Wednesday 6 May 2015

བཙན་བྱོལ་བོད་མིའི་ལོ་འཁོར་ལྔ་བཅུ་དྲན་གསོ་དང་འབྲེལ་བའི་བོད་དོན་སྐོར་གཏམ་གླེང་གསར་གནོན་དང་བཅས། རང་རྩོམ།











བོད་དང་བོད་མིར་གཅེས་པའི་གཏམ་གླེང་བསམ་ཚུལ་ཟིན་བྲིས་དུམ་བུ
བཙན་བྱོལ་བོད་མིའི་ལོ་འཁོར་ལྔ་བཅུ་དྲན་གསོ་དང་འབྲེལ་བའི་བོད་དོན་སྐོར་གཏམ་གླེང་གསར་གནོན་དང་བཅས།།


དགེ་འདུན་མཐར་ཕྱིན།









***



སྔོན་གླེང་།

    དུས་རབས་འདིར་རང་ཉིད་བོད་མི་རིགས་ཤིག་ཏུ་སྐྱེས་པ་དང་བཙན་བྱོལ་སྤྱི་ཚོགས་ནང་ཚར་ལོང་བྱས་པའི་མྱོང་ཚོར་གྱི་ཆ་ནས་བོད་ཀྱི་སྤྱི་ཚོགས་ཀྱི་ཞབས་འདེགས་སུ་དམིགས་ཤིང་དུས་རབས་ཀྱི་ལས་འགན་དུ་རྩིས་ཏེ་བོད་ཀྱི་སྔར་གྱི་ལོ་རྒྱུས་དང་རང་ཉིད་གང་དུ་ཚར་ལོང་བྱས་བའི་སྤྱི་ཚོགས་ནང་གི་གནས་ཚུལ། བོད་དོན་དེ་མ་འོངས་པ་ཇི་འདྲ་ཞིག་ལ་དམིགས་དགོས་པ་བཅས་ཀྱི་སྐོར་བཅས་ལ་དཔྱད་པའི་གཏམ་གླེང་འདི་ནི་བོད་མི་རིགས་ཀྱི་འདས་པའི་ལེགས་བྱས་དང་ཉེས་བྱས། ད་ལྟའི་ཡོན་ཏན་དང་སྐྱོན། མ་འོངས་འབྱུང་འགྱུར་གྱི་ཉན་ཁ་དང་ལེགས་ཁ་བཅས་སྙིང་བཏུས་ཐོག་དེང་རབས་ཀྱི་སྤྱི་ཚོགས་ཆབ་སྲིད་རིག་པ་རྐྱང་པའི་ཐོག་ནས་བལྟས་པའི་དཔྱད་དོན་བསམ་ཚུལ་ཞིག་ཡིན། 
 ལྷག་པར་བཙན་བྱོལ་བོད་གཞུང་ནས་མི་ལོ་ལྔ་བཅུའི་རིང་སྐྱབས་བཅོལ་གནས་སྟངས་འོག་བསྡད་པའི་གཞིས་ཆགས་ཁག་གི་མི་དམངས་ཀྱི་ཕུགས་རྒྱང་རིང་པོའི་བདེ་དོན་ལ་དམིགས་བསལ་གྱི་དོ་སྣང་དང་བཟང་བཅོས་ཞིབ་ཚགས་ཀྱིས་དེང་དུས་རྒྱ་གར་དང་བལ་ཡུལ་མི་དམངས་ཀྱི་རང་དབང་དང་ཤེས་ཡོན། ཆབ་སྲིད་དང་དཔལ་འབྱོར་བཅས་ཀྱི་ཡར་རྒྱས་དང་མཉམ་བསྲེས་མཉམ་འགྲོད་ཐུབ་པ་ཞིག་ཏུ་འགྱུར་བར་འབད་དགོས་པའི་དུས་ལ་བབས་མེད་དམ་སྙམ་པ་བཅས་ཀྱི་སྐོར་ལ་ཡང་དཔྱད་པ་རོབ་ཙམ་བྱས་ཡོད།
  བོད་གཞུང་མང་གི་རང་དབང་ཐབ་རྩོད་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ལྟར་འགྲོ་བ་མིའི་ཐོབ་ཐང་ཆེད་དུ་མ་ཡིན་ལ། ཡང་ན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྣམས་ལྟར་དམངས་གཙོའི་སྲིད་ལུགས་སྤེལ་པའི་ཆེད་ཡང་མ་ཡིན། ཡང་ཝ་ཏི་ཀན་གྱི་གཞུང་ལྟར་རང་ཉིད་ཀྱི་ཆོས་ལུགས་སྐྱོབ་ཆེད་ཡང་མ་ཡིན།
 བོད་གཞུང་མང་གི་འདོད་འདུན་ནི་ལོ་རྒྱུས་ལྡན་པའི་མི་རིགས་གཅིག་དང་རྒྱལ་ཁབ་གཅིག་གི་ཁྱད་ཆོས་གཅེས་འཛིན་ཆེད་ཡིན་སྟབས། དེ་དོན་ཐབ་ལམ་གང་ལེགས་ཀྱི་སྐོར་ཀློག་པ་པོ་རྣམས་ལ་རང་རང་གི་དགོངས་ཚུལ་ཕྱོགས་བསྡོམས་གནང་བར་ཕན་པའི་རེ་བ་ཡོད། ༢༠༠༨ ལོར།




***



དཀར་ཅག

སྔོན་གླེང།
༡༽ བོད་དང་བོད་ཡུལ།
༢༽ བོད་མི་རིགས་དང་སྐད་ཡིག
༣༽ བོད་ཀྱི་ཆོས་ལུགས།
༤༽ ལོ་རྒྱུས་ཅན་གྱི་བོད་ཆེན་པོ།
༥༽ བོད་སིལ་བུ།
༦༽ བོད་ཀྱི་དམ་ཆོས།
༧༽ བོད་རྒྱལ་བླ་མའི་དུས་རབས།
༨༽ བོད་རང་དབང་སྐྱར་གསོ།
༩༽ རང་སྐྱོང་ལྗོངས་ཀྱི་ཐོབ་ཐང་།
༡༠༽ བཙན་བྱོལ་བོད་མིའི་ཆབ་སྲིད།
༡༡༽ བོད་མི་མང་སྲིད་གཞུང་།
༡༢༽ བཙན་བྱོལ་བོད་མིའི་དཀའ་སྡུག་དང་ཉམས་མྱོང་།
༡༣༽ བཙན་བྱོལ་བོད་མིའི་མ་འོངས་པ།
༡༤༽ ༢༠༠༨ ལོའི་རྒྱལ་སྤྱིའི་རྩེད་འགྲན་དང་བོད་དོན།
༡༥༽ བོད་རྒྱ་བགྲོས་མོལ་བརྒྱད་པ་དང་བོད་མི་མང་ཛ་དྲག་ཚོགས་འདུ།
༡༦༽ ༢༠༠༩ བོད་ཀྱི་ལོ་གསར་དང་ཆབ་སྲིད།
༡༧༽ མཇུག་བསྡུ།











༡༽ བོད་དང་བོད་ཡུལ།

༄༅། །བོད་ཅེས་པའི་མིང་དེ་བོད་ཡུལ་གྱི་གནའ་མོའི་ཆོས་ལུགས་ཀྱི་མིང་བོན་ནས་ཆད་པ་ཡིན་སྲིད་ཅེས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་བོད་ཀྱི་རྒྱལ་རབས་དེབ་དཀར་ནང་གསལ་བ་ལྟར་དེང་གི་ཆར་བོད་རིག་པའི་མཁས་པ་མང་པོས་མོས་མཐུན་གནང་གིན་ཡོད་པ་དང་། ཡང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་དེབ་མང་པོའི་ནང་བོད་ཅེས་པའི་མིང་དེ་རྒྱ་གར་གྱི་སྐད་དུ་བོད་ལ་བྷོཊ་བཅས་འབོད་པ་དེ་ནས་བསྒྱུར་བ་ཡིན་ཟེར་ལོ།
   བོད་ཀྱི་མིང་དེ་བོད་ཅེས་པའི་འབོད་ཚིག་ནས་འབྱུང་བ་ཡིན་ཟེར་མཁན་ཡང་ཡོད། དོན་ལ་་བོན་ནས་བོད་དང་། བོད་ནས་བྷོཊ་འབྱུང་བ་ཡིན་ནམ་སྙམ། ཨིན་སྐད་དུ་བོད་ལ་ཋི་བྷེཊ་ཞེས་པའི་བརྗོད་མིང་དེ་སོག་སྐད་དུ་བོད་ལ་ཐུ་བོད་ཟེར་བ་དེ་ནས་ཆད་པ་ཡིན་ཟེར། བོད་ཀྱི་ལོ་རྒྱུས་སྙིང་ཤོས་དེ་བོད་ཡུལ་མངའ་རིས་ཞང་ཞུང་གུ་གེ་ནས་བར་སྐབས་སྔར་དངོས་གཅེས་སྙིང་མང་པོ་གསར་དུ་ཐོན་བཞིན་པ་ནས་ངོ་འཁྲོད་ཐུབ་ཅིང་། མནའ་དཔྱད་སྔོག་འདོན་ལས་ར་སྤྲོད་བྱུང་བར་ཉུང་མཐའ་ཡང་མི་ལོ་ལྔ་ཁྲིའི་སྔོན་དུ་བོད་ཡུལ་དུ་མིའི་རིགས་ཀྱི་འགུལ་སྐྱོད་ཡོད་པ་བརྗོད་ཀྱི་ཡོད།
  ད་ཡོད་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཁག་ནང་གསལ་བ་ལྟར་ན་བོད་ཀྱི་བཙན་པོའི་ཐོག་མ་གཉའ་ཁྲི་བཙན་པོ་༼ཕྱི་ལོའི་སྔོན་ལོ་ ༡༢༧༽ ནས་བཟུང་གནམ་གྱི་ཁྲི་བདུན། སྟེང་གི་ཁྲི་གཉིས། ས་ལ་སྡེ་བརྒྱད། བར་གྱི་བཙན་གསུམ་བཅས་ཀྱི་རིང་བོད་ཡུལ་གྱི་ཆབ་སྲིད་སྒྲུང་དང་ལྡེའུ་བོན་གསུམ་གྱིས་བསྐྱངས་པའི་དུས་ཡུན་དེ་དག་གི་རིང་གང་ལྟར་བོད་ཀྱི་གནའ་མོའི་ཆོས་དང་རིག་གཞུང་ཆབ་སྲིད་བཅས་གང་ཅིའི་ཆ་ནས་གདོད་མའི་དུས་རབས་ཆགས་ཀྱི་ཡོད་ཅིང་། བོན་གྱི་བསྟི་གནས་ཞང་ཞུང་གི་ཡུལ་དང་ལྷག་པར་ཞང་ཞུང་དམར་ཡིག་ཅེས་པ་བོད་ཀྱི་གདོད་མའི་ཡི་གེ་ཞིག་ཡོད་པ་ཡང་གསལ་གྱི་ཡོད།


༢༽ བོད་མི་རིགས་དང་སྐད་ཡིག

  བོད་ཀྱི་བཙན་པོའི་ཐོག་མར་འབོད་པ་གཉའ་ཁྲི་བཙན་པོ་ནི་རྒྱ་གར་གྱི་རྒྱལ་སྲས་ཤིག་ཡིན་པ་བོད་ཀྱི་རྒྱལ་རབས་དེབ་ཐེར་མང་པོར་གསལ་ཡང་གཉའ་ཁྲི་བཙན་པོ་ནི་བོད་མི་རང་ཡིན་སྲིད་པ་དང་། བཙན་པོ་དེའི་སྔོན་ནས་བོད་ཡུལ་དུ་ཤེས་རིག་དར་རྒྱས་ཡོད་པའི་ཁུངས་དེང་སང་གི་སྔར་དངོས་སྙིང་པ་སྡོགས་ཐོན་ནས་ར་སྤྲོད་ཐུབ་ཀྱི་ཡོད།
  རྒྱལ་རབས་ཁག་འགའི་ནང་བཤད་ཚུལ་ལ་གཞིག་ན་བོད་ཀྱི་བཙན་པོའི་ཐོག་མ་གཉའ་ཁྲི་བཙན་པོ་རྒྱ་གར་གྱི་རྒྱལ་སྲས་དམག་ཕམ་པ་ཞིག་བོད་ཡུལ་དུ་བྲོས་བྱོལ་བྱས་པ་བོད་མི་རྣམས་ཀྱིས་བཙན་པོར་བསྐུར་བ་དང་། བོད་ཡིག་དབྱངས་གསལ་རྣམས་རྒྱ་གར་གྱི་ཡི་གེ་ལས་སྟོན་པ་དང་། བོད་ཀྱི་ཆོས་རྒྱ་གར་ནས་བླངས་པ། བོད་ཀྱི་སྨན་རྩིས་རྒྱ་ནག་ནས་དང་ཆས་གོས་སོག་པོ་ནས་བླངས་པ་གསལ་གྱི་ཡོད་པ་ལས་བོད་རང་གི་ལུང་པར་ཤེས་རིག་གང་ཡང་གསར་སྐྱེས་བྱུང་མེད་པ་ཧ་ལམ་བཤད་ཡོད།
 སྟབས་ལེགས་པ་ཞིག་ལ་བོད་ཀྱི་ཡུལ་སྐད་དང་སྔ་རབས་ཀྱི་ཤེས་རིག་སྒྲུང་ལྡེའུ་བོན་གསུམ་དེ་དག་རྒྱ་སོག་གང་ནས་ཀྱང་བླངས་པ་གསལ་གྱི་མེད་པས་བོད་ཡུལ་རང་དུ་བོད་མིས་ལྷན་སྐྱེས་ཀྱི་ཤེས་ཡོན་ཞིག་ཡིན་པར་སྙོན་མེད་ཆགས་ཀྱི་ཡོད་དམ།
  བོན་གྱི་ལོ་རྒྱུས་འགའི་ནང་ཞང་ཞུང་དམར་ཡིག་ནས་ད་ཡོད་བོད་ཡིག་དབྱངས་བཞི་དང་ཀ་མད་སུམ་ཅུར་བོད་ཀྱི་ལོ་ཙྭ་བ་ཀ་ཅོག་ཞང་གསུམ་ནས་སྐད་གསར་བཅོས་སྐབས་གཏན་ལ་ཕབས་པ་ལས་ཐོན་མི་སམ་བྷོ་ཊའི་བྱུང་རབས་གསལ་གྱི་མེད་པ་འདྲ།
 ཡོངས་གྲགས་བོད་ཀྱི་ལོ་རྒྱུས་ནང་བོད་མི་རིགས་དེ་ཕ་སྤྲེའུ་དང་མ་བྲག་སིན་གཉིས་ལས་ཆད་རིམ་ཡོད་པ་དེ་ནི་སྤྱིར་ལྟངས་འཛམ་གླིང་འགྲོ་བ་མིའི་རིགས་འཕེལ་ཚུལ་དང་མཐུན་ཆེ་ན་ཡང་། ཡང་ལོ་རྒྱུས་འགར་བོད་མི་རྣམས་སྒོང་ང་ལས་སྐྱེ་ཚུལ་དང་། ལོ་རྒྱུས་ཁག་ཅིག་ནང་སངས་རྒྱས་དང་བྱང་སེམས་ཀྱི་སྤྲུལ་པ་ལས་སྐྱེས་ཚུལ་བཅས་ཀྱི་བྱུང་བ་ནི་སྔར་གྱི་གཏམ་རྒྱུན་ཙམ་ཡིན་སྲིད་པ་ལས་ཚན་རིག་གི་ལམ་ནས་ར་འཁྲོད་པ་དཀའ།


༣༽ བོད་ཀྱི་ཆོས་ལུགས།

    བོད་རྒྱལ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་པྱི་ལོ་ ༣༧༤ ལ་འཁྲུངས་ཤིང་། པྱི་ལོ་ ༤༣༣ ལ་བོད་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་པར་བཤད། དེ་ནས་རིམ་པར་སྲོང་བཙན་གྱི་ཡབ་གནམ་རི་སྲོང་བཙན་བར་གདུང་རྒྱུད་བཞི་ཡིས་རྒྱལ་ས་བཟུངས།
 དེང་རབས་ཀྱི་ལོ་རྒྱུས་འགའ་ཞིག་ནས་བོད་རྒྱལ་སྲོང་བཙན་གྱི་བཙུན་མོ་རྒྱ་ནག་ཀོང་ཇོ་དང་བལ་ཟ་ཁྲི་བཙུན་གཉིས་ཀྱིས་ནོར་སྐལ་ལྷ་སའི་ཇོ་བོ་རྣམ་གཉིས་གདན་ཞུས་དང་བཞུགས་གནས་ལྷ་ཁང་བཞེངས་པ་སོགས་ཀྱིས་བོད་ནང་ཤྭཀྱ་ཐུབ་པའི་ཆོས་ཐོག་མ་དར་བ་བཤད་པ་ལ་ཡང་ཆབ་སྲིད་ཀྱི་ཆ་ནས་བསམས་ཚེ་རྒྱུ་མཚན་ཆེན་པོ་ཡོད།
  རྒྱལ་རབས་སོ་གསུམ་པ་སྲོང་བཙན་ཕྱི་ལོ་ ༦༢༩ ན་རྒྱལ་སར་འཁོད་པ་ནས་རྒྱལ་རབས་བོད་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་རྒྱལ་བ་ཤྭཀྱ་ཐུབ་པའི་བསྟན་པ་བོད་ཡུལ་དུ་དར་ཞིང་ཁྱབ་པ་དང་། རིམ་གྱིས་བོན་དང་ཤྭཀྱ་ཐུབ་པའི་རྗེས་འབྲངས་བའི་དབར་དུ་འགལ་འདུ་རིམ་པ་བྱུང་སྟེ་བོད་ཀྱི་མནའ་བོའི་ཆོས་ལུགས་བོན་གྱི་ལམ་སྲོལ་རྗེས་འབྲང་པ་དང་བཅས་པར་ཕམ་ཉེས་ཆེན་པོ་བྱས། ལྷག་པར་བོད་ཡུལ་གྱི་གདོད་མའི་ཆོས་ལུགས་དང་སྐད་ཡིག་རིག་གཞུང་བཅས་ཀྱི་རང་བཞིན་ངོ་མ་གཏོར་ཏེ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་མཚོན་པའི་ལོ་རྒྱུས་ཀྱི་ལེའུ་གལ་ཆེ་ཞིག་དུས་སྐབས་དེར་ཧ་ལམ་དམིགས་མེད་དུ་བྱས་པ་ཡིན་སྲིད།
  དུས་ཕྱིས་བོད་ནང་སྐབས་འགར་ཆོས་དགའ་བོན་དགའ་ཅེས་ཕན་ཚུན་བལྟ་གྲུབ་དང་ལུགས་སྲོལ་ཧ་ཅང་འདྲ་བར་འགྱུར་བ་ཡང་སྤྱི་ཚོགས་ནང་ཆོས་ལུགས་གཉིས་ཀྱི་རིན་ཐང་རྣམས་སོ་སོར་འགལ་མེད་གཙང་ཉར་མ་ཐུབ་པའི་འབྲས་བུར་སྣང་།


༤༽ ལོ་རྒྱུས་ཅན་གྱི་བོད་ཆེན་པོ།

 བོད་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་བློན་པོ་སྒར་སོགས་བོད་ཀྱི་དཔའ་བོའི་དུས་རབས་ཤར་ཏེ་རྒྱ་དཀར་ནག་གི་ས་ཁུལ་མང་པོ་བཙན་པོས་བཟུང་ཐུབ་པ་དང་། རྒྱ་ནག་དང་མཆིངས་ཡིག་རྡོ་རིང་བཙུགས་ཏེ་བོད་རྒྱལ་ཁབ་ཀྱི་ཆེ་མཐོང་དང་ལ་རྒྱ་ཁྱིམ་ཚེས་ཡུལ་ཕྱོགས་དེ་དག་ནང་མངོན་ཐུབ་པ་བྱུང་།
 བོད་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་བོད་དེ་རྒྱལ་སྤྱིའི་ནང་ཁྱིམ་ཚེས་རྒྱལ་ཁབ་ཁག་དང་འདྲ་མཉམ་གྱི་ལམ་ནས་ཕན་ཚུན་འཐབ་པ་དང་འདུམ་པ་འཆིངས་ཡིག་གི་རྡོ་རིང་བཙུགས་པ་བཅས་ཆབ་སྲིད་ཀྱི་ཆ་ནས་བོད་རྒྱལ་ཁབ་གྱི་ངོ་བོ་ཆ་ཚང་བ་དང་སྤོབ་པ་ལྡན་པའི་དུས་རབས་ཡིན།
 ད་ལྟ་ང་ཚོས་ཆེད་དུ་རྩོད་བཞིན་པའི་བོད་དེ་ཡང་གཞི་རྩ་བོད་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་ཀྱི་རྡོ་རིང་ཐོག་བཀོད་པ་ལྟར་གྱི་བོད་ཆེན་པོ་དེ་ཡིན། མདོར་ན། བོད་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྒྱལ་རབས་དེབ་ཐེར་དཀར་པོའི་ནང་བོད་དེ་དེང་དུས་རྒྱལ་རབས་ཆབ་སྲིད་རིག་པའི་ལམ་ནས་བོད་རྒྱ་གཉིས་ཐ་དད་ཡིན་པ་གསལ་བསྟོན་ཆེད་ཀྱི་ཉམས་ཞིབ་འགོ་འཛུགས་གནང་བ་ལྟར་མཇུག་བསྐྱེལ་ཐུབ་པ་དང་། བོད་རེ་བས་མ་འཕུང་བ་ཞིག་དགོས་པ་ནི་ད་ལྟའི་དུས་རབས་ཀྱི་བོད་མི་ཚོའི་ལས་འགན་ཞིག་ཡིན།
  བོད་རྒྱལ་བོན་གྱི་ཆོས་ལུགས་ལ་དགའ་བ་ལྷ་སྲས་དར་མས་སརྒྱས་པའི་ཆོས་ལུགས་རྗེས་འཇུག་པར་ཕམ་ཉེས་ཆེན་པོ་བྱས་པས་སངས་རྒྱས་པའི་ཆོས་པ་ལྷ་ལུང་དཔལ་རྡོར་གྱིས་དར་མ་ཕྱི་ལོ་ ༨༤༢ ལ་བཀྲོངས་པ་ནས་བཟུང་ཆབ་སྲིད་ཀྱི་ཐོག་ནས་བོད་ཆེན་པོ་ལ་དབང་བའི་རྒྱལ་རབས་མཇུག་རྫོགས།
    བོད་ཀྱི་རྒྱལ་རབས་ལོ་རྒྱུས་མང་པོའི་ནང་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་དུད་རྒྱལ་གླང་དར་མ་ཞེས་བརྗོད་ཀྱང་། བོན་གྱི་ལོ་རྒྱུས་འགའི་ནང་དོན་ལ་དུད་རྒྱལ་མེས་དབོན་རྣམ་གསུམ་དང་ཆོས་རྒྱལ་དར་མ་ཅེས་བརྗོད་པ་ཡང་ཡོད་པ་འདྲ། དེ་ལྟར་བོད་ཀྱི་ལོ་རྒྱུས་ཀྱི་དེབ་ཐེར་ཁག་ནང་ཆོས་བློན་དང་དུད་བློན་ཞེས་བརྗོད་པ་དེ་དག་ནི་ཆགས་དྭངས་ཕྱོགས་རིས་ཀྱི་བརྗོད་ཚིག་ཡིན་ནམ།
   སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་ལ་ཤ་ཚའི་ཞལ་གདམས་ནང་། "མཐའ་མ་བོད་འདི་རྒྱའི་འོག་ཏུ་འདུ།།" གསུངས་པ་དེ་ནི་ཁོང་ནས་བསམ་ཡས་སུ་རྒྱ་དཀར་ནག་གི་མཁན་སློབ་མང་པོ་ཕེབས་ཏེ་བོད་དེ་ཕྱིའི་རྒྱལ་ཁབ་ང་ཕྱིའི་རིག་གཞུང་བཙན་འཛུལ་གྱི་གནས་ཚུལ་ལ་གཟིགས་ནས་མཐར་བོད་ཡུལ་དེ་རྒྱ་དཀར་ནག་གི་ཡུལ་དུ་འགྱུར་རྒྱུ་ཡིན་པ་མངོན་གཟིགས་བྱུང་བ་ཞིག་ཡིན་པ་རེད། དེ་ནས་མི་ལོ་སྟོང་ལྷག་གི་རྗེས་སུ་དུས་དེང་སང་སྔར་གྱི་བོད་ཡུལ་དེ་ཕྱེད་ལྷག་རྒྱ་ནག་དང་ཕྱེད་མན་ཙམ་རྒྱ་གར་གྱི་མངའ་ཁོངས་སུ་འགྱུར་བའདི་རེད། ​དེ་བཞིན་གློ་ཁུལ་སོགས་ས་གནས་འགའ་བལ་ཡུལ་གྱི་ཁོངས་སུ་ཡང་འགྱུར་ཡོད།
   རྒྱལ་པོ་དར་མ་འུ་གཏུམ་བཙན་པོའི་སྐབས་སུ་བོད་རྒྱལ་ཁབ་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་མཚོན་བྱེད་གདོད་མའི་རིག་གཞུང་སླར་གསོའི་ཆེད་བཅོས་འགྱུར་ལས་འགུལ་ལ་ཕམ་ཉེས་ཆེན་པོ་བྱུང་བ་ནས་ཟུང་དུས་ད་ལྟའི་བར་བོད་རྒྱལ་ཁབ་དང་མི་རིགས་ཐུན་མོང་མ་ཡིན་པའི་ངོ་བོ་མཚོན་བྱེད་བོད་ཀྱི་གདོད་མའི་རིག་གཞུང་རྩ་ཐོར་རུསོང་བའི་གནས་སྟངས་སུ་འགྱུར་བ་འདི་རེད། འདིར་དྲི་པ་ཆེན་པོ་འགའ་ཞིག་ཡོད་པ་ནི། བོད་རྒྱལ་ཁབ་དང་མི་རིགས་ཐུན་མོང་མ་ཡིན་པའི་ངོ་བོ་མཚོན་བྱེད་བོད་ཀྱི་གདོད་མའི་རིག་གཞུང་དེ་སྐྱར་གསོ་ཐུབ་སྲིད་དམ།  བོད་ཀྱི་གདོད་མའི་རིག་གཞུང་དེ་གང་འདྲ་ཞིག་ལ་ཟེར་རམ།

༥༽ བོད་སིལ་བུ།

  བོད་རྒྱལ་དར་མའི་སྲས་གཉིས་ཀྱི་ཡུམ་གཉིས་པོ་ཕྱོགས་སོ་སོར་རྒྱས་པ་དང་འབངས་གྱེན་ལོག་བྱུང་བ་ནས་བོད་སིལ་བུའི་ལོ་རྒྱུས་འགོ་ཚུགས། དེ་ནས་བཟུང་རིམ་པར་བོད་ཡུལ་ས་ཆ་རེ་དང་ལུང་པ་ཆུང་ཆུང་རེར་དབང་བསྒྱུར་བའི་སྡེ་དཔོན་རེས་མངའ་འབངས་ཉུང་ཟད་རེ་ལ་དབང་བསྒྱུར་བས་མཐའ་མཚམས་ཀྱི་བོད་དམག་རྣམས་ཡུལ་མཐའ་སོ་སོར་དབང་བསྒྱུར་ནས་རང་མོས་བཞིན་གཞིས་ཆགས་ཏེ་འཚོ་སྡོད་བྱས་པ་ལས་བོད་ཀྱི་སྨད་མདོ་ཁམས་ཞེས་པ་ཆགས་ཟེར།
 དུས་དེ་ནས་བཟུང་སྔར་གྱི་བོད་ཆེན་པོའི་མཐའ་མཚམས་འགའ་ཞིག་དཔེར་ན། རྒྱལ་དབང་ཏྭ་ལའི་བླ་མ་བཅུ་བཞི་པའི་འཁྲུང་ཡུལ་སྟག་ཚེར་ཡང་༧གོང་ས་མཆོག་དབུས་སུ་གདན་ཞུ་སྐབས་ཐད་ཀར་རྒྱ་ནག་གི་ཆབ་སྲིད་དབང་འཛིན་འོག་ཡོད་པ་དང་། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཅེས་དངོས་ཡོད་རྒྱལ་ཆུང་རང་བཙན་པ་བཅོ་བརྒྱད་པྱི་ལོ་ ༡༩༥༠ སྐོར་བར་ཆབ་སྲིད་ཀྱི་ཆ་ནས་རྒྱ་ནག་གཞུང་དང་བོད་གཞུང་གང་གི་ཡང་ཁོངས་སུ་མེད་པར་གནས་པ་ཡིན་སྲིད། འོན་ཀྱང་མེས་དབོན་རྣམ་གསུམ་སྐབས་ཡུལ་དེ་དག་བོད་ཀྱི་ཆབ་འབངས་ཡིན་པའི་ངག་རྒྱུན་དང་དེབ་ཐེར་གྱི་ཁུངས་མང་པོ་གསལ།


༦༽ བོད་ཀྱི་དམ་ཆོས།

 བོད་སིལ་བུའི་རྒྱལ་རབས་རིང་མངའ་རིས་ཀྱི་རྒྱལ་པོ་ཡེ་ཤེས་འོད་དང་བྱང་ཆུབ་འོད་ཀྱི་སྐབས་སུ་བོད་ཡུལ་སྟོད་དུ་སངས་རྒྱས་ཀྱི་ཆོས་སྐྱར་དུ་དར་ཅིང་རིམ་པས་དབུས་གཙང་ཕྱོགས་སུ་ཡང་ཤུགས་ཆེ་དར་ཁྱབ་བྱུང་། ཆོས་ལུགས་དེ་ལ་ཇོ་བོ་བཀའ་གདམས་པའི་ལུགས་ཞེས་བརྗོད་ཅིང་བསྟི་གནས་ནི་སྟོད་མཐོ་ལྡིང་དང་བྱང་ར་གྲེང་དགོན་པ་བཅས་ཡིན། བཀའ་གདམས་པའི་གདམས་ངག་གི་སྙིང་པོ་བྱང་ཆུབ་སེམས་སྦྱོང་གི་རིམ་པ་བློ་སྦྱོང་དང་ཤེར་ཕྱིན་གྱི་བསྡུས་དོན་ལམ་རིམ་ཞེས་བརྗོད་པ་བོད་ཀྱི་ཆོས་རྒྱུད་སྙིང་མ། བཀའ་རྒྱུད། ས་སྐྱ། དགེ་ལྡན་པ་བཅས་ཡོངས་ཀྱི་ནང་སྙིང་གི་ཉམས་ལེན་དུ་འགྱུར་པ་ལས་དུས་དེ་ནས་བཟུང་བོད་ནང་སངས་རྒྱས་ཆོས་ལུགས་ཀྱི་བལྟ་གྲུབ་དང་ཉམས་ལེན་ངོས་གཙང་ཡོངས་ཁྱབ་ཞིག་གཏན་ཆགས་ཐུབ།
 སྙིང་མ་ནི་བོད་རྒྱལ་མེས་དབོན་རྣམ་གསུམ་གྱི་རིང་རྒྱ་དཀར་ནག་ནས་ནང་པའི་མཁན་པོ་དང་སློབ་དཔོན་མང་པོ་གདན་དྲངས་ཏེ་བསམ་ཡས་སུ་མདོ་རྒྱུད་འཆད་བསྒྱུར་མང་པོ་བྱས་པ་ལས་ཆད། བཀའ་རྒྱུད་ནི་ལྷོ་བྲག་མར་པའི་བླ་མ་རྒྱ་གར་གྱི་གྲུབ་ཆེན་ན་རོ་པ་དང་མེཏྲིཔ་སོགས་ནས་བྱུང་། ས་སྐྱ་ནི་ས་སྐྱའི་གདུང་རྒྱུད་མཁོན་དཀོན་མཆོག་རྒྱལ་པོས་གསང་སྔགས་གསར་མའི་གྲུབ་མཐར་དོ་སྣང་གནང་བ་དང་ས་སྐྱ་དགོན་པ་གསར་བསྐྲུན་གནང་བ་ལས་དར། དགེ་ལུགས་ནི་ཇོ་བོ་ཨ་ཏི་ཤའི་ལམ་རིམ་ལ་བཀའ་རྒྱུད་དང་ས་སྐྱའི་གདམས་པས་རྒྱན་ཏེ་རྗེ་ཙོང་ཁ་པས་བོད་དབུས་དགའ་ལྡན་དགོན་པར་ཡུན་རིང་འཛིན་སྤེལ་གནང་བ་ལ་ཟེར།
 བོད་སིལ་བུའི་དུས་རབས་ཀྱི་སྐབས་སྲིད་ཕྱོགས་ནས་བོད་ཆིག་དྲིལ་མེད་པ་དང་རྒྱལ་ཕྲན་ནང་ཚུན་འཁྲུག་པ་བཅས་ཀྱིས་དུས་འདས་ཀྱང་དུས་སྐབས་དེའི་རིང་བོད་ནང་བཀའ་གདམས་པ། བཀའ་རྒྱུད་པ། ས་སྐྱ་པ་བཅས་ཀྱི་སྲོལ་གསར་དར་བ་བཅས་བསྟན་པ་ཕྱི་དར་གྱི་ལས་འགུལ་རླབས་ཆེན་གནང་སྟེ་ཤེས་རིག་ཐོག་བོད་འཁྱོན་ཡོངས་ལ་ཡར་རྒྱས་ཆེན་པོ་བྱུང་སྟེ་བོད་དེ་ཆབ་སྲིད་ཀྱི་གཅིག་དྲིལ་མེད་ཀྱང་རིག་གཞུང་གི་ཆ་ནས་གཅིག་འགྱུར་གྱི་ཤུགས་རྐྱེན་ཆེན་པོ་བཞག་ཐུབ།
 མདོར་ན་བོད་སིལ་བུའི་རིང་བོད་འཁྱོན་ལ་ཆོས་དང་རིག་གཞུང་འདྲ་ཡང་ཆབ་སྲིད་རྒྱལ་ཕྲན་དུ་རྒྱས་པས་ཆོས་སྲིད་གཉིས་ཉ་དང་ཉུང་མ་ལྟར་མ་བསྲེས་པའི་བོད་ཀྱི་དུས་རབས་ཤིག་ཡིན་སྲིད་དམ། བོད་སིལ་བུའི་དུས་རབས་ནི་མི་ལོ་ ༤༡༡ རིང་གནས་ཞེས་གྲགས།


༧༽ བོད་རྒྱལ་བླ་མའི་དུས་རབས།

 པྱི་ལོ་ ༡༢༥༣ ལོར་བོད་ཀྱི་བླ་མ་ས་སྐྱ་འགྲོ་མགོན་ཆོས་རྒྱལ་འཕགས་པས་སོག་པོ་ཀུབ་ལའི་ཁན་ལ་གསང་སྔགས་ཀྱི་དབང་བསྐུར་བའི་དབང་ཡོན་དུ་བོད་ཁྲི་འཁོར་བཅུ་གསུམ་ཞེས་པ་ཕུལ་བ་ནས་བོད་ཡུལ་གཅིག་སྒྲིལ་ལྟ་བུའི་སྔར་གྱི་རྒྱལ་ཁབ་སྐྱར་གསོའི་འགོ་ཚུགས་ན་ཡང་སྟོབས་དབང་གི་ཆ་རྐྱེན་དེ་བོད་རྒྱ་སོག་གི་མངའ་ཁོངས་ཡིན་པའི་ལོ་རྒྱུས་ཀྱི་རྩ་བར་འགྱུར་བ་དང་བོད་ཡུལ་བླ་མས་བསྐྱོང་བའི་ལོ་རྒྱུས་ཀྱི་འགོ་ཚུགས་ཤིང་།  བོད་ཡུལ་བོད་ཀྱི་བླ་མས་དབང་འགྱུར་དེ་སྐབས་བསྟུན་ཕྱི་རྒྱལ་ཡུལ་ཁག་སོག་པོ་ཁན་དང་མཎ་ཇུ་རྒྱ་ནག་གོང་མ་བཅས་ཀྱི་དབང་བསྐུར་ལ་བསྟུན་དགོས་པ་ཆགས་པ་དང། གང་ལྟར་སྔར་བོད་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་ཀྱི་ས་འཁྱོན་ལ་ཁྱབ་པའི་ཆབ་སྲིད་ཀྱི་བོད་ཡུལ་དེ་ནམ་ཡང་སྐྱར་གསོ་མ་ཐུབ།
 ས་སྐྱའི་གཞུང་གི་ཁྲི་དཔོན་བཅུ་གསུམ་ནང་ཕན་ཚུན་འཁྲུག་རྐྱེན་ཕག་གྲུའི་ཁྲི་དཔོན་སྣེ་གདོང་པ་ཏྭའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱའི་སྲིད་དབང་ཕྲོགས་སྟེ་པྱི་ལོ་ ༡༣༥༨ ནས་ཕྱི་ལོ་ ༡༤༦༨ བར་ཕག་གྲུའི་མི་རྒྱུད་ཀྱིས་དབང་ཆ་འཛིན།ཕྱི་ལོ་ ༡༤༠༨ ལོར་སྣེ་གདོང་གོང་མ་མི་དབང་གྲགས་པ་རྒྱལ་མཚན་གྱིས་སྒེར་ཤྭཀྱ་འབུམ་གྱི་སྲས་ནམ་མཁའ་རྒྱལ་མཚན་རིན་སྤུངས་པའི་རྫོངས་དཔོན་དང་གཅང་ཆུ་མིག་རིང་མོའི་ཁྲི་དཔོན་།ས་སྐྱ་ལྷ་ཁང་ཆེན་མོའི་དཔོན་ཆེན་བཅས་སུ་བསྐོ་བཞག་གནང་ཞིང་། རྗེས་སུ་རིན་སྤུངས་པའི་མི་རྒྱུད་ལ་འཇགས་གནས་ཤེལ་ཐམ་གནང་སྟེ། ནམ་མཁའ་རྒྱལ་མཚན་གྱི་མི་རྒྱུད་ལ་རིན་སྤུངས་པ་ཞེས་གྲགས་པ་དང་། དེའི་མི་རྒྱུད་ཀྱིས་ཕྱི་ལོ་ ༡༤༩༨ ལོར་སྣེ་གདོང་ས་སྐྱོང་ངག་དབང་ལྷུན་པོ་དམག་གིས་ཕམ་པར་བྱས་ཏེ་སྣེའུ་གཞིས་རྩིས་བླངས་ནས་ ཕྱི་ལོ་ ༡༥༦༦ བར་སྲིད་དབང་བསྒྱུར།
 ཕྱི་ལོ་ ༡༥༤༨ ལོར་རིན་སྤུངས་པའི་གཞིས་ཀ་བསམ་གྲུབ་བརྩེའི་རྫོངས་དཔོན་ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་འབངས་གྱེན་ལོག་བྱས་པར་རིན་སྤུངས་པའི་དབང་དུ་བསྡུ་མ་ཐུབ་པར་རིན་སྤུངས་པའི་སྲིད་དབང་རྫོངས་དཔོན་ལ་ཤོར། ཞིང་ཤག་པའི་ཚ་བོ་ཀརྨ་བསྟན་བསྐྱོང་དབང་པོས་སྲིད་དབང་འཛིན་སྐབས་གདན་ས་སེ་འབྲས་དགེ་གསུམ་དང་། བཀྲིས་ལྷུན་པོ་བཅས་ལ་བསུན་ཙེར་ཡང་ཡང་གནང་རྐྱེན་འབྲས་སྤུངས་གཟིམ་ཤག་འོག་མའི་སྡེ་པ་བསོད་ནམས་ཆོས་འཕེལ་དང་། དགེ་ལུགས་པའི་སྦྱིན་བདག་སྟག་རྩེ་སྡེ་པ་བཅས་ཀྱིས་སོག་པོ་ཨོ་རོད་ཚོ་པ་བཞི་ལ་སྐྱབས་རོགས་ཞུས་ཏེ་གུ་ཤྲི་ཁྭང་གི་དམག་གིས་ཕྱི་ལོ་ ༡༦༤༢ ལོར་སྡེ་པ་གཙང་པའི་སྲིད་དབང་རྩ་མེད་བཏང་། གུ་ཤྲི་ཁྭན་གྱིས་ཏྭ་ལའི་བླ་མ་རྒྱལ་མཆོག་ལྔ་པ་ཆེན་པོ་སྐབས་དེའི་བོད་ཡུལ་གྱི་བདག་པོར་མངའ་སྲོལ་བ་དང་། ཁོང་གི་གཞུང་ལ་བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་འབྲས་སྤུངས་བླ་བྲང་འོག་མའི་མིང་ནས་བརྗོད། དགའ་ལྡན་ཕོ་བྲང་པའི་དབང་ཚད་ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱིས་ཕྲོགས།
  ཆོས་རྒྱལ་འཕགས་པས་སོག་པོ་ཀུབ་ལའི་ཁྭན་ནས་དབང་ཡོན་དུ་བླངས་པའི་བོད་ཁྲི་སྐོར་བཅུ་གསུམ་ས་སྐྱའི་ཆོས་ལུགས་ཀྱིས་དང་། རིན་སྤུངས་པ་སོགས་བཀའ་རྒྱུད་པའི་ཆོས་ལུགས་ཀྱིས་དང་། རྒྱལ་དབང་ཏྭ་ལའི་བླ་མས་སོག་པོ་གུ་ཤྲི་ཁྭན་ནས་དབང་ཚད་བླངས་ནས་དགེ་ལུགས་པའི་ཆོས་ལུགས་ཀྱིས་བོད་ཀྱི་ཆབ་སྲིད་བསྐྱངས་པ་བཅས་ཀྱི་རིང་ཆོས་ཀྱི་དབང་ཚད་ཆབ་སྲིད་ཀྱི་རྒྱབ་རྟེན་དུ་འགྱུར་བ་དང་། ཆོས་ཀྱི་དབང་ཚད་དེ་དག་ཀྱང་སྦྱིན་བདག་དབང་ཆེན་ཕྱི་རྒྱལ་གྱི་ཆབ་སྲིད་ལག་ཆར་མི་འགྱུར་ཐབ་མེད་ཆགས་།
 མཐར་ཕྱི་ནང་གི་གནས་སྟངས་སྟབས་བསྟུན་དགོས་དབང་གིས་ཆོས་ལུགས་དབར་གྱི་ཐབ་རྩོད་ལ་ཆབ་སྲིད་གཙོ་དོན་འགྱུར་ཏེ། བོད་རྒྱལ་བླ་མའི་དུས་རབས་དེ་དག་གི་རིང་ཆབ་སྲིད་གཙང་མའི་ཐོག་ནས་བོད་རང་དབང་ལྡན་པའི་རྒྱལ་ཁབ་ཏུ་འགྱུར་བར་འགོགས་རྐྱེན་ཆེན་པོ་ཞིག་བྱུང་ཡོད་པ་ནི་ཕྱི་རྒྱལ་གྱི་སྟོབས་ཤུགས་བོད་ཀྱི་ཆབ་སྲིད་ནང་འཛུལ་ཡོད་པས་ཡིན་ཅེས་བརྗོད་ཆོག
  བོད་པའི་སྤྱི་ཚོགས་ནང་བླ་མའི་གོ་གནས་ཀྱི་མིང་མང་པོ་དང་མཐོ་མཐོ་མང་པོ་བཤད་སྲོལ་ཡོད་པ་ཡང་ཕལ་ཆེ་བ་རྒྱ་ནག་དང་སོག་པོས་གོ་གནས་སྤྲད་པ་དང་བོད་ཀྱི་སྲིད་དོན་གྱི་གོ་གནས་ཡིན། དེ་བཞིན་བོད་ཀྱི་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་དེ་ཡང་ཕྱིས་སོག་པོས་དབང་འགྱུར་ཆེད་སྲ་བརྟན་དུ་བཏང་བ་ཡིན་སྲིད་ཅིང་། ཕྱིས་སུ་རྒྱ་ནག་གོང་མས་གསེར་བུམ་བསྐྲུག་པའི་ལམ་གསར་བཟོས་པ་ཡང་དམིགས་ཡུལ་གཅིག་ཡིན་པར་སྣང་། ས་སྐྱ་གོང་མའི་དུང་རྒྱུད་ཀྱི་ལམ་ལུགས་དེ་ཡང་སོག་པོས་བོད་ཡུལ་དབང་བསྒྱུར་བརྟན་པོ་ཡོང་ཆེད་བཟོས་པ་ཞིག་མིན་ནམ་སྙམ། ལོ་རྒྱུས་ནང་བོད་མི་རང་ངོས་ནས་ལམ་ལུགས་དེ་དག་རང་སྟོབས་ཀྱི་ལག་ལེན་ཐུབ་པའི་དུས་སྐབས་ཀྱང་བྱུང་ཡོད།


༨༽ བོད་རང་དབང་སྐྱར་གསོ།

   ༡༩༡༡ ལོ་རྒྱ་ནག་ཏུ་ངོ་ལོག་བྱུང་སྟེ་བོད་ནང་གི་རྒྱ་མིའི་དཔུང་དམག་ཚོའི་དགོས་མཁོ་ཆད་དེ་རྒྱ་དམག་དམག་དཔོན་ཚོར་ནང་ནས་ངོ་ལོག་བྱུང་། བོད་ནང་ཡོད་པའི་ཨམ་བན་སོགས་རྒྱ་མི་འཕྲོས་ལྷག་རྣམས་བོད་མིས་མཐར་སྐྲོད་བཏང་སྟེ་བོད་རང་དབང་རང་བཙན་གཙང་མར་གྱུར་བ་རེད། ཅེས་དང་།
 རྒྱ་མིའི་དཔུང་དམག་མཐར་སྤྲོད་སྐབས་ཏྭ་ལའི་བླ་མ་རྒྱ་གར་ནས་ཕྱིར་ཕེབས་ཀྱིས་བོད་འདི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་གསལ་བསྒྲགས་གནང་ཞིང་། ཅེས་དང་།
 དུས་སྐབས་དེར་འཛམ་གླིང་ཕྱིར་བོད་མིའི་རང་དབང་རང་བཙན་ཁུངས་སྐྱེལ་བྱེད་པའི་ལས་ཀ་ཤུགས་ཆེ་བྱས་མེད། ཅེས་དང་།
  ༡༩༡༢ ལོ་ང་ཚོར་རང་དབང་རང་བཙན་གཙང་མ་ཐོབ་པའི་སྐབས་སུ་རང་ཉིད་གཅིག་པུ་སྡོད་རྒྱུ་དེར་འདོད་ཁེངས་བྱུང་སྟེ། ང་ཚོ་རང་དབང་རང་བཙན་ཡིན་པ་དེ་ཕྱི་རྒྱལ་ལ་ཁྲིམས་མཐུན་ཁུངས་སྐྱེལ་དགོས་ཀྱི་ཡོད་པའི་བསམ་བློ་འཁོར་བ་མ་བྱུང་། ཞེས་ཏྭ་ལའི་བླ་མ་བཅུ་བཞི་པ་ཆེན་པོའི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ནང་གསལ་བ་ལྟར།
 ཏྭ་ལའི་བླ་མ་བཅུ་གསུམ་པའི་སྐབས་ཆབ་སྲིད་ཀྱི་རང་ཐག་རང་བཅོད་གཙང་མའི་གོ་སྐབས་བཟང་པོ་ཡུད་ཙམ་ཐོབ་པ་དེའི་རིང་བོད་ཡུལ་དེ་དེང་རབས་ཅན་དུ་བཅོས་པའི་ལས་འགུལ་མང་པོ་སྤེལ་ཡང་། ཕྱིའི་རྒྱལ་ཁབ་དང་ཐུན་མོང་ཆབ་སྲིད་ཀྱི་ཆ་ནས་རྒྱལ་ཁབ་འདྲ་མཉམ་གྱི་འབྲེལ་བའི་གཞི་གཏན་གསལ་པོ་དང་བརྟན་པོ་ཞིག་བཟོ་མ་ཐུབ།

༩༽ རང་སྐྱོང་ལྗོངས་ཀྱི་ཐོབ་ཐང་།

  ༡༩༥༡ ལོར་པེ་ཅིང་དུ་བོད་གཞུང་གི་སྐུ་ཚབ་ཚོགས་པ་དང་རྒྱ་ནག་དབུས་གཞུང་དབར་བགྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཟོས་པ་ནས་སྔར་གྱི་བོད་དེ་བོད་རང་སྐྱོང་ལྗོངས་ཟེར་བ་ཞིག་ཏུ་འགྱུར་བ་དང་དེ་ནས་བཟུང་བོད་ཡུལ་དེ་རྒྱ་ནག་དམར་ཤོག་ཚོགས་པའི་དབང་འགྱུར་འོག་དུས་ད་ལྟའི་བར་གནས།
 བགྲོས་མཐུན་དོན་ཚན་བཅུ་བདུན་གྱི་འབྲུ་དོན་ལ་བརྩི་བཀུར་གྱིས་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་དུ་༧གོང་ས་ཆེན་པོ་དང་པན་ཆེན་རིན་པོ་ཆེ་བཅས་རྒྱ་ནག་ཏུ་བཅར་ཏེ་ཚོགས་ཆེན་ཐོག་གསུང་བཤད་དང་འོས་འཕེན་གནང་བ་དང་མ་ཚད་༧གོང་ས་མཆོག་རྒྱ་ནག་རྒྱལ་ཡོངས་བགྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་བོད་རང་སྐྱོང་ལྗོངས་གྲྭ་སྒྲིག་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱི་གོ་གནས་ཀྱང་བཞེས། སྐབས་དེར་༧གོང་ས་མཆོག་ནས་གཙོ་འཛིན་མའོ་ཙེ་དོང་དང་མཇལ་འཕྲད་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་འཆར་གཞི་དང་ལས་དོན་ཐོག་བཀའ་མོལ་རིམ་པ་གནང་ཡང་མཐར་བོད་ནང་རྒྱ་དམར་གིས་འཆར་གཞི་ལྟར་ལག་ལྟར་མ་བྱས་སྟབས་ཕྱི་ལོ་ ༡༩༥༩ ལོར་༧གོང་ས་མཆོག་འཁོར་བཅས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས།
 ༧གོང་ས་མཆོག་དང་རྒྱ་ནག་གཞུང་དབར་གྱི་འབྲེལ་མཚམས་ཆད་ནས་ལོ་གྲང་ཉི་ཤུ་འདས་རྗེས་རྒྱ་ནག་གཙོ་འཛིན་ཏིང་ཤོ་ཕིང་ནས་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་དང་འབྲེལ་མཐུད་ཀྱིས་ཕྱི་ལོ་ ༡༩༧༩ ལོར་རྒྱལ་ལོ་དོན་གྲུབ་པེ་ཅིང་དུ་ཕེབས་ཏེ་ཏིང་ཤོ་ཕིང་དང་ཐུག་འཕྲད་སྐབས་ཏིང་ནས་རྒྱལ་ལོར་བོད་རང་བཙན་མ་གཏོགས་གང་ཅིའི་ཐོབ་ཐང་ཐོག་བགྲོས་མོལ་གནང་འཐུས་ཅེས་༧གོང་ས་མཆོག་ལ་ངག་ལན་བསྐུར་བ་ལས་༧གོང་ས་མཆོག་དང་རྒྱ་གཞུང་དབར་གྱི་འབྲེལ་སྒོ་གསར་པ་འཕྱེ་བ་དང་ཕྱི་ལོ་ ༡༩༧༩ དང་ ༡༩༨༠ ནས་ ༡༩༨༨ དབར་ནང་༧གོས་ས་མཆོག་གི་སྐུ་ཚབ་རིམ་པ་མང་པོ་རྒྱ་ནག་དང་བོད་ཡུལ་ས་ཁུལ་འགའ་བཅས་ཀྱི་ནང་བལྟ་སྐོར་ལ་ཕྱིན་པ་དང་རྒྱ་ནག་གཞུང་དང་འབྲེལ་མོལ་བྱས་ཀྱང་གྲུབ་འབྲས་དོན་སོན་ངོ་མ་གང་ཡང་མ་སྨིན།
 ཡང་ཕྱི་ལོ་ ༢༠༠༢ ནས་ ༢༠༠༨ ཀྱི་ཟླ་བ་ ༥ པའི་དབར་༧གོང་ས་མཆོག་གི་སྐུ་ཚབ་ནས་རྒྱ་གཞུང་ལས་སྣེ་དང་བགྲོས་མོལ་སྐོར་བདུན་དང་ནང་མོལ་གཅིག་གནང་བའི་མཐར་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་སྐལ་བཟང་རྒྱལ་མཚན་གཉིས་ནས་རྒྱ་ཕྱོགས་ནས་ལྷག་བསམ་རྣམ་དག་གནང་གི་མེད་ཚུལ་དང་དོན་ངོ་མའི་ཐོག་འབྲས་བུ་གང་ཡང་མ་སོན་པའི་གསར་འགོད་ཚོགས་འདུར་དྲིལ་བསྒྲགས་བྱས།
 སྐྱར་ཡང་༧གོང་ས་མཆོག་གི་སྐུ་ཚབ་འཁོར་བཅས་རྒྱ་ནག་ལ་ ༢༠༠༨ ཀྱི་ཟླ་བ་ ༡༡ པའི་ནང་བགྲོས་མོལ་བརྒྱད་པར་བཅར་བ་དང་བོད་ཀྱི་མ་འོངས་རང་སྐྱོང་གི་འགྲོམ་གཞི་རྒྱ་གཞུང་ལ་ཕུལ་ཡང་དེ་ལ་རྒྱ་གཞུང་ནས་ཁ་བྲལ་བའི་ལས་འགུལ་དུ་ངོས་འཛིན་བྱས་སྟབས་ད་ཆ་གནས་སྐབས་རིང་བགྲོས་མོལ་མཚམས་འཇོག་གནང་དགོས་པ་ ༢༠༠༨ ཟླ་བ་ ༡༡ པའི་ནང་རྡ་སར་བོད་མི་དམངས་དམིགས་བསལ་ཚོགས་ཆེན་ནས་བགྲོས་མཐུན་གནང་།
 གོང་གསལ་ཕྱོགས་གཉིས་ཀྱི་འབྲེལ་མོལ་དང་བགྲོས་མོལ་རིམ་པ་གནང་བའི་ཐོག་ཕན་ཚུན་གོ་བརྡ་མ་འཁྲོད་པའི་ངང་བགྲོས་མཐུན་གང་ཡང་བཞག་མ་ཐུབ་པའི་རྒྱུ་མཚན་གནད་འགག་གཙོ་བོ་ཐུག་ས་ནི། ཏིང་ཤོ་ཕིང་གི་སྐད་ཆ་དང་རྒྱ་ནག་གཞུང་ནས་ད་བར་བགྲོས་མོལ་གྱི་འགྲོམ་གཞི་དེ་གཙོ་འཛིན་མའོའི་སྐད་ཆ་དང་གཅིག་མཚུངས་སྔར་གྱི་མགྲོས་མཐུན་དོན་ཚན་༡༧གཞིར་བཞག་པའི་ཐོག་ནས་ཏྭ་ལའི་བླ་མ་སྒེར་གྱི་མ་འོངས་པའི་གནད་དོན་ཁོ་ན་ལས་བོད་དོན་ཞེས་པའི་སྐོར་ཀླེང་གློང་གནང་གི་མེད་པའི་སྲིད་བྱུས་ལ་འགྱུར་བ་ནམ་ཡང་མེད་པ་དང་།
 ༧གོང་ས་མཆོག་གི་སྐུ་ཚབ་ཀྱི་ཕྱོགས་ནས་དོན་ཚན་༡༧རྩིས་མེད་ཡིན་ཚུལ་དང་བོད་མི་ས་ཡ་དྲུག་གི་མ་འོངས་བདེ་དོན་ཇི་ལེགས་ཀྱི་སྐོར་གླེང་གི་ཡོད་ཚུལ་བརྗོད་སྟབས་ཕན་ཚུན་གཉིས་ཀྱི་ཐུན་མོང་བའི་གླེང་གཞི་གང་ཡང་མེད་པའི་ངང་མི་ལོ་གསུམ་ཅུ་ཐམ་པ་འདས།
 དུས་ཡུན་དེ་དག་གི་རིང་བོད་ཕྱི་ནང་ན་གནས་པའི་བོད་མི་ཁག་གཅིག་ནས་འབྲེལ་མོལ་དང་བགྲོས་མོལ་རེ་རེའི་རྗེས་ཀྱི་གསར་འགྱུར་ལ་རེ་བ་ཆེན་པོས༧རྒྱལ་བ་རིན་པོ་ཆེ་བོད་ཡུལ་དུ་སྐྱར་ཡང་ཞབས་སོར་འཁོད་ཐུབ་པ་དང་བོད་གཞི་བྱེས་མི་དམངས་མཉམ་འཛོམས་ཐུབ་པ་སྐོམ་པ་ཆུ་འདོད་ལྟར་གུགས་ནས་བསྡད་པ་རེད།
 འོན་ཀྱང་ད་ཆ་རྩ་བའི་དམ་བཅའ་དོན་ཚན་༡༧ ལ་འགྱུར་བ་གཏོང་ཐུབ་ཀྱི་མེད་སྟབས་ང་ཚོའི་རེ་བའི་དམིགས་ཡུལ་གཅིག་པུ་ནི་ནམ་ཞིག་ན་རྒྱ་ནག་དེ་རུ་སུ་ལྟར་གྱི་འགྱུར་བ་འགྲོ་སྲིད་པའི་འོག་བོད་རང་ཐག་རང་གཅོད་ཅན་ཞིག་ཏུ་འགྱུར་རྒྱུ་དེར་རེ་སྒུག་བྱེད་རྒྱུ་ཡིན་ནམ།
 ད་ཆ་ཐབ་ལམ་གང་ལེགས་བཙན་བྱོལ་བོད་གཞུང་གི་གཞི་རྩའི་དམིགས་ཡུལ་བཙན་བྱོལ་བོད་མིའི་བདེ་དོན་དང་བོད་ཀྱི་བདེན་མཐའ་སེལ་ཐབ་གཉིས་པོ་དེ་མི་དམངས་ཤེས་ཡོན་འདེངས་མིན་ལ་མ་བལྟོས་པར་མི་དམངས་རང་ནས་ངོ་མའི་བགྲོས་བསྡུར་ཁ་གསལ་ཞིག་གི་ཐོག་ནས་ཐག་བཅོད་གནང་དགོས་པ་ཞིག་དང་། སྔར་མུས་ལྟར་མི་མང་གི་ཤེས་ཡོན་འདེང་གི་མེད་པ་ལ་བསྟུན་ནས་གོང་རིམ་ནས་ཆར་གཞི་ཆ་ཚང་སྒྲིགས་ཏེ་འོག་ལ་ལམ་སྟོན་བསྐུལ་སློང་གིས་ལས་འཆར་གཏན་འབེབ་གནང་བའི་དུས་ཚོད་དེ་ད་ཆ་མཇུག་རྫོགས་པའི་དུས་ལ་བབས་སམ།
 གལ་ཏེ་མུ་མཐུད་འདི་མུར་འགྲོ་ན་ད་དུང་ཡང་མི་དམངས་མགོ་བོ་རྨོངས་གཞི་དང་རེ་བ་ཆད་གཞི་ཆེ་རུ་འགྲོ་བ་ཙམ་ལས་མི་དམངས་རང་ངོས་ནས་གྲོ་བ་མིའི་རྣམ་དཔྱོད་ཀྱི་ཐོག་ནས་དོན་དངོས་ཀྱི་གནས་ཚུལ་ཤེས་ཐུབ་པ་དང་ལས་དོན་ཐག་བཅོད་བྱ་སྟངས་ནམ་ཡང་མི་ཤེས་པའི་སྤྱི་ཚོགས་ཤིག་ཏུ་འགྱུར་ཉན་མི་འདུག་གམ།


༡༠༽ བཙན་བྱོལ་བོད་མིའི་ཆབ་སྲིད།

   ༡༩༥༩ ནང་བོད་མི་ ༨༠༠༠༠ སྐོར་རྒྱ་གར་དང་། བལ་ཡུལ་འབྲུག་བཅས་སུ་བཙན་བྱོལ་དུ་འབྱོར་བས་བཙན་བྱོལ་བོད་གཞུང་བསྟི་གནས་དང་བཅས་པ་གསར་བཙུག་གིས་ཐོག་མ་ནས་དམིགས་ཡུལ་གཙོ་བོ་གཉིས་གཏན་ལ་ཕབས་པ་བཙན་་བྱོལ་བོད་མིའི་བདེ་དོན་དང་བོད་རང་དབང་སྐྱར་གསོ་བཅས་ལ་བརྩོན་བཞིན་ཡོད།
   དེ་ལྟར་བོད་ཀྱི་རྩ་དོན་ངོ་མ་ནི་རྒྱ་ནག་དང་ཐ་དད་ཀྱི་བོད་རང་དབང་སྐྱར་གསོ་ཡོང་ཆེད་ཡིན་མོད། བཙན་བྱོལ་བོད་གཞུང་མང་གི་ལས་དོན་རྣམས་གནས་ཚང་རྒྱལ་ཁབ་ཁག་དང་། དམངས་གཙོ་རིང་ལུགས་པའི་རྒྱལ་ཁབ་རྣམས་ཀྱི་རྒྱབ་སྐྱོར་ཁོ་ནར་བསྟུན་དགོས་སྟབས་རང་སྟོབས་ཀྱིས་ལས་རིམས་སྒྲིགས་ཏེ་ཆབ་སྲིད་ལས་འགུལ་གང་ཡང་བྱེད་ཐུབ་དཀའ་བ་དང་། གནས་ཚང་རྒྱལ་ཁབ་ཁག་དང་རྒྱབ་སྐྱོར་བ་རྒྱལ་ཁབ་སུས་ཀྱང་བོད་ཀྱི་རྩ་དོན་བོད་རང་དབང་རང་བཙན་ལ་ངོས་ལེན་ནམ་ཡང་བྱེད་ཀྱི་མེད་པ། རྒྱལ་ཁབ་དེ་དག་གི་བོད་མིར་རྒྱབ་སྐྱོར་ནི་རང་མོས་དམངས་གཙོའི་རིང་ལུགས་ཀྱི་གཞི་རྩའི་རིན་ཐང་འགྲོ་བ་མི་ཡི་ཐོབ་ཐང་དང་ཆོས་ལུགས་ཀྱི་རང་དབང་ཙམ་ཞིག་གི་མིང་ཐོག་ནས་ཡིན་པ་དང་། སྐབས་རེ་རྒྱབ་སྐྱོར་བ་རྒྱལ་ཁབ་དེ་ཚོས་བོད་ལ་ཆབ་སྲིད་ཀྱི་ཐོག་ནས་རྒྱབ་སྐྱོར་གནང་གི་མེད་ཅིང་འགྲོ་བ་མིའི་དབར་གྱི་སྡུང་སེམས་མཉམ་བསྐྱེད་ཀྱི་བསམ་བློའི་གཞི་རྩའི་ཐོག་ནས་བོད་མིར་རོགས་ཕན་གནང་བ་རེད་ཅེས་བརྗོད་ཀྱི་ཡོད་པ་རེད།
 སྐབས་མང་པོར་རྒྱལ་ཁབ་དེ་དག་ནང་བོད་མིའི་ཐབ་བརྩོད་དེ་རང་ཉིད་ཀྱི་མཁེ་ཕན་གྱི་ལག་ཆར་སྦད་སྤྱོད་བྱེད་པ་བཅས་ཀྱི་གནས་སྟངས་འོག་བཙན་བྱོལ་གཞུང་མང་གི་མི་ལོ་ལྔ་བཅུའི་རིང་གི་ཐབ་རྩོད་ཀྱི་ངོ་བོ་དང་དམིགས་ཡུལ་ཀྱག་ཀྱོག་ཐབ་ལམ་རིམ་པ་མང་པོ་བརྒྱུད་དགོས་པ་ཡང་གནས་ཚང་རྒྱལ་ཁབ་ཁག་དང་རྒྱབ་སྐྱོར་བ་རྒྱལ་ཁབ་རྣམས་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ལ་མ་བསྟུན་ཐབ་མེད་དགོས་དབང་གིས་ཡིན་སྲིད།
 ཡོངས་གྲགས་སུ་༧གོང་ས་མཆོག་གི་དབུས་བོད་མིའི་འཛིན་སྐྱོངས་ལ་བོད་མིའི་ངོས་ནས་བཙན་བྱོལ་བོད་གཞུང་ དུ་ངོས་འཛིན་བྱས་པ་ཙམ་ལས་ད་བར་རྒྱལ་སྤྱིའི་ནང་རྒྱལ་ཁབ་སུས་ཀྱང་ངོས་ལེན་ཐོབ་ཐུབ་མེད། ཕྱི་ལོ་༡༩༩༡ ལོར་རྒྱལ་སྤྱིའི་སྐུ་ཚབ་མེད་པ་དང་མི་དམངས་ཀྱི་ཚོགས་པའི་འགོ་འཛུགས་ཚོགས་གྲལ་དུ་ཡོད་པ་དེ་ང་ཚོར་ད་བར་རྒྱལ་སྤྱིའི་ནང་ངོས་འཛིན་ཐོབ་པ་ཆེ་ཤོས་སུ་བརྩི་གི་ཡོད་པ་འདྲ། འོན་ཀྱང་ཚོགས་པ་དེ་ནི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་པ་ལས་འཛམ་གླིང་རྒྱལ་སྤྱིའི་ཡན་ལག་ཚོགས་པ་ཞིག་མ་ཡིན།
 སྐབས་རེ་བཙན་བྱོལ་བོད་གཞུང་གི་རང་དབང་འཐབ་རྩོད་ཀྱི་དམིགས་ཡུལ་ངོ་མ་དེ་སྔར་གྱི་དགའ་ལྡན་ཕོ་བྲང་བོད་ནང་སྐྱར་གསོ་ཡོང་ཐབ་ཡིན་ནམ། ཡང་ན་སྔར་མེས་དབོན་རྣམ་གསུམ་གྱི་བོད་དེ་སྐྱར་གསོ་ཆེད་ཡིན་ནམ། ཡང་ན་བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོག་ཐང་དང་ཆོས་དད་རང་མོས་ལ་རྒྱབ་སྐྱོར་ཡིན་ནམ། ཡང་ན་རྒྱ་གར་དང་བལ་ཡུལ་ནང་གི་སྐྱབས་བཅོལ་བོད་མི་རྣམས་བོད་ནང་པྱིར་ལོག་ཐུབ་ཆེད་བཅས་གང་ཡིན་གསལ་པོ་ཞིག་ཧ་གོ་ཁག་པོ་འདུག
 གང་ལྟར་ང་ཚོར་དམིགས་ཡུལ་འདྲ་མིན་ཡོད་པ་རྣམས་ཁ་གསལ་པོ་བཟོས་ཏེ་དེང་རབས་ཀྱི་རྒྱལ་སྤྱིའི་འཆབ་སྲིད་དང་བསྟུན་ཏེ་རིགས་གཅིག་རྐང་འཛིན་དགོས་གལ་ཆེའམ། དེ་མིན་དམིགས་ཡུལ་ཚང་མ་མཉམ་བསྲེས་ཀྱི་ལས་འགུལ་དང་ནུས་པ་ཁ་ཐོར་ལ་འགྲོ་ནས་དམིགས་ཡུལ་ངོ་མའི་ཐོག་ནམ་ཡང་སླེབ་མ་ཐུབ་པར་ང་ཚོའི་ནུས་པ་དང་ལས་འགུལ་མང་པོ་ཞིག་ཆུད་བཟོས་སུ་འགྲོ་གི་མི་འདུག་གམ།
 སྟབས་ལེགས་པ་ཞིག་ལ་ཉེ་ཆར་བོད་རྒྱ་བགྲོས་མོལ་བརྒྱད་པའི་སྐབས་བོད་གཞུང་གི་དགོས་འདུན་མ་འོངས་དོན་དམ་གྱི་བོད་རང་སྐྱོངས་འགྲོམ་གཞི་ཡོངས་གྲགས་གསལ་བསྒྲགས་གནང་བ་ནས་ང་ཚོས་སྔར་ནས་བཤད་བཞིན་པའི་དབུ་མའི་ལམ་གྱི་དམིགས་ཡུལ་དེ་ད་ཆ་ཁལ་གསལ་ཚད་འཛིན་ས་ཡོད་པ་ཞིག་ཏུ་འགྱུར་ཡོད་པ་ཡིན།






༡༡༽ བོད་མི་མང་སྲིད་གཞུང་།

  པྱི་ལོ་ ༡༩༦༠ ནང་རྒྱ་གར་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཟོས་པ་དང་། ཕྱི་ལོ་ ༡༩༦༡ ལོར་༧གོང་ས་མཆོག་ནས་མ་འོངས་བོད་ཀྱི་རྩ་་ཁྲིམས་ཟིན་བྲིས་དང་། ཕྱི་ལོ་ ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་རྒྱ་གར་རྡ་རམ་ས་ལར་ངོ་སྤྲོད་གནང་བ་ནས་རིམས་པས་བཙན་བྱོལ་བོད་མི་མང་གི་དམངས་གཙོའི་ལམ་ལུགས་འགོ་ཚུགས། པྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་འཁྲིམས་བཟོས་པ་དང་། ཕྱི་ལོ་ ༢༠༠༡ ལོར་མི་མང་ནས་ཐད་ཀར་བཀའ་བློན་ཁྲི་པ་གདམ། འདི་བར་བཀའ་བློན་རྣམས་༧གོང་ས་མཆོག་གི་མཚན་ཐོག་ནས་ཐད་བཀོད་གནང་གི་ཡོད་པ་དང་དུས་འདི་ནས་བཀའ་བློན་ཁྲི་པས་གདམས་གནང་གི་ཡོད།
    དམངས་གཙོའམ་མང་གཙོ་ལག་སྟར་གྱི་བཀའ་ངལ་ཆེ་ཤོས་དེ་བོད་གཞུང་དམངས་ནས་ནུབ་ཕྱོགས་ཀྱི་ཌེ་མོ་ཁེར་ཊིཀ དང་ ཌེ་མོ་ཁེ་རེ་སི་ ཟེར་བའི་ཚིག་གི་གོ་དོན་གསལ་རྟོགས་ཐུབ་པར་ཐུག་ཡོད་པ་ཡིན། ཌེ་མོ་ཁེར་ཊིཀ་གི་གོ་དོན་ནི་མི་དམངས་ཀྱི་སྲིད་གཞུང་ཟེར་བ་དང་དེ་ཡང་མི་དམངས་ཀྱིས་འཛིན་པའི་སྲིད་གཞུང་ལ་ཟེར། དེ་ཡང་ང་ཚོས་སྦད་སྤྱོད་བྱེད་བཞིན་པའི་ཌེ་མོ་ཁེར་ཊིཀ་ཀྱི་བོད་བསྒྱུར་དམངས་གཙོ་དང་མང་གཙོ་ཟེར་བ་གཉིས་ཀའི་འགྲེལ་བཤད་ལྟར་མི་མང་བས་གང་བཤད་ཐོག་མི་ཉུང་བ་རྣམས་ཀྱང་འགྲོ་དགོས་ངེས་དེ་འདྲ་མ་ཡིན་པར་ཡུལ་མི་རེ་རེ་ནས་གཞུང་གི་ཆབ་སྲིད་ནང་ནུས་པ་སླེབ་ཐུབ་པ་དང་རང་རང་སོ་སོའི་མི་སྒེར་གྱི་རང་དབང་ཡང་ལོངས་སུ་སྤྱད་ཐུབ་པ་ལ་ཟེར། དེང་དུས་ཀྱི་ཌེ་མོ་ཁེར་ཊིག་སྲིད་གཞུང་ཚོའི་ནང་གྲངས་ཉུང་མི་རིགས་དང་རྗེས་ལུས་མི་རིགས་རྣམས་ལ་དམིགས་བསལ་གྱི་ཐོབ་ཐང་ཁག་མང་པོ་ཞིག་ཡོད་པའི་རྒྱུ་མཚན་གཙོ་བོ་ཡང་གནད་དོན་དེར་ཐུག་བསྡད་ཡོད་བཟོ་མཐོང་།
   རྡ་རམ་ས་ལའི་བོད་མིའི་སྒྲིགས་འཛུགས་ཀྱི་མང་གཙོའི་ལམ་ལུགས་དང་མི་མཐུན་པའི་སྐྱོན་ཆེན་པོ་གསུམ་ཡོད་པ་ནི། བཅའ་ཁྲིམས་ནང་ཆོས་སྲིད་བཟུང་འབྲེལ་དང་། སྤྱི་འཐུས་ནང་ཆོས་ལུགས་ཀྱི་སྤྱི་འཐུས་དང་། འཛིན་སྐྱོང་ནང་ཆོས་རིག་བཀའ་བློན་བཅས་ནི་མིག་དཔེ་བལྟ་ས་ཨ་རི་དང་དབྱིན་ཇི་སོགས་དེང་རབས་ཀྱི་མང་གཙོའི་རྒྱལ་ཁབ་ཚད་ལྡན་གང་དུ་ཡང་མེད། 
    སྤྱི་ཚོགས་ནང་མི་དམངས་སྲིད་གཞུང་དོན་ལྡན་ཞིག་ལག་སྟར་ཐུབ་པའི་ཆ་སྐྱེན་གཙོ་བོ་ནི་མི་དམངས་ཀྱི་ཤེས་ཡོན་དང་དཔལ་འབྱོར་ཚད་ལྡན་ཞིག་དགོས་པར་ཐུག་གི་ཡོད་སྟབས་བོད་མིའི་སྤྱི་ཚོགས་ནང་སློབ་གྲའི་ཤེས་ཡོན་དང་ཆབ་སྲིད་དྲིལ་སྒྲགས་ཙམ་མ་ཡིན་པར་མང་ཚོགས་ཀྱི་སྤྱིར་སྟངས་ཤེས་ཡོང་གོང་མཐོར་གཏོང་ཐབ་དང་ཕུགས་རྒྱང་ལྡན་པའི་འཚོ་གནས་དཔལ་འབྱོར་གྱི་གནས་སྟངས་སྲ་བརྟན་ཡོང་ཐབ་ཀྱི་སྲིད་བྱུས་ལ་ཤུགས་སྣོན་དགོས་གལ་མི་ཆེའམ།



༡༢༽ བཙན་བྱོལ་བོད་མིའི་དཀའ་སྡུག་དང་ཉམས་མྱོང་།

 རྒྱ་གར་ནང་ངོས་རང་ཆུང་དུས་ཀོང་པོའི་ཡུལ་དེ་ཆོལ་ཁ་གང་གི་ཁོངས་ཡིན་སྐོར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྙོག་ཀླེང་མང་པོ་བཤད་རེས་བྱེད་ཀྱི་ཡོད་པ་གོ་ཐོས་མྱོང་ཤིང་། ལྷག་པར་ངོས་རང་ལོ་བཅོ་བརྒྱད་སོན་མཚམས་གྲྭ་ཚང་ནང་སྤྱི་འཐུས་འོས་འཕེན་ཐེངས་དང་པོར་བཅར་སྐབས་སྤྱིར་དེ་དུས་གྲ་ཚང་ནང་རྒྱ་གར་དང་བལ་ཡུལ་ནང་གི་གསར་སྐྱེས་གྲ་གསར་ཉུས་ཤས་ལས་མེད་པ་དང་ལྷག་པར་དེ་དུས་གྲ་དམངས་ཀྱི་འཚོ་བརྟེན་ཞིང་ལས་ཐོག འཚོ་བ་ངན་ངོན་ཙམ་ལ་བརྟེན་ནས་ཆོས་སྤྱོད་རྣལ་མར་བརྩོན་གྱི་ཡོད་སྟབས་གྲ་ཚང་གི་གྲ་དམངས་ནི་ནང་མི་གཅིག་ལྟ་བུ་ལས་ཁམས་ཚན་དང་ཡུལ་ཚན་གྱི་འཐེན་འཁྱེར་གྱི་སྐད་ཆ་ནི་ཧ་ལམ་གོ་ཡེ་མེད་པ་དང་གྲ་གསར་ཞུགས་རྣམས་ནི་ཕན་ཚུན་དབར་ཕ་མ་རྣམས་བོད་ཀྱི་ཡུལ་ལུང་གང་ནས་ཡིན་རྒྱུན་ལྡན་དོ་སྣང་དང་ཤེས་རྟོགས་ཡོང་གི་མེད་པའི་སྐབས་སུ་བློ་བུར་རང་ཉིད་ཆོལ་ཁ་གང་ནས་ཡིན་སྤྱི་འཐུས་འོས་འཕེན་སར་འཚོལ་ཞིབ་དང་གྲ་དམངས་རྣམས་ཆོལ་ཁ་དབྱེ་འབྱེད་བྱས་ནས་བསྡོད་དགོས་པ་དེ་ལ་ཚོར་སྣང་གསར་པ་བདེ་པོ་མེད་པ་ཆེན་པོ་ཞིག་བྱུང་ཞིང་།
 བྱང་གི་རྒྱལ་བ་འབྲོམ་སྟོན་པ་དང་སྟོད་ཀྱི་རྗེ་བཙུན་མི་ལ་དབུས་དང་གཙང་ནས་རེད་ཟེར་བ་ལྟ་བུའི་སྟོད་མངའ་རིས་སྐོར་གསུམ་ཞེས་པ་དེ་ལ་དབུས་གཙང་ཟེར་བའི་ཐ་སྙད་ངོས་རང་ཆུང་དུས་རྣ་བའི་གོམས་འདྲིས་ལ་མེད་པ་དང་རང་ཉིད་ཀྱིས་སློབ་གྲའི་ནང་སྦྱངས་པ་བྱས་པའི་བོད་ཀྱི་རྒྱལ་རབས་ཀྱི་ནང་དུ་མཐོང་མ་མྱོང་བ་དེ་འདྲ་གོ་དུས་རང་ཉིད་ཀྱི་ཕ་མ་བོད་མི་ཡིན་ཡང་སྐྱེ་ས་བལ་ཡུལ་ཡིན་པའི་ཆ་ནས་ཆོལ་གསུམ་གང་དུ་ཡང་མ་གཏོགས་པའི་སྤྱིར་ལྟངས་ཀྱི་བོད་མི་གསར་སྐྱེས་པ་ཞིག་ལ་རང་ངོས་ནས་ངོས་འཛིན་བྱས་ནས་བསྡད་ན་སྤྱི་ཚོགས་ཀྱི་དོན་མེད་སྙོག་ཀླ྄ེང་དེ་རིགས་ནང་འཛུལ་མ་དགོས་པའི་དགེ་མཚན་ལ་རྩིས་ནས་བསྡད་དགོས་བྱུང་།
 བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དགོས་མེད་ཀྱི་སྙོག་ཀླེང་རང་ཉིད་ལ་དབང་བའི་ས་ཆ་ལག་མཐིལ་ཙམ་ཡང་མེད་པ་ལ་དེ་ལ་ཞེན་པའི་དབང་ཆ་དང་ལྟ་བའི་ཐབས་རྩོད་ཚོགས་པ་བཅུ་གསུམ་དང་ཀློ་ཆུ་བཞི་སྒང་དྲུག་དང་ལྷ་དང་བླ་མའི་ཡངས་སྲིད་དང་སྟོད་དང་མངའ་རིས་དབར་དང་ལྷ་ས་བ་དང་གཙང་པའི་དབར་བཅས་དང་འབྲེལ་བའི་སྙོག་ཁྲ། གཞན་ཡང་ཆོས་ལུགས་ཕན་ཚུན་དང་ཆོལ་ཁ་ཕན་ཚུན། གྲ་ས་ཕན་ཚུན་དང་གྲ་ཚང་ཕན་ཚུན། སྐབས་རེ་ཁམས་ཚན་དང་མི་ཚང་གཅིག་གི་ནང་དུ་ཡང་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་ལ་བརྟེན་པའི་དཀའ་སྙོག་མདོར་ན་ཡུལ་དུས་གནས་སྐབས་དང་མ་འཚམ་པའི་བསམ་བློ་ཆུང་ཆུང་དེ་འདྲ་ལ་མགོ་འཁོར་ནས་ང་ཚོས་རྩ་ཆེའི་དུས་ཚོད་དང་ནུས་པ་མང་པོ་ཞིག་ཆུད་བཟོས་སུ་བཏང་པའི་གནས་ཚུལ་ཡོང་གི་ཡོད།
 ལོ་འགའི་སྔོན་ཨ་རིའི་བོད་མིའི་སྤྱི་འཐུས་ཤིག་ནས་ད་ཡོད་སྤྱི་འཐུས་འདེམས་ཕྱོགས་ལ་དེང་རབས་ཅན་དུ་བཅོས་བསྒྱུར་དགོས་གལ་གྱི་བསམ་ཚུལ་བསྟོན་པ་དེ་ལ་སྤྱི་འཐུས་ཁག་ཅིག་ནས་ལན་འདེབས་བྱས་པའི་ཡི་གེ་ཞིག་མཐོང་བའི་འགོ་བརྗོད་དུ་དབང་ཕྱུག་སྙིང་ལ་ཞུགས་པའི་དབང་ཕྱུག་རྒྱལ་པོ་ཞེས་བཀོད་འདུག་པ་དེ་ནི་ཆེས་རྗེས་ལུས་ཀྱི་བརྗོད་ལྟངས་ཞིག་ལས་དེང་དུས་ཡར་ཐོན་སྤྱི་ཚོགས་ཀྱི་རྣམ་པ་རྩ་བ་ནས་མེད་པ་མཐོང་།
 ངེད་ཚོ་བོད་ཀྱི་མི་རབས་ནས་མི་རབས་དུས་རབས་ནས་དུས་རབས་བར་བསགས་བསྐྲུན་གཅེས་ཉར་བྱས་པའི་མཛོད་གཏེར་རྣམས་གཞན་ལག་ཏུ་བཤོར་ཏེ་ཁའི་ཕོར་བ་ཙམ་འཁྱེར་ནས་བཙན་བྱོལ་དུ་འབྱོར་རྗེས་དོན་གནད་ཆུང་ཆུང་ཞིག་ལ་ནང་རྩོད་ཆེན་པོ་བྱེད་པ་མཐོང་དུས་ཧ་ལས་པའི་ཡིད་སྨུགས་སྐྱེ་གཞིར་འགྱུར་ངེས།
 གནད་དོན་དེ་དག་གོང་རིམ་དབང་འཛིན་པ་ཁག་གཅིག་ནས་ཐག་བཅོད་རྐྱང་མ་གནང་བར་ཆེད་ལས་མཁས་པའི་ལོ་རྒྱུས་དཔྱད་ཞིབ་ལ་བརྟེན་ཏེ་དེང་རབས་ཀྱི་ཡར་ཐོན་མི་མང་ལམ་ལུགས་ཀྱི་ཐོག་ནས་བསམ་བློ་གུ་ཡངས་པོས་འདས་པ་དང་ད་ལྟ་བ་མ་འོངས་པ་བཅས་ཀྱི་གནས་ཚུལ་དང་བོད་ཕྱི་ནང་ཐམས་ཅད་ཉ་དང་ཉུག་མ་ལྟ་བུར་མཉམ་བསྲེས་མ་བྱས་པར་སྐབས་སོ་སོར་དབྱེ་བ་དང་ཡུལ་དུས་གནས་སྐབས་ལ་བསྟུན་ཏེ་ལྟ་གྲུབ་སོ་སོའི་ཐོག་ནས་ལྷུག་པོར་གཏན་འབེབས་བྱེད་ཐུབ་ཡོད་པ་ཡིན་ན་སྙོག་གཞི་དེ་དག་རང་ཞིར་འགྲོ་ཐུབ་ཡོད་སྲིད།
 ད་ཆ་མི་ལོལྔ་བཅུའི་རྗེས་ཕྱི་མིག་བལྟ་སྐབས་གཞི་ནས་འདས་པའི་དུས་ཚོད་རིན་ཐང་ཅན་མང་པོ་ཞིག་བསམ་བློ་གུ་ཡངས་པོའི་ཐོག་ནས་བོད་སྤྱིའི་དགྲ་གདུལ་གཉེན་བསྐྱོང་གང་ལ་ཡང་མེད་ཐབས་མེད་པའི་གཞི་མ་སྤྱི་ཚོགས་དཔལ་འབྱོར་སྲ་བརྟན་དང་ཤེས་རིག་ཡར་རྒྱས། རིག་གཞུང་གོང་སྤེལ་དང་། ལྷག་པར་རྒྱ་གར་དང་བལ་ཡུལ་ནང་གི་ལུང་ཁུག་ཁག་ཏུ་གཞིས་ཆགས་པའི་བོད་མི་སྐྱབས་བཅོལ་བ་ཉམས་ཆུང་མི་མང་རྣམས་ཀྱི་འཚོ་བ་དང་འཕྲོད་བསྟེན་ཕུགས་འདུན་རིང་པོའི་ཤེས་ཡོན་བཅས་ཀྱི་འདུན་ལམ་བརྟན་བཟོ་ཆེད་ལ་གཏོང་བའི་ཚབ་ཏུ་གཞི་མེད་ཀྱི་ནང་རྩོད་རྒྱ་གར་ལུང་པའི་ནང་བོད་ཀྱི་ཡུལ་ལུང་འཐེན་འཁྱེར་དང་ཆབ་སྲིད་ཀྱི་དབང་ཆའི་འཐབ་རྩོད་ཀྱི་འབད་བརྩོན་ལ་བཏང་བ་མཐོང་དུས་ད་ཕྱིན་ང་ཚོས་རྗེས་ལུས་སུ་མ་བསྡད་པར་ལུས་སེམས་གསར་པ་དང་རྣམ་འགྱུར་གསར་པའི་དེང་རབས་ཡར་ཐོན་ལྡན་པའི་སྤྱི་ཚོགས་ཤིག་ཏུ་འགྱུར་ཐབས་ལ་བརྩོན་དགོས་པའི་སེམས་ཚོར་གསར་པ་ཞིག་བསྐྱེད་པར་ཡང་ཕན་སྲིད་སྙམ་ནས་ཕྲན་གྱིས་གཏམ་འདི་ཞོར་ཐལ་དུ་སོང་བ་ནི་འདས་པའི་ལོ་རྒྱུས་ཙམ་དུ་བཀོད་པ་ལས་སུ་ལ་ཡང་ཟུར་ཟའི་ཀུན་སློང་མེད།
 དཔེ་མཚོན་ཙམ་ཞིག་བརྗོད་ན། བལ་ཡུལ་དུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་གི་ལས་ཁུང་ལྟེ་བ་དེ་སྔ་དོན་ཁང་ཞིག་ཡོད་པ་ཕྱིས་སུ་སྒོ་རྒྱབ་དགོས་བྱུང་ཏེ་བོད་མིའི་བདེ་དོན་ལས་ཁུང་ཞིག་ཏུ་འགྱུར་བ་དང་། བལ་ཡུལ་ནང་སྐྱེས་པའི་གཞིས་ཆགས་ཀྱི་བོད་མི་རྣམས་ལ་ཕྱི་ལོ་་༡༩༩༥་ལོ་ནས་བལ་ཡུལ་གཞུང་ནས་ཁྲིམས་མཐུན་གྱི་ཡིག་ཆ་གང་ཡང་མ་ཐོབ་པར་བསྡོད་དགོས་པ་དེ་ལྟ་བུའི་གནས་སྟངས་ལ་རྡ་ས་དབུས་བོད་མིའི་སྒྲིགས་འཛུག་དང་བལ་ཡུལ་བོད་མིའི་བདེ་དོན་བཅས་ནས་བྱ་ཐབ་གང་ཡང་མ་བརྙེད་པར་དེ་མུར་ལུས་པ་བཅས་ནི། བསམ་ཡུལ་ལས་འདས་པའི་ཡིད་སྐྱོའི་རང་བཞིན་གྱི་འཇོན་ནུས་མེད་པའམ་འཐུས་བཤོར་གྱི་རྟགས་མཚན་ཞིག་མ་ཡིན་ནམ།


༡༣༽ བཙན་བྱོལ་བོད་མིའི་མ་འོངས་པ།

   ཕྱི་ལོ་ ༡༩༥༩ ལོ་ནས་རིམ་པས་བཙན་བྱོལ་བོད་མི་རྣམས་རྒྱ་གར་དང་བལ་ཡུལ་འབྲུག་ཡུལ་བཅས་སུ་གཞིས་ཆགས་ཏེ་གནས་གོ་ཚུགས་པ་ནས་རིམ་པས་རང་རང་གི་འཇོན་ཐང་གི་ནུས་པས་སྐྱིད་སྡུག་འདྲ་མིན་སྣ་ཚོགས་སུ་འགྱུར། ད་བར་མི་ལོ་ལྔ་བཅུའི་རིང་རྡ་སའི་བོད་གཞུང་གིས་ཅི་གསུངས་བཀའ་འགྲུབ་འོག་རྒྱ་གར་དང་བལ་ཡུལ་གྱི་ལུང་ཁུགས་ཁག་ནང་གནས་པའི་ཉམས་ཆུང་སྐྱབས་བཅོལ་གཞིས་ཆགས་རྣམས་ཀྱི་མི་དམངས་ཀྱི་གནས་སྟངས་ནི་འཚོ་བའི་ཆ་ནས་ས་གནས་ཀྱི་ཡུལ་མི་ཉམ་ཐག་ཁག་གཅིག་ལས་ཏོག་ཙམ་ལེགས་པ་ཡོད་སྲིད།
 འོན་ཀྱང་བོད་མི་དེ་དག་རང་ཉིད་དེ་སྔ་ལོ་མང་གནས་སའི་ཁང་པ་དང་གཞིས་ཆགས་ཀྱི་ཐོབ་སྐལ་ས་ཞིང་ཡང་རང་ཉིད་ལ་ཁྲིམས་མཐུན་བདག་དབང་མེད་ཐོག་ཡུལ་དེར་མི་ལོ་ལྔ་བཅུ་བསྡད་ཀྱང་ད་དུང་གནས་སྐབས་ལག་འཁྱེར་ལོ་རེ་རེ་ལ་གསར་བཅོས་རེ་བྱས་ནས་བསྡོད་ཆོག་ཙམ་དང་དངུལ་ཁང་ཨང་སྒོ་ཕྱེ་ཆོག་ཙམ་ལས་ལུང་པ་དེའི་ནང་ཁྲིམས་མཐུན་གྱི་ཕུགས་རྒྱང་རིང་པོའི་ཚོང་ལས་དང་ལས་འཆར་གང་ཡང་སྤེལ་མི་ཆོག་པ་ཞིག་འཛིན་ནས་བོད་རང་བཙན་གནམ་ཆུ་ལྟར་གུགས་ཏེ་ད་བར་གནས་བཞིན་པ་དེ་རྣམས་ད་དུང་ཡང་མི་རབས་ནས་མི་རབས་མུ་མཐུད་འདི་མུར་བསྡོད་ཐབ་མེད་སྟབས་དེ་དག་གི་མ་འོངས་པའི་གནས་སྟངས་ཇི་འགྱུར་སྐོར་ལ་འབྲེལ་ཡོད་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ནས་ཧ་ལས་པའི་འགན་ཆེན་པོ་ཞིག་འཁྱེར་ནས་ཛ་དྲག་པོས་བོད་མི་དེ་རྣམས་ཀྱི་ཕུགས་རྒྱང་རིང་པོའི་བདེ་དོན་ཐོག་དོ་སྣང་དམིགས་བསལ་ཅན་ཞིག་གནང་དགོས་པའི་དུས་ལ་སླེབས་ཡོད་པ་མ་རེད་དམ།
 གནད་དོན་དེ་ནི་དབུས་བཙན་བྱོལ་བོད་མིའི་འཛིན་སྐྱོང་གི་སྒྲིགས་གཞི་གསར་འཛུགས་སྐབས་ཀྱི་ཐོག་མའི་དམིགས་ཡུལ་གཙོ་བོ་གཉིས་ཀྱི་ནང་གི་དམིགས་ཡུལ་དང་པོ་དེ་ཡིན་པས་ད་ཆ་མི་ལོ་ལྔ་བཅུ་ཐམ་པ་རང་དབང་གི་ལུང་པར་གནས་པའི་རྗེས་སུ་ཡང་དམིགས་ཡུལ་དེའི་རྣམ་པ་གསལ་པོ་བཟོ་མ་ཐུབ་པ་ནི་ལས་འགན་མ་འགྲུབ་པ་ཞིག་ལ་ཆ་འཇོག་དགོས་སམ།

    མི་ལོ་ལྔ་བཅུའི་སྔོན་བོད་ཀྱི་ས་གཙང་རླུང་གཙང་གི་ཡུལ་དེ་ནས་རྒྱ་གར་ལྷོ་ཕྱོགས་ཚ་དྲོད་ཧ་ཅང་ཆེ་བའི་ས་དེར་གྱར་ནས་གཞིས་ཆགས་པའི་བོད་མི་ཁྲི་ཚོ་མང་པོ་མི་ལོ་ལྔ་བཅུ་ཐམ་པའི་རྗེས་སུ་ཤ་རུས་པགས་གསུམ་གྱི་རྣམ་པ་ཡང་འགྱུར་བསྡད་པ་མཐོང་དུས་དེ་རྣམ་ཀྱི་མི་ཚེའི་དཀའ་སྡུག་སྐོར་ལ་དོ་སྣང་གནང་མཁན་མང་ཙམ་ཡོང་བའི་རེ་བས་བཙན་བྱོལ་བོད་མིའི་སྐོར་རང་ཉིད་ཀྱི་མཐོང་ཆོས་ཏོག་ཙམ་བཀོད་པ་ཡིན།



༡༤༽ ༢༠༠༨ ལོའི་རྒྱལ་སྤྱིའི་རྩེད་འགྲན་དང་བོད་དོན།

   པྱི་ལོ་ ༢༠༠༨ ལོའི་རྒྱལ་སྤྱིའི་རྩེད་འགྲན་དེ་རྒྱ་ནག་ནང་ཚུགས་ཉེར་བོད་པྱི་ནང་དུ་གནས་པའི་བོད་མི་རྒྱབ་སྐྱོར་བ་དང་བཅས་པས་རྒྱ་ནག་ལ་བོད་མིའི་ཐོབ་ཐང་ལ་བརྩི་བཀུར་དགོས་པའི་ངོ་རྒོལ་ཤུགས་ཆེ་བྱས་ཀྱང་བོད་དོན་དྲིལ་གྲགས་ཤུགས་ཆེ་བྱུང་བ་ཙམ་ལས་དོན་དངོས་ཐོག་གྲུབ་འབྲས་གང་ཡང་ལག་སོན་མ་བྱུང་།
 ངོས་རང་དུས་སྐབས་དེའི་རིང་ལ་ས་གནས་སུ་བོད་མི་གཞན་མང་པོ་མེད་སྟབས་གཟུགས་མཐོང་རླུང་འཕྲིན་ཁག་དང་བོད་དོན་ལྷན་ཚོགས་མང་པོ་ཞིག་ལ་སྐད་ཆ་བཤད་དགོས་བྱུང་བ་དང་དེ་སྐབས་ཆེད་ལས་གསར་འགོད་པ་འདྲ་མིན་དང་སྲིད་དོན་པ་དང་གཞན་མི་སྣ་མང་པོ་ལ་བཀའ་མོལ་ཞུ་སྐབས་ཁོང་རྣམས་ནས་གསུངས་བབས་ལས་ཁོང་ཚོས་རྒྱལ་སྤྱིའི་རྩེད་འགྲན་འགོ་མ་ཚུགས་ཀྱི་བར་རྒྱ་ནག་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཡར་རྒྱས་གཏོང་རེས་ལས་འགུལ་གང་ཐུབ་བྱེད་ཀྱི་ཡོད་པ་ཙམ་ལས་ངོ་རྒོལ་དེ་དག་བོད་དོན་ཐོག་ཕུགས་འགྱངས་རིང་པོའི་འཆར་གཞི་ལྡན་པའི་སྲིད་བྱུས་ཞིག་མེད་པ་གསལ་རྟོགས་ཡོང་གི་འདུག
 འོན་ཀྱང་བོད་ནང་དང་རྒྱ་གར་དང་བལ་ཡུལ་ནང་བཅས་སུ་གནས་སྡོད་བོད་མི་ཧ་ཅང་མང་པོ་ཞིག་གི་ངོས་ནས་བོད་དོན་ཐོག་དོན་དངོས་ཀྱི་འགྱུར་བ་ངོ་མ་ཞིག་དུས་སྐབས་དེར་འགྲོ་བའི་རེ་བ་ཆེན་པོ་ཞིག་རྒྱབ་ཏེ་ལས་འགུལ་ནང་རང་སྲོག་བློས་གཏང་གིས་ཞུགས་ཡོད་པ་རེད་ལ་བོད་ནང་བོད་མི་མང་པོ་ཞིག་གི་ཚེ་སྲོག་ཡང་བཤོར་ཡོད་ཅིང་། རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ཆེས་མང་པོ་ནས་ཉིན་རེའི་འཚོ་བའི་དཀའ་ངལ་ལ་མ་འཛེམས་པར་དུས་ཚོད་ཉིན་གྲངས་མང་པོའི་རིང་ལུས་སེམས་ཀྱི་དཀའ་སྡུག་དང་དཔལ་འབྱོར་གྱི་འགྲོ་སོང་བཅས་གཏང་ཡོད་པ་ལ་དོན་འབྲས་སོན་ཡོད་པ་ཞིག་སྐབས་བབས་བསྐུལ་སློང་པ་དང་ལམ་བསྟོན་པ་རྣམས་ནས་གསལ་བཤད་མཐིལ་ཕྱིན་ཞིག་མ་གནང་ཚེ་ཕྱིས་སུ་ཁོང་ཚོའི་སེམས་ཤུགས་ཆག་གཞི་དང་བསྐུལ་སློང་གནང་མཁན་རྣམས་ཀྱི་གཏམ་ལ་ཡིད་འཆེས་གཏོར་གཞིར་འགྱུར་ཉན་ཆེ་སྙམ།
  ༢༠༠༨ པྱི་ཟླ་གསུམ་པ་ནས་པྱི་ཟླ་བརྒྱད་པའི་འགོ་བར་རྒྱལ་སྤྱིའི་འཁྱོན་ཡོངས་ནང་བོད་དོན་སྐོར་རྒྱ་ནག་ལ་སྣོན་ཤུག་སྤྲད་པའི་འོག་རྒྱ་ནག་ནས་༧གོང་ས་མཆོག་གི་སྐུ་ཚབ་ཐེངས་གཉིས་རྒྱ་ནག་དུ་ཆེད་འབོད་ཀྱིས་བཀའ་བསྡུར་གནང་བར་གྲུབ་འབྲས་དོན་ལྡན་གང་ཡང་མ་ཐོབ་པ་སྐུ་ཚབ་ཚོས་གསར་འགོད་གསལ་སྒྲགས་ནས་གསལ་ཡོད།
 པེ་ཅིང་རྒྱལ་སྤྱིའི་རྩེད་འགྲན་གྱི་དངོས་གཞི་ལ་བསླེབས་ཉེར་ཡུ་རོབ་གཙོ་འཛིན་ལས་ཐོག་ཕ་རན་སིའི་སྲིད་འཛིན་སར་ཀོ་སི་ཡི་བཀའ་མོལ་ཚང་མ་འགྱུར་ཏེ་རྩེད་མོ་དང་ཆབ་སྲིད་སྙམ་བསྲེས་མ་གནང་ན་ལེགས་ཚུལ་བརྗོད་པ་དང་། རྩེད་འགྲན་དངོས་གཞིའི་སྐབས་དང་དུས་མཚུངས་པྱི་ཟླ་བརྒྱད་པའི་ནང་༧གོང་ས་མཆོག་པ་རན་སིར་ཞབས་བཀོད་སྐབས་ཁོང་ནས་མཇལ་འཔྲད་མ་གནང་བ་བཅས་དེ་སྔ་ཁོང་ནས་བོད་དོན་དང་པེ་ཅིང་རྩེད་འགྲན་དབར་གྱི་བཀའ་མོལ་གསུངས་པ་ཆ་ཚང་རང་ཉིད་ནས་རྩིས་མེད་བཏང་བ་རེད། ཁོང་གི་སྲིད་དོན་དེ་ནི་བོད་དོན་ཐོག་ཡུ་རོབ་མཉམ་སྦྲེལ་གྱི་ཆབ་སྲིད་ཀྱི་བལྟ་ཚུལ་མཚོན་གྱི་ཡོད་པ་དང་། དེ་མཚུངས་ཨ་རི་ཡང་གཅིག་མཐུན་ཡིན་པ་ཨ་རིའི་སྲིད་འཛིན་པེ་ཅིང་རྩེད་འགྲན་དུ་ཕེབས་སྐབས་བོད་དོན་རྩ་བ་ནས་གླེང་སློང་གནང་མེད་པ་དེས་ཤེས་ཐུབ།
  དེས་ན་གལ་ཏེ་བོད་དོན་ཐོག་ང་ཚོའི་ལས་ཆར་རྣམས་ཨ་རི་དང་ཡུ་རོབ་ཀྱི་གང་བཤད་ཀྱི་རྗེས་སུ་འབྲང་ཏེ་སྤེལ་ན་ང་ཚོའི་ལས་འགུལ་རྣམས་ཁོང་ཚོའི་ཆབ་སྲིད་ཀྱི་ལག་ཆར་འགྱུར་རྒྱུ་ཙམ་ལས་བོད་དོན་ཐོག་དོན་དམ་གྱི་དམིགས་ཡུལ་གང་ཡང་འགྲུབ་པར་ཕན་ནུས་ཐོན་དཀའ།


༡༥༽ བོད་རྒྱ་བགྲོས་མོལ་ཐེངས་བརྒྱད་པ་དང་བོད་མི་མང་དམིགས་བསལ་ཚོགས་ཆེན།

  བོད་རྒྱ་གྲོས་མོལ་ཐེངས་བརྒྱད་པ་དེ་ཕྱི་ལོ་ ༢༠༠༨ ཀྱི་ཟླ་བ་ ༡༠ ཚེས་ ༣༠ ནས་ ཟླ་བ་ ༡༡ ཚེས ༥ བར་རྒྱ་རི་བློ་གྲོས་འཁོར་བཅས་རྒྱ་ནག་ལ་ཐོན་པ་དང་རྒྱ་ནག་ཏུ་བསླེབས་རྗེས་གནས་ཚུལ་གང་ཡང་མེད་པར་ཉིན་གྲང་མང་ཆེ་བ་བལྟ་སྐོར་ལ་ཕྱིན་ནས་མཐའ་མ་ཉིན་གཉིས་རིང་བགྲོ་གླེང་ཚོགས། ཚོགས་འདུའི་རྗེས་རྒྱ་གར་དུ་བསླེབས་མཚམས་ལྡི་ལིར་བཀའ་ཁྲི་ལ་ངོ་ཐུག་དང་བཀའ་ཁྲི་ནས་སྐབས་འདིའི་བགྲོས་མོལ་གྱི་སྐོར་གསར་འགོད་གསལ་བསྒྲགས་དེ་དམིགས་གསལ་ཚོགས་འདུའི་རྗེས་སུ་མ་གཏོགས་མ་བཤད་རྒྱུའི་འབོད་བསྐུལ་གནང་ཚུལ་བརྗོད་དེ་བོད་མི་མང་རྣམས་རྣ་ཅོག་ཀྲོང་ངེར་བཞག སྐབས་འདིར་བསམ་དགོས་པ་ལ་རྒྱ་ནག་ལ་གྲོས་མོལ་ཆེད་སོང་བ་དེ་དུས་ཚོད་མང་བ་བལྟ་སྐོར་ལ་བཏང་བ་དང་། དེ་ནས་གསར་འགོད་གསལ་བསྒྲགས་སྐབས་མཚམས་སུ་མ་གནང་བའི་དགོས་པ་རྒྱུ་མཚན་གང་ཡོད་དམ།
  ཕྱི་ཟླ་ ༡༡ ཚེས་ ༦ ནས་རྒྱ་ནག་གཞུང་ནས་མུ་མཐུད་སྐབས་འདིའི་བགྲོས་མོལ་སྐོར་གྱི་གསར་འགོད་གསལ་བསྒྲགས་རྒྱ་ཆེ་ཞིག་སྤེལ་བ་དང་རྒྱ་རི་བློ་གྲོས་འཁོར་བཅས་ནས་དམིགས་གསལ་ཚོགས་འདུའི་ཉིན་སྔོན་མ་ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་དེ་ལ་གསལ་འགོད་གསལ་བསྒྲགས་ཤིག་སྤེལ། འཆར་གཞི་ལྟར་ན་དམིགས་གསལ་ཚོགས་འདུའི་རྗེས་སུ་མ་གཏོགས་གསལ་བསྒྲགས་དེ་མ་སྤེལ་རྒྱུ་ཡིན་པ་རེད། འགྲོ་ལུགས་ལྟར་ན་བགྲོས་མོལ་བརྒྱད་པའི་གསལ་བསྒྲགས་དེ་མི་མང་ནས་གང་མགྱོགས་ཤེས་དགོས་པ་དང་། དམིགས་གསལ་ཚོགས་འདུའི་སྔོན་ལ་དོན་གནད་དེའི་ཐོག་བསམ་གཞིག་གནང་ཐུབ་པ་ཞིག་དགོས་ན་ཡང་བོད་གཞུང་དབང་འཛིན་པ་རྣམས་ནས་དེ་ལས་ལྡོག་པའི་འཆར་གཞི་འཛིན།  བོད་རྒྱ་བགྲོས་མོལ་བརྒྱད་པའི་སྐབས་༧གོང་ས་མཆོག་གི་སྐུ་ཚབ་ཚོགས་པ་ནས་རྒྱ་ནག་གཞུང་ལ་དགོས་འདུན་མ་འོངས་དོན་དམ་གྱི་བོད་རང་བསྐྱོང་གི་འགྲོམ་གཞི་ཕུལ་བ་དང་། དེ་ནས་བཟུང་ཏེ་དེ་སྔ་ལོ་མང་རིང་བཤད་བཞིན་པའི་དབུ་མའི་ལམ་གྱི་དམིགས་ཡུལ་དེ་ཚད་འཛིན་ས་གསལ་པོ་ཞིག་རྒྱལ་སྤྱིའི་ཐོག་ངོ་སྤྲོད་ཐུབ་ཡོད། དུས་དེ་བར་དབུ་མའི་ལམ་དང་དོན་དམ་གྱི་རང་བསྐྱོང་གི་ནང་དོན་ངོ་མ་དེ་ཡིག་ཐོག་ནས་ཚད་འཛིན་ས་ཁ་གསལ་པོ་ཆ་ཚང་བ་ཞིག་མེད་སྟབས་ལས་འགུལ་བ་དང་རྒྱབ་སྐྱོར་བ་དང་དོ་སྣང་ཅན་རྣམས་ནས་ཚོད་རྩིས་ཙམ་ལས་འབྲེལ་ཡོད་ཀྱི་དྲི་བ་མང་པོ་ཞིག་ལ་ཁ་གསལ་ལན་འདེབས་མ་ཐུབ་པར་གནས་ཡོད།
  ཕྱི་ལོ་ ༢༠༠༨ ལོའི་པེ་ཅིང་རྒྱལ་སྤྱིའི་རྩེད་འདྲེན་དང་འབྲེལ་བའི་བོད་དོན་ལས་འགུལ་བོད་པྱི་ནང་གཉིས་སུ་སྤེལ་བ་དང་དུས་སྐབས་དེ་གའི་རིང་༧གོང་ས་མཆོག་གི་སྐུ་ཚབ་རྣམས་རྒྱ་ནག་ནང་ཐེང་གཉིས་རྒྱ་བོད་བགྲོས་མོལ་ཆེད་བསྐྱོད་ཀྱང་གྲུབ་འབྲས་གང་ཡང་མ་སོན་པ་དང་བཅས་ལས་འཕྲོས་ཏེ་བོད་མིའི་སྤྱི་ཚོགས་ནང་བསམ་ཚུལ་འདྲ་མིན་གསར་པ་མང་པོ་ཞིག་ཐོན་བཞིན་པ་བཅས་ལ་བརྟེན། བོད་དོན་དེ་ད་ཆ་ཛ་དྲག་གི་གནས་ཚུལ་ཞིག་ཏུ་འགྱུར་བར་གཟིགས་ཏེ་༧གོང་ས་མ་ཆོག་ནས་བཀའ་སྤྱི་ལ་བཅའ་ཁྲིམས་ཀྱི་འབྲུ་དོན་ལྟར་ཛ་དྲག་མི་དམངས་ཚོགས་འདུ་བསྐོང་དགོས་པའི་བཀའ་བརྩལ་བ་དང་དེབཞིན་ཕྱི་ཟླ་ ༡༡༽ ནང་ཚུགས་གཏན་འཁེལ་བ་ཆགས།
  ཛ་དྲག་ཚོགས་འདུར་འོང་མི་རྣམས་བཀའ་སྤྱི་ནས་གཏན་འཁེལ་གནང་བ་ལས་མི་དམངས་ལ་བགྲོས་བསྡུར་མ་གནང་། བོད་གཞུང་ནས་གསར་འགོད་པ་རྣམས་ལ་ཛ་དྲག་ཚོགས་འདུའི་ཉིན་དང་པོ་དང་མཐའ་མ་ལ་མགྲོན་འབོད་གནང་ཀྱང་དེའི་ཞོར་ལ་ཉིན་དེ་གཉིས་མ་གཏོགས་ཉིན་གཞན་རྣམས་ལ་ཡོང་ཆོག་གི་མེད་པ་གསལ་བཤད་གནང་། ཕྱི་ནང་གི་གསར་གནས་བརྒྱུད་ལམ་ཁག་ནས་ད་ལམ་གྱི་དམིགས་བསལ་ཚོགས་འདུའི་གནས་ཚུལ་ཉན་སྐབས་ཚོགས་མི་མང་ཆེ་བ་ནས་སྔར་གྱི་བཀའ་མོལ་གསུང་རྒྱུན་སྙིང་པ་རྣམས་སྐྱར་བཟློས་ཙམ་ལས་ཐབ་ལམ་གསར་པ་གང་ཡང་བཤད་རྒྱུ་མེད་པ་ལྟ་བུ་དང་ད་ལེན་གྱི་ཚོགས་ཆེན་གྱི་ལས་འཆར་བཀོད་བསྒྲིགས་པ་རྣམས་ནས་འགན་ཡག་པོ་ཞིག་མཁྱེར་མ་ཐུབ་པ་དང་ཚོགས་འདུ་འདི་༧གོང་ས་ཆེན་པོའི་བཀའ་དགོངས་དང་བཅའ་འཁྲིམས་ཀྱི་འབྲུ་དོན་དང་མཐུན་པ་ངོ་མ་ཞིག་ཆགས་མེད་པ་བརྗོད་མཁན་མང་པོ་ཡོད།
 ཚོགས་ཆེན་གྱི་མཐའ་བསྡོམས་སུ་གལ་ཏེ་རྒྱ་གཞུང་ནས་ཡ་ལན་འོས་མཚམས་ལྡན་པ་ཞིག་མ་གནང་བར་དུ་བོད་རྒྱ་བགྲོས་མོལ་མཚམས་འཇོག་དགོས་པ་དང་། ཆབ་སྲིད་ཀྱི་འགྲོད་པ་དང་བསྟུན་ཏེ་མ་འོངས་པར་བོད་གཞུང་གི་ལམ་ཕྱོགས་དེ་བོད་རང་བཙན་གཙང་མ་དང་དབུ་མའི་ལམ་གང་ལེགས་ཐོག་སྐྱར་ཡང་བསམ་གཞིག་གནང་སྲིད་པའི་དོན་གནད་གལ་ཆེན་ཁག་གཅིག་ལ་བགྲོས་མཐུན་གཏན་འབེབ་གནང་ཐུབ་པ་ཡོད་པ་ཡིན།


༡༦༽ ༢༠༠༩ བོད་ཀྱི་ལོ་གསར་དང་ཆབ་སྲིད།

   འདི་ལོ་ ༢༠༠༩ བོད་རྒྱལ་ལོ་ ༢༡༣༦ རབ་བྱུང་བཅུ་བདུན་པའི་ས་གླང་ལོ་གསར་སྐབས་སྤྲོ་སྐྱིད་ལ་མི་རོལ་བའི་རྣམ་འགྱུར་བསྟན་པ་དང་བཅས་བོད་མི་བཙན་བྱོལ་མི་ལོ་ལྔ་བཅུ་ང་གཅིག་པ་འདིའི་ནང་བོད་པྱི་ནང་གཉིས་སུ་བོད་རང་དབང་ཐབ་རྩོད་ཀྱི་ཞི་བའི་ལས་འགུལ་རྒྱ་ཆེ་སྤེལ་ཆར་ཡོད་པ་རེད། ངོས་རང་བཙན་བྱོལ་བོད་མི་གཞིས་ཆགས་ཁག་གི་སྤྱི་ཚོགས་ཙམ་ལས་ཕ་ཡུལ་བོད་ངོ་མ་དེ་དངོས་སུ་མིག་གིས་མཐོང་མ་མྱོང་མཁན་གྱི་མི་ཞིག་གིས་ཆ་ནས་གནས་ཚུལ་ངོ་མ་གང་ཡིན་བརྗོད་དཀའ་མོད། ཀྲུང་གོའི་བོད་ལྗོངས་ཆ་འཔྲིན་ལྟེ་གནས་ཀྱི་དྲ་རྒྱར་བལྟས་སྐབས་དེང་སང་བོད་ཡུལ་དེ་ཤེས་ཡོན་དང་དཔལ་འབྱོར་གྱི་ཚད་གཞི་ལེགས་པོར་བསླེབས་ཡོད་པའི་རྣམ་པ་གསལ་ཞིང་།
 འདི་ལོ་བོད་ནང་རྒྱ་གཞུང་ནས་དམངས་གཙོ་བཅོས་འགྱུར་བྱས་ནས་ལོ་འཁོར་ལྔ་བཅུ་ལོན་པའི་དུས་དྲན་དང་བོད་ཀྱི་ཕྱི་ནང་སྣོད་བཅུད་ཡར་རྒྱས་ཀྱི་རྣམ་པ་འཛམ་གླིང་ནང་དྲིལ་བསྒྲགས་བཅས་ཀྱི་མཛད་རིམ་རྒྱ་ཆེ་ཞིག་སྤེལ་གྱི་ཡོད་པ་དང་། ཡང་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་གཞུང་དམངས་ནས་བོད་ཡུལ་རྒྱ་ནག་གིས་བཙན་འཔྲོག་བྱས་ནས་ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་ཆེད་ལས་འགུལ་མཛད་རིམ་རྒྱ་ཆེ་སྤེལ་ཆར་བཅས་ཆབ་སྲིད་ཀྱི་རྣམ་པ་མི་འདྲ་བའི་ལས་འགུལ་གཉིས་པོ་དེའི་ནུས་པའི་རྣམ་པ་གང་འདྲ་ཞིག་ཏུ་འགྱུར་འཛམ་གླིང་ཐོག་རྒྱལ་སྤྱིའི་གསར་འགོད་པ་དང་དོ་སྣང་བ་ཅན་རྣམས་ནས་དོན་གཉེར་ཆེན་པོས་བལྟ་གུགས་བྱས་ནས་བསྡད་ཡོད་པ་རེད།
  འོན་ཀྱང་འདི་ལོའི་ནང་གི་ཆབ་སྲིད་ཀྱི་ཆ་ནས་རྣམ་པ་མི་འདྲ་བའི་ལས་འགུལ་གཉིས་པོ་དེའི་དོན་གནད་གཅིག་ཏུ་འགྱུར་ཏེ་བོད་ཡུལ་གྱི་སྣོད་བཅུད་ཀྱི་ངོ་བོ་དེ་རྒྱ་ལས་ཐ་དད་ཡིན་པ་འཛམ་གླིང་ནང་དྲིལ་བསྒྲགས་རྒྱ་ཆེ་དང་བོད་ཡུལ་གྱི་བདག་དབང་རྩོད་པའི་བོད་མི་རིགས་རྣམས་གོང་བུ་གཅིག་འགྱུར་གྱི་ནུས་པ་སྔར་ལས་ཆེ་བ་ཞིག་ཏུ་འགྱུར་བའི་ཆ་རྐྱེན་གཅིག་འགྱུར་དུ་འགྲོ་སྲིད།

༡༧༽ མཇུག་བསྡུ།

 དོན་སྙིང་ནི། གཞུང་གི་ཆབ་སྲིད་ཀྱི་ནུས་པ་ནི་དཔལ་འབྱོར་གྱི་སྟོབས་ཤུགས་ལ་རག་ལས་ཀྱི་ཡོད་པ་དང་། གཞུང་གི་དཔལ་འབྱོར་ནི་མི་དམངས་ཀྱི་འཚོ་བ་དང་དཔལ་འབྱོར་ས་བརྟན་ཞིག་ཡོད་མིན་ལ་བལྟོས་ཀྱི་ཡོད་སྟབས། ད་ལྟའི་ཆར་བཙན་བྱོལ་བོད་གཞུང་གི་གཞི་རྩའི་མི་སེར་རྒྱ་གར་དང་བལ་ཡུལ་ཁུལ་གྱི་བོད་མིའི་གཞིས་ཆགས་མི་དམངས་ཚོའི་བདེ་དོན་ཐོག་ཕུགས་རྒྱང་ལྡན་པའི་སྲིད་བྱུས་ཀྱིས་འཚོབ་སྲ་བརྟན་རང་འཛིན་ཐུབ་པ་ཞིག་བཟོ་མ་ཐུབ་ཚེ་མ་འོངས་པར་བོད་གཞུང་གི་དཔལ་འབྱོར་དང་ཆབ་སྲིད་བཅས་རང་སྟོབས་ཀྱིས་འགུལ་སྐྱོད་ཐུབ་པ་ཡོང་ཐབ་མེད་པ་ཡིན་པས་མ་འོངས་པར་ཡང་ཆབ་སྲིད་ལས་འགུལ་རྣམས་གཞན་རེ་སྟབས་བསྟུན་ཁོ་ནའི་སྲིད་བྱུས་ཀྱི་འགལ་སྐྱེན་ལས་ནམ་ཡང་གྲོལ་མི་ཐུབ་པའི་ཉན་ཁ་འདུག་སྙམ།
 བོད་མི་རྣམས་ཀྱིས་འདས་པའི་ལོ་རྒྱུས་ལས་ཉམས་མྱོང་བླངས་ཏེ་དུས་བརྟུན་དེང་རབས་་ཀྱི་ལམ་ནས་མ་འོངས་དམིགས་ཡུལ་བརྟན་པོ་དང་། ཤེས་འཇོན་གཉིས་ལྡན་གྱི་ཐོག་ནས་ལྷག་བསམ་ཆེན་པོས་རང་སྟོབས་ཀྱིས་ཐབ་ལམ་བརྩལ་ཏེ་བོད་ཡུལ་བོད་མིར་དབང་བར་འབད་བརྩོན་རྒྱུན་མར་བརྟེན་རྒྱུ་ནི་བོད་མི་རིགས་ཀྱི་རྩ་ཆེའི་རིན་ཐང་དང་ལས་འགན་ཡིན་ནོ།། །།
 
      གང་ལྟར་ ༢༠༠༨ ཀྱི་པེ་ཅིང་རྒྱལ་སྤྱིའི་རྩེད་འགྲན་གྱི་རྗེས་ནས་བོད་དོན་སྐོར་འཛམ་གླིང་གསར་འགྱུར་ཆེ་ཁག་ནང་དེ་ཙམ་ཐོན་གྱི་མི་འདུག་སྟབས་དཔྱད་གཏམ་འདི་རེ་ཞིག་འདིར་རྫོགས་པར་བྱས་སོ།།
                                དགེ་འདུན་མཐར་ཕྱིན་གྱིས་༢༠༠༩་༣་༣་ཉིན།

མཇུག་མཆན།  
         བསམ་ཚུལ་རྩོམ་བྲིས་འདི་ཐོག་མར་གཡུ་ཞུན་དྲ་བ་ དང་། ཁ་བརྡ་དྲ་བ
བཅས་སུ་བཀོད་པ་དང་། དེ་བཞིན་རྡ་སའི་ལས་ཁུངས་མ་ལག་དང་བཅས་པ་དང་བོད་འབྲེལ་གསར་ཁང་ཁག་བཅས་པར་ཕུལ། ལན་འབྱོར་བ་ཁོ་ན་ནི་ཨ་རིའི་རླུན་འཕྲིན་ཁང་VOAཡིན་པ་དང་། དེ་བཞིན་བོད་དོན་སྐོར་རླུང་འཕྲིན་བརྒྱུད་དྲི་པ་དྲི་ལན་གྱི་གོ་སྐབས་ཀྱང་མང་པོ་གནང་སོང་། མཐར་རྡོ་ཚེ་ནས་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་གི་དཀའ་ངལ་སྐོར་གཟུགས་མཐོང་བསྙན་འཕྲིན་ཐོག་བཀའ་མོལ་ཞུ་རྒྱུའི་རེ་འདུན་གནང་ཡང་རང་ངོས་ནས་དོན་མེད་གཏམ་ཆལ་འགྲོ་བར་ཟོན་ཏེ་ངོས་ལེན་མ་བྱས། 
 
སྲིད་ཀྱི་ཀུན་སློང་རང་སྲུང་རང་གཅེས་དང་།།
ཆོས་ཀྱི་བསམ་པ་གཞན་ཕན་སྙིང་རྗེ་གཉིས།།
མངར་ཇ་ཚ་ཇ་བཞིན་དུ་ཐ་དད་ཡིན།།
ཕོར་བ་གཅིག་ནང་ཕུལ་ན་གཉིས་མེད་འགྱུར།།

ཆོས་དད་སེམས་ཀྱི་རང་གཤིས་བཟང་པོ་དེ།།
ཆབ་སྲིད་བཟང་པོའི་རང་དབང་ལོངས་སུ་སྤྱོད།།
ཆབ་སྲིད་སྤྱི་ཚོགས་ཕན་བདེའི་བྱ་བ་དེ།།
ཆོས་ལུགས་དད་པའི་ཁོངས་སུ་གནས་ཐབས་མེད།།

ཆོས་ལུགས་བལྟ་བ་གྲུབ་མཐའ་སྣ་ཚོགས་པ།།
ཐམས་ཅད་ཕྱི་མའི་ཐར་ལམ་འཚོལ་ཆེད་བསྟན།།
སྲིད་ཀྱི་བལྟ་གྲུབ་འདྲ་མིན་མང་པོ་དེ།།
ཐམས་ཅད་ཚེ་འདིར་བདེ་དོན་ཆེད་དུ་བཟོས།།
 
 
བཙན་བྱོལ་བོད་མིའི་ལོ་འཁོར་ལྔ་བཅུ་དྲན་གསོ་དང་འབྲེལ་བའི་བོད་དོན་སྐོར་གཏམ་གླེང་། 
གསར་གནོན།  ༢༠༢༤་༠༡་༠༡༨
༢༠༠༨ ལོར་བོད་རྒྱ་བགྲོས་མོལ་བརྒྱད་པ་དང་བོད་མི་མང་ཛ་དྲག་ཚོགས་ཆེན་བཅས་ཚོགས། དུས་དེ་ནས་ད་བར་བགྲོས་མོལ་གྱི་སྐོར་དང་། ཛ་དྲག་ཚོགས་ཆེན་གྱི་བགྲོས་ཆོད་ཁག་ལ་ད་བར་ལག་སྟར་ཇི་གནང་སྐོར་བཅས་ཀྱི་གནས་ཚུལ་གསར་པ་གང་ཡང་མཐོང་ཐོས་མེད་པར་ལོ་མང་ཕྱིན་སོང་ངོ་།།