Thursday, 30 November 2023

སྨྱུང་གནས་ཀྱི་ཆོ་ག

སྨྱུང་གནས་ཀྱི་ཆོ་ག

༄༅།  ། ན་མོ་ཨཱརྱ་ལོ་ཀེ་ཤྭ་རཱ་ཡ། བློ་ངན་ཁྱིམ་པ་རྣམས་ཀྱིས་སྨྱུང་གནས་བསྲུང་བའི་ཚེ། ཚེས་བཅོ་ལྔ་ལྟ་བུ་ལ་མཚོན་ན། བཅུ་གསུམ་གྱི་ཕྱི་དྲོར་གནས་ལ་ཕྱགས་དར་དང་། གཙང་སྦྲ་ལ་གནས་དགོས། ཤ་ཆང་སྒོག་ཙོང་འཁྲིག་སྤྱོད་སོགས་སྤངས་ལ། མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨྱུང་གནས་བྱ་སྙམ་དུ་ཕྱག་སྐོར་སོགས་དགེ་བ་ལ་བརྩོན་བཞིན་དུ་ལུས་ངག་བག་དང་ལྡན་པར་བྱ།
ཚེས་བཅུ་བཞིའི་ཐོ་རངས་ལག་རིས་མཐོང་པའི་དུས་སུ་ཁྲུས་ལེགས་པར་བྱས་ལ། རྟེན་གྱི་དྲུང་དུ་ཕྱག་གསུམ་འཚལ་ནས་སངས་རྒྱས་ཆོས་ཚོགས་མ་ལན་གསུམ། ས་གཞི་སྤོས་བྱུགས་མས་མཎྜལ་ཕུལ་ཏེ། ཐལ་མོ་སྦྱར་ལ། 
ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བདག་ལ་དགོངས། །
སྔོན་གྱི་རྒྱལ་བས་གསོ་སྦྱོང་མཛད་པ་བཞིན། །
བདག་ཀྱང་སང་ཉིན་ཉི་མ་མ་ཤར་བར། །
འགྲོ་ལ་ཕན་ཕྱིར་གསོ་སྦྱོང་བླངས་པར་བགྱི། །ལན་གསུམ་གྱིས་སྡོམ་པ་བླངས་ལ་ཡན་ལག་བརྒྱད་པོ་མིག་འབྲས་ལྟར་བསྲུང་བར་དམ་བཅའ། 
ཚུལ་ཁྲིམས་བསླབ་པ་རྒྱུད་ལ་སྐྱེས་ནས་ཀྱང་། །
མི་ཉམས་གོང་འཕེལ་སངས་རྒྱས་ཐོབ་ཕྱིར་བསྔོ། །ཞེས་བསྔོས་ལ་ནངས་ཇ་གསོལ། 
དེ་ནས་ཁྲུས་བྱས་ཏེ་གདན་ལ་འཁོད་སྨྲ་བ་བཅད་ནས།  སངས་རྒྱས་ཆོས་ཚོགས་མ་ལན་གསུམ་བརྗོད་ལ། 
རང་མདུན་ནམ་མཁའ་པད་དཀར་ཟླ་བའི་སྟེང་། །
སྐྱབས་གནས་ཀུན་འདུས་བླ་མ་སྤྱན་རས་གཟིགས། །
སྐུ་མདོག་གངས་རི་ལྟར་དཀར་བཅུའི་གཅིག་ཞལ། །
ཕྱག་སྟོང་སྤྱན་སྟོང་རིན་ཆེན་རྒྱན་གྱིས་སྤྲས། །
 
ཞབས་གཉིས་མཉམ་བཞག་དར་གྱི་ན་བཟའ་གསོལ། །
སྔོན་ཚེ་རིན་ཆེན་སྙིང་བོ་སྤྱན་སྔ་རུ། །
དམ་བཅས་ཇི་བཞིན་ཉམ་ཐག་འགྲོ་ཀུན་ལ། །
ཐུགས་རྗེས་གཟིགས་ཤིག་མགོན་པོ་སྤྱན་རས་གཟིགས། །ཞེས་ཕྱག་དང་། 
 
ༀ་འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །
བདེ་བཤེགས་དཔག་མེད་སྐུ་སྟེ་སྐུ་བཟང་འཛིན་པ་པོ། །
བདེ་གཤེགས་སྣང་བ་མཐའ་ཡས་དབུ་བརྒྱན་འཛིན་པ་པོ།  ། 
ཕྱག་གཡས་མཆོག་སྤྱིན་ཡི་དྭགས་བཀྲེས་སྐོམ་སེལ་པ་པོ། །
ཕྱག་གཡོན་གསེར་གྱི་པད་མས་རྣམ་པར་བརྒྱན་པ་པོ།  ། 
དྲི་ཞིམ་རལ་བའི་ཕྲེང་བ་དམར་སེར་འཁྱུག་པ་པོ།  ། 
ཞལ་རས་རྒྱས་པ་ཟླ་བ་ལྟ་བུར་མཛེས་པ་པོ།  
སྤྱན་གྱི་པད་མ་མཆོག་ཏུ་བཟང་ཞིང་ཡངས་པ་པོ།  ། 
ཁ་བ་དུང་ལྟར་རྣམ་དཀར་དྲི་ངད་ལྡན་པ་པོ།  
དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་འཛིན་པ་པོ།  
སྟོན་ཀའི་སྤྲིན་གྱིས་མདོག་དང་ལྡན་ཞིང་གཞོན་པ་པོ། །
རིན་ཆེན་མང་པོས་དཔུང་པ་གཉིས་ནི་བརྒྱན་པ་པོ།  
ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ་པ་པོ།  
རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ་པ་པོ།  
སྙན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་པ་པོ།  
དྲི་མ་མེད་པ་པད་མའི་མཆོག་ལ་གནས་པ་པོ།  
ལྟེ་བའི་དངོས་ནི་པད་མའི་འདབ་ལྟར་འཇམ་པ་པོ།  ། 
གསེར་གྱི་སྐེ་རགས་མཆོག་ལ་ནོར་བུས་སྤྲས་པ་པོ།  
སྟ་ཟུར་དཀྲིས་པའི་རས་བཟང་ཤམ་ཐབས་འཛིན་པ་པོ།  ། 
ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་པ་པོ།  
མཆོག་བརྙེས་བསོད་ནམས་མང་པོ་ཉེ་བར་གསོག་པ་པོ།  ། 
རྟག་ཏུ་བདེ་བའི་འབྱུང་གནས་རྒ་ནད་སེལ་པ་པོ།  
གསུམ་མཐར་མཛད་ཅིང་མཁའ་སྤྱོད་སྤྱོད་པ་སྟོན་པ་པོ།  ། 
ལུས་ཅན་མཆོག་སྟེ་བདུད་དཔུང་འཁྲུག་ལས་རྒྱལ་པ་པོ།  
གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་པ་པོ།  ། 
ཚངས་པའི་གནས་པ་བཞི་ཡིས་དབེན་པར་མཛད་པ་པོ།  
ངང་པའི་འགྲོས་འདྲ་གླང་ཆེན་དྲེགས་ལྟར་གཤེགས་པ་པོ། །
ཡོངས་རྫོགས་ཉེ་བར་བསགས་ཤིང་བསྟན་པ་གཉེར་པ་པོ།  
འོ་མའི་མཚོ་དང་ཆུ་ཡི་མཚོ་ལས་སྒྲོལ་པ་པོ།  
གང་ཞིག་རྟག་ཏུ་ཐོ་རངས་ལངས་ནས་གུས་པ་ཡིས།  
སྤྱན་རས་གཟིགས་ཀྱི་དབང་བོ་ཡིད་ལ་སེམས་བྱེད་ཅིང་། །
བསྟོད་པའི་མཆོག་འདིས་དག་ཅིང་གསལ་བར་བསྟོད་བྱེད་ན། །
འདི་ནི་སྐྱེས་པའམ་བུད་མེད་ཡིན་ཡང་རུང་།  
སྐྱེ་བ་འདི་འམ་མ་འོང་སྐྱེ་བ་ཐམས་ཅད་དུ།  
འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་འགྲུབ་འགྱུར། །ཞེས་ཕྱག་དང་བཅས་པོ་བསྟོད་པ་ཉེར་གཅིག་བྱའོ། །མི་ཤེས་པ་རྣམས་ཀྱིས། ཕྱག་སྟོང་འཁོར་ལོས་ཞེས་སོགས་བརྒྱ་རྩ་བརྒྱད་འདོན། དེ་ནས། 
མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་མ་ལུས་བཤགས། །
དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །
དགེ་བ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །
འཕགས་པའི་ཐུགས་ཀར་ཟླ་སྟེང་སྔགས་ཕྲེང་ལས། །
འོད་འཕྲོས་རང་གཞན་སྡིག་སྒྲིབ་ཀུན་བྱང་ནས། །
སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་གྱུར་བར་བསམ་ལ། གཟུངས་རིང་དང་། ༀ་མ་ཎི་པདྨེ་ཧཱུཾ། ཞེས་ཡིག་དྲུག་ཁོ་ན་བཟློས་ཀྱང་ཆོག རབ་ཁྲི་ཕྲག འབྲིང་སྟོང་ལྔ།  མ་མཐའ་སྟོང་ཕྲག་ཙམ་རེ་བཟླས། མཇུག་དུ། 
སྤྱན་རས་གཟིགས་དབང་དགྱེས་བཞིན་རང་ལ་ཐིམ། །
ཚེ་རབས་ཀུན་ཏུ་འབྲལ་བར་མ་གྱུར་ཅིག །
འདི་སྣ་འགག་ཚེ་བདེ་ལྡན་ཞིང་མཆོག་ཏུ། །
སྐྱེས་ནས་འོད་དཔག་མེད་ཀྱི་ཞལ་མཐོང་ཤོག །
 
དགེ་བ་འདི་ཡིས་མྱུར་དུ་བདག །
སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །
འགྲོ་བ་གཅིག་ཀྱང་མ་ལུས་པ། །
དེ་ཡི་ས་ལ་འགོད་པར་ཤོག  
 
འདི་དང་དུས་གསུམ་འབྲེལ་བ་ཡིས། །
དགེ་རྩ་ཇི་སྙེད་བསག་པ་ཀུན། །
མར་གྱུར་སེམས་ཅན་ཐམས་ཅད་ཀྱི། །
སངས་རྒྱས་འཐོབ་པའི་རྒྱུ་རུ་བསྔོ། །
དེ་ནས་ཐུན་བཏང་ལ་དྲོས་ཇ་གསོལ། ཡང་ཁྲུས་བྱས་ལ་སྔར་ལྟར་ཆོ་ག་བཏོན་ནས། ཉིན་གུང་གི་ཚེ་ཟས་ཕུད་བླངས་ལ། 
སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །
སྐྱོབ་པ་ཆོས་ལ་ཕྱག་འཚལ་ལོ། །
དགེ་འདུན་སྡེ་ལ་ཕྱག་འཚལ་ལོ། །
གསུམ་པ་རྟག་ཏུ་གུས་ཕྱག་འཚལ། །
 
སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །
སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །
འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །
སྐྱབས་གནས་དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །
 
ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ། །
ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ།  ། 
དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན།  ། 
འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག   འདོན། ཤ ཆང་། སྒོག  ཙོང་། ལ་ཕུག  ཏིལ། སྲན་མ། ཁ་འཕྲོ། སྦགས་པ་མ་ཡིན་པའི་དཀར་གསུམ་གྱི་ཟས་ལ་སྲེད་ཞེན་མེད་པར་གསོལ་བའི་མཇུག་ཏུ། 
ༀ་ཨུ་ཙྪི་ཤྜ་པིཎྜ་ཨ་ཤི་བྷྱཿསྭཱ་ཧཱ། ཞེས་པས་འཆང་བུ་གཅིག་ཟློས་ནས། 
སྦྱིན་པ་འདི་ཡི་བསོད་ནམས་ཀྱིས། །
བསྟན་ལ་དད་པའི་ལྷ་རྣམས་དང་། །
རྒྱལ་པོ་སྦྱིན་བདག་ལ་སོགས་པའི། །
སེམས་ཅན་སངས་རྒྱས་ས་ཐོབ་ཤོག  
དེ་ནས་ཡང་སྔར་ལྟར་ཁྲུས་དང་ཆོ་ག་བྱ། ཕྱི་དྲོ་རུང་བ་ཕྱག་ལེན་ལྟར་བྱས་ལ་རུང་ཆུ་བཏུང་།  ཉལ་ཁར་ཕྱག་འཚལ་ནས། འཕགས་པ་ལ་གསོལ་བ་ཤུགས་དྲག་བཏབ་སྟེ། དེས་དགེ་སེམས་དང་ལྡན་པས་ཉལ་བར་བྱའོ། །
ཕྱི་ཉིན་ཡང་ལག་རིས་མཐོང་ཙམ་དུ་ཁྲུས་བྱེད་པ་ནས་བཟུང་སྟེ་གཏམ་མི་སྨྲ་བ་དང་། བཟའ་བཏུང་མི་བྱེད་པ་དང་། སྣ་ནང་ནས་ལོང་གཏམ་སྨྲ་བ་མང་བས། ལོག་སྤྱོད་དེ་འདྲ་སྤངས་ཏེ། འབྲུ་ཉག་དང་། ཆུ་ཐིགས་ཙམ་ཁོང་དུ་མ་ཤོར་བ་དང་། ཁ་སྣ་ནས་གཏམ་མི་སྨྲ་བར། བྱ་བ་རྣམས་ལ་རྣམ་འགྱུར་གྱིས་བརྡ་བྱས་ནས་ཉམས་སུ་བླང་བར་བྱའོ། །
གྲོལ་བའི་ཉིན་ལག་རིས་མཐོང་བའི་ཚེ་ཐོར་ཐུག་བཏུང་། ཐོར་ཐུག་གི་སྔ་ཕྱི་གང་རུང་དུ་ཆོ་ག་ཚར་གཅིག་འདོན། བསྟོད་པ་བདུན་སོགས་འདོན་པས། ཆོ་ག་གནས་པར་བྱའོ། །ནམ་མ་ལངས་པར་ཉེས་སྤྱོད་འཇུག་མི་རུང་། 
འདི་ཁྱིམ་པའི་དོན་ཁོ་ན་ཡིན་པས། ཆོ་ག་ཇི་བཞིན་མཁྱེན་པ་རྣམས་ཀྱིས། །སླ་ཆོས་འདི་ལྟ་བུ་བྱེད་པ་ག་ལ་རུང་། །ཞེས་བྱ་རྒྱུད་ཀྱི་གདུལ་བྱ་ཕལ་བ་འདི། སྨྱུང་བར་གནས་པའི་ཆོ་ག་ཐར་བའི་ལམ་གསལ་བྱེད་ཅེས་བྱ་བ་འདི་ནི། མཁྱེན་དཔྱོད་ཡངས་པ་དགེ་སློང་འཇིགས་མེད་བསྟན་པས་བསྐུལ་ངོར། མཁས་གྲུབ་ཐམས་ཅད་མཁྱེན་པའི་རྒྱུད་སྡེ་སྤྱིའི་རྣམ་བཤད་དུ། བྱ་རྒྱུད་ཀྱི་གདུལ་བྱ་ལ་རང་ལྟར་མི་བསྒོམ་པར་མདུན་དུ་ལྷ་བསྒོམས་ནས་དངོས་གྲུབ་ལེན་ཞེས་པ་ལྟར་རྨོངས་རྟུལ་བླ་རྒན་སྨྱུང་གནས་པ་བསམ་འཕེལ་ནོར་བུས་བྲིས་པ་དགེ་བའོ།  །  དགེ་ལེགས་འཕེལ།

Saturday, 18 November 2023

སྒྲོལ་སྟོད་གསོལ་འདེབས་དང་སྒྲོལ་མའི་བཟློག་རིམ་དང་གཟུངས་སྔགས་བཅས་བཞུགས་སོ།


སྒྲོལ་སྟོད་གསོལ་འདེབས།

༈ པོ་ཏ་ལ་ཡི་གནས་མཆོག་ནས། །
ཏཱཾ་ཡིག་ལྗང་གུ་ལས་འཁྲུངས་ཤིང༌། །
ཏཱཾ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ། །
སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ། །

ལྷ་དང་ལྷ་མིན་ཅོད་པན་གྱིས། །
ཞབས་ཀྱི་པདྨོ་ལ་བཏུད་དེ། །
ཕོངས་པ་ཀུན་ལས་སྒྲོལ་མཛད་པའི། །
སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །

རྗེ་བཙུན་འཕགས་མ་སྒྲོལ་མ་དང༌། །
ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །
རྒྱལ་བ་སྲས་བཅས་ཐམས་ཅད་ལ། །
ཀུན་ནས་དྭང་བས་ཕྱག་བགྱིའོ། །

མེ་ཏོག་བདུག་སྤོས་མར་མེ་དྲི། །
ཞལ་ཟས་རོལ་མོ་ལ་སོགས་པ། །
དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་འབུལ། །
འཕགས་པའི་ཚོགས་རྣམས་བཞེས་སུ་གསོལ། །

ཐོག་མ་མེད་ནས་ད་ལྟའི་བར། །
མི་དགེ་བཅུ་དང་མཚམས་མེད་ལྔ། །
སེམས་ནི་ཉོན་མོངས་དབང་གྱུར་པའི། །
སྡིག་པ་ཐམས་ཅད་བཤགས་པར་བགྱི། །

ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །
སོ་སོ་སྐྱེ་བོ་ལ་སོགས་པས། །
དུས་གསུམ་དགེ་བ་ཅི་བསགས་པའི། །
བསོད་ནམས་ལ་ནི་བདག་ཡི་རང༌། །

སེམས་ཅན་རྣམས་ཀྱི་བསམ་པ་དང༌། །
བློ་ཡི་བྱེ་བྲག་ཇི་ལྟར་བར། །
ཆེ་ཆུང་ཐུན་མོང་ཐེག་པ་ཡི། །
ཆོས་ཀྱི་འཁོར་ལོ་སྐོར་དུ་གསོལ། །

འཁོར་བ་ཇི་སྲིད་མ་སྟོངས་བར། །
མྱ་ངན་མི་འདའ་ཐུགས་རྗེ་ཡིས། །
སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །
སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །

བདག་གིས་བསོད་ནམས་ཅི་བསགས་པ། །
ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །
རིང་པོར་མི་ཐོགས་འགྲོ་བ་ཡི། །
འདྲེན་པའི་དཔལ་དུ་བདག་གྱུར་ཅིག །

༈ ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །

 
ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །

སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །
འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །
གེ་སར་བྱེ་བ་ལས་ནི་བྱུང་མ། །

ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །
གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །
སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །
རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །

ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི། །
པདྨའི་ཕྱག་ནི་རྣམ་པར་བརྒྱན་མ། ། 
སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །
བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །

ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །
མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །
མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །
རྒྱལ་བའི་སྲས་ཀྱི་ཤིན་ཏུ་བསྟེན་མ། །

ཕྱག་འཚལ་ཏུཏྟཱ་ར་ཧཱུཾ་ཡི་གེས། །
འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །
འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །
ལུས་པ་མེད་པར་འགུགས་པར་ནུས་མ། །

ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །
རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །
འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང༌། །
གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །

ཕྱག་འཚལ་ཏྲད་ཅེས་བྱ་དང་ཕཊ་ཀྱིས། །
ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །
གཡས་བསྐུམས་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །
མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ། །

ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་པོ། །
བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །
ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །
དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །

ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །
སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །
མ་ལུས་ཚོགས་ཀྱི་འཁོར་ལོས་བརྒྱན་པའི། །
རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །

ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །
དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །
བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །
བདུད་དང་འཇིག་རྟེན་དབང་དུ་མཛད་མ། །

ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །
ཐམས་ཅད་འགུགས་པར་ནུས་མ་ཉིད་མ། །
ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས། །
ཕོངས་པ་ཐམས་ཅད་རྣམ་པར་སྒྲལ་མ། །

ཕྱག་འཚལ་ཟླ་བའི་རྩེ་མོས་དབུ་བརྒྱན། །
བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །
རལ་བའི་ཁྲོད་ན་འོད་དཔག་མེད་ལས། །
རྟག་པར་ཤིན་ཏུ་འོད་རབ་མཛད་མ། །

ཕྱག་འཚལ་བསྐལ་པའི་ཐ་མའི་མེ་ལྟར། །
འབར་བའི་ཕྲེང་བའི་དབུས་ན་གནས་མ། །
གཡས་བརྐྱངས་གཡོན་བསྐུམས་ཀུན་ནས་བསྐོར་དགའི། །
དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །

ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །
མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །
ཁྲོ་གཉེར་སྤྱན་མཛད་ཡི་གེ་ཧཱུཾ་གིས། །
རིམ་པ་བདུན་པོ་རྣམས་ནི་འགེམས་མ། །

ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །
མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །
སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །
སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །

ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །
དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །
ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །
རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ། །

ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །
ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ། །
རི་རབ་མན་དྷ་ར་དང་འབིགས་བྱེད། ། 
འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །

ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །
རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །
ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །
དུག་རྣམས་མ་ལུས་པ་ནི་སེལ་མ། །

ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །
ལྷ་དང་མིའམ་ཅི་ཡིས་བསྟེན་མ། །
ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །
རྩོད་དང་རྨི་ལམ་ངན་པ་སེལ་མ། །

ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །
སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །
ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །
ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །

ཕྱག་འཚལ་དེ་ཉིད་གསུམ་རྣམ་བཀོད་པས། །
ཞི་བའི་མཐུ་དང་ཡང་དག་ལྡན་མ། །
གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །
འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །

རྩ་བའི་སྔགས་ཀྱིས་བསྟོད་པ་འདི་དང༌། །
ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །
ལྷ་མོ་ལ་གུས་ཡང་དག་ལྡན་པའི། །
བློ་ལྡན་གང་གིས་རབ་དང་བརྗོད་པས། །

སྲོད་དང་ཐོ་རངས་ལངས་པར་བྱས་ནས། །
དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། །
སྡིག་པ་ཐམས་ཅད་རབ་ཏུ་ཞི་བ། །
ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་འཐོབ། །

རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། །
མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། །
འདི་ལས་ཆེ་བ་ཉིད་ནི་ཐོབ་ཅིང༌། །
སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ །

དེ་ཡིས་དུག་ནི་དྲག་པོ་ཆེན་པོ། །
བརྟན་གནས་པའམ་གཞན་ཡང་འགྲོ་བ། །
ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང༌། །
དྲན་པས་རབ་ཏུ་སེལ་བ་ཉིད་ཐོབ། །

གདོན་དང་རིམས་དང་དུག་གིས་གཟིར་བའི། །
སྡུག་བསྔལ་ཚོགས་ནི་རྣམ་པར་སྤངས་ཏེ། །
སེམས་ཅན་གཞན་པ་རྣམས་ལ་ཡང་ངོ༌། །
གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །

བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང༌། །
ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །
འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། །
བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར་ཅིག །



སྒྲོལ་མའི་བཟློག་པ།
 
༄༅། །ཧཱུཾ་རྒྱལ་བ་ཀུན་གྱི་ཡུམ་གཅིག་པུ། །
རྗེ་བཙུན་སྒྲོལ་མ་ཐུགས་རྗེ་ཅན། །
མཐུ་སྟོབས་རྫུ་འཕྲུལ་ཀུན་སྐྱེད་ནས། །
བར་གཅོད་མ་ལུས་བཟློག་པར་མཛོད། །

ཉོན་མོངས་བཞི་བརྒྱ་རྩ་བཞི་ལས། །
བྱུང་བའི་ནང་གི་ཉེར་འཚེ་ཀུན། །
ཆོས་དབྱིངས་དྲི་མ་མེད་པ་ཡིས། །
ངོ་བོ་དབྱིངས་སུ་བཟློག་པར་མཛོད། །

འཕྲལ་རྐྱེན་ངན་པ་ལས་བྱུང་བའི། །
རླུང་མཁྲིས་བད་ཀན་འདུས་པའི་ནད། །
མཛེ་དང་ཕོལ་མིག་ལ་སོགས་པ། །
འབྱུང་བ་འཁྲུག་པའི་ཉེར་འཚེ་ཀུན། །
སྐད་ཅིག་ཉིད་ལ་བཟློག་པར་མཛོད། །

གཟའ་དང་རྒྱུ་སྐར་རྒྱལ་པོ་དང༌། །
བཙན་དང་གདུག་པའི་ཀླུ་རྣམས་དང༌། །
མ་མོ་ས་བདག་སྲིན་པོའི་ཚོགས། །
དྲག་པོའི་རྫུ་འཕྲུལ་སྟོབས་ཀྱིས་བཟློག །

ལྷ་མིན་འབྱུང་པོ་ཤ་ཟ་དང༌། །
ནམ་མཁའ་ལྡིང་དང་བརྗེད་བྱེད་གདོན། །
གྲུལ་བུམ་གནོད་སྦྱིན་ལ་སོགས་པ། །
གདུག་པའི་མི་མིན་ཐམས་ཅད་བཟློག །

སྲོག་འཕྲོག་རིམས་ཀྱི་ཚོགས་རྣམས་དང༌། །
ས་གཡོ་རྐུན་པོ་གནམ་ལྕགས་དང༌། །
མེ་དང་ཆུ་དང་རླུང་གི་ཚོགས། །
བར་གཅོད་རྐྱེན་རྣམས་མ་ལུས་བཟློག །

སེང་གེ་སྟག་གཟིག་དོམ་དང་དྲེད། །
དུག་ཅན་སྦྲུལ་དང་སྲིན་པོའི་ཚོགས། །
ལུས་ངག་སེམས་ལ་གནོད་བྱེད་པ། །
ཐམས་ཅད་ད་ལྟ་ཉིད་དུ་བཟློག །

རྨི་ལམ་མཚན་མ་ངན་པ་དང༌། །
གློ་བུར་ཡེ་འཕྲོག་ལ་སོགས་པ། །
དུས་དང་དུས་མིན་འཆི་སོགས་པ། །
མི་མཐུན་མ་ལུས་བཟློག་ཏུ་གསོལ།  །

༈ མདོར་ན་རྣལ་འབྱོར་བདག་ཅག་ལ། །
ཇི་ལྟར་འདོད་པའི་དངོས་གྲུབ་ཀུན། །
ཁྱོད་ཀྱིས་ད་ལྟ་སྩལ་ནས་ཀྱང༌། །
རྟག་ཏུ་བདེ་ལ་སྤྱོད་པར་ཤོག །


༈ རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །
བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །
སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །
རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །

དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང༌། །
ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །
ཐམས་ཅད་མཁྱེན་པ་བསྒྲུབ་པར་བྱེད་པ་ལ། །
བར་ཆོད་གདོན་བགེགས་རིམས་དང་ནད་ལ་སོགས། །

དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང༌། །
རྨི་ལམ་ངན་དང་མཚན་མ་ངན་པ་དང༌། །
འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །
མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །

འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །
འཕེལ་ཞིང་རྒྱས་པས་དོན་རྣམས་མ་ལུས་པ། །
འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །

སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང༌། །
རྟག་ཏུ་ཁྱོད་གྲུབ་ཞལ་མཆོག་མཐོང་བ་དང༌། །
སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །
ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །

རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །
པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །
སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །
ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །

བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། །
དུས་གསུམ་སངས་རྒྱས་ཀུན་གྱི་འཕྲིན་ལས་མ། །
སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞི་མ། །
ཡུམ་གྱུར་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག །


སྒྲོལ་མའི་གཟུངས་སྔགས།


ཨོཾ་འཁོར་བ་ལས་སྒྲོལ་ཏཱ་རེ་མ།།
ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ།
ཏུ་རེས་ན་བ་རྣམས་ལས་སྒྲོལ།།
སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ།།
 
ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།
ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཏཱྃ་སྭཱ་ཧཱ། 
 
དགེ་བ་འདི་ཡེས་མུར་དུ་བདག།
འཕགས་མ་སྒྲོལ་མ་འགྲུབ་གྱུར་ནས།།
འགྲོ་བ་གཅིག་ཀྱང་མ་ལུས་པ།། 
དེ་ཡི་ས་ལ་འགོད་པར་ཤོག། །།





སྒྲོལ་མ་དཀར་མོའི་ཚེ་གཟུངས་།
 

ཨོཾ་འཁོར་བ་ལས་སྒྲོལ་ཏཱ་རེ་མ།།
ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ།
ཏུ་རེས་ན་བ་རྣམས་ལས་སྒྲོལ།།
སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ།།
 
  ཨོཾ་ཏྭ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ།
 
སེམས་ཅན་ནད་པ་ཇི་སྙེད་པ།།
མྱུར་དུ་ནད་ལས་ཐར་གྱུར་ཅིག།
འགྲོ་བའི་ནད་ནི་མ་ལུས་པ།། 
རྟག་ཏུ་འབྱུང་བ་མེད་པར་ཤོག།
 




སྒྲོལ་མ་ཉེར་གཅིག་གི་བསྟོད་པ་བསྡུས་པ་བཞུགས་སོ།།

ཨོཾ་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་
ཕྱག་འཚལ་ལོ། །
ཕྱག་འཚལ་སྒྲོལ་མ་ཏཱ་རེ་དཔའ་མོ། །
ཏུཏྟཱ་ར་ཡིས་འཇིགས་ཀུན་སེལ་མ། །
ཏུ་རེ་དོན་རྣམས་ཐམས་ཅད་སྟེར་མ། །
སྭཱ་ཧཱ་ཡི་གེར་བཅས་ལ་རབ་འདུད། །

ཅེས་བྱ་བ་འདི་ནི་མཉམ་མེད་ཇོ་བོ་
རྗེ་སྙེ་ཐང་དུ་བཞུགས་སྐབས་སྐུ་ཟུགས་བསྙུན་ནས་རྗེ་བཙུན་སྒྲོལ་ར་གསོལ་བ་བཏབ་པའི་ཚེ། རྗེ་བཙུན་སྒྲོལ་མ་ཉི་མ་གཅིག་ལ་སྒྲོལ་མའི་བསྟོད་པ་ཁྲི་གཅིག་སྨིན་སྒྲུབ་བྱོས་ཞེས་ལུང་བསྟན་པ་ན། ཇོ་བོ་རྗེས་ཉིན་གཅིག་ལ་མི་འབྱོ་བས་ཐབས་ཅི་ཞིག་འཚལ་ཞེས་ཞུས་པས། དེའི་ལན་དུ་སྒྲོལ་མའི་བསྟོད་པ་ཤིན་ཏུ་བསྡུས་པ་འདི་ཉིད་རྗེ་བཙུན་སྒྲོལ་མ་རང་གིས་དངོས་སུ་གསུངས་པས་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ནོ།། །།


 

 

 



Wednesday, 15 November 2023

སེང་གདོང་མ། གདུགས་དཀར། ཤེར་སྙིང་བཅས་ཀྱི་བཟློག་པ།

 



སེང་གདོང་མའི་བཟློག་པ་བཞུགས་སོ།།

༈ །མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་བཟློག་པ་ནི། ༈ །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་བརྙེས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ། ཞེས་ཅི་ནུས་བཟླས་མཐར་ཐལ་མོ་སྦྱར་ལ། བླ་མ་ཡང་དག་པ་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེངྒེའི་གདོང་པ་ཅན་མཁའ་འགྲོ་མ་བྱེ་བ་འབུམ་སྡེའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱི། དེང་འདིར་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན་བར་ཆད། ཆགས་ཆེ་ཉམ་ང་། བྱད་ཁ་རྦོད་གཏོང་ལ་སོགས་པ་མདོར་ན་མི་མཐུན་པའི་ཕྱོགས་ཐམས་ཅད་ད་ལྟ་ཉིད་དུ་ཕྱིར་བཟློག་པར་གྱུར་ཅིག མེད་པར་གྱུར་ཅིག སྟོང་པར་གྱུར་ཅིག ། ཅེས་བརྗོད་ལ་ཐལ་མོ་ལན་གསུམ་བརྡབས། དགེ་བ་འདི་ཡིས་མྱུར་དུ་བདག །ཡེ་ཤེས་མཁའ་འགྲོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །འདོད་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། །། ཡེ་ཤེས་ཉི་མས་བྲིས་པའོ།། །། དགེའོ། དགེའོ།།  །།







གདུགས་དཀར།


༈ །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བ་གདུགས་དཀར་མོ་ཅན་མཆོག་ཏུ་གྱུར་པ་རིག་སྔགས་ཀྱི་རྒྱལ་མོ་ལ་ཕྱག་འཚལ་ལོ། ཏ་དྱཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཻ་ར་བཻར། སཽ་མེ་སཽ་མེ། ཤནྟེ་ཤནྟེ། དནྟེ་དནྟེ། བི་ཥ་དེ་བི་ཥ་དེ། བཱི་རེ་བཱི་རེ། དེ་བི་བཛྲ་དྷཱ་རི། བནྡྷ་བནྡྷ་ནི། བཛྲ་པཱ་ཎི་ཕཊ། ཨོཾ་ཧཱུྃ་ཧཱུྃ་དྲཱུཾ་ཥྚོཾ་ཕཊ་སྭཱ་ཧཱ། ཧཱུྃ་དྲཱུཾ་བནྡྷ་ཕཊ། བདག་ལ་སྲུངས་ཤིག་སྭཱ་ཧཱ། ཨོཾ་བཛྲ་པཱ་ཎི་བནྡྷ་བཛྲ་པཱ་ཤེ་ན་མ་མ་སརྦ་དུཥྚཾ་བི་ནཱ་ཡ་ཀཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཉེ་སྙིང་ཅི་ནུས། བཅོམ་ལྡན་འདས་མ་གཙུག་ཏོར་གདུགས་དཀར་མོའི་གཟུངས་མདོའི་མཇུག་ཏུ་ཟློག་སྒྱུར་བྱ་བའི་ཚུལ་བཞུགས་སོ།། ༈ །བཅོམ་ལྡན་གདུགས་དཀར་ལྷ་ཚོགས་རྣམས། །མཐུ་སྟོབས་ཐོགས་པ་མི་མངའ་ཞིང་། །ཐུགས་རྗེ་སྨོན་ལམ་མཐུ་བཙན་པས། །བདག་གིས་གསོལ་བ་བཏབ་པ་བཞིན། །སངས་རྒྱས་བསྟན་པ་དར་བ་དང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །ཆག་ཆེ་ཉམ་ང་བཟློག་ཏུ་གསོལ། །རྨི་ལམ་མཚན་མ་ངན་པ་ཟློག །རྟགས་དང་རྟེན་འབྲེལ་ངན་པ་ཟློག །དགྲ་འདྲེའི་བསམ་སྦྱོར་ངན་པ་ཟློག །ལྟས་ངན་བརྒྱད་ཅུ་རྩ་བཞི་ཟློག །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །དུས་མིན་འཆི་བ་རྣམ་བརྒྱད་ཟློག །ཡས་ཀྱིས་བདུད་དུ་གཡོས་པ་ཟློག །མས་ཀྱི་སྲི་རུ་ལངས་པ་ཟློག །དཔྲལ་བའི་གཤེད་དུ་བསྐོས་པ་ཟློག །ཕ་མེས་དུར་སྲི་ལངས་པ་ཟློག །མི་ལ་ནད་དུ་གཏོང་བ་ཟློག །ཕྱུགས་ལ་གོད་ཁ་བྱེད་པ་ཟློག །གནམ་གྱི་དལ་ཁ་ཐེབས་པ་ཟློག །ས་ཡི་དུག་མདའ་གཡོས་པ་ཟློག །སྨེ་བ་སྤར་ཁ་ངན་པ་ཟློག །སྐེག་དང་ཕུང་སྲི་ལངས་པ་ཟློག་ཏུ་གསོལ། ། ཞེས་གཙུག་ཏོར་གདུགས་དཀར་ལ་བརྟེན་པའི་ཟློག་པ་གྲུབ་ཆེན་ལས་ཀྱི་རྡོ་རྗེས་མཛད་པའོ།། །།






༄༅། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། །


སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །
མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །
སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །
དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །

༈ རྒྱ་གར་སྐད་དུ། བྷ་ག་བ་ཏི་པྲཛྙཱ་པཱ་ར་མི་ཏཱ་ཧྲི་ད་ཡ།
བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། །
བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །
འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བ་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང་། ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ། །དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་སྤྱད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བྱ། དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་སྤྱད་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཤཱ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ། །ཤཱ་རིའི་བུ་དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་རྣམས་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །མ་རིག་པ་མེད། མ་རིག་པ་ཟད་པ་མེད་པ་ནས་རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ། །སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ། སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པའི་སྔགས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། མི་བརྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ།
ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །
དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ། །རིགས་ཀྱི་བུ་དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།  །།
༈ ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ།
༈ ན་མོ་བླ་མ་ལ་ཕྱག་འཚལ་ལོ། །
སངས་རྒྱས་ལ་ཕྱག་འཚལ་ལོ། །
ཆོས་ལ་ཕྱག་འཚལ་ལོ། །
དགེ་འདུན་ལ་ཕྱག་འཚལ་ལོ། །
ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །
ཁྱེད་རྣམས་ལ་ཕྱག་འཚལ་བའི་མཐུ་དང་ནུས་པ་ལ་བརྟེན་ནས། བདག་ཅག་གི་ཚིག་འདི་འགྲུབ་པར་གྱུར་ཅིག །ཇི་ལྟར་སྔོན་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཁ་ཏོན་དུ་བྱས་པའི་མཐུ་དང་ནུས་པ་ལ་བརྟེན་ནས། །བདུད་སྡིག་ཅན་ལ་སོགས་པ་ཕྱིར་བཟློག་པ་དེ་བཞིན་དུ་བདག་གིས་ཀྱང་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཁ་ཏོན་དུ་བྱས་པའི་མཐུ་དང་ནུས་པ་ལ་བརྟེན་ནས། །བདག་འཁོར་དང་བཅས་པའི་དམ་པའི་ཆོས་སྒྲུབ་པའི་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག །མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །