Saturday 14 November 2015

རྟོགས་བརྗོད་འདུན་ལེགས་མ་བཞུགས་སོ།།

༄༅། ། རྟོགས་བརྗོད་འདུན་ལེགས་མ་བཞུགས་སོ།།


 ༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག །

འཇིག་རྟེན་མཐོ་རིས་བྱང་གྲོལ་ལྟ་བའི་མིག །སྲིད་ལམ་འཁྱམས་པས་དུབ་པའི་ངལ་གསོའི་གནས། །བདེ་ལེགས་རྩ་བ་དྲིན་ཅན་བླ་མ་དང༌། །རྗེ་བཙུན་མཁྱེན་པའི་གཏེར་གྱི་ཞབས་ལ་འདུད། །འབད་པ་ཆུང་ངུས་རླབས་ཆེན་ཚོགས་སྡུད་ལ། །དགེ་ལ་རྗེས་སུ་ཡི་རང་མཆོག་ཏུ་གསུངས། །ཁྱད་པར་རང་གིས་སྔོན་བྱས་དགེ་བ་ལ། །རློམ་སེམས་བྲལ་བས་དགའ་བ་ཆེར་བསྐྱེད་ན། སྔོན་བྱས་དགེ་བ་གོང་དུ་འཕེལ་ལོ་ཞེས། །རྒྱལ་བས་གསུངས་པའི་དོན་དེ་བསྒྲུབ་ཕྱིར་དང༌། །དགོས་པ་གཞན་ཡང་མང་དུ་མཐོང་བས་ན། །སེམས་ཁྱོད་དགའ་བ་འདི་ལྟར་བསྐྱེད་ན་ལེགས། །


དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །


བླང་དོར་གནས་ལ་ཀུན་ནས་འཐོམས་པའི་མུན། །ཡང་དག་ཐོས་པའི་སྒྲོན་མེས་མ་བསལ་བར། །ལམ་མི་ཤེས་ན་ཐར་པའི་གྲོང་མཆོག་ཏུ། །འཇུག་པར་འགྱུར་བ་སྨོས་ཀྱང་ཅི་ཞིག་དགོས། །དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང༌། །འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །ཚུལ་འདི་བསམ་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །


ཁྱད་པར་ཚུ་རོལ་མཐོང་བས་དངོས་པོ་ཡི། །དེ་ཉིད་གཏན་ལ་འབེབས་པའི་སྒོ་གཅིག་པུ། །ཡང་དག་རིགས་པའི་གཞུང་གི་དཀའ་གནད་ལ། །འབད་པ་དུ་མས་ཡང་ནས་ཡང་དུ་སྦྱངས། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །


མདོ་སྔགས་གཞུང་ལ་ངལ་བ་མང་བྱས་ཀྱང༌། །ཟབ་དོན་ཉམས་སུ་ལེན་དང་སྨྲ་བ་ན། །གང་ཡང་མ་བསླབས་ཅི་ཡང་མི་ཤེས་པའི། །ལྟ་བའི་ཚུལ་ལས་རིང་དུ་མ་སོང་བར། །མཐོང་ནས་ལྷག་པར་ཀླུ་སྒྲུབ་གཞུང་ལུགས་ཀྱི། །ཟབ་མོ་འབྱེད་པའི་ཕྲ་བའི་རིགས་ལམ་ནས། །ཡང་དག་ལྟ་བ་འདྲེན་པའི་གནད་ཀུན་ལ། །ལེགས་པར་སྦྱངས་ཏེ་ཐེ་ཚོམ་ཆོད་པར་བྱས། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །


འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ། །ཟབ་མོ་རྡོ་རྗེ་ཐེག་དང་ཕར་ཕྱིན་ཐེག །རྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས། །ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས། །ཉི་མ་ཟླ་བ་ལྟ་བུར་ཀུན་ཏུ་གྲགས། །ཚིག་དེ་བདེན་པའི་ཚིག་ཏུ་འདོད་བཞིན་དུ། །ཟབ་མོའི་ཐེག་དེ་ཇི་ལྟ་བུ་ཞིག་ཅེས། །འཚོལ་བར་མི་བྱེད་མཁས་པའི་ཁུར་འཛིན་པ། །དེ་འདྲ་དེ་ཡང་ཤེས་རབ་ཅན་ཡིན་ན། །དེ་ལས་གཞན་པའི་དབང་པོ་རྟུལ་པོ་གང༌། །ཤིན་ཏུ་ཕྲད་དཀའ་གོང་ན་མེད་པའི་ལམ། །འདི་འདྲ་ཡལ་བར་འདོར་བ་ཀྱེ་མའོ་མཚར། །དེ་ཉིད་ཕྱིར་ན་རྒྱལ་བའི་ཐེག་པ་མཆོག །སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག །དངོས་གྲུབ་གཉིས་ཀྱི་གཏེར་གྱུར་ཟབ་མོ་དེར། །ཞུགས་ནས་འབད་པ་མང་པོས་རིང་དུ་སྦྱངས། །ཚུལ་འདི་བསམ་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །


རྒྱུད་སྡེ་འོག་མ་གསུམ་གྱི་ལམ་གྱི་ཚུལ། །མི་ཤེས་དེ་ཡིས་རྣལ་འབྱོར་བླ་མེད་རྒྱུད། །རྒྱུད་སྡེ་ཀུན་གྱི་མཆོག་ཏུ་ཐག་བཅད་ཀྱང༌། །དམ་བཅའ་ཙམ་དུ་ཟད་པར་ལེགས་མཐོང་ནས། །གསང་བ་སྤྱི་རྒྱུད་ལེགས་པར་གྲུབ་པ་དང༌། །དཔུང་བཟང་གིས་ཞུས་བསམ་གཏན་ཕྱི་མ་སོགས། །བྱ་རྒྱུད་རིགས་གསུམ་སྤྱི་དང་བྱེ་བྲག་གི། རྒྱུད་སྡེ་རྣམས་ལ་རིང་དུ་འདྲིས་པར་བྱས། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །


རྒྱུད་སྡེ་གཉིས་པ་སྤྱོད་པའི་རྒྱུད་རྣམས་ཀྱི། །གཙོ་བོར་གྱུར་པ་རྣམ་སྣང་མངོན་བྱང་གི། རྒྱུད་ལ་སྦྱངས་པས་སྤྱོད་པའི་རྒྱུད་ཀྱི་ཕྱོགས། །གང་ཡིན་དེ་ཡང་ལེགས་པར་ངེས་པར་བྱས། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །


རྒྱུད་སྡེ་གསུམ་པ་རྣལ་འབྱོར་རྒྱུད་རྣམས་ཀྱི། །གཙོ་བོར་དཔལ་ལྡན་དེ་ཉིད་བསྡུས་པའི་རྒྱུད། །བཤད་རྒྱུད་རྡོ་རྗེ་རྩེ་མོ་ལ་སོགས་ལ། །སྦྱངས་པས་རྣལ་འབྱོར་རྒྱུད་ཀྱི་དགའ་སྟོན་མྱོང༌། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །


བཞི་པ་རྣལ་འབྱོར་བླ་ན་མེད་པ་ལ། །འཕགས་ཡུལ་མཁས་པ་རྣམས་ལ་ཉི་ཟླ་ལྟར། །ཡོངས་སུ་གྲགས་པའི་ཕ་རྒྱུད་འདུས་པ་དང༌། །རྣལ་འབྱོར་མ་རྒྱུད་ཀྱཻ་རྡོར་བདེ་མཆོག་གི། རྩ་རྒྱུད་བཤད་པའི་རྒྱུད་ལ་སོགས་པ་དང༌། །མདོ་རྒྱུད་གཞན་དང་བཤད་སྲོལ་མི་འདྲ་བའི། །ཤིང་རྟའི་སྲོལ་འབྱེད་དུས་ཀྱི་འཁོར་ལོའི་རྒྱུད། །གསལ་བྱེད་དྲི་མ་མེད་པའི་འོད་ལ་སྦྱངས། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །དང་པོར་རྒྱ་ཆེར་ཐོས་པ་མང་དུ་བཙལ་བའི་སྐབས་ཏེ་དང་པོའོ། །


༈དེ་ནས་གདུལ་བྱའི་བློ་མུན་སེལ་བའི་མཆོག །འཇམ་པའི་དབྱངས་ལ་ཤུགས་དྲག་རྒྱུན་རིང་གི། དད་པ་བརྟན་པོས་གཞུང་ལུགས་གདམས་པ་རུ། །འཆར་ཕྱིར་གསོལ་བཏབ་རྒྱུ་ཚོགས་ཀུན་ལ་འབད། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །


དེ་ལྟར་འབད་པས་ཀླུ་སྒྲུབ་ཐོགས་མེད་ལས། །རིམ་བཞིན་བརྒྱུད་པའི་བྱང་ཆུབ་ལམ་རིམ་ལ། །ཐུན་མོང་མིན་པའི་ངེས་པ་རྙེད་གྱུར་ནས། །ཟབ་མོའི་གཞུང་མཆོག་ཕར་ཕྱིན་གདམས་པར་ཤར། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །


བྱང་ཕྱོགས་འདི་ན་ཚད་མའི་གཞུང་ལུགས་ལ། །སྦྱངས་དང་མ་སྦྱངས་དུ་མ་མགྲིན་གཅིག་ཏུ། །མདོ་དང་སྡེ་བདུན་ཀུན་ལ་བྱང་ཆུབ་ཏུ། །བགྲོད་པའི་ཉམས་ལེན་རིམ་པ་ཡོད་མིན་ཟེར། །འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ། །དངོས་སུ་འདི་རྩོམ་འདི་ནི་མ་འོངས་དུས། །འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས། །གསུང་གི་གནང་བ་སྩལ་བའང་ཚད་མར་བྱེད། །དེ་ནི་མི་རིགས་སྨྲ་བའི་ཕུལ་བྱུང་དུ། །མཐོང་ནས་ལྷག་པར་ཚུལ་དེར་དཔྱད་པ་ན། །ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དོན། །ཚད་མ་གྲུབ་པར་ལུགས་འབྱུང་ལུགས་ལྡོག་གིས། །རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས། །ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡི་ནི། །བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ། །ངེས་པ་གཏིང་ནས་རྙེད་པས་ཐེག་གཉིས་ཀྱི། །ལམ་གྱི་གནད་ཀུན་འདྲིལ་བར་རིགས་ལམ་ནས། །ལེགས་པར་ཐོན་པས་ལྷག་པར་དགའ་བ་རྙེད། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །


དེ་ནས་བྱང་ས་མདོ་སྡེ་རྒྱན་གཉིས་པོ། །ལེགས་པར་སྦྱར་ཏེ་ཚུལ་བཞིན་རབ་འབད་པས། །མི་ཕམ་ཆོས་རྗེའི་གཞུང་དང་རྗེས་འབྲང་གི། གཞུང་ཀུན་ཉམས་སུ་ལེན་པའི་གདམས་པར་ཤར། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །


ལྷག་པར་ཟབ་ཅིང་རྒྱ་ཆེའི་གསུང་རབ་ཚོགས། །བསྒྲིགས་པའི་གོ་རིམ་ཉིད་ལས་ལམ་གྱི་གནད། །ཀུན་ལ་ངེས་སྟེར་བསླབ་པ་ཀུན་བཏུས་ལ། །བརྟེན་ནས་མདོ་སྡེ་ཀུན་ལས་བཏུས་པ་སོགས། །ཀླུ་སྒྲུབ་ལུགས་ཀྱི་གཞུང་མཆོག་དུ་མའི་དོན། །ཉམས་སུ་ལེན་པའི་རིམ་པ་ལེགས་པར་མཐོང༌། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །


དེ་ནས་བསམ་གཏན་ཕྱི་མ་རྣམ་སྣང་ནི། །མངོན་པར་བྱང་ཆུབ་སངས་རྒྱས་གསང་བ་ཡིས། །ལེགས་པར་བཤད་པའི་མན་ངག་ལ་བརྟེན་ནས། །ལམ་གྱི་གནད་ཀུན་ལེགས་པར་གདམས་པར་ཤར། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །


དཔལ་ལྡན་དེ་ཉིད་བསྡུས་པའི་ལམ་གྱི་གནད། །ཏིང་འཛིན་གསུམ་གྱིས་བསྡུས་པར་མཐོང་བར་ནི། །ཅུང་ཟད་སླ་ཡང་ལམ་དེར་ཟབ་མོའི་དོན། །སྒོམ་ཚུལ་རྟོགས་པར་དཀའ་བ་པཎ་ཆེན་ནི། །སངས་རྒྱས་གསང་བས་རྩ་བཤད་ཆ་མཐུན་རྒྱུད། །རྣམ་གསུམ་སྦྱར་ཏེ་ཚུལ་བཞིན་བཤད་པ་དང༌། །རྒྱུད་སྡེ་གསུམ་གྱི་ཟབ་མོའི་ཉམས་ལེན་རྣམས། །སྒོམ་རིམ་ཇི་བཞིན་བཤད་པས་བློ་མུན་བསལ། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །


ཐུབ་པའི་ལེགས་བཤད་ཀུན་གྱི་མཐར་ཐུག་པ། །དཔལ་ལྡན་རྣལ་འབྱོར་བླ་ན་མེད་པའི་རྒྱུད། །དེ་ཡི་ནང་ནས་ཤིན་ཏུ་ཆེས་ཟབ་པ། །དཔལ་ལྡན་གསང་བ་འདུས་པའི་རྒྱུད་རྒྱལ་ལ། །སྨྲ་བའི་དམ་པ་ཀླུ་སྒྲུབ་འདི་སྐད་གསུང༌། །རྩ་བའི་རྒྱུད་དུ་ལམ་གྱི་གནད་རྣམས་ནི། །མཐའ་དྲུག་ཚུལ་བཞིའི་རྒྱ་ཡིས་བཏབ་སྟེ་གནས། །དེ་ཕྱིར་བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །བླ་མའི་མན་ངག་ལས་ནི་ཤེས་བྱར་གསུངས། །ཚུལ་དེ་གནད་དུ་བཟུང་ནས་མན་ངག་གི། མཐར་ཐུག་མདོར་བྱས་སྤྱོད་བསྡུས་རྣམ་གཞག་སོགས། །འདུས་པ་འཕགས་པའི་སྐོར་གྱི་ཕྲན་ཀུན་ལ། །རིང་དུ་འདྲིས་པར་བྱས་ཏེ་རྩ་བའི་རྒྱུད། །སྒྲོན་མེ་ལྟ་བུར་གསལ་བར་བྱེད་པ་ལ། །བརྟེན་ནས་བཤད་རྒྱུད་ཆེན་པོ་ལྔ་དང་ནི། །ལེགས་པར་སྦྱར་ལ་འབད་པ་ཆེན་པོས་སྦྱངས། །སྦྱངས་པས་འདུས་པའི་རིམ་གཉིས་སྤྱི་དང་ནི། །ཁྱད་པར་རྫོགས་པའི་རིམ་པའི་གནས་ཀུན་རྙེད། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། 


དེ་ཡི་མཐུ་ལས་བདེ་དགྱེས་དུས་འཁོར་སོགས། །རྒྱུད་སྡེ་མང་པོའི་གནད་དོན་གདམས་པར་ཤར། །དེ་དག་བདག་གིས་གཞན་དུ་བཤད་པས་ན། །འདིར་ནི་རྣམ་དཔྱོད་ཅན་ལ་སྒོ་ཙམ་ཞིག །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་བའི་སྐབས་ཏེ་གཉིས་པའོ། །༈


དེ་ལྟར་གདམས་པའི་གཏེར་དུ་གྱུར་པ་ན། །ཐེག་ཆེན་གཉིས་ཀྱི་ཐུན་མོང་ལམ་དང་ནི། །ཐུན་མོང་མིན་པའི་ལམ་གྱི་རིམ་པ་གཉིས། །གནད་བསྡུས་ཚང་བའི་ལམ་ལ་འདྲིས་པར་སྦྱངས། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །


རྒྱལ་སྲས་སྨོན་ལམ་གདྒཱའི་ཀླུང་རྣམས་ནི། །དམ་ཆོས་འཛིན་པའི་སྨོན་ལམ་ནང་འདུས་པར། །གསུངས་ཕྱིར་དགེ་རྩ་ཇི་སྙེད་བསགས་པ་ནི། །ཀུན་ཀྱང་ཐུབ་བསྟན་རྒྱས་པའི་ཆེད་དུ་བསྔོས། །ཚུལ་འདི་བསམས་ཤིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་པ་དང། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས་པའི་སྐབས་ཏེ་གསུམ་པའོ། །


༈རང་གི་དགེ་བ་རྒྱ་ཆེར་སྤེལ་ཕྱིར་དང༌། །རྣམ་དཔྱོད་ལྡན་པའི་སྐལ་བཟང་མང་པོ་ལ། །འཇུག་སྒོ་མ་ནོར་ཚུལ་བཞིན་བསྟན་པའི་ཕྱིར། །རང་གི་རྟོགས་པ་བརྗོད་པ་འདི་བྱས་སོ། །དེ་ལས་ཐོབ་པའི་དགེ་བའི་ཚོགས་རྣམས་ཀྱི། །རིམ་པ་འདི་ཡིས་འགྲོ་བ་མ་ལུས་ཀུན། །ཐུབ་པའི་བརྟུལ་ཞུགས་བླ་ན་མེད་བཟུང་ནས། །རྒྱལ་བ་དགྱེས་པའི་ལམ་ལ་འཇུག་པར་ཤོག །

སྡེ་སྣོད་གསུམ་དང་ཞེས་སོགས་བརྗོད། འདི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་མཛད་པའོ། །



Saturday 7 November 2015

དཔལ་གསང་བ་འདུས་པའི་སྨོན་ལམ་བཞུགས་སོ།།


དཔལ་གསང་བ་འདུས་པའི་སྨོན་ལམ་བཞུགས་སོ།།


   དགེ་བ་འདི་ཡིས་མྱུར་དུ་བདག །
སངས་རྒྱས་ཀུན་གྱི་ཀུན་བདག་ཉིད། །
རྡོ་རྗེ་འཆང་དབང་ཐོབ་གྱུར་ཅིག །
འགྲོ་བས་ཀྱང་ནི་དེ་ཐོབ་ཤོག །

བྱང་ཆུབ་ཕྱིར་ནི་སྤྱོད་གང་དང༌། །
རྫོགས་སངས་རྒྱས་ཀྱི་གང་ཡིན་པ། །
བྱང་ཆུབ་རྡོ་རྗེས་གང་གསུངས་པའི། །
སྤྱོད་དེ་གཉིས་ཀའང་བདག་སྤྱོད་ཤོག །

དེ་ལྟར་སྒྱུ་མ་ཇི་བཞིན་རྨི་ལམ་བཞིན། །
སྣང་སྟོང་ལྷ་སྐུར་གསལ་བའི་ངང་ཉིད་ནས། །
ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་ཀུན་བསྡུས་པ། །
མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་ལྷ་ཚོགས་ལ། །

རྨད་བྱུང་བདེ་བས་དགྱེས་པ་བསྐྱེད་པའི་ཕྱིར། །
ཕྱི་དང་ནང་དང་གསང་བའི་མཆོད་བསྟོད་དང༌།།
བསྒོམ་དང་བཟླས་པ་སོགས་ལ་འདིར་འབད་པས། །
བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས། །

རང་ཉིད་སྲིད་མཚོར་ལྷུང་བ་ཇི་བཞིན་དུ། །
མར་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར། །
མཐོང་ནས་འགྲོ་བ་སྒྲོལ་བའི་ཁུར་འཁྱེར་བའི། །
བྱང་ཆུབ་སེམས་མཆོག་འབྱོངས་པ་ཉིད་གྱུར་ཅིག །

སེམས་ཙམ་བསྐྱེད་ཀྱང་ཚུལ་ཁྲིམས་རྣམ་གསུམ་ལ། །
གོམས་པ་མེད་ན་བྱང་ཆུབ་མི་འགྲུབ་པར། །
ལེགས་པར་མཐོང་ནས་རྒྱལ་སྲས་སྡོམ་པ་ལ། །
བརྩོན་པ་དྲག་པོས་སློབ་པ་ཉིད་གྱུར་ཅིག །

ཐུན་མོང་ལམ་སྦྱངས་སྣོད་དུ་གྱུར་པ་ན། །
ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེའི་ཐེག །
སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར། །
བདེ་བླག་ཉིད་དུ་འཇུག་པ་ཉིད་གྱུར་ཅིག །

བུམ་དབང་གངྒཱའི་ཆུ་རྒྱུན་བསྐུར་བ་ཡིས། །
ཐ་མལ་སྣང་ཞེན་དྲི་མ་འཁྲུད་པར་ཤོག །
གསང་དབང་ཡེ་ཤེས་བདུད་རྩི་མྱངས་པ་ཡིས། །
ངག་གནས་རླུང་ནི་སྔགས་སུ་འཆར་བར་ཤོག །

གསུམ་པ་ལྷན་སྐྱེས་དགའ་བའི་ལྕགས་ཀྱུ་ཡིས། །
ཡིད་ནི་འོད་གསལ་དབྱིངས་སུ་འདྲེན་པར་ཤོག །
བཞི་པ་ཟུང་འཇུག་དོན་ལ་ངོ་སྤྲད་པས། །
མཐར་ཐུག་དོན་ལ་སྒྲོ་འདོགས་ཆོད་པར་ཤོག །

དེ་ཚེ་དངོས་གྲུབ་རྣམ་གཉིས་འགྲུབ་པའི་གཞི། །
རྣམ་དག་དམ་ཚིག་སྡོམ་པར་གསུངས་པ་ལ། །
བཅོས་མ་མིན་པའི་ངེས་པ་རྙེད་གྱུར་ནས། །
སྲོག་དང་བསྡོས་ཏེ་རྟག་ཏུ་བསྲུང་བར་ཤོག །

ཐ་མལ་སྣང་ཞེན་ཀུན་རྟོག་སྤངས་པ་ཡི། །
ལུས་ཀྱི་གཡོ་བ་ངག་གི་བརྗོད་པ་དང༌། །
ཡིད་ཀྱི་བསམ་པ་ཀུན་གྱིས་འབད་མེད་པར། །
རླབས་ཆེན་ཚོགས་རྣམས་ཡོངས་སུ་སྡུད་བྱེད་པའི། །

ཐུན་བཞིའི་སྦྱོར་བ་བསྙེན་བསྒྲུབ་ཡན་ལག་བཞི། །
རིམ་པ་དང་པོའི་རགས་དང་ཕྲ་བའི་ལམ། །
མ་ལུས་ཤིན་ཏུ་བརྟན་པ་རྙེད་ནས་ནི། །
གང་སྣང་ལྷ་ཡི་འཁོར་ལོར་འཆར་བར་ཤོག །

ཞིང་གི་ཕུལ་བྱུང་ཐུགས་ཀྱི་དཀྱིལ་འཁོར་ལ། །
བརྟེན་ནས་འཁོར་གསུམ་དག་པའི་མཆོད་སྦྱིན་སོགས། །
སྦྱོར་བ་ཚོགས་བསགས་ཆོ་ག་བཞིན་བྱས་པས། །
རང་གི་རྒྱུད་ནི་ཡོངས་སུ་དག་པར་ཤོག །

དཔལ་ལྡན་ཞེ་སྡང་རྡོ་རྗེ་ཁྲོ་བོ་བཅུས།།
འཁོར་གྱིས་ཡོངས་སུ་བསྐོར་བའི་ཏིང་འཛིན་གྱིས། །
ཕྱོགས་བཅུར་རྒྱུ་བའི་གདུག་པའི་བསམ་པ་ཅན། །
མ་ལུས་ཚར་གཅོད་འཕྲིན་ལས་འགྲུབ་པར་ཤོག །

གང་དུ་འཚང་རྒྱའི་ཞིང་ཀུན་དག་བྱས་ནས། །
དེར་ནི་སྐུ་གསུམ་གོ་འཕང་མངོན་གྱུར་པའི། །
ཐབས་ཀྱི་དམ་པ་འཆི་བ་ཆོས་སྐུ་དང༌། །
བར་དོ་ལོངས་སྐུ་སྐྱེ་བ་སྤྲུལ་པའི་སྐུར། 

ཚུལ་བཞིན་ཉམས་སུ་ལེན་པའི་རྡོ་རྗེ་མཆོག །
རིམ་པ་ཇི་བཞིན་རྒྱུད་ལ་བསྐྱེད་པ་ཡིས།།
ཐ་མལ་སྐྱེ་ཤི་བར་དོའི་སྣང་ཞེན་ཀུན། །
སྦྱོང་བྱེད་དང་པོའི་སྦྱོར་བ་ཐོབ་པར་ཤོག །

རང་དོན་ཕུན་ཚོགས་དེ་ཡིས་མྱུར་བའི་ལམ།། 
འདོད་ཆགས་ཆེན་པོའི་ཚུལ་གྱི་ཏིང་འཛིན་གྱིས། །
རང་རིགས་ཕྱག་རྒྱར་གཞོལ་བའི་ཐབས་ལ་མཁས། །
ལྷན་སྐྱེས་བདེ་བས་རྒྱལ་རྣམས་མཆོད་པར་ཤོག །

མཁའ་དབྱིངས་རྡོ་རྗེ་སྦྱར་བས་སྦར་བ་ཡི། །
ཙཎ་ཌ་ལི་ཡིས་བཞུས་པའི་བྱང་ཆུབ་སེམས། །
ཨ་ཝ་དྷཱུ་ཏིའི་རྒྱུན་ལམ་ནས་འོངས་པ། །
ཤེས་རབ་པདྨོའི་ཟེའུ་འབྲུར་སོན་པ་ལས། །

འཁྲུངས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱིས། །
སྤྲུལ་པའི་སྤྲིན་གྱིས་ནམ་མཁའི་ཁྱོན་བཀང་སྟེ། །
སྣོད་བཅུད་ཞིང་ཀུན་ཡོངས་སུ་སྦྱོངས་མཛད་པའི། །
དཀྱིལ་འཁོར་རྒྱལ་མཆོག་མྱུར་དུ་འགྲུབ་པར་ཤོག །

སྲོག་འཛིན་ཐུར་སེལ་ལམ་གྱི་སྣ་རྩེར་ནི། །
གནས་ནས་འོད་ཟེར་དྲ་བ་འགྱེད་པ་ཅན། །
བདེ་གཤེགས་ལྔ་བདག་རིན་ཆེན་ཁ་དོག་ལྔ། །
ཕྱག་མཚན་བྱང་སེམས་ཕྲ་མོ་ཡུངས་འབྲུ་ཙམ། །

དེ་ནང་དཀྱིལ་འཁོར་འཁོར་ལོ་ཡོངས་རྫོགས་ཤིང༌། །
མ་འདྲེས་གསལ་ལ་ཇི་སྲིད་འདོད་ཀྱི་བར། །
མཉམ་པར་འཇོག་པའི་ཕྲ་མོའི་རྣལ་འབྱོར་གྱིས། །
ཕྱི་ནང་བཟླས་པ་ཡོངས་སུ་རྫོགས་པར་ཤོག །

དེས་ནི་རྫས་སྔགས་འཕྲུལ་འཁོར་བསམ་གཏན་ལ། །
བརྟེན་ནས་གྲུབ་པ་ཆེན་པོ་བརྒྱད་དང་ནི། །
ཞི་སོགས་རབ་འབྱམས་ལས་ཀུན་འགྲུབ་པ་ཡིས། །
ལས་ཀྱི་རྒྱལ་པོ་མཆོག་ནི་འགྲུབ་པར་ཤོག །

སོ་སོར་སྡུད་དང་བསམ་གཏན་སྲོག་རྩོལ་དང༌། །
འཛིན་པ་རྗེས་དྲན་ཏིང་འཛིན་ཡན་ལག་དྲུག །
ཡོངས་སུ་སྡུད་པའི་ཟབ་ལམ་རིམ་པ་ལྔ། །
སྤྱོད་པ་གསུམ་དང་བཅས་པ་འགྲུབ་པར་ཤོག །

ནོར་བུར་ཐིག་ལེ་ཕྲ་མོར་སེམས་བརྟན་པའི། །
ཉི་མས་ཟླ་བ་བཞུས་པའི་བདུད་རྩིའི་རྒྱུན། །
ལུགས་འབྱུང་ལུགས་ལྡོག་རིམ་པས་དྲངས་པ་ཡི། །
ཡས་བབས་མས་བརྟན་དགའ་བཞི་སྐྱེ་བར་ཤོག །

དེ་ལས་ལངས་ཚེ་གང་ཤར་སྣང་བ་ཀུན། །
རིགས་བརྒྱ་རིགས་ལྔ་རིགས་གསུམ་རིགས་གཅིག་ཏུ། །
འཆར་བའི་སྐུ་རྡོ་རྗེའི་ཏིང་འཛིན་གྱིས། །
ལུས་དབེན་སོར་སྡུད་བསམ་གཏན་རྫོགས་པར་ཤོག །

ཐིག་ལེའི་རྒྱལ་པོ་སྔགས་ཀྱི་ཐིག་ལེ་མཆོག །
སྙིང་གའི་ཆུ་སྐྱེས་སྣ་རྩེར་གོམས་བྱས་པས། །
གཟུང་དང་འཛིན་པའི་རྣམ་རྟོག་བསྐྱེད་པའི་རླུང་། །
བཅུ་གཉིས་མི་ཤིགས་ཐིག་ལེར་སྡུད་པར་ཤོག །

གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེའི་གདངས། །
མ་བཅོས་རྡོ་རྗེ་གསུམ་དུ་ཤར་བ་ཡིས། །
ངག་དབེན་གསུང་གི་རྡོ་རྗེའི་ཏིང་འཛིན་གྱིས། །
སྙིང་གའི་མ་རིག་སྒོ་ངའི་སྦུབས་འབྱེད་ཤོག །

ཐབས་ཤེས་གསང་བའི་རྩ་མཆོག་གཉིས་ཀྱི་རྩེར། །
རྫས་ཀྱི་ཐིག་ལེའི་སྲོག་རྩོལ་བསྒོམས་པ་ཡིས། །
ཀུན་རྟོག་རླུང་གི་མུན་པ་སངས་གྱུར་ནས། །
འོད་གསལ་ཉི་མ་སྙིང་དབུས་འཆར་བར་ཤོག །

སྣ་རྩེ་གསུམ་དུ་ཐིག་ལེ་རྣམ་གསུམ་གྱི། །
སྲོག་རྩོལ་བསྒོམས་པས་སྤྲིན་མེད་ནམ་མཁའ་ལ། །
ཟླ་ཉིའི་འོད་དང་སྨག་གིས་ཁྱབ་འདྲ་ཡིས། །
སྟོང་པ་གསུམ་གྱི་སེམས་དབེན་སྐྱེ་བར་ཤོག །

སྒྱུ་མ་ལོངས་སྐུ་འོད་གསལ་ཆོས་སྐུ་དང་། །
སྣ་ཚོགས་སྤྲུལ་སྐུ་གསུམ་ལ་རེ་རེ་ཞིང༌། །
རྣམ་པ་གསུམ་གསུམ་བསྲེ་བ་རྣམ་པ་དགུ །
ཡོངས་རྫོགས་མན་ངག་གནད་ལ་མཁས་གྱུར་ཏེ། །

ཀུན་རྫོབ་སྒྱུ་ལུས་དོན་དམ་འོད་གསལ་འཛིན། །
ལུགས་ལྡོག་རྗེས་དྲན་ཟུག་འཇུག་ཏིང་འཛིན་དང༌། །
སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི། །
སྤྱོད་མཆོག་རྣམ་གསུམ་ཡོངས་སུ་རྫོགས་པར་ཤོག །

གལ་ཏེ་འདི་དང་བར་དོར་མཆོག་འགྲུབ་པའི། །
ཏིང་འཛིན་མ་རྙེད་འཆི་བའི་དུས་བྱེད་ན། །
གཞི་ཡི་འཆི་རིམ་སྟོང་པ་རྣམ་པ་བཞི། །
ལམ་གྱི་སྟོང་པ་བཞི་དང་བསྲེ་ནུས་ཤོག །

བར་དོ་གྲུབ་ཚེ་སྒྱུ་མའི་ཏིང་འཛིན་དང༌། །
བསྲེ་བར་བྱེད་ཅིང་སྐྱེ་བ་ལེན་པའི་ཚེ། །
ལོངས་སྐུས་སྤྲུལ་སྐུའི་སྐྱེ་བ་འཛིན་པ་བཞིན། །
སྐྱེ་གནས་མཆོག་ཏུ་བསམས་བཞིན་སྐྱེ་བར་ཤོག །

མདོར་ན་སྐྱེ་ཤི་བར་དོ་གང་ཤར་ཡང་། །
སྔོན་ཆད་བསྒོམས་པའི་ལམ་འཁྱེར་རྣམ་གསུམ་གྱི། །
གསལ་འདེབས་དགེ་སྦྱོར་བསྐུལ་མར་རྟོགས་གྱུར་ནས། །
འཆི་ཚེ་ཡིད་ལ་དགའ་བ་རྒྱས་པར་ཤོག །

དེ་ལྟར་རྨད་བྱུང་ལམ་གྱི་མཐར་ཐུག་འདི། །
ཚུལ་བཞིན་བསྒྲུབ་ལ་བར་ཆད་མེད་པ་དང༌། །
ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཏེ། །
འགྲོ་ཀུན་ཐབས་མཁས་འདི་ཡིས་སྒྲོལ་བར་ཤོག །  

   ཅེས་པ་འདི་ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་མཛད་པའོ།། །།