ་སོགས་པའི་ས་བོན། གྲི་གུག་རལ་གྲི་གླེགས་བམ་པི་ཝང་ལ་སོགས་པའི་ཕྱག་མཚན། རལ་གྲིའི་འཁོར་ལོ་རྩིབས་དྲུག་པ་ལ་གླེགས་རལ་སྦྲེལ་བའི་རྣམ་པར་གྱུར་ནས་ལུས་ཀྱི་ནང་ཐམས་ཅད་གང་། འོད་ཟེར་བ་སྤུའི་སྒོ་ནས་ཕྱིར་འཕྲོས། རྒྱལ་བ་ཐམས་ཅད་མཆོད། དེ་དག་གི་ཐུགས་རྒྱུད་ཀྱི་ཆེ་གསལ་མྱུར་ཟབ་ཀྱི་ཤེས་རབ་ས་བོན་ལ་སོགས་པ་སྔར་དང་འདྲ་བར་སྤྱན་དྲངས་ནས་ལུས་ཀྱི་ནང་དུ་ཐིམ། དེ་ནས་འོད་ཟེར་དམར་སེར་འཕྲོས་ནས་རང་རྒྱུད་ཀྱི་མི་ཤེས་པ་ཐམས་ཅད་མིང་ཙམ་ཡང་མེད་པར་བསལ། དེ་ལས་ཀྱང་འོད་ཟེར་འཕྲོས་ཏེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རྗེ་བཙུན་འཇམ་དབྱངས་དང་མཉམ་པའི་ཤེས་རབ་སྐྱེས་སོང་སྙམ་དུ་བསམ་མོ།། 
དེ་འདྲའི་བདུད་རྩི་འབེབས་སྦྱངས་ཀྱི་དམིགས་པ་དང་འོད་ཟེར་སྤྲོ་བསྡུའི་དམིགས་པའི་སྟེང་ནས་གསོལ་བ་འདེབས། འདི་ཐུན་མོང་མ་ཡིན་པ་ཤེས་རབ་ཀྱི་དངོས་གྲུབ་ཞུ་བའི་དམིགས་སྐོར་ཡིན། 
དེ་ནས་ཐུན་མོང་བ་ལམ་ཡོངས་རྫོགས་ཀྱི་བྱིན་རླབས་ཞུ་བ་ནི། དམིགས་བརྩེ་མའི་གསོལ་འདེབས་བཏོན་པའི་རྗེས་ནས་ཡོན་ཏན་གཞིར་གྱུར་མ་དང་རྗེའི་ཉམས་མགུར་སོགས་བཏོན་ནས་ལམ་ཡོངས་རྫོགས་ཀྱི་བྱིན་རླབས་ཞུ་བ་ཡིན། 
དེ་ནས་མཇུག་གི་རིམ་པ་ནི། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།། བདག་གི་སྤྱི་བོར་པད་ཟླའི་སྟེང་བཞུགས་ལ།། བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་ཏུ་གསོལ།། ཞེས་གསོལ་འདེབས་དང་པོའི་སྐབས་ལ་སྔར་ཚོགས་ཞིང་སྤྱན་འདྲེན་པའི་དུས་སུ་ཀུན་འདུས་ནོར་བུའི་ལུགས་ཀྱིས་རྗེ་ཡབ་སྲས་གསུམ་སྤྱན་དྲངས་པ་ཡིན་ན་སྲས་གཉིས་གཙོ་བོ་ལ་ཐིམ་སེང་ཁྲི་གཉིས་ཀྱང་གཙོ་བོའི་སེང་ཁྲི་ལ་ཐིམ་པའི་མོས་པ་བྱེད་དགོས། དེ་མིན་པར་ཚོགས་ཞིང་སྤྱན་འདྲེན་པའི་སྐབས་སུ་དགའ་ལྡན་གྱི་གནས་ནས་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་དཔའ་བོ་མཁའ་འགྲོ་བསྟན་སྲུང་ཡེ་ཤེས་པའི་ཚོགས་ཐམས་ཅད་རྗེ་ཡབ་སྲས་དང་ལྷན་ཅིག་ཏུ་དགའ་ལྡན་ནས་སྤྱན་དྲངས་པ་ཡིན་ན་དེ་ཐམས་ཅད་སྲས་གཉིས་ལ་ཐིམ། སྲས་གཉིས་རྗེ་བླ་མ་ལ་ཐིམ་པའི་མོས་པ་བྱེད་དགོས། ཡང་དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་ཞེས་སོགས་གསོལ་འདེབས་གཉིས་པའི་སྐབས་སུ་རྗེ་བླ་མ་སེང་ཁྲི་དང་བཅས་པ་རང་གི་སྤྱི་བོར་སྤྱན་འདྲེན། རང་གི་སྤྱི་བོ་ན་རྩ་དབུ་མའི་ཡར་སྣེ་རྒྱ་མཐོངས་ཁ་ཕྱེ་བ་ལྟར་ཡོད་པ་དེའི་སྟེང་དུ་སྤྱན་དྲངས། 
མདུན་གྱི་ནམ་མཁའི་རྗེ་བླ་མ་རང་གི་སྤྱི་བོར་སྤྱན་དྲངས་པའི་སྐབས་དེར་ཡང་རྒྱས་པ་བྱས་ན། ཡན་ལག་བདུན་པ་དང་མཎྜལ་འབུལ། དེའི་རྗེས་སུ་ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཞེས་སོགས་ཀྱིས་ཕུར་ཚུགས་གསོལ་འདེབས་བྱས་ཀྱང་ཆོག ཡང་དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།། བདག་གི་སྙིང་གར་པདྨའི་སྟེང་བཞུགས་ལ།། ཞེས་སོགས་ཀྱི་གསོལ་འདེབས་གསུམ་པའི་སྐབས་སུ་རང་གི་སྤྱི་བོར་སྤྱན་དྲངས་ཡོད་པའི་རྗེ་བླ་མ་དེ་ཉིད་རང་གི་ལུས་ཀྱི་སྟེང་གི་རྩ་དབུ་མ་དེ་ལུས་ཀྱི་གཞུང་ཤིང་སྟེ་སྲོག་ཤིང་གི་ཚུལ་དུ་ཡོད་པའི་རྩ་དབུ་མའི་ནང་བརྒྱུད་དེ་རང་གི་སྙིང་པདྨ་འདབ་བརྒྱད་ཁ་ཕྱེ་བ་དེའི་དབུས་ན་མི་ཤིགས་པའི་གཉུག་མའི་རླུང་སེམས་ཕྲ་མོ་ཡོད་པ་དེ་དང་ངོ་བོ་དབྱེར་མེད་དུ་སོང་ནས་རྗེ་བླ་མ་དང་རང་སེམས་དབྱེར་མེད་དུ་གྱུར་ཏེ་དགྱེས་བཞིན་དུ་བཞུགས་པར་བསམ་དགོས། 
སྙིང་པདྨ་འདབ་བརྒྱད་དུ་གྱེས་ཡོད་པ་དེ་ཇེ་ཆེ་ཇེ་ཆེར་སོང་ནས་པད་བུམ་གྱི་ཚུལ་དུ་ཁ་འུབས་ཀྱིས་འདུས། རྗེ་བླ་མའི་ཐུགས་ཀའི་ས་བོན་ཧཱུཾ་ཡིག་དེ་སེམས་དཔའ་སུམ་བརྩེགས་ཀྱི་དབང་དུ་བྱས་ན་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས། སྙིང་གི་རྩེ་མོར་མི་བསྐྱོད་པའི་ངོ་བོ་རྡོ་རྗེ་སྔོན་པོ་ཕྱེད་པ་རི་རབ་ལས་ལྕི་བ་ཞིག་གིས་མནན། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་ཏེ་འོད་ཟེར་རྡོ་རྗེ་རྩེ་ལྔ་བའི་དབུས་རྭའི་ནང་དུ་ཞུགས། བླ་མ་དང་མི་བསྐྱོད་པའི་ངོ་བོ་ཧཱུཾ་ཡིག་གྱེན་འགྲེང་གིས་མཚན་པ་བྱུང་། ཧཱུཾ་ཡིག་གྱེན་འགྲེངས་དེ་ལས་འོད་ཟེར་འཕྲོས། སྔགས་ཕྲེང་བ་དང་འོད་ཟེར་ཕྲེང་ཐག་གི་རྣམ་པའི་སྟེང་ནས་ཨ་ར་པ་ཙ་དང་དམིགས་བརྩེ་མ། དབྱངས་བཅུ་དྲུག་དང་གསལ་བྱེད་སོ་བཞི་རྣམས་འོད་ཟེར་གྱི་ཕྲེང་ཐག་ཏུ་བརྒྱུས་པའི་སྟེང་ནས་པད་བུམ་གྱི་ཕྱི་ནས་དཀྲིས་ཏེ་བཅིངས་པས་སྙིང་རླུང་སོགས་མི་ཞུགས་པའི་དགོས་པ་ཆེ་གསུངས། 
སླར་ཡང་སྙིང་གའི་པདྨའི་སྟེང་བཞུགས་ལ་ཞེས་པ་དེ་སྔར་སྤྱན་དྲངས་པའི་དེ་མིན། མདུན་གྱི་ནམ་མཁའ་ནས་སྤྱི་གཙུག་ཏུ་སྤྱན་དྲངས། དེ་ནས་སྙིང་གའི་པདྨ་འདབ་བརྒྱད་ཀྱི་སྟེང་དུ་སྤྱན་དྲངས་པའི་རྒྱུ་མཚན་གྱིས་སླར་ཡང་ཞེས་སྦྱར་བ་ཡིན་ཞེས་གཡུ་རྔོག་བླ་མཆོད་ཊྰིཀྐ་ན་གསུངས། 
དུས་རྟག་ཏུ། འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ་བླ་མ་སྙིང་དབུས་ན་བཞུགས་པ་དེའི་ཕྱིར་གཞན་གྱིས་རང་ལ་ཕྱག་འཚལ་བའི་སྐབས་སུའང་རང་གི་སྙིང་གའི་བླ་མ་ལ་ཕྱག་འཚལ་བ་དང་རང་གིས་ཕར་བྱིན་རླབས་སོགས་སྦྱིན་པའི་དུས་སུ་ཡང་སྙིང་གའི་རྗེ་བླ་མའི་བྱིན་རླབས་དེ་ཕར་ཞུགས་པ་དེ་འདྲའི་མོས་པ་བྱས་ན་རྟེན་འབྲེལ་གྱི་གནད་ཤིན་ཏུ་ཆེ་བ་ཡིན། 
དེའི་རྗེས་སུ་ཐོག་མཐའ་གཉིས་ལ་བྱ་བ་གཉིས་ཞེས་པའི་བསྔོ་བ་ནི། རང་གིས་བླ་མའི་རྣལ་འབྱོར་ཉམས་སུ་བླངས་པའི་དགེ་བ་འདིས་མཚོན་པའི་དུས་གསུམ་བསགས་པའི་དགེ་བ་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་འདོད་དོན་སྨོན་གནས་རྣམས་སུ་བསྔོ་བ་ལ་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་མཛད་པའི་འདིའི་དམིགས་བསལ་གྱི་བསྔོ་བ་ཡོད། དེ་ནས་བཟང་བོ་སྤྱོད་པའི་སྨོན་ལམ་སོགས་དང་། 
ཚེ་རབས་ཀུན་ཏུ་རྒྱལ་བ་ཙོང་ཁ་བས།། 
ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས།། 
རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས།། 
སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག། 
ཅེས་པའི་བསྔོ་བ་མདོར་བསྡུས་སོགས་རང་གིས་གང་མོས་ཀྱི་བསྔོ་བ་དང་སྨོན་ལམ་རྒྱས་འདེབས་བྱེད་པ་གལ་ཆེ་བ་ཡིན། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་བོ་མ་ནོར་ཀུན་ནས་གསལ་མཛད་པ།། 
ཡབ་རྗེ་བླ་མར་གསོལ་བ་འདེབས་པའི་དགའ་ལྷའི་མན་ངག་བྱིན་ཅན་འདི།། 
རྩ་བའི་བླ་མའི་གསུང་གི་འགྲོས་ལྟར་ཇི་བཞིན་བཀོད་པའི་དགེ་བ་འདིས།། 
མར་གྱུར་འགྲོ་རྣམས་སྲིད་ལས་གྲོལ་ཏེ་ཟུང་འཇུག་གོ་འཕང་མྱུར་འཐོབ་ཤོག། 
ཅེས་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཟིན་བླ་མའི་གསུང་འགྲོས་ལྟར་བཀོད་པ་བྱིན་རླབས་ཀྱི་འཇུག་སྒོ་ཞེས་བྱ་བ་འདི་ནི་གཞུང་རིག་གང་ལའང་གཞན་དྲིང་མི་འཇོག་པའི་མཁས་པའི་དབང་བོ་དགེན་དམ་པ་༧རོང་བོ་ཨ་ཁུ་བློ་བཟང་ཆོས་གྲགས་ཚང་གིས་ཐུགས་བརྩེ་བ་ཆེན་པོས་ཟབ་གསུང་བདུད་རྩིའི་ཉིང་ཁུ་ལྟ་བུ་གནང་བ་དེ་ཉིད་བརྗེད་དུ་ཕངས་ནས་ཉིད་ཀྱི་སློབ་བུའི་གྲལ་མཐའ་བ་མར་ནང་དགེ་འདུན་རྒྱལ་མཚན་གྱིས་སུག་ལས་སུ་བགྱིས་པ་འདིས་ཀྱང་སྐྱེ་བ་ཀུན་ཏུ་རྒྱལ་བ་འཇམ་དཔལ་སྙིང་བོས་རྗེས་སུ་འཛིན་གྱུར་ཅིག། །།
ཐུགས་རྗེ་ཆེ།   http://blog.amdotibet.cn/jiancan8/archives/121791.aspx